རྒྱ་གར་གྱི་ཕྱི་རོལ་པར་ཚད་མ་རིག་པ་ཇི་ལྟར་དར་བའི་ལོ་རྒྱུས།

སྤེལ་དུས།  2017-12-14   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་གྲངས།  

རྒྱ་གར་གྱི་ཕྱི་རོལ་པའི་ཇི་ལྟར་དར་བའི་ལོ་རྒྱུས།

རྩོམ་པ་པོ། ཤེས་རབ་བསྟན་དར།

    ཚད་མ་རིག་པ་ཇི་ལྟར་དར་བའི་ཐད་ལ་ནང་བའམ་ཡང་ན་ཕྱི་རོལ་པའི་ཚད་མ་གང་སྔ་ལ་ད་སྔ་མཐའ་ཆོད་པའི་བཤད་ཚུལ་མེད། མང་བོ་ཞིག་གིས་ཕྱི་རོལ་པའི་ཚད་མ་རིག་པ་ནང་བའི་ཚད་མ་རིག་པ་ལས་སྔ་བར་དགོངས་ཀྱིན་ཡོད། ང་ཚོས་ཕྱི་རོལ་པའི་ཚད་མ་རིག་པ་དར་བའི་ལོ་རྒྱུས་ཤེས་པ་ལ་ཕྱི་རོལ་པའི་གྲུབ་མཐའ་དེ་དག་ཇི་ལྟར་དར་བ་དང་འབྲེལ་བ་ཡོད་པར་འདོད་ཡོད།《གྲུབ་མཐའ་གདོང་ལྔའི་སྒྲ་དབྱངས》ལས། ཚེ་ལོ་དཔག་མེད་དུས་སུ་སེར་སྐྱ་ཡིས། །གྲངས་ཅན་གཞུང་བརྩམས་དེའི་བདག་རྣམ་དབྱེ་ལ། །སྒྲོ་བཏགས་མི་འདྲས་མུ་སྟེགས་པ་ལུགས་མང་གྱེས།། ཞེས་གསུངས་པ་ལྟར་མང་བོ་བཀུར་བའི་རྒྱལ་བོ་བྱུང་ནས་ཅུང་མ་འགོར་བར་ཉེས་ཅན་འགའ་ཞིག་ཆད་པས་ཚར་གཅོད་པ་མཐོང་ནས་སྐྱོ་བ་སྐྱེས་ཏེ་འགའ་ཞིག་ནགས་གསེབ་དབེན་པར་སོང་ནས་བསྡད་པས་བྲམ་ཟེ་བྱུང་། དེ་ལས་ཀྱང་འགའ་ཞིག་གིས་དབེན་པར་འདོད་ཆུང་ཆོག་ཤེས་བྱས་ནས་གཅིག་པུར་བསྡད་པས་ལུས་དང་སེམས་དབེན་པ་ལ་བརྟེན་ནས་ཞི་གནས་ཐོབ། དེ་ལ་བརྟེན་ནས་མངོན་ཤེས་དང་རྫུ་འཕྲུལ་ཡོད་པ་ཞིག་བྱུང་བ་ལ་དྲང་སྲོང་ཞེས་བཏགས། དེ་དག་ལས་མངོན་ཤེས་ཐོབ་པ་དང་རྟོག་གེ་ལ་བྱང་བ་དུ་མས་རང་རང་གི་བློས་དཔྱད་ནས་ཐར་པ་དང་མཐོ་རིས་ཐོབ་བྱེད་ཀྱི་ལམ་གྱི་རྣམ་གཞག་དང་། དེ་སྒྲུབ་བྱེད་ཀྱི་གཏན་ཚིགས་ཀྱི་རིགས་པ་བཀོད་པའི་གཞུང་སྣ་ཚོགས་བརྩམས་པ་ལ་བརྟེན་ནས་མུ་སྟེགས་པའི་གྲུབ་མཐའ་བྱུང་།“དེ་ནས་རིམ་བཞིན་ཚེ་ལོ་དཔག་མེད་དུས་སུ་དྲང་སྲོང་སེར་སྐྱས་གཞུང་མང་བོ་བརྩམས་ཏེ་གྲངས་ཅན་པ་དང་སེར་སྐྱ་བ་བྱུང་ཞིང་ཚེ་ལོ་ཉི་ཁྲིའི་དུས་སུ་དྲང་སྲོང་རྒྱས་པ་བྱུང་སྟེ་དེའི་རྗེས་སུ་འབྲངས་པ་རྣམས་ལ་རྒྱས་པའམ་གཅེར་བུ་བ་ཟེར། དེ་ནས་འཇིག་རྟེན་མིག་ཅེས་བྱ་བའི་རྟོག་གེ་ལ་ཤིན་ཏུ་བྱང་བ་ཞིག་བྱུང་ནས་སྡིག་པ་ལ་ཉེས་དམིགས་མེད་པའི་བསྟན་བཅོས་དང་དེའི་རྗེས་འབྲངས་རྣམས་ལ་རྒྱང་འཕེན་པ་ཞེས་གྲགས། ཡང་དྲང་སྲོང་མཛེས་པས་གཞུང་མང་བོ་བརྩམས་ནས་རྐང་མིག་པ་དང་རིག་པ་ཅན་ཞེས་པའི་གྲུབ་མཐའ་དང་དྲང་སྲོང་འུག་པ་བ་དང་དྲང་སྲོང་གཟེགས་གཟན་གཉིས་ཀྱི་རྗེས་སུ་འབྲངས་པ་ལ་བྱེ་བྲག་པའི་གྲུབ་མཐའ་བྱུང་།” རྒྱ་གར་དུ་གྲུབ་མཐའ་མང་བོ་བྱུང་བ་དེ་ཚད་མ་རིག་པ་དར་རྒྱས་སུ་འབྱུང་བའི་རྐྱེན་གཙོ་བོ་ཞིག་ཡིན་ཏེ། དེ་དག་གི་སྐབས་སུ་ཕྱི་རོལ་པའི་རང་གི་གྲུབ་མཐའ་སྲུང་བའི་ཆེད་དུ་ཚད་མ་རིག་པ་ཤིན་ཏུ་དར་བ་འདྲ་མོད། ཕངས་པ་ཞིག་ལ་བོད་ཀྱི་གཞུང་ལས་དེ་དག་གི་སྐོར་བཤད་པ་ཤིན་ཏུ་ཉུང་། རྗེ་བཙུན་བྱམས་པའི《མདོ་སྡེ་རྒྱན》ལས། རྟོག་གེ་བརྟེན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །བྱིས་པ་ལ་ནི་བརྟེན་པར་འདོད། །ཅེས་གསུངས་ཤིང་དེ་ལ་མཁས་གྲུབ་དང་རྒྱལ་ཚབ་གཉིས་ཀྱིས་འགྲེལ་བའི་ཚེ་ན་ཕྱི་རོལ་པའི་སྟོན་པ་དྲང་སྲོང་གླང་སྐྱེས་ལ་སོགས་པས་རྟོག་པས་བཏགས་ཙམ་གྱིས་བཞག་པའི་གྲུབ་མཐའ་ཡོད་པར་བཤད་ཅིང་།《ཤེས་བྱ་ཀུན་ཁྱབ》ལས།“ཕྱི་རོལ་པའི་སྟོན་པ་གླང་སྐྱེས་ཀྱིས་བྱས་པའི་རྟོག་གེ་བསྟན་བཅོས” ཞེས་གསུངས། དེ་བས་རྗེ་བཙུན་བྱམས་པའི་སྔ་རོལ་ནས་རྟོག་གེའི་བསྟན་བཅོས་དར་རྒྱས་ཆེན་པོ་བྱུང་ཡོད་པ་ཤེས་ཐུབ་པ་ཡིན། ད་ལྟ་རྒྱ་ཡིག་སོགས་གཞན་པའི་ཡིག་རིགས་ལས་བཤད་པ་ལྟར་ན་རྒྱ་གར་གྱི་ཕྱི་རོལ་བའི་ཚད་མའི་བསྟན་བཅོས་ལས་ཆེས་སྔ་བ《རིགས་པའི་མདོ》ཞེས་པ་དེ་ཡིན་ཞིང་།《རིགས་པའི་མདོ》ཡི་རྩོམ་པ་བོ་ནི་རིགས་པ་ཅན་པའི་སྟོན་པ་དྲང་སྲོང་གོའུ་ཏ་མའམ་ དྲང་སྲོང་རྐང་མིག(Aksapada)སྟེ་ཁོང་ནི་སྤྱི་ལོའི50-150ལོའི་སྔ་རྗེས་ཀྱི་མི་ཡིན། གནའ་རབས་རྒྱ་གར་གྱི་རིག་པ་ཅན་པའི་སྲོལ་གཏོད་མཁན་ཡིན་པར་བརྗོད། དེ་ནི《ཤེས་བྱ་ཀུན་ཁྱབ》ལས། "བྲམ་ཟེ་རྐང་མིག་གིས་བྱས་པའི་རྟོག་གེ་ཚིག་དོན་བརྒྱད་སྟོན་པའི་བསྟན་བཅོས"ཞེས་གསུངས། རིགས་པའི་མདོ་ནི་རིག་པ་ཅན་པའི་རྩ་བའི་བསྟན་བཅོས་ཡིན་ནའང་བསྟན་བཅོས་དེ་བརྩམས་པའི་ལོ་ཚིགས་ནི་སྤྱི་ལོའི250-350ལོའི་སྔ་རྗེས་སུ་ཁོང་  གིས་སློབ་མ་རྣམས་ཀྱིས་ཁ་བསྐངས་པར་བཤད། གཞུང་འདིར་ལེའུ་དྲུག་ཡོད་ཅིང་། ལེའུ་དང་བོ་ཁོང་གིས་བརྩམས་ཤིང་འཕྲོ་མ་ཁོང་གི་སློབ་མ་དག་གིས་ཁ་བསྐངས་པར་བཤད། ལེའུ་དང་བོར་བཤད་པའི་རྟོག་གེ་ཚིག་དོན་བཅུ་དྲུག་ནི་རྒྱ་གར་གྱི་ཚད་མའི་ལོ་རྒྱུས་སུ་ཆེས་གྲགས་པ་ཆེ་བའི་གནད་བཅུ་དྲུག་ཡིན་ཏེ། ཚད་མ་དང་གཞལ་བྱ། ཐེ་ཚོམ། དགོས་པ། དཔེ། གྲུབ་པའི་མཐའ། ཡན་ལག རྟོག་གེ གཏན་ལ་དབབ་པ། རྩོད་པ། བརྗོད་པ། སུན་ཅི་ཕྱིན་དུ་རྒོལ་བ། གཏན་ཚིགས་ལྟར་སྣང་། ཚིག་དོར། ལྟག་ཆོད། ཚར་གཅོད་རྣམས་སོ། །

དུས་རབས་གཉིས་པའི་གསོ་བ་རིག་པར་ཤིན་ཏུ་མཁས་པའི་ཙ་ར་ཀ་ཞེས་པ་དེ་རྒྱལ་བོ་ཀ་ཎི་ཤའི་དུས་སུ་འཁྲུངས། ཁོང་གིས་སྨན་དཔྱད་ཀྱི་བསྟན་བཅོས《ཙ་ར་ཀའི་གཞུང་བསྡུས》ཞེས་པ་བརྩམས་ཤིང་ཁོང་གིས་གསོ་བ་རིག་པ་ལ་གཏན་ཚིགས་རིག་པ་མེད་དུ་མི་རུང་བར་དགོངས་ནས་གཞུང་འདིའི་ལེའུ་གསུམ་པར་རྟོག་གེའི་གཏན་ཚིགས་རྣམ་པ་ཞེ་བཞིར་བསྡུས་ཏེ་སྐབས་དེའི་ཕྱི་ནང་ཐུན་མོང་གི་གཏན་ཚིགས་རིག་པ་ཁ་ཚང་ཞིག་བསྟན་ཞིང་སྒྲུབ་ངག་ཡན་ལག་ལྔ་ལྡན་དུ་བཤད་ཡོད། གཞུང་འདི་བོད་དུ་འགྱུར་མེད།

དེའི་རྗེས་སུ་རིག་པ་ཅན་ལ་མཁས་པ་ཆེན་པོ་གཉིས་བྱུང་བ་ནི་ཝཱ་ཙི་ཡཱ་ཡ་ན་དང་ཨུ་ད་ད་ཡོ་ཏ་ཀ་ར་གཉིས་ཡིན། ཝཱ་ཙི་ཡཱ་ཡ་ན་ནི་དུས་རབས་བཞི་བའི་སྔ་རྗེས་ཀྱི་མི་ཡིན་ཞིང་། ཁོང་གིས་རིག་པ་ཅན་པའི་རྩ་བའི་བསྟན་བཅོས《རིགས་པའི་མདོའི》འགྲེལ་བ《རིགས་པའི་འགྲེལ་བ》ཞེས་པ་བརྩམས། བསྟན་བཅོས་དེ་ད་ཡོད་ཀྱི་འགྲེལ་བ་སྔ་ཤོས་ཤིག་ཡིན་ལ་རིག་པ་ཅན་པའི་བསམ་བློའི་འཕེལ་རྒྱས་ལ་ནུས་པ་ཆེན་པོ་བཏོན། ཁོང་ནི་ཕྱོགས་གླང་དང་དུས་མཉམ་ཞིང་སློབ་དཔོན་ཕྱོགས་གླང་གི་རིག་པ་ཅན་འགོག་པའི་ཕྱོགས་སྔ་མང་ཆེ་བ་འདི་ལས་བྱུང་ཟེར།

ཨུ་ད་ད་ཡོ་ཏ་ཀ་རའི་མིང་གཞན་དུ་བྷཱ་རཱ་ད་རཱ་ཛཱ(Bharadraja)ཡང་བརྗོད། དུས་རབས་དྲུག་པའི་མི་ཡིན་ཞིང་། རྒྱ་གར་གྱི་རིག་པ་ཅན་པའི་མཚན་ཉིད་རིག་པ་བ་ཞིག་ཡིན་ལ་ཝཱ་ཙི་ཡཱ་ཡ་ནའི《རིགས་པའི་འགྲེལ་བ》ལ་འགྲེལ་བ་བྱེད་པའི་བསྟན་བཅོས《རིགས་པའི་ཡང་འགྲེལ》ཞེས་པ་བརྩམས་ཡོད། དེབ་དེའི་ཐོག་མའི་ལེའུ་ནང་ཚད་མ་གསར་བ་ལ་དགག་པ་བྱེད་རྒྱུ་དེ་ཚེ་གང་གི་ལས་དོན་དུ་བྱས་ཡོད་ཅེས་བརྗོད་པ་ལྟར་ཁོང་གིས་ཝཱ་ཙི་ཡཱ་ཡ་ན་དག་འབུད་བྱས་ནས་སློབ་དཔོན་ཕྱོགས་གླང་གི་ཀུན་བཏུས་ལ་དགག་མོད་ཀྱང་ཕྱོགས་གླང་གི་གཏན་ཚིགས་ཀྱི་ཚུལ་གསུམ་རིག་པ་སོགས་ཀྱིས་རང་གི་གཞུང་ལ་ཁ་སྐོང་བྱས་ཡོད་པས་ཁོང་གི་རྗེས་སུ་རིག་པ་ཅན་པའི་གཞུང་ལུགས་འགྱུར་བ་ཆེན་པོ་བྱུང་། འོན་ཀྱང་སྔར་བཞིན"ཡན་ལག་ལྔ་ལྡན"གྱི་ལུགས་བཟུང་བས་སློབ་དཔོན་ཆོས་ཀྱི་གྲགས་པས་དགག་པ་གནང་ཡོད།

སྐབས་འདིར་ངེས་པར་གླེང་དགོས་པ་ནི་བྱེ་བྲག་པའི་སློབ་དཔོན་ཆེན་པོ་པྲ་ཤ་ས་ཏ་པ་དི་ཡིན་ཏེ་ཁོང་ནི་སྤྱི་ལོའི450-550ལོའི་མི་ཡིན་ཞིང་། ཁོང་གིས《བྱེ་བྲག་གསལ་བའི་མདོའི་འགྲེལ་བ》དང《ཆོས་ཀྱི་ཚིག་དོན་ལ་འཇུག་པར་སྨྲ་བ》(《摄句义法伦》)ཞེས་བྱེ་བྲག་པའི་གཞུང་ཆེན་མོ་དེ་གཉིས་བརྩམས། ཁོང་ལ་ཕྱོགས་གླང་གི་ཚད་མ་གསར་པའི་  ཤན་ཞུགས་ནས་བྱེ་བྲག་པའི་གཏན་ཚིགས་རིག་པར་ལེགས་པར་བསྒྲིགས་ཏེ་དབང་ཕྱུག་ལྷར་འདོད་པའི་ལྟ་བའང་བྱེ་བྲག་པའི་གཞུང་ལུགས་ཀྱི་ནང་དུ་བཅུག་པ་དང་ཚིག་དོན་གྱི་འགྲེལ་བཤད་དུ་དོན་གསར་པ་བཅུག་ནས་ཚིག་དོན་བཅུའི་འདོད་ཚུལ་སྨྲ་བའི་སྔ་རབས་པ་ཡིན།དུས་རབས་དགུ་པའི་ནང་དུ་རིག་པ་ཅན་པའི་ཁྲོད་དུ་ཝཱ་ཙི་ས་པ་ཏི།(མིང་གཞན་དུVacaspatimisraཡང་བརྗོད)གྲགས་པ་རྒྱས་པའི་རྒྱ་གར་གྱི་མཚན་ཉིད་རིག་པ་བ་ཞིག་ཡིན་ཞིང་། རྒྱ་གར་བྱང་ཕྱོགས་མི་ཏ་རར་ན་ཀའི་རྒྱལ་རྒྱུད་དུ་འཁྲུངས་ཤིང་སྤྱི་ལོ876སྔ་རྗེས་སུ་གྲགས་པ་ཤིན་ཏུ་ཆེ་ཞིང་ཁོང་རིག་པ་ཅན་གྱི་མཁས་པ་ཆེན་པོ་ཐ་རི་ལོ་ཙ་ན་ཏེ་བྲམ་ཟེའི་ཆོས་ལུགས་ཀྱི་གྲུབ་མཐའ་དྲུག་ཀའི་གཞུང་ལུགས་ལ་མཁས་ཤིང་གཟུ་བོ་ཞིག་ཡིན་པ་མ་ཟད་ཐོག་མར《རིགས་པའི་སྙེ་མ》རྗེས་སུ་རིགས་པའི་རྣམ་གྲངས་ཚིག་ལེའུར་བྱས་པ་བརྩམས། དེ་ལས་ནང་བ་སངས་རྒྱས་པར་དགག་པ་མང་དུ་བྱས་ཡོད། ཁོང་ནི་དངོས་འབྲེལ་གྲུབ་མཐའ་གང་གི་ཡིན་པ་གསལ་པོར་མེད་ནའང་རིག་བྱེད་མཐར་སྨྲ་བའི་གྲུབ་མཐའ་འཛིན་པར་ཚོད་དཔག་བྱེད། སློབ་དཔོན་ཆོས་ཀྱི་གྲགས་པས་ཨུ་ད་ད་ཡོ་ཏ་ཀ་རར་དགག་པ་གནང་བར་དགག་ལན་གནང་ཡོད།

དུས་རབས་བདུན་པར་དཔྱོད་པ་བའི་མཁས་པ་ཀུ་མ་རི་ལ། (གཞོན་ནུ་རོལ་བའང་ཟེར)བྱོན། ཁོང་ནི་དཔྱོད་པ་བ་ཕག་དའི་གྲུབ་མཐའི(边得派)སྲོལ་གཏོད་པ་སྟེ《ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་བ》(Slokavarttika》)ཞེས་བྱ་བར་ཤོ་ལོ་ཀ3500ཡོད་ཅིང་གཞུང་དེ་ཁ་ཚང་གིས་ནང་བ་སངས་རྒྱས་པར་དགག་པ་གནང་ཡོད། ཁོང་རྩོད་པར་མཁས་ཤིང་ཚིག་སྦྱོར་ལེགས་པ་མ་ཟད་དྲི་བར་མཁས་པ་ཞིག་ཡིན་པར་བཤད། 《རྒྱུད་རྣམ་པར་འགྲེལ་བ》(Tantavarttka)ས་པ་ར་ས་བ་མིན་གྱི་འགྲེལ་བའི་ཡང་འགྲེལ《ཏུ་བ་ཏྲི་ཀ》སོགས་བརྩམས་ཤིང་སློབ་དཔོན་ས་པ་ར་ས་བ་མིན་ལས་རིགས་པ་བླངས་ཡོད་ལ་  སངས་རྒྱས་ཆོས་ལུགས་ཀྱི་གཏན་ཚིགས་རིག་པའི་མཁས་པ་ཕྱོགས་གླང་དང་ཆོས་གྲགས་ཀྱི་གཞུང་ལས་ཀྱང་སྐོར་ཞིག་བླངས་ཡོད། ཏ་ཐ་ར་ས་ཐས་ཀུ་མ་ར་ལའི་བསྟན་བཅོས་ལ་ཁ་བསྐངས་ཏེ་བྲ་ད་བ་ཛས་ནང་བ་སངས་རྒྱས་པར་དགག་པ་གཏོང་ཕྱིར《སྨྲ་བའི་སྒྲོན་མེ》བརྩམས།

ཕྱི་རོལ་པའི་ནང་གི་ཆེས་དམིགས་བསལ་ཞིག་ནི་ཀུ་མ་རི་ལའི་སློབ་མ་པྲ་བྷ་ཀ་ར་སྟེ་ཁོང་གིས་རང་གི་སློབ་དཔོན་གྱི་བདེན་གྲུབ་སྨྲ་བ་ཁས་མི་ལེན་པར་རང་གི་ལྟ་བ་བཟུང་ཞིང་ཀུ་མ་རི་ལས་འདོད་པའི་དུས་དང་ཕྱོགས། འཇིག་རྟེན། ནམ་མཁའ། ལས་དངོས་མེད་ལ་སོགས་ཁས་མི་ལེན་པར་ནང་བ་སངས་རྒྱས་པ་ལྟར་ཁས་ལེན་པ་མ་ཟད།         གཞལ་བྱ་དང་ཚད་མ། ཚད་འབྲས་ཀྱི་རྣམ་གཞག་སོགས་སློབ་དཔོན་གྱི་ལྟ་བ་བསྐྱུར་ནས་ནང་བ་སངས་རྒྱས་པ་དང་ཡོངས་སུ་མཐུན་པས་དཔྱོད་པ་བའི་གྲུབ་མཐའ་གསར་བ་ཞིག་གསར་གཏོད་བྱས་ཏེ་རིག་པ་ཅན་པའི་རྟོག་གེ་བ་རྣམས་དང་དཔྱོད་པ་བ་རྙིང་མ་རྣམས་དགག་པར་བྱེད་དོ། །

དུས་རབས་དགུ་བར་རིག་པ་ཅན་པ་དང་བྱེ་བྲག་པའི་དབུ་ཁྲིད་སློབ་དཔོན་ཐ་རི་ལོ་ཙ་ན་བྱུང་ཞིང་ཁོང་ནི(特利劳恰那Tikocana) སྤྱི་ལོ870-930བར་གྱི་མི་ཡིན། ཁོང་གིས《རིགས་པའི་མེ་ཏོག་ཆུན་པོ》(《正理花簇》བསྟན་བཅོས་འདི་ཀ་ཡད་ཏ་ཕ་དའི་བསྟན་བཅོས་དང་མིང་གཅིག་པ་ཡིན)ཞེས་པ་བརྩམས་མོད་ད་ལྟ་རྩ་མེད་དུ་སོང་། དུས་རབས་བཅུ་བའི་ནང་གི་རྒྱ་གར་གྱི་རིག་པ་ཅན་པའི་མཚན་ཉིད་རིག་པ་མཁས་པ་ཞིག་ཡིན། 《རིགས་པའི་མདོ》ཡི་འགྲེལ་བྱེད་མཁན་པོའི་ནང་ནས་ཁོང་ནི་ཝཱ་ཙ་ས་པ་ཏི་དང་དུས་མཉམ་ཞིང་ཁོང་གིས《ཅི་རོ་ན་བ་ལིའི་འགྲེལ་བ》དང《འགྲེལ་བརྗོད་ཡང་དག་ཏུ་སྟོན་པ》《བདག་གི་དོན་དམ་བདེན་པའི་རྩོད་པ》 《རིགས་པའི་མེ་ཏོག་ཚོམ་བུ》ལ་སོགས་བརྩམས་ཏེ་ནང་བ་སངས་རྒྱས་པར་དགག་པ་བཏང་ཡོད།

དུས་རབས་བཅུ་བར་རིག་པ་ཅན་པ་དང་བྱེ་བྲག་པའི་མཚན་ཉིད་རིག་པ་བ་དཔལ་འཛིན་པ( Sridhara)བྱུང་ཞིང་། སྤྱི་ལོ991ལོར་དུས་རབས་ལྔ་བའི་པ་ར་ས་ས་ཏ་པ་ཏའི(《ཆོས་ཀྱི་ཚིག་དོན་ལ་འཇུག་པར་སྨྲ་བ》ཡི་རྩོམ་པ་བོ་ཡིན)  བསྟན་བཅོས་ལ་འགྲེལ་བ་བརྩམས། དུས་རབས་བཅུ་གཉིས་པའི་སྨད་དུ་རིག་བྱེད་མཐར་སྨྲ་བའི་གཉིས་མེད་སྨྲ་བ(不二论吠檀多)ཡི་ཚབ་བྱེད་མཁས་པ་དཔལ་གྱི་དགའ་བ།(srihrs(-)a)བྱུང་ཞིང་། ཁོང་གིས་གྲགས་པ་གཡོ་བའི《རྩོད་ཟློག་སྦྲང་རྩི》 (《诘蜜》) བརྩམས་ཤིང་སློབ་དཔོན་ཀླུ་སྒྲུབ་ལ་ལད་མོ་བྱས་ནས་ཡང་དག་ཤེས་རབ་ལས་གཞན་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་བཤད། ཁོང་གིས་རང་ཉིད་ཀྱི་ལྟ་བ་ནི་དབུ་མ་དང་ལྟ་ཚུལ་གཅིག་མཚུངས་ཡིན་པ་གསལ་བོར་བསྒྲགས། བདེན་གྲུབ་རིང་ལུགས་འགོག་མཁན་ཞིག་ཡིན། དེ་བཞིན་སློབ་དཔོན་ཤང་ཀ་ར་ཡང་ནང་བ་སངས་རྒྱས་པའི་ལྟ་བ་ཆེས་ཆེར་ལྡན་ཡང་ཁོང་གིས་དངོས་བརྒྱུད་གང་རུང་ནས་སྦ་བར་བྱེད་དོ། །

དུས་རབས་བཅུ་བདུན་པའི་རྒྱ་གར་གྱི་བྱེ་བྲག་པའི་མཚན་ཉིད་རིག་པ་བ་བི་སི་ཝ་ན་ཏ་བྱུང་ཞིང་ཁོང་གིས《རྩོད་པ་གཏན་ལ་འབེབས་པའི་གླེང་བརྗོད》 (《叙述载定》)ཅེས་པའི་བསྟན་བཅོས་བརྩམས་ཤིང་དེའི་འགྲེལ་བ《གྲུབ་མཐའ་མུ་ཏིག་འཕྲེང་བ》 (《悉檀多珍珠项练》)ལ་སོགས་པའི་བསྟན་བཅོས་གྲགས་ཅན་བརྩམས་ཡོད། ཨ་ན་ནཱ་མ་བྷ་ཏ་ཧཱ་ཡང་དུས་རབས་བཅུ་བདུན་པར་བྱུང་བའི་བྱེ་བྲག་པའི་མཚན་ཉིད་རིག་པ་པ་ཡིན་ཞིང་། ཁོང་གིས《རྟོག་གེ་ཀུན་བཏུས》》བརྩམས་བྱས་པས་གྲགས་པ་རྒྱས། རིག་པ་ཅན་གསར་མའི་སྲོལ་འབྱེད་མཁན་སློབ་དཔོན་ཀན་གེ་ཤ་ནི་སློབ་དཔོན་ ཕྱོགས་གླང་དང་ཆོས་གྲགས་དཔེར་ལྟ་བའི་རྣམ་དཔྱོད་དང་ལྡན་པ་ཞིག་སྟེ་ཁོང་གིས《བདེན་གྲུབ་བསམ་དོན་མུ་ཏིག》ཅེས་པ་བརྩམས་ཏེ་དྲང་སྲོང་རྐང་མིག་གི《རིགས་པའི་མདོའི》རྩོམ་ལུགས་དེ་ཡོངས་སུ་དོར། དེའི་བརྗོད་བྱ་གཙོ་བོ་གཏན་ཚིགས་རིག་པར་གྱུར་ཡོད་ཅིང་དགག་ཡུལ་ཡང་ནང་བ་སངས་རྒྱས་པ་མ་ཡིན་པར་པྲ་བྷ་ཀ་ར་དང་དེའི་རྗེས་འཇུག་པ་དག་ཡིན། ཁོང་གི་སློབ་རྒྱུད་རྣམས་བྷང་ག་ལར་གནས་སྤོས་ནས་རིག་པ་ཅན་གསར་མའི་གནས་ཚུགས་ཤིང་། དེ་སྔོན་རྩོད་པར་སྤྲོ་བའི་སྤྱོད་པ་ཞི་བར་གྱུར།

ཕྱི་རོལ་པའི་ཚད་མ་འདོད་ཚུལ་ལའང་སྣ་ཚོགས་ཤིག་ཡོད་དེ། ཙ་ར་ཀ་བས་མངོན་སུམ་གཅིག་པུ་འདོད་ལ་གྲངས་ཅན་པས། མངོན་སུམ་དང་། རྗེས་སུ་དཔག་པ་དང་། སྒྲ་ལས་བྱུང་བ་གསུམ། རིག་པ་ཅན་པས་མངོན་སུམ་དང་། རྗེས་སུ་དཔག་པ་དང་། སྒྲ་ལས་གྱུར་པ་དང་། ཉེ་བར་འཇལ་བ་དང་བཞི། བྱེ་བྲག་པས་མངོན་སུམ་དང་། རྗེས་སུ་དཔག་པ་དང་། སྒྲ་ལས་བྱུང་བ་དང་། ཉེ་བར་འཇལ་བ་དང་། དོན་གྱི་གོ་བ་སྟེ་ལྔ། དཔྱོད་པ་བས་མངོན་སུམ་དང་། རྗེས་སུ་དཔག་པ་དང་། སྒྲ་ལས་བྱུང་བ་དང་། ཉེ་བར་འཇལ་བ་དང་།   དོན་གྱིས་གོ་བ་དང་། དངོས་པོ་མེད་པ་དྲུག་བཅས་འདོད་པ་སོགས་སྣ་ཚོགས་ཤིག་ཡོད་པར་མངོན་ནོ། །

དགེ་ལུགས་པའི་ཚད་མའི་ལོ་རྒྱུས་ལས་དྲངས།

རྩོམ་སྒྲིག་པ།  དཀོན་མཆོག་རྒྱ་མཚོ།

བརྒྱུད་འགོད།
0