རྒྱ་གར་གྱི་ནང་བའི་ཚད་མའི་ལོ་རྒྱུས།

སྤེལ་དུས།  2017-12-15   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  ཤེས་རབ་བསྟན་དར།   ཀློག་གྲངས།  

རྒྱ་གར་གྱི་ནང་བའི་ཚད་མའི་ལོ་རྒྱུས།

རྒྱ་གར་ལ་ཚད་མ་སྔ་དར་དང་ཕྱི་དར་ཞེས་པའི་ཐ་སྙད་འདི་ནི་བདག་གིས་གསར་དུ་བཏོན་པ་ཡིན་ཏེ། འདིའི་སྔ་དར་དང་ཕྱི་དར་ནི་བརྗོད་བྱའི་ཆ་ནས་བཤད་པ་ཡིན། སྔ་དར་ནི་ཐལ་འགྱུར་བའི་ཚད་མའི་སྐོར་ཡིན་ལ་ཕྱི་དར་ནི་ཕྱོགས་གླང་ཡབ་སྲས་ཀྱི་ཚད་མར་གོ་དགོས་པ་ཡིན།

ཕྱོགས་གླང་ཡབ་སྲས་ཀྱི་ཚད་མ་འདི་དར་བ་ལ་བརྟེན་ནས་འདིས་ནང་བའི་ཚད་མར་གོ་ས་བདག་གིར་བཞེས་ནས་ཚད་མ་རྙིང་མའི་བཤད་སྲོལ་ཚད་མ་ལས་དབུ་མའི་ཕྱོགས་སུ་གྱུར། དེའི་སྐོར་ཞིབ་ཏུ་མ་བཤད་ན་ནང་བའི་ཚད་མའི་ལོ་རྒྱུས་དང་འཕེལ་འགྲོས་གསལ་བོར་མི་ཤེས་པས་འདིར་ཆེད་དུ་དེའི་སྐོར་ཅུང་བཤད་པར་བྱ།

དང་བོ། སྟོན་པའི་སྐབས་སུ་ནང་བའི་ཚད་མ་དར་ཚུལ།

ནང་བའི་ཚད་མ་རིག་པའི་ཁུངས་སྟོན་པ་སངས་རྒྱས་ལ་གཏུགས་པ་བཞིན། ཚད་མ་རིག་པ་ཞེས་པའི་ཐ་སྙད་འདི་མདོ་ལས་བྱུང་བ་མ་ཟད། མདོ་ལས་མངོན་རྗེས་གང་མང་ཞིག་བྱུང་བ་མ་ཟད། ཐལ་འགྱུར་དང་སྦྱོར་བ་གང་མང་ཞིག་འབྱུང་སྟེ། བཅོམ་ལྡན་འདས་ལ་ཀུན་ཏུ་རྒྱུ་སེན་རིངས་ཀྱིས་གསོལ་བ། གཽ་ཏ་མ་བདག་གིས་ཐམས་ཅད་མི་བཟོད་དོ། ། བཀའ་བསྩལ་པ། མི་བཟོད་ཅེས་པའི་ཚིག་དེ་བཟོད་དམ་མི་བཟོད། བཟོད་ན་ཐམས་ཅད་མི་བཟོད་པ་ཉམས་སོ། །མི་བཟོད་ན་མི་བཟོད་པ་བཟོད་ན་བཟོད་པ་དེ་ཉིད་ཡིན་ཏེ།     དགག་པ་བཀག་པ་སྒྲུབ་པ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་སོ། །ཀུན་ཏུ་རྒྱུ་ཅང་མི་སྨྲ་བར་གྱུར་ཏོ། །ཞེས་གསུངས་པ་དང་ཡང་། ང་དང་ང་འདྲ་བས་གང་ཟག་གི་ཚོད་བཟུང་གི་གཞན་གྱིས་བཟུང་བར་མི་བྱ་སྟེ་ཉམས་པར་གྱུར་ཏ་རེ་སོགས་རྟགས་གསུམ་བསྟན་པ་ལྟ་བུ་ཤིན་ཏུ་མང་། དེ་བས་མདོ་ལས་ཚད་མའི་སྐོར་གྱི་གཞུང་ཐོར་བུ་མང་དུ་བྱུང་བ་འདི་ནི་སྟོན་པ་སངས་རྒྱས་ཀྱིས་ཚད་མ་གསུངས་པར་བཤད་ཆོག

ལྷག་པར་འདུལ་བ་ལུང་ལས། རིག་པའི་གནས་བཅོ་བརྒྱད་གསུངས་པའི་ཁྲོད་དུ་གཏན་ཚིགས་རིག་པ་དངོས་སུ་བགྲང་ཞིང་། ཚད་མ་རིག་པར་སྦྱངས་པའི་དགེ་མཚན་ཆེ་བར་དམིགས་ནས་བདག་ཅག་གི་སྟོན་པས་ཁོང་གི་རྗེས་འཇུག་བློ་མཐོན་པོ་རྣམས་ལ་སྦྱོང་བར་ཡང་ཡང་གདམས་ཏེ། དྲིན་ལན་བསབས་པའི་མདོ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་རིག་པའི་དངོས་པོ་ལྔར་མ་བསླབས་ན། ནམ་དུ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མི་ནུས་སོ། །དེ་བས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་རིག་པའི་དངོས་པོ་ལྔ་བསླབ་པར་བྱའོ། །ཞེས་དང་། བྱང་ཆུབ་སེམས་དཔའ་ནི་དྲིན་ཤེས་པ་དང་། དྲིན་ལན་བསབས་པ་ནི། སེམས་ཅན་ལ་བཤད་པའི་དངོས་པོ་བཤད་ཅིང་བསྟན་པར་བྱའོ། །ཇི་ལྟར་བཤད་ཅེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་རིག་པ་ལྔ་དང་ལྡན་པར་བཤད་པར་བྱའོ། །ཞེས་གསུངས།

མདོ་སྡེ་དགོངས་འགྲེལ་ལེའུ་བཅུ་བ་ལས། རིགས་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པས་སྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པའོ། །ཞེས་རིགས་པ་བཞི་དོན་དང་བཅས་པ་གསུངས་ཤིང་མངོན་སུམ་དང་རྗེས་སུ་དཔག་པའི་རྣམ་གཞག་མང་དུ་གསུངས་པ་ནི་ནང་བའི་ཚད་མ་རིག་པའི་གཞུང་ལུགས་གྲུབ་པའི་གཞི་འཛིན་ས་ཉག་གཅིག་ཏུ་གྱུར་ཡོད། དཔེར་ན་སློབ་དཔོན་ཐོགས་མེད་ཀྱིས་རིགས་པ་བཞིའི་སྐོར་མང་དུ་གསུངས་ཤིང་ཕྱོགས་གླང་སྐུ་མཆེད་ཀྱིས་མངོན་སུམ་དང་རྗེས་དཔག་ཚད་མ་རིག་པའི་སྙིང་བོར་བཟུང་བ་དེས་གསལ་བོར་ཤེས་སོ། །

དེ་བཞིན་ཉན་ཐོས་དག་ལས་ཚད་མ་རིག་པར་སྦྱངས་ནས་མཁས་པའང་མང་དུ་བྱུང་སྟེ། འདུལ་བའི་མདོ་ལས། མཁས་པའི་ཡོན་ཏན་ལྔ་ཕྲུགས་ཉེར་གཅིག་གསུངས་པའི་ནང་ཚན་སྡེ་སྣོད་གསུམ་འཛིན་ནས་གསུམ་འཛིན་དུ་འཇུག་ནུས་པའི་བར་ལྔ་ལ། རིག་གནས་དང་བོ་བཞི་སོགས་ཐུན་མོང་གི་སྡེ་སྣོད་མང་དུ་ཐོས་པ་མང་ཐོས་ཀྱི་ཡན་ལག་ལ་སྦྱར་བ་དེས་ཤེས་ཏེ། སྟོན་པའི་དུས་སུ་མཁས་པའི་ཡོན་ཏན་ལྔ་ཕྲུགས་ཉེར་གཅིག་ལྡན་པ་གང་མང་ཞིག་ཡོད་པས་ཚད་མར་མ་སྦྱངས་ན་མཁས་པ་འབྱུང་མི་སྲིད་པས་སོ། །ཡིན་ནའང་ང་ཚོས་སྐབས་དེའི་དགེ་སློང་དག་གིས་གཞུང་གང་ཞིག་ལ་བརྟེན་ན་ཚད་མར་སྦྱངས་པ་མི་ཤེས་ལ། དེའི་སྐབས་ཀྱི་ཚད་མར་སྦྱོང་བའི་ཚུལ་ཇི་ལྟ་བ་ཞིག་ཡིན་པ་དེ་བས་ཀྱང་ཤེས་དཀའ་འོ། །སྟོན་པས་འཕགས་པ་ཤཱ་རིའི་བུ་ལྟ་བུ་སངས་རྒྱས་ཀྱི་བཀའ་ལ་ཐོས་བསམ་གྱིས་བརྩོན་པ་མི་གཏོང་བ་ལ། ཉིན་གཅིག་གི་གསུམ་ཆ་ཙམ་ཡིན་པ་ལ་ཕྱི་རོལ་པའི་བསྟན་བཅོས་བཀླག་ཏུ་རུང་བར་གནང་བ་སོགས་ལས་སྐབས་དེར་ཚད་མ་དང་གཞན་གྱི་གཞུང་ལ་མ་སྦྱངས་ན་ཕྱི་རོལ་པས་རྩོད་ཟླ་མི་འཕེར་བ་གསལ་བོར་ཤེས་སོ། །

ད་ལྟ་ཡོད་པའི་གསན་ཡིག་དང་ལོ་རྒྱུས་དག་ཏུ་ཚད་མའི་བརྒྱུད་པ་བཤད་པའི་སྐབས་སུ་སྟོན་པའི་རྗེས་སུ་མགོན་པོ་འཇམ་དབྱངས། དགྲ་བཅོམ་པ་ཆོས་སྐྱོབ། མཁས་པ་མེ་ཝཾ་གྷ། སློབ་དཔོན་དབྱིག་གཉེན། སློབ་དཔོན་ཕྱོགས་ཀྱི་གླང་བོ། སློབ་དཔོན་དབང་ཕྱུག་སྡེ། རིགས་པའི་དབང་ཕྱུག་ཆོས་ཀྱི་གྲགས་པ་ཞེས་གསུངས་ཡོད་ནའང་རྗེ་བཙུན་འཇམ་པའི་དབྱངས་སོགས་ཀྱིས་ཚད་མ་ཇི་ལྟར་འཆད་ཉན་བྱས་པ་མི་གསལ། འོན་ཀྱང་ཤེས་ཐུབ་པ་ནི་དེ་དག་ནང་བ་སངས་རྒྱས་པའི་ཚད་མ་རིམ་བཞིན་འཆད་ཉན་བྱེད་པའི་སློབ་དཔོན་ཆེན་པོ་འབའ་ཞིག་ཡིན་པ་ཤེས་ཐུབ།

བོད་ཀྱི་ལོ་རྒྱུས་སུ་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིསསྨྲ་བའི་སྒྲོན་མེཞེས་པ་ཞིག་བརྩམས་པར་བཤད་མོད་དེའི་སྐོར་བཤད་པ་ད་སྔ་བདག་གིས་མཐོང་མྱོང་མེད་ཅིང་། ཚད་མའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་ཕྱི་གླིང་བའི་མཁས་པ་དག་ལ་ཡང་མཐོང་ཐོས་བྱུང་ཡོད་ཚོད་མི་འདུག་གོ། 

                                                                                                                                                                                                                                                                                                     

   རྩོམ་སྒྲིག་པ་དཀོན་མཆོག་རྒྱ་མཚོ།




བརྒྱུད་འགོད།
0