རྒྱ་གར་གྱི་ནང་བའི་ཚད་མ་སྔ་དར།

སྤེལ་དུས།  2017-12-15   ཡོང་ཁུངས།   མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  ཤེས་རབ་བསྟན་དར།   ཀློག་གྲངས།  

རྒྱ་གར་གྱི་ནང་བའི་ཚད་མ་སྔ་དར།

སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་རྗེས་རྒྱ་གར་གྱི་ལོ་རྒྱུས་སུ་སྐྱེས་བུ་ཆེན་པོ་གཉིས་བྱུང་བ་ནི་སློབ་དཔོན་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་གཉིས་ཡིན་ལ། དེ་གཉིས་ཀྱིས་ནང་བ་སངས་རྒྱས་པ་འཕེལ་རྒྱས་ཆེན་པོ་བཏང་བས་སངས་རྒྱས་གཉིས་པ་ཞེས་བསྔགས་བཞིན་ཡོད་ནའང་ཚད་མའི་བརྒྱུད་པའི་ནང་དུ་ཁོང་གཉིས་ཀ་འདུས་མེད།  ཡིན་ནའང་། ཁོང་གཉིས་ཀའི་གསུང་བོད་དུ་འགྱུར་བ་ཆེས་མང་ཞིང་ཁོང་གཉིས་ཀ་ནང་བའི་ཐེག་ཆེན་གྱི་ཤིང་རྟའི་སྲོལ་འབྱེད་ཡིན་པའི་ཆ་ནས་ཁོང་རྣམ་གཉིས་ཀྱི་གསུང་ལས་ང་ཚོས་ཕྱོགས་གླང་ཆོས་གྲགས་སྔོན་གྱི་ནང་བའི་ཚད་མ་ཇི་ལྟར་དར་ཚུལ་རོབ་ཙམ་མཐོང་ཐུབ་པས་འདིར་ཆེད་དུ་དེ་གཉིས་ཀྱི་གསུང་ལས་བྱུང་བའི་ཚད་མའི་སྐོར་གླེང་བར་བྱའོ། །

1སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་སྐབས།

སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་དང་ཐོགས་མེད་ཡབ་སྲས་ནང་བའི་ཚད་མའི་རྒྱུད་པའི་གྲས་སུ་མེད་ལ། ཁོང་རྣམ་པ་ཚད་མའི་སློབ་དཔོན་དུའང་རྩི་བཞིན་མེད་མོད། ཁོང་རྣམ་པའི་གསུང་དུ་ཚད་མ་དང་འབྲེལ་ཡོད་ཀྱི་གནད་དོན་མི་ཉུང་བ་ཞིག་ཡོད་པའི་ཁར། ཁོང་ཀླུ་སྒྲུབ་ཡབ་སྲས་ལྷག་པར་སངས་རྒྱས་བསྐྱངས་དང་ཟླ་གྲགས་ཀྱི་ཚད་མའི་རྣམ་ གཞག་ནི་ཕྱོགས་གླང་ཆོས་གྲགས་ཀྱི་ཚད་མ་རྣམ་གཞག་དང་གཏན་ནས་མི་མཐུན་པ་ཞིག་ཡིན། འོན་ཀྱང་དེ་ནི་དབུ་མའི་ཐད་ནས་བྱུང་བ་ལས་ཚད་མའི་ཐད་དུ་ཅི་ཡང་གླེང་གིན་མེད་པས་ཐལ་འགྱུར་བའི་ཚད་མའི་རྣམ་གཞག་ཕྱོགས་གླང་ཆོས་གྲགས་ཀྱི་ཚད་མ་དང་མི་མཐུན་པར་རང་སྐྱ་བ་ཞིག་ཡིན་པར་ཀུན་གྱིས་དོ་སྣང་བྱེད་ཀྱིན་མེད་ལ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཚད་མའི་སྟོང་ཐུན་བརྩམས་པ་ནི་བོད་དུ་ཐལ་འགྱུར་བའི་ཚད་མའི་རྣམ་གཞག་གི་བསྟན་བཅོས་བརྩམས་པའི་ཐོག་མ་ཡིན་པ་མ་ཟད། ཐལ་འགྱུར་བའི་ཚད་མའི་རྣམ་གཞག་བརྩམས་པའི་ཐོག་མའང་ཡིན་པ་རེད།

ཀ སློབ་དཔོན་ཀླུ་སྒྲུབ་ཡབ་སྲས།

སློབ་དཔོན་ཀླུ་སྒྲུབ་ནི་ཐེག་ཆེན་གྱི་བསྟན་པ་སྤེལ་བར་བྱས་རྗེས་ཆེ་བ་ཞིག་ཡིན་ཞིང་ཁོང་གིས་དབུ་མའི་ཤིང་རྟའི་སྲོལ་ཕྱེས་པ་ལ་བརྟེན་ནས་ཐེག་ཆེན་གྱི་བསྟན་པ་ཉིན་མོ་བཞིན་དུ་གསལ་བར་བྱས། དེ་བས་ཁོང་ནི་ནང་བ་སངས་རྒྱས་པའི་སངས་རྒྱས་གཉིས་པར་འཛིན་བཞིན་ཡོད། ང་ཚོས་ཁོང་གི་ལོ་རྒྱུས་ལས་མཐོང་ཐུབ་པ་ནི་ཁོང་ནི་རིགས་པ་ལ་ཤིན་ཏུ་མཁས་པ་ཞིག་སྟེ། དབུ་མ་རིགས་ཚོགས་དྲུག་ལས་རིགས་པ་འབའ་ཞིག་གིས་བདེན་མེད་སྒྲུབ་པ་དེ་ཡིས་ཁོང་གི་རིགས་པའི་ཚད་མཐོན་པོར་སླེབས་པ་ཤེས་ཐུབ།

1སློབ་དཔོན་ཀླུ་སྒྲུབ་ལ་རྩོད་པའི་སྐོར་གྱི་བསྟན་བཅོས་གཉིས་ཡོད་པ་ནིཞིབ་མོ་རྣམ་འཐགདངརྩོད་པ་ཟློག་པགཉིས་རེད། དེ་གཉིས་ལས་ཕྱི་རོལ་པའི་འདོད་པའི་རྟོག་གེ་ཚིག་དོན་བཅུ་དྲུག་དྲངས་ཡོད་ཅིང་རྩོད་པ་བྱེད་ཐབས་སོགས་ཀྱང་གླེང་ཡོད།    2ཐབས་ཀྱི་སྙིང་བོའི་མདོ་ནི་རང་རེའི་བོད་ལ་གསལ་ཆ་མེད་པའི་བསྟན་བཅོས་ཤིག་ཡིན་ཞིང་རྒྱ་ནག་གི་སྐད་དུ་འགྱུར་ཡོད། དགེ་རྒན་ཆེན་མོ་ཏུའུ་ཆིས་འདི་སློབ་དཔོན་ཀླུ་སྒྲུབ་ཀྱི་ཡིན་པར་ཐེ་ཚོམ་བྱེད་མོད། མཁས་པ་གཞན་དག་གིས་སློབ་དཔོན་གྱི་ཡིན་པར་ངོས་འཛིན་བཞིན་ཡོད། བསྟན་བཅོས་འདི་ལས། རྗེས་དཔག་ནི་གསུམ་སྟེ་སྔ་མ་དང་ལྡན་པ་དང་། ལྷག་མ་དང་ལྡན་པ། སྤྱི་མཐོང་བའོ་ཞེས་རྗེས་དཔག་རྣམ་པ་གསུམ་བཤད་ཡོད། འདི་ནི་ནང་བའི་བཤད་ཚུལ་སྤྱི་དང་མི་འདྲ་བ་ཞིག་གོ །

ཡིན་ནའང་ཁོང་དང་ཨརྱ་དེ་བ་གཉིས་ཀྱི་གསུང་དུ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཚད་མའི་རྣམ་གཞག་གསལ་བོར་མི་འབྱུང་བས་གཞུང་ཕྱི་མོའི་དབུ་མ་བར་འབོད་ཀྱིན་ཡོད།

ཁ། སློབ་དཔོན་སངས་རྒྱས་བསྐྱངས་དང་ཟླ་གྲགས།

སློབ་དཔོན་སངས་རྒྱས་བསྐྱངས་དང་ཟླ་གྲགས་གཉིས་ནི་ངེས་པར་གླེང་དགོས་པ་ཞིག་སྟེ་སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་བའི་ཤིང་རྟའི་སྲོལ་ཕྱེས་ཤིང་སློབ་དཔོན་ཟླ་གྲགས་ཀྱིས་སྲོལ་དེ་ཉིད་དར་ཞིང་རྒྱས་པར་བྱས། ད་ལྟ་བོད་དུ་ཁོང་གཉིས་ཀྱིས་མཛད་པའི་ཚད་མའི་བསྟན་བཅོས་ཤིག་མེད་ཅིང་། ཁོང་རྣམ་གཉིས་ཀྱིས་ཚད་མའི་བསྟན་བཅོས་མཛད་པའི་སྒྲོས་ཀྱང་མ་ཐོས་མོད། འགྲེལ་བ་སངས་རྒྱས་བསྐྱངས་དང་དབུ་མ་འཇུག་པ་གཉིས་ལས་ཚད་མའི་རྣམ་གཞག་མང་བོ་གསུངས་ཤིང་རྗེ་ཙོང་ཁ་བས་དར་སྤེལ་རྒྱ་ཆེན་པོ་བཏང་ཡོད།

ཁོང་རྣམ་གཉིས་ཀྱི་ཚད་མའི་རྣམ་གཞག་དེ་ཕྱོགས་གླང་ཆོས་གྲགས་ཀྱི་གཞུང་དང་རྩ་བ་ནས་མི་འདྲ་བ་ཞིག་ཡིན་ཞིང་། ཁོང་རྣམ་པ་གཉིས་ཕྱོགས་གླང་ཆོས་གྲགས་དང་རྩ་བ་ནས་མི་འདྲ་བའི་ཆ་ཞིག་ནི་ཐལ་འགྱུར་ལ་བརྟེན་ནས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་ཁས་ལེན་པ་དང་། སྦྱོར་བ་ལ་ནང་བ་གཞན་ལྟར་ཚུལ་གསུམ་རང་ངོས་ནས་གྲུབ་པའི་སྦྱོར་བ་གཏན་ནས་ཁས་མི་ལེན། ཡིན་ནའང་། ཁོང་རྣམ་པ་གཉིས་ཀྱིས་རང་རྒྱུད་པ་མན་གྱིས་འདོད་པའི་རང་གྲགས་ཀྱི་སྦྱོར་བ་ཁས་མི་ལེན་ནའང་གཞན་གྲགས་སྦྱོར་བ་ཁས་ལེན་པ་རེད།

ག ཐོགས་མེད་སྐུ་མཆེད་སོགས་ཀྱི་སྐབས།

འཕགས་པ་ཐོགས་མེད་ནི་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་དེ་ང་ཚོས་སློབ་དཔོན་ཀླུ་སྒྲུབ་ངོ་སྤྲོད་བྱས་པ་དང་བསྟུན་ནས་འཕགས་པ་ཐོགས་མེད་ཀྱི་ཚད་མའི་སྐོར་གླེང་ན་ཕན་པ་ཆེ་སྟེ། སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་ཀྱི་ཚད་མའི་རྣམ་གཞག་ཁོང་གི་མངོན་སུམ་དང་རྗེས་དཔག་གི་རྣམ་གཞག་གི་རྗེས་སུ་འབྲངས་པས་མི་མཐུན་པ་ མེད་ནའང་སྒྲུབ་ངག་དང་རྟགས་ཀྱི་སྐོར་ཚད་མ་ཕྱི་མ་དག་དང་མི་མཐུན་པས་དེའི་སྐོར་ཆེད་དུ་གླེང་ན་དགེ་མཚན་ཆེ་བར་མངོན།

ཀ སའི་དངོས་གཞིར་ཚད་མའི་སྐོར་མང་དུ་བྱུང་སྟེ།1རྗེས་སུ་དཔག་པ་གང་ཞེ་ན། མངོན་པར་བརྟགས་པ་དང་བཅས་པས་མངོན་པར་བརྟགས་པ་དང་། མངོན་པར་བརྟག་པར་བྱ་བའི་ཡུལ་ལོ། །དེ་ཡང་རྣམ་པ་ལྔར་བལྟ་བར་བྱ་སྟེ། རྟགས་དང་ངོ་བོ་དང་ ལས་དང་ཆོས་དང་། རྒྱུ་དང་འབྲས་བུའོ། །ཞེས་རྟགས་ལྔ་མཚན་གཞི་དང་བཅས་པ་གསུངས་པ་དང་།2ཡང་གཏན་ཚིགས་རིག་པ་གང་ཞེ་ན།བརྟག་པའི་དོན་དུ་ཡོད་པ་དང་བོ་གང་ཡིན་པ་སྟེ། དེ་ཡང་གང་ཞེ་ན། སྨྲ་བ་དང་སྨྲ་བའི་ཞལ་ཅེ་བ་དང་། སྨྲ་བའི་གཞི། སྨྲ་བའི་རྒྱན། སྨྲ་བས་ཆད་པས་བཅད་པ། སྨྲ་བ་ལས་བྱུང་བ། སྨྲ་བ་ལ་གཅེས་སྤྲས་བྱེད་པའི་ཆོས་བཤད་པའི་སྨྲ་བ་ལ། སྨྲ་བ་དང་རྨད་ཁྱེར་བར་སྨྲ་བ། རྩོད་པར་སྨྲ་བ། ཚིག་ངན་སྨྲ་བ། མཐུན་པོར་སྨྲ་བ། གདམས་པ་སྨྲ་བའོ། །ཞེས་གསུངས་པའི་སྨྲ་བའི་གཞིའི་སྐབས་སུ་དམ་བཅའ་བ་དང་གཏན་ཚིགས་དཔེར་བརྗོད་པ། མཐུན་པ། མི་མཐུན་པ། མངོན་སུམ། རྗེས་སུ་དཔག་པ། ཡིད་ཆེས་པའི་ལུང་ངོ་། །ཞེས་སྒྲུབ་པ་བརྒྱད་གསུངས་སོ། །

ཁ། ཉན་ས་ལས། རིགས་པ་བཞིས་ཉེ་བར་རྟོག་པར་བྱེད་དེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ། འཐད་པ་སྒྲུབ་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པ་བཞི་སྟེ་ཞེས་རིགས་པ་བཞི་མཚན་གཞི་དང་གོ་དོན་དང་བཅས་པ་གསུངས་ཡོད།

ག ཀུན་བཏུས་ལས། ལེའུ་གསུམ་པ་ཆོས་རྣམ་པར་ངེས་པ་ལ་མདོ་སྡེ་དགོངས་འགྲེལ་ལས་གསུངས་པའི་རིགས་པ་བཞི་དང་ཚོལ་བ་བཞི་གསུངས་ཤིང་། ལེའུ་ལྔ་བའི་འབེལ་གཏམ་རྣམ་པར་ངེས་པ་ལས། སྨྲ་བ་དང་སྨྲ་བའི་ཞལ་ཆེ་བ་དང་། སྨྲ་བའི་གཞི། སྨྲ་བའི་རྒྱན། སྨྲ་བས་ཆད་པས་བཅད་པ། སྨྲ་བ་ལས་བྱུང་བ། སྨྲ་བ་ལ་གཅེས་སྤྲས་བྱེད་པའི་ཆོས་བཤད་པའི་སྨྲ་བ་ལ། སྨྲ་བ་དང་རྨད་ཁྱེར་བར་སྨྲ་བ། རྩོད་པར་སྨྲ་བ། ཚིག་ངན་སྨྲ་བ། མཐུན་པོར་སྨྲ་བ། གདམས་པ་སྨྲ་བ་དྲུག་གསུངས་པའི་སྨྲ་བའི་གཞིའི་སྐབས་སུ་སྒྲུབ་ངག་ཡག་ལག་ལྔ་ལྡན་དང་ཚད་མ་གསུམ་དོན་དང་བཅས་པ་མདོར་བསྡུས་སུ་གསུངས་སོ། །

མཛོད་རང་འགྲེལ་ལས། རིག་གནས་བཅོ་བརྒྱད་གསུངས་པ་དང་། མདོ་སྡེ་རྒྱན་གྱི་དབྱིག་འགྲེལ་ལས། དེ་དག་གང་གི་ཕྱིར་བྱང་ཆུབ་སེམས་དཔས་བཙལ་བར་བྱ་བ་དེ་སྟོན་ཏེ། བྱེ་བྲག་མེད་པར་ནི། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར་རོ། །བྱེ་བྲག་ཏུ་ནི། གཏན་ཚིགས་རིག་པ་དང་སྒྲ་རིག་པ་ནི། གཞན་དག་དེ་ལ་མི་མོས་པ་རྣམས་ཚར་གཅོད་པའི་ཕྱིར་ཡོངས་སུ་འཚོལ་ལོ། །ཞེས་སོགས་ནི་རིག་གནས་ཆེན་པོ་ལྔ་དང་དེའི་ཡན་ལག་ཆུང་བ་ལྔ་སྟེ་བཅུ་གང་ལས་གསུངས་པའི་མདོ་བསྟན་བཅོས་ཀྱི་ཁུངས་ཡིན་ཞིང་། ཆུང་བ་ལྔའི་དང་བོ་བཞི་སྒྲ་རིག་པ་དང་། ཕྱི་མ་བཟོ་རིག་པར་སོགས་འདོད་དོ་ཞེས་དང་། མདོ་སྡེ་རྒྱན་དང་རྣལ་འབྱོར་སྤྱོད་པའི་སའི་གཞུང་ཡོངས་རྫོགས་ལ། ས་བཅུ་བདུན་ཡོད་པའི་ནང་ཚན་ཐོས་བསམ་སྒོམ་གསུམ་གྱི་སའི་ཡ་གྱལ། ཐོས་པ་ལས་བྱུང་བའི་ས་རིལ་པོས་རིག་གནས་ལྔའི་རྣམ་གཞག་སྟོན། དེ་ལ་བལྟས་ན་སྐབས་དེར་གཏན་ཚིགས་རིག་པ་ནི་ཕྱི་ནང་གཉིས་ཀའི་ཆེས་གཙིགས་སུ་འཛིན་པ་ཤེས་ཐུབ་པ་ཡིན།

རྒྱ་གར་གྱི་ཚད་མ་སྔ་དར་ནི་ཕྱོགས་གླང་ཆོས་གྲགས་སྔོན་གྱི་ཚད་མ་ལ་གོ་དགོས་པ་ཡིན་ཏེ། ད་ལྟ་ཚད་མ་ཞེས་བརྗོད་དུས་ཕྱོགས་གླང་ཆོས་གྲགས་ཐད་ཀར་ཡིད་ལ་ཤར་ཡོང་མོད། དེ་ནི་སྡེ་བདུན་མདོ་དང་བཅས་པ་ད་ལྟ་ཡོངས་སུ་དར་བའི་རྐྱེན་གྱིས་ཡིན་ངེས།  གལ་ཏེ་དེ་ལྟར་གོ་བ་ཡིན་ན་ནང་བའི་ཚད་མ་ལ་ཕྱོགས་ཡོངས་ནས་གོ་བ་ལོན་ཐུབ་ཀྱིན་ མེད་པ་དེ་གསལ་བོར་མཚོན་པ་རེད། དགྲ་བཅོམ་པ་ཆོས་སྐྱོབ། ང་ཚོས་ཚད་མ་བརྒྱུད་པ་ལ་བལྟས་ན་སྟོན་པ་ཐུབ་པའི་དབང་བོའི་རྗེས་སུ་མགོན་པོ་འཇམ་དབྱངས་དང་དགྲ་བཅོམ་པ་ཆོས་སྐྱོབ། མཁས་པ་མེ་ཝཾ་གྷ་བཅས་སློབ་དཔོན་དབྱིག་གཉེན་གྱི་གོང་དུ་བྱུང་མྱོང་། འོན་ཀྱང་དེ་གསུམ་གྱི་ཚད་མ་ལ་འཆད་ཉན་བྱས་པའི་ལོ་རྒྱུས་དང་ཚད་མའི་བསྟན་བཅོས་མཛད་པའི་ཚུལ་ད་སྔ་བོད་དུ་གསལ་བོ་ཞིག་མེད་པ་མ་ཟད། མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་མཁས་པ་དག་ལ་ཆ་རྒྱུས་དེ་འདྲ་མེད་པ་འདྲ།

མཁས་པ་ལྡེའུའི་ཆོས་འབྱུངལས།"དེ་ནས་དགྲ་བཅོམ་པ་ཆོས་སྐྱོབས་ཞེས་བྱ་བ་བྱུང་ནས་མདོ་དཀོན་མཆོག་བརྩེགས་པ་ལ་བརྟེན་ནས་མངོན་སུམ་ཚད་མ་གསུམ་དང་། རྗེས་དཔག་ཚད་མ་བཞི་བརྩམས་སྐད། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུ་ ཤེས་དང་ཞེས་སོ། །"དེ་ལས་གསལ་བོར་ཤེས་པ་ནི་མདོ་སྡེ་དཀོན་མཆོག་བརྩེགས་པ་ལ་བརྟེན་ནས་ནང་བའི་མངོན་སུམ་དང་རྗེས་དཔག་གི་རྣམ་གཞག་ཐོག་མར་མཛད་མཁན་ཁོང་ཡིན་པ་གསལ་མོད་བསྟན་བཅོས་ཀྱི་མཚན་མི་གསལ། ཡིན་ནའང་། བོད་ཀྱི་ལོ་རྒྱུས་སུ་དགྲ་བཅོམ་པ་ཆོས་སྐྱོབ་ཀྱི་ཚད་མའི་བསྟན་བཅོས་སྨྲ་བའི་སྒྲོན་མེ་ཞེས་པ་ཞིག་ཡོད་པར་གསུངས་པས་ཁོང་གིས་མངོན་སུམ་དང་རྗེས་དཔག་མཛད་པའི་གཞུང་དེ་ཡིན་པར་ཆ་འཇོག་བྱས་ཆོག བོད་ཀྱི་ལོ་རྒྱུས་སུ་དེའི་མཚན་བྱུང་ན་ཡང་དེའི་སྐོར་གྱི་གནས་ཚུལ་ཅི་ཡང་བཤད་མེད་པས་བཤད་དཀའ་ནའང་ཁོང་ནི་རྗེ་བཙུན་འཇམ་པའི་དབྱངས་ལས་ཚད་མའི་བསྟན་བཅོས་གསན་ཞིང་མཁས་པ་མེ་ཝཾ་གྷའི་ཚད་མའི་སློབ་དཔོན་ཡིན་པས་ཁོང་རྣམ་པ་གསུམ་ནང་བའི་ཚད་མ་རིག་པ་ལ་བྱས་རྗེས་ཤིན་ཏུ་ཆེ་བ་ཡིན།

སློབ་དཔོན་དབྱིག་གཉེན་ནི་ནང་བའི་ཚད་མ་རིག་པ་ལ་བྱས་རྗེས་ཆེས་ཆེ་བའི་མཁས་པ་ཞིག་ཡིན་ཞིང་། ཁོང་ནི་ཚད་མ་ཕྱི་མའི་སྲོལ་འབྱེད་མཁན་དུ་གྲགས་པའི་ཕྱོགས་གླང་གི་སློབ་དཔོན་ཡང་ཡིན། ཡིན་ནའང་ཁོང་གི་ཚད་མའི་བསྟན་བཅོས་ད་ལྟའི་བར་དུ་བོད་ལ་འགྱུར་མེད།འོན་ཀྱང་ཁོང་གིས་གཏན་ཚིགས་རིག་པའི་སྐོར་གྱི་བསྟན་བཅོས་གསུམ་བརྩམས་པར་བཤད། དེའི་ནང་ནས་རྒྱ་ནག་ཏུ་འགྱུར་པའིརྩོད་སྒྲུབདེ་ཁ་མི་ཚང་བར་བཤད། དེར་རིག་པ་ཅན་པའི་རྩ་བའི་མདོ་དང་འདྲ་བས་སློབ་དཔོན་ཕྱོགས་གླང་གིས་ཀུན་བཏུས་སུ་དགག་པ་རྒྱ་ཆེན་པོ་མཛད་པས་བོད་དག་གིས་དབྱིག་གཉེན་གྱིས་མཛད་པར་དོགས་པ་བྱེད། འོན་ཀྱང་ད་ལྟའི་རྒྱ་ཡིག་གི་དཔེ་དེརཚད་མ་ཀུན་བཏུསསུ་དྲངས་པ་རྣམས་རྒྱ་ཡིག་ཏུ་མེད་ཅིང་རྒྱལ་དབང་བློས་སློབ་དཔོན་ཕྱོགས་གླང་གིས་དབྱིག་གཉེན་གྱི་མ་ཡིན་པ་གསུངས་པ་སྐྱོན་དེ་དག་བསལ་བའི་ཕྱིར་དགོངས་པ་ཅན་དུ་གསུངས་པར་བཞེད་ཅིང་རྒྱལ་ཚབ་དར་མ་རིན་པོ་ཆེས་ཀྱང་། རྩོད་སྒྲུབ་སློབ་དཔོན་དབྱིག་གཉེན་གྱིས་མཛད་ནའང་རང་ལུགས་མ་ཡིན་པར་གསུངས་སོ། །

གཞནརྩོད་ཆོག(《论式》Vadavidhaa)སྟེ་དེ་ལས་རྩོད་སྒྲུབ་ཀྱི་ལྟ་བར་བསྒྱུར་ཡོད། བྲམ་ཟེའི་ཆོས་ལུགས་གྲུབ་མཐའ་ཁག་གི་རྟོག་གེའི་བསྟན་བཅོས་རྣམས་སུ་མཚན་ཉིད་དེ་ལྟར་བརྗོད་པ་མ་ཟད་དེ་དག་དབྱིག་གཉེན་གྱི་ཡིན་པར་བྱས་ཏེ་དགག་པ་བྱས་ཡོད། སློབ་དཔོན་དབྱིག་གཉེན་གྱི་སྒྲུབ་ངག་ནི་རིག་པ་ཅན་པའི་ཡན་ལག་ལྔ་ལྡན་ཡིན་པས་སྤྱིར་དེ་ནིཆོས་མངོན་པ་མཛོདཀྱི་ཁ་གསབ་ཚིག་དུམ་ཞིག་ལས་བྱུང་བ་ཡིན་ནའང་ཁོང་གིས་སྐབས་རེ་སྟབས་བདེ་བའི་ཡན་ལག་གསུམ་གྱི་སྒྲུབ་ངག་ཀྱང་སྤྱོད་པར་མཐོང་རྒྱུ་ཡོད། དེར་བལྟས་ནཚད་མ་རིགས་རྒྱནལས།"སྒྲུབ་ངག་ལ་འཆད་པ་དང་འགོད་པའི་སྐབས་གཉིས་ལས། འཆད་པའི་ཚེ་ཕྱོགས་གླང་ཡབ་སྲས་ཀྱིས་ཀྱང་སྒྲུབ་ངག་ཡན་ལག་ལྔ་ལྡན་བཞེད་ལ། ཕྱི་རྒོལ་ལ་འགོད་པའི་ཚེ་ཐོགས་མེད་སྐུ་མཆེད་ཀྱིས་ཀྱང་སྒྲུབ་ངག་ཡན་ལག་གཉིས་ལྡན་བཞེད།"ཅེས་གསུངས་པ་ལྟར་འཆད་པའི་ཚེ་སྒྲུབ་ངག་ཡན་ལག་ལྔ་ལྡན་དང་རྩོད་པའི་ཚེ་སྒྲུབ་ངག་ཡན་ལག་གཉིས་ལྡན་སྤྱོད་པར་གསུངས་པ་ལ་ངེས་ཤེས་འབྱུང་ཐུབ་པ་ཡིན་ནོ། །

རྩོམ་སྒྲིག་པ་དཀོན་མཆོག་རྒྱ་མཚོ།



བརྒྱུད་འགོད།
0