རྒྱ་གར་ནང་བའི་ཚད་མ་ཕྱི་དར།

སྤེལ་དུས།  2017-12-15   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  ཤེས་རབ་བསྟན་དར།    ཀློག་གྲངས།  

རྒྱ་གར་ནང་བའི་ཚད་མ་ཕྱི་དར།

དང་བོ། ཕྱོགས་གླང་གི་ཚད་མའི་སྐོར།

ནང་བའི་ཚད་མ་ཕྱི་དར་ནི་བདག་གིས་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་གཉིས་ཀྱི་ཚད་མར་ངོས་འཛིན་པ་ཡིན། ཁོང་གཉིས་ཀྱི་རྗེས་སུ་ནང་བའི་ཚད་མ་རྒྱ་ཆེན་པོ་དར་མོད། རྗེས་ཀྱི་མཁས་པ་ལ་ཁོང་གཉིས་ཀྱི་གོང་དུ་བུད་པ་ཡོད་པ་སུས་ཀྱང་ཁས་མི་ལེན། དེ་བས་ཕྱོགས་གླང་ཆོས་གྲགས་རྣམ་གཉིས་ལ་རིག་པའི་དབང་ཕྱུག་རྣམ་པ་གཉིས་སུ་ངོས་འཛིན་པ་ཡིན།

སློབ་དཔོན་ཕྱོགས་གླང་ནི་སློབ་དཔོན་དབྱིག་གཉེན་གྱི་ཚད་མ་རང་ལས་མཁས་པའི་སློབ་མ་སྟེ་རིགས་བྲམ་ཟེ་གནས་མ་བུའི་སྡེ་པ་ལས་རབ་ཏུ་བྱུང་། མཁས་པར་གྱུར་ཏེ་མཁན་པོ་ལ་སྤོང་བ་བསམ་གཏན་གྱི་མན་ངག་ཞུས་པས་ཕུང་པོ་ལས་དེ་ཉིད་དང་གཞན་མ་ཡིན་པའི་བདག་སྒོམས་ཤིག་གསུངས། དེ་མ་རྙེད་ནས་མར་མེ་སྤར་གཅེར་བུར་མིག་བགྲད་དེ་བདག་བཙལ་པས་མཁན་པོས་ཁྱོང་རང་གི་གྲུབ་མཐའ་སུན་འབྱིན་པར་འདུག་པས་སོང་ཞིག་གསུངས་པས་མཁན་པོ་དེ་ཉིད་དུ་སུན་འབྱིན་ནུས་ཀྱང་འོས་མ་ཡིན་ནོ་སྙམ་ནས་བྱུང་སྟེ་སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་ཐེག་པ་གསུམ་ག་ལ་སྦྱངས།ཁྱད་པར་རྣམ་རིག་དང་ཚད་མ་ལ་མཁས་པར་གྱུར་ཏེ་མཛོད་ཀྱི་འགྲེལ་པ་དང་ཡོན་ཏན་མཐའ་ཡས་པར་བསྟོད་པའི་འགྲེལ་པ་དང་། རིགས་པའི་སྒོ་དང་དམིགས་པ་བརྟག་པ་སོགས་ཚད་མའི་བསྟན་བཅོས་ཐོར་བུ་པ་བརྒྱ་རྩ་བརྒྱད་མཛད།

དེ་ཐམས་ཅད་གཅིག་ཏུ་བསྡུ་བར་བཞེད་དེ་བྲག་ཕུག་གི་བྲག་ངོས་ལ་རྡོ་ཐལ་གྱིས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །ཚད་མ་སྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་སྟེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །ཞེས་བྲིས་པ་ཙམ་གྱིས་ས་གཡོས་སྒྲ་ཆེན་པོ་གྲགས། མུ་སྟེགས་ཀྱི་སྟོན་པ་ཐམས་ཅད་བྱིན་པ་ཤིང་ལྟར་རེངས་ཏེ་མུ་སྟེགས་ནག་པོ་ཐུབ་རྒྱལ་བྱ་བའི་མངོན་ཤེས་ཀྱིས་ཤེས་ནས་སློབ་དཔོན་བསོད་སྙོམས་ལ་བྱོན་པའི་ཤུལ་དུ་ལན་གཉིས་ཕྱིས། གསུམ་པ་ལ་འདི་དབྱི་བ་ཀུ་རེ་ཡིན་ན་དགོས་པ་ཡོད་པས་མ་འཕྱིད་ཅིག ཕྲག་དོག་གིས་ཡིན་ན་བློ་ལ་ཡོད་པ་དབྱི་མི་ནུས་སོ། །ནོར་བའི་བློས་དབྱི་ན་ལུས་སྣང་བར་གྱིས་ཤིག་དང་། བརྩོད་པར་བྱའོ་ཞེས་བྲིས་པས་བསྡད་འདུག་པ་དང་བརྩོད་པས་ལན་གསུམ་དུ་སློབ་དཔོན་རྒྱལ་ཡང་བསྟན་པ་ལ་འཇུག་དུ་མ་བཏུབ། མཐར་ཁ་ནས་མེ་བྱུང་སྟེ་སློབ་དཔོན་གྱི་ཡོ་བྱད་བསྲེགས་པས་མུ་སྟེགས་འདི་གཅིག་པུའང་མ་ཐུལ་ན་སེམས་ཅན་ཐམས་ཅད་ག་ལ་ཞིག རྡོ་ཐལ་ས་ལ་བབ་མ་ཐག་སེམས་བསྐྱེད་བཏང་ངོ་སྙམ་ནས་འཕངས་པས་རྗེ་བཙུན་འཇམ་དཔལ་ནམ་མཁའ་ལ་བྱོན་ཏེ་བུ་མ་བྱེད་མ་བྱེད་ཐེག་པ་དམན་དང་ཕྲད་པ་ལས་ནི་བློ་གྲོས་ངན་སྐྱེ་སྟེ། ཁྱོད་ཀྱི་བསྟན་བཅོས་འདི་ལ་མུ་སྟེགས་ཚོགས་ཀྱིས་གནོད་མི་ནུས། ཁྱོད་ཀྱིས་མ་ཐོབ་ཀྱི་བར་དུ་དགེ་བའི་བཤེས་སུ་ང་འགྱུར་ཞིང་། ཕྱི་མའི་དུས་སུ་བསྟན་བཅོས་ཀུན་གྱི་མིག་གཅིག་ཏུ་ནི་འདི་འགྱུར་རོ། །ཞེས་རྗེས་སུ་གནང་བར་གྲགས།

དེ་ལྟར་ཚད་མ་ཀུན་ལས་བཏུས་པ་སྟེ་ཚད་མ་ཀུན་བཏུས་ཞེས་པ་བརྩམས་ཤིང་རྗེས་སུ་རང་འགྲེལ་དང་བཅས་པ་བརྩམས་ཏེ་མུ་སྟེགས་ཐམས་ཅད་ཚར་བཅད་དོ། །ཁོང་གིས་ཚད་མའི་བསྟན་བཅོས་བརྒྱ་རྩ་མཛད་པར་གྲགས་ནའང་ད་ལྟ་བོད་དུ་འགྱུར་བ་ཚད་མ་ཀུན་བཏུས་དང་དེའི་རང་འགྲེལ། དམིགས་པ་བརྟག་པ། དམིགས་པ་བརྟག་པའི་འགྲེལ་བ།དུས་གསུམ་བརྟག་པ། ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ།གཏན་ཚིགས་འཁོར་ལོ་གཏན་ལ་འབབ་པ་བཅས་ལས་མི་འདུག་ཅིང་། དེ་ལས་ཀྱང་རིགས་འཇུག་ཁོང་གི་མིན་ནོ༎

གཉིས་པ། དབང་ཕྱུག་སྡེ།

སློབ་དཔོན་དབང་ཕྱུག་སྡེ་ནི་སློབ་དཔོན་ཕྱོགས་གླང་གི་སློབ་མའི་གཙོ་བོ་སྟེ་ཀུན་ལས་བཏུས་ལ་འགྲེལ་པ་མཛད་ནའང་སློབ་དཔོན་ཕྱོགས་གླང་གི་དགོངས་པ་མ་ལོན་པར་ཚུལ་དྲུག་སོགས་ཁས་བླངས་པར་བོད་ཀྱི་ཚད་མའི་བསྟན་བཅོས་དག་ལས་བཤད་དོ། །འོན་ཀྱང་ཁོང་གི་བསྟན་བཅོས་དེ་བོད་དུ་འགྱུར་མེད་པས་དེ་ལ་དཔྱད་པ་གཏོང་བ་ཤིན་ཏུ་དཀའ། ཡིན་ནའང་ཁོང་ནི་རང་གི་སློབ་མ་སློབ་དཔོན་ཆོས་གྲགས་ལ་སྡེ་བདུན་རྩོམ་པར་སྐུལ་མཁན་ཡིན་ཞིང་ལྷག་པར་ཚད་མའི་དབང་ཕྱུག་སློབ་དཔོན་ཆོས་གྲགས་སྐྱོང་མཁན་ཡིན་པས་ཁོང་གིས་སློབ་དཔོན་ཕྱོགས་གླང་གི་དགོངས་པ་ལོག་པར་བཀྲལ་མྱོང་ནའང་ནང་བའི་ཚད་མ་རིག་པ་དར་བར་བྱས་རྗེས་ཤིན་ཏུ་ཆེ།

དེར་བསྟུན་ནས་དཔྱད་དགོས་པ་ནི་ད་ལྟ་རྒྱ་ནག་ནས་བོད་དུ་འགྱུར་བའི་ཚད་མ་རིགས་འཇུག་འདི་ཡིན་ཏེ། ལ་ལས་འདི་སློབ་དཔོན་ཕྱོགས་གླང་གིས་མཛད་པར་འདོད་མཁན་མང་ན་ཡང་།ལུང་འགལ་ཀྱི་སྐབས་སུ་ཕྱོགས་ཀྱི་ཆོས་ནི་སྔ་རྒོལ་དང་ཕྱི་རྒོལ་གཉིས་ལ་ངེས་པར་བཟུང་ངོ་། །དེ་བཞིན་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ལའང་སྦྱར་བར་བྱའོ་ཞེས་དྲངས་པའི་རིགས་སྒོའི་ལུང་གི་དོན་དོན་ཐོབ་ཙམ་ཡང་མེད་པ་ནི་ཞིབ་བསྡུར་གྱིས་བལྟས་པ་ཙམ་གྱིས་ཤེས་པས་རིགས་སྒོ་མིན་ལ། ཐང་སན་ཙང་གིས་ཀྱངཥྚྲི羯རྱམྵཞེས་ཕྱོགས་གླང་གི་མཚན་མ་བཀོད་པ་དང་རིགས་འཇུག་དང་རིགས་སྒོ་སོ་སོར་ཡོད་པས་དེ་གཉིས་གཅིག་མིན་པ་ཤིན་ཏུ་གསལ། བདག་གིས་རིགས་འཇུག་འདི་ཉིད་སློབ་དཔོན་དབང་ཕྱུག་སྡེའི་ཕྱག་རྩོམ་ཡིན་པར་འཛིན་བཞིན་ཡོད་དེ། ཥྚྲི羯རྱམྵསྟེ་ཤང་ཀ་སྭཱ་མིན་ཞེས་པ་སྟེ་དོན་བསྒྱུར་བྱས་ན་ཥྚྲི羯རྱདབང་ཕྱུག་གི་དོན་ཡིན་ལ་མྵ ནི་སྭཱ་མིན་གྱི་སྐད་དོད་དེ་བོད་སྐད་ལ་བསྒྱུར་ན་སྡེ་ཞེས་བསྒྱུར་ན་འགྲིག དེ་བས་ཥྚྲི羯རྱམྵ དབང་ཕྱུག་སྡེར་ངོས་བཟུང་ན་མིང་གི་ཆ་ནས་ཤིན་ཏུ་འགྲིག་གོ །

འདིར་གསལ་བཤད་བྱེད་རྒྱུ་ཞིག་ནི་དེ་དབང་ཕྱུག་སྡེའི་ཡིན་ན་ཅིའི་ཕྱིར་ཁོང་གིས་འདོད་པའི་ཚུལ་དྲུག་ལ་སོགས་པ་མེད་དམ་ཞེ་ན་ཚུལ་དྲུག་སོགས་འདོད་པའི་ལྟ་བ་དེ་ཁོང་གི་སྔོན་གྱི་ལྟ་བ་ཡིན་ཞིང་རྗེས་སུ་ཁོང་གིས་ཀྱང་ལྟ་བ་ཐུགས་ལ་མ་བབས་པས་ཁོང་གི་སློབ་མ་སློབ་དཔོན་ཆོས་གྲགས་ལ་ཁོང་རང་ཉིད་ཕྱོགས་སྔར་བྱས་ནས་ཚད་མ་མདོའི་གཞུང་འགྲེལ་རྩོམ་དུ་བཅུག་པ་སོགས་ཀྱི་ཚུལ་ལ་བསམ་ན་ཁོང་གིས་རྗེས་སུ་ཐུགས་འགྱུར་ནས་བརྩམས་པ་ཞིག་ཡིན་སྲིད་དེ། ཁོང་གི་ཚུལ་དྲུག་སྟོན་པའི་བསྟན་བཅོས་ད་ལྟ་མཐོང་རྒྱུ་མེད་པ་དེ་ལ་བསམ་ན་ཡང་གོ་བ་བདེ་བླག་ཏུ་སྟེར་ཐུབ་སྙམ།

གསུམ་པ། སློབ་དཔོན་ཆོས་གྲགས་ཀྱི་ཚད་མའི་སྐོར།

སློབ་དཔོན་ཆོས་ཀྱི་གྲགས་པ་ནི་ནང་བའི་ཚད་མ་རིག་པའི་ལོ་རྒྱུས་སྟེང་དུ་གཞན་གྱིས་དོ་ཟླ་མི་འཕེར་བའི་མཁས་པ་ཆེན་པོ་ཞིག་སྟེ། ཁོང་ནས་བཟུང་རྒྱ་བོད་ཀུན་ཏུ་ཚད་མ་རིག་པ་ཁོང་གི་གཞུང་ལུགས་ལ་བརྟེན་ནས་སྦྱོང་བཞིན་ཡོད། ཁོང་ནི་རྒྱ་གར་ལྷོ་ཕྱོགས་རྒྱལ་དབང་གཙུག་གི་ནོར་བུར་མུ་སྟེགས་ཀྱི་བྲམ་ཟེར་འཁྲུངས། རིག་པའི་གནས་མཐའ་དག་མཁས་པར་ལོབས་ཏེ་བྲམ་ཟེའི་བརྟུལ་ཞུགས་ལེན་འདོད་ནས་ཞང་པོ་མུ་སྟེགས་ཀྱི་སྟོན་པ་མ་ལེན་ལ་ཡོ་བྱད་བསླངས་པས་མ་བྱིན་ཏེ་བསྐྲད་པས་མུ་སྟེགས་ཐམས་ཅད་ཚར་གཅད་པར་བྱའོ་སྙམ་ནས་ནང་བར་ཞུགས་ཏེ་རིག་པའི་གནས་ཐམས་ཅད་ལ་སྦྱངས། དབང་ཕྱུག་སྡེ་ལ་ཀུན་ལས་བཏུས་ཚར་གསུམ་དུ་གསན་པས་དང་པོ་ལ་དབང་ཕྱུག་སྡེས་ཇི་ལྟར་གོ་བ་ལྟར་གོ །གཉིས་པ་ལ་ཕྱོགས་གླང་གིས་ཇི་ལྟར་དགོངས་པ་ལྟར་གོ་སྟེ་དབང་ཕྱུག་སྡེའི་འདོད་པ་ནོར་བར་ལྷག་པར་རྟོགས་ཏེ་སློབ་དཔོན་ལ་བརྗོད་པས་ཤིན་དུ་མཉེས་ཏེ་ངའི་ནོར་བ་རྣམས་ཕྱོཊ་སྔར་གྱིས་ལ་འགྲེལ་པ་རྩོམས་ཤིག་གསུངས་ཏེ་བྲན་དུ་རྫ་བ་སོགས་ཐབས་སྣ་ཚོཊ་ཀྱིས་གྲངས་ཅན་དང་རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བ་ལ་སོགས་པ་མུ་སྟེགས་ཐམས་ཅད་ཀྱི་གསང་ཚིག་བླངས་ཏེ་ཐམས་ཅད་ཤེས་པ་ན་བརྩོད་པས་སྟོན་པ་ཆེན་པོ་རྣམས་ཚར་བཅད། ལ་ལ་ཡུལ་གཞན་དུ་བྲོས། གཞན་ཐམས་ཅད་ནང་པར་བཅུག་སྟེ། གལ་སྟེ་ཆོས་ཀྱི་གྲགས་པ་ཡི། །སྨྲ་བའི་ཉི་མ་ནུབ་པ་ན། །ཆོས་རྣམས་གཉིད་ལོག་ཡང་ན་ཤི། །ཆོས་མ་ཡིན་རྣམས་ད་གདོད་ལོངས། །ཅེས་གསུངས་སྐད། གྲུབ་ཐོབ་བརྒྱད་བཅུའི་ནང་དུའང་། མུ་སྟེགས་རིགས་ལ་སྒྲ་ཚད་མཁས། །ཕྱིར་རྒོལ་ཚར་བཅད་མཁའ་ལ་གཤེགས། །དྷརྨ་ཀིརྟི་ཅེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དོ། །

དེ་ལ་རྒྱལ་པོ་མེ་ཏོག་རྒྱས་པས་ད་ལྟ་སུ་མཁས་དྲིས་པས། ཤེས་རབ་ཅན་ནི་ཕྱོགས་ཀྱི་གླང་པོ་སྟེ། །ཙན་དྲ་གོ་མི་བརྗོད་པ་རྣམ་པར་དག །སྙན་ངག་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས། །མེ་ཏོག་ཀུན་དུ་རྒྱས་པ་ལོངས་སྤྱོད་ལྡན། །ཕྱོགས་ལས་རྣམ་པར་རྒྱལ་བ་ང་མིན་སུ། །ཞེས་གསུངས་པས་དྷརྨ་ཀིརྟི་ཡིན་ནམ་ཟེར། དེ་སྐད་དུ་ཨང་གྲགས་གསུངས་པས་སྦྱིན་བདག་བྱས་ཏེ་རྒྱས་པར་འགྲེལ་བ་རྣམ་འགྲེལ། འབྲིང་རྣམ་ངེས། བསྡུས་པ་རིགས་ཐིགས་ཏེ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ། རྟགས་བྱེ་བྲག་ཏུ་སྟོན་པ་གཏན་ཚིགས་ཐིགས་པ། མུ་སྟེགས་གྱིས་བཏགས་པའི་འབྲེལ་བ་འགོག་པ་འབྲེལ་བ་བརྟག་པ། སྣང་བ་སེམས་ཡིན་ཀྱང་གཞན་རྒྱུད་འཐད་པ་རྒྱུད་གཞན་གྲུབ་པ། རྩོད་ཚུལ་སྟོན་པ་རྩོད་པའི་རིགས་པ་སྟེ་གྱེས་པ་ཡན་ལག་གི་བསྟན་བཅོས་བཞི་སྟེ་ཚད་མ་སྡེ་བདུན་མཛད།

བསྟན་བཅོས་རྣམས་ཕལ་ཆེར་གྱིས་མ་ཤེས་ལ་ལས་ཕྲག་དོག་བྱས་ཏེ་ཉེས་སོ་ཞེས་བསྟན་བཅོས་ཁྱི་མཇུག་ལ་བཏགས་པས་ཁྱི་ཀུན་དུ་རྒྱུ་བ་བཞིན་དུ་བསྟན་བཅོས་དར་བར་འགྱུར་གསུངས་ནས་མཉེས། འོན་ཀྱང་སྐྱེ་བོ་ཕལ་ཆེར་སོགས་ཀྱི་ཤོ་ལོ་ཀ་མགོར་བཅུག་གོ་ཞེས་གྲགས།

རྩོམ་སྒྲིག་པ་དཀོན་མཆོག་རྒྱ་མཚོ།


བརྒྱུད་འགོད།
0