སློབ་དཔོན་ཆོས་གྲགས་ཀྱི་རྗེས་འཇུག་རྣམས་ཀྱིས་དར་བར་བྱས་ཚུལ།

སྤེལ་དུས།  2017-12-15   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  ཤེས་རབ་བསྟན་དར།    ཀློག་གྲངས།  

སློབ་དཔོན་ཆོས་གྲགས་ཀྱི་རྗེས་འཇུག་རྣམས་ཀྱིས་དར་བར་བྱས་ཚུལ།

སློབ་དཔོན་ཆོས་གྲགས་ཀྱིས་རྟགས་ཀྱི་རྣམ་གཞག་གལ་ཆེ་ཞིང་རྟོགས་དཀའ་བར་གཟིགས་ནས་རང་དོན་ལེའུ་ལ་འགྲེལ་པ་མཛད་ཅིང་དེ་ལ་ཁ་སྐོང་གི་ཚུལ་དུ་རང་གི་སློབ་མ་སློབ་དཔོན་ལྷ་དབང་བློ་ལ་རྣམ་འགྲེལ་ལེའུ་ཕྱི་མ་གསུམ་གྱི་འགྲེལ་བ་རྩོམ་པར་བཀའ་གནང་།

སློབ་དཔོན་ལྷ་དབང་བློ་ནི་ཆུང་དུས་ནས་བློ་རྣོ་ཞིང་གསུང་རབ་ལ་གོམས་པ་ཞིག་ཡིན་། རྒྱལ་བའི་བསྟན་ལ་རབ་ཏུ་བྱུང་ནས་ཐོས་བསམ་མཛད། སློབ་དཔོན་ཆོས་གྲགས་དང་མཇལ་ནས་རང་གི་སློབ་མ་ཤཱཀྱ་བློ་དང་མཉམ་དུ་སློབ་དཔོན་ཆོས་གྲགས་ལ་སྡེ་བདུན་གསན། ཁོང་གིས་ལེའུ་ཕྱི་མ་གསུམ་གྱི་འགྲེལ་བ་བརྩམས་ཏེ་སློབ་དཔོན་ཆོས་གྲགས་ལ་གཟིགས་སུ་ཕུལ་བས་ལན་དང་བོར་བརྩམས་པ་ཆུས་བཀྲུས། གཉིས་པར་བརྩམས་པ་མེར་བསྲེགས། གསུམ་པར་ཕུལ་བ་ལ་ཚིག་ཟུར་དང་འཕྲོས་དོན་མེད་ཀྱང་དངོས་ཟིན་ཙམ་བྱུང་བས། ངའི་རིགས་པ་འདི་གཞན་གྱིས་གོ་དཀའ་སྙམ་དུ་ཐུགས་ལ་དགོངས་ཏེ། རྣམ་འགྲེལ་གྱི་མཇུག་ཏུ། འགྲོ་བ་རྣམས་ལ་མཚུངས་པར་ལེགས་བཤད་སླར་འཛིན་བྱེད་པ་མི་རྙེད་པ་ཅན་ཁོ་བོའི་གཞུང་། །རྒྱ་མཚོ་ལ་ནི་ཆུ་བོ་བཞིན་དུ་རང་གི་ལུས་ལ་ཐིམ་ཞིང་ནུབ་པ་ཉིད་དུ་འགྱུར། །ཞེས་པའི་ཚིག་དེ་བཅུག་ཅེས་གྲགས། ལེའུ་དང་བོ་ལ་རང་འགྲེལ་དང་ལྷ་དབང་བློའི་དེའི་ཁ་སྐོང་ལེའུ་ཕྱི་མ་གསུམ་གྱི་འགྲེལ་བ་བཅས་བསྡོམས་པ་ལ་ཚད་མ་སྟོང་ཕྲག་བཅུ་གཉིས་པ་ཟེར།

 སློབ་དཔོན་ཤཱཀྱ་བློ་ནི་སློབ་དཔོན་ལྷ་དབང་བློ་དང་སློབ་དཔོན་ཆོས་གྲགས་གཉིས་ཀའི་སློབ་མ་སྟེ།རྣམ་འགྲེལ་གྱི་རང་འགྲེལ་དང་ལྷ་དབང་བློའི་འགྲེལ་བའི་འགྲེལ་བ་ཚད་མ་རྣམ་འགྲེལ་བཤད་གཉིས་མཛད། དེ་གཉི་གར་བསྡོམས་པ་ཚད་མ་སྟོང་ཕྲག་བཅུ་གཉིས་པ་ཟེར།

སློབ་དཔོན་དགེ་སྲུང་ནི་དུས་རབས་བདུན་པར་བྱོན་པར་བཤད་ཅིང་ཚད་མ་ཤིན་ཏུ་མཁས་པའི་སློབ་དཔོན་ཞིག་སྟེ་སློབ་དཔོན་ཆོས་མཆོག་གི་སློབ་དཔོན་དུ་བཤད། ཁོང་གིས་ཐམས་ཅད་གྲུབ་པའི་ཚིག་ལེའུར་བྱས་པ། ཕྱི་རིན་གྲུབ་པའི་ཚིག་ལེའུར་བྱས་པ། ཐོས་པ་བརྟག་པའི་ཚིག་ལེའུར་བྱས་པ།  གཞན་སེལ་བརྟག་པའི་ཚིག་ལེའུར་བྱས་པ། དབང་ཕྱུག་འཇིག་པའི་ཚིག་ལེའུར་བྱས་པ་སྟེ་ཚད་མའི་བསྟན་བཅོས་ལྔ་མཛད།

སློབ་དཔོན་ཤེར་འབྱུང་སྦས་པ་ནི་སློབ་དཔོན་ཤཱཀྱ་བློའི་སློབ་མ་སྟེ་ཁོང་གིས་རྣམ་འགྲེལ་ལེའུ་ཕྱི་མ་གསུམ་གྱི་འགྲེལ་བ་རྣམ་འགྲེལ་གྱི་རྒྱན་བརྩམས་པས་རྒྱན་མཁན་པོར་གྲགས། ད་དུང་ལྷན་ཅིག་དམིགས་ངེས་ཞེས་བྱ་བའི་བསྟན་བཅོས་ཤིག་ཀྱང་མཛད། ཁོང་ལ་ཚད་མའི་ཕྱོགས་ལ་མཁས་པའི་སློབ་མ་ཤིན་ཏུ་མང་ཞིང་། བོད་དུ་འགྱུར་བའི་ཚད་མའི་བསྟན་བཅོས་ལས་ཁོང་གི་སློབ་མ་སློབ་དཔོན་ཉི་མ་སྦས་པ་དང་།བྲམ་ཟེ་ཤཾ་ཀ་རཱནནྟ། སློབ་དཔོན་ཆོས་མཆོག་བཅས་ལས་གསུམ་ཡོད།

( 1)སློབ་དཔོན་ཉི་མ་སྦས་པ་ནི་སློབ་དཔོན་ཤེས་འབྱུང་གི་སློབ་མ་སྟེ་ཁོང་གིས་རྣམ་འགྲེལ་གྱི་འགྲེལ་བ་ཞེས་བྱ་བ་ལེའུ་གཉིས་དང་། གསུམ་པ་ཞེས་བྱ་བའི་འགྲེལ་བ་སྟེ་ཚད་མའི་བསྟན་བཅོས་ཁག་གཉིས་མཛད།

(2)སློབ་དཔོན་ཤེར་འབྱུང་གི་སློབ་མ་བྲམ་ཟེ་ཤཾ་ཀ་རཱནནྟ་འམ་བདེ་བྱེད་དགའ་བ་ནི་ཁ་ཆེའི་ཡུལ་དུ་བྱོན། "གཞུང་ལུགས་སྤྱི་དང་། ཚད་མ་ལ་ཤིན་ཏུ་མཁས་པས། ཆོས་ཀྱི་གྲགས་པ་འགོག་པའི་ཚད་མ་གསར་བ་ཞིག་བྱའོ་སྙམ་པ་ལ།རྨི་ལམ་དུ་འཇམ་དཔལ་གྱིས་ཆོས་ཀྱི་གྲགས་པ་ནི་འཆགས་པ་ཡིན་པའི་ཕྱིར་འགོག་མི་ནུས་ལ་སྐྱོན་དུ་མཐོང་བ་དེ་དག་ཀྱང་ཁྱོད་རང་ཉིད་ཀྱི་བློའི་སྐྱོན་ཡིན་ནོ་ཞེས་གསུངས་པས་སླར་བཤགས་པ་མཛད་དེ་སྡེ་བདུན་ལ་འགྲེལ་བ་མཛད་གསུངས"།རྣམ་འགྲེལ་ལ་འགྲེལ་པ་རྗེས་འབྲང་མ་བྲམ་ཟེ་བདེ་བྱེད་དགའ་བས་མཛད།

(༣)སློབ་དཔོན་ཆོས་མཆོག་ནི་སློབ་དཔོན་ཤེས་འབྱུང་གི་སློབ་མ་ཡིན་ཞིང་པཎ་ཆེན་ཆོས་མཆོག་ནི་རྒྱན་མཁན་པོའི་སློབ་མ་སྟེ་ཕྱི་རོལ་བས་བརྩད་དེ་རྒྱལ་ལྔ་ལན་བདུན་རྡུང་བས་རྒྱལ་རྔ་བདུན་པ་ཟེར། ཁོང་གིས་ཚད་མ་རྣམ་ངེས་འགྲེལ་བཤད་དམ་འཐད་ལྡན་ཆེ་བ་དང་།ཚུལ་གསུམ་གྱི་རྟགས་སྟོན་པར་བྱེད་པའི་མཚན་ཉིད་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་སྐབས་སུ་བབ་ནས་བཤད་པ།རིགས་ཐིགས་ཀྱི་རྒྱ་ཆེར་འགྲེལ་སློབ་མ་ལ་ཕན་པ།ཚད་མ་བརྟག་པ་ཆེ་ཆུང་།གཞན་སེལ་ཞེས་བྱ་བའི་རབ་ཏུ་བཤད་པ། འཇིག་རྟེན་ཕ་རོལ་གྲུབ་པ། སྐད་ཅིག་མ་འཇིག་པ་གྲུབ་པ་བཅས་ཚད་མ་རིག་པའི་བསྟན་བཅོས་བདུན་བརྩམས་ཡོད།

ཁ་ཆེའི་སློབ་དཔོན་ཛ་མཱ་རིའམ་མིང་གཞན་ལ་རྟོག་གེ་བ་ཡ་མ་རིས་ཞེས་པ་སློབ་དཔོན་ཆོས་མཆོག་གི་སློབ་མ་སྟེ་ཁོང་གིས་རྒྱན་གྱི་ལེའུ་དང་བོའི་འགྲེལ་བའམ་འགྲེལ་བཤད་ཡོངས་སུ་དག་པ་ཞེས་བྱ་བ་པོད་བཞི་དང་ལྡན་པ་ཞིག་མཛད།

ཛ་མཱ་རིའི་སློབ་མ་དུལ་བ་ལྷ་དཔལ་ན་ལེན་དྲའི་པཎ་ཊི་ཏ་སྟེ་གྲུབ་ཆེན་ནག་པོ་སྤྱོད་པ་དང་གྲུབ་ཐོབ་ལྷན་སྐྱེས་རོལ་བ་དང་དུས་མཉམ་དུ་བྱོན། བོད་དུ་བྱོན་པའི་སློབ་དཔོན་ཞི་འཚོའི་བླ་མ་ཡིན་པར་བཤད།རྣམ་ངེས་འགྲེལ་པ་སློབ་ཕན་མཛད།རིགས་ཐིགས་ཀྱི་རྒྱ་ཆེར་འགྲེལ་བ་སློབ་ཕན་དང་། འབྲེལ་བ་བརྟག་པའི་རྒྱ་ཆེར་འགྲེལ། རྒྱུད་གཞན་གྲུབ་པའི་འགྲེལ་བཤད། རྩོད་པའི་རིགས་པའི་འགྲེལ་བ། དམིགས་པ་བརྟག་པའི་འགྲེལ་བཤད། གཏན་ཚིགས་ཐིགས་པའི་རྒྱ་ཆེར་འགྲེལ་བཞི་ཀའི་འགྲེལ་བ་མཛད།

སློབ་དཔོན་ཞི་བ་འཚོ་ནི་སྤྱི་ལོ་དུས་རབས་བརྒྱད་པར་བྱོན་ཞིང་བོད་དུ་བྱོན་ནས་བསྟན་པའི་གཞི་བཏིང་བས་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ། ཁོང་གིས་ཚད་མའི་དེ་ཁོ་ན་ཉིད་ཚིག་ལེའུར་བྱས་པ་དང་རྩོད་པའི་རིགས་པའི་འགྲེལ་བ་དོན་རྣམ་པར་འབྱེད་པ་ཞེས་བྱ་བའི་བསྟན་བཅོས་གཉིས་མཛད།

ཀ་མ་ལ་ཤཱི་ལ་ནི་སློབ་དཔོན་ཞི་འཚོའི་སློབ་མ་སྟེ་ཁོང་དུ་བྱོན་ནས་ཧྭ་ཤིང་མ་ཧཱ་ཡ་ན་ལ་རྩོད་པ་བྱས་ཏེ་བོད་དུ་དབུ་མ་བ་གྲུབ་མཐའ་རྒྱ་ཆེར་སྤེལ། ཁོང་གིས་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་དང་། རིགས་ཐིགས་ཀྱི་ཕྱོགས་སྔ་ཤླཽ་ཀ་བརྒྱ་བ་ཞེས་པའི་བསྟན་བཅོས་གཉིས་མཛད།

སྤྱི་ལོ་དུས་རབས་བཅུ་བའི་དུས་སུ་བྱོན་ཅིང་མིང་ལ་ཛེ་ཏ་རི་དགྲ་ལས་རྣམ་རྒྱལ་ཟེར། ཁོང་གིས་མངོན་སུམ་ལེའུ་དང་བོ་དང་རང་དོན་རྗེས་དཔག་གཉིས་པ། གཞན་དོན་རྗེས་དཔག་གསུམ་པར་བྱས་པའི་བྱིས་པ་འཇུག་པའི་རྟོག་གེ་དང་། གཏན་ཚིགས་ཀྱི་དེ་ཁོ་ན་ཉིད་བསྟན་པ། ཆོས་དང་ཆོས་ཅན་གཏན་ན་དབབ་པ་བཅས་ཚད་མའི་བསྟན་བཅོས་གསུམ་མཛད།

དུས་རབས་བཅུ་གཅིག་ཙམ་དུ་སློབ་དཔོན་ཡེ་ཤེས་དཔལ་བཟང་བོས་ཚད་མ་རྣམ་ངེས་ཀྱི་འགྲེལ་བཤད་དང་། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པ་རིག་པ་ཙམ་དུ་གྲུབ་པ་དང་ནང་གི་ཁྱབ་པ་ཞེས་བྱ་བ་བསྟན་བཅོས་གཉིས་མཛད།

དུས་རབས་བཅུ་གཉིས་པའི་ཙམ་དུ་སློབ་དཔོན་ཆེན་པོ་ཐར་འབྱུང་སྦས་པས་རྟོག་གེའི་སྐད་དང་སློབ་དཔོན་རྒྱལ་བའི་བློ་གྲོས་ཀྱིས་ཡངས་པ་དང་དྲི་མ་མེད་པ་ཞེས་བྱ་བའི་ཚད་མ་ཀུན་བཏུས་ཀྱི་འགྲེལ་བཤད། ཁ་ཆེ་ཛྙཱ་ན་ཤྲཱིའི་རྣམ་ངེས་ཊཱིཀྐ་དང་རྒྱུ་འབྲས་གྲུབ་པ། ཛི་ན་མི་ཏྲའི་རིགས་ཐིགས་ཀྱི་དོན་བསྡུས།བྲམ་ཟེ་རིན་ཆེན་རྡོ་རྗེའི་རིགས་པའི་སྦྱོར་བཅས་རྒྱ་གཞུང་གི་ཚད་མའི་བསྟན་བཅོས་བོད་དུ་འགྱུར་རོ་ཅོག་སྤྱི་དང་ཁྱད་པར་དུ་ལྷ་ཤཀ་གི་འགྲེལ་བ་གཉིས་གཞིར་བཟུང་བའི་སྟེང་ནས་བཤད་སྲོལ་སོ་སོར་གནང་བ་ལྟར་སྲས་ཀྱི་ཐུ་བོ་རྣམ་གཉིས་ཀྱིས་ཀྱང་རྣམ་བཤད་སོ་སོར་མཛད་པ་ཐར་ལམ་གསལ་བྱེད་ཊཱིཀྐ་ཆེན་རིགས་པའི་རྒྱ་མཚོ་སོགས་འདི་སྐོར་གྱི་རྩ་བ་དང་འགྲེལ་བ་སྤྱི་དོན་གྱི་འགྲེལ་བ་འགྲེལ་བཤད་རྣམས་ཀྱི་མཛུབ་ཁྲིད་སློབ་དཔོན་རྒྱལ་བ་ཅན་གྱིས་མཛད་པའི་རྒྱན་གྱི་འགྲེལ་བཤད་བམ་པོ་དྲུག་ཅུ་བ། རྒྱལ་བས་བྱིན་གྱིས་རྒྱན་གྱི་འགྲེལ་པ་སོགས་བྱུང་ངོ་།།

 རྩོམ་སྒྲིག་པ། དཀོན་མཆོག་རྒྱ་མཚོ། 


བརྒྱུད་འགོད།
0