བོད་དུ་ཚད་མ་རིག་པའི་དར་བའི་ལོ་རྒྱུས།

སྤེལ་དུས།  2017-12-15   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  ཤེས་རབ་བསྟན་དར།   ཀློག་གྲངས།  

                                                                     བོད་དུ་ཚད་མ་རིག་པའི་དར་བའི་ལོ་རྒྱུས།

རྒྱལ་བོ་ཁྲི་སྲོང་ལྡེ་བཙན་ནས་བོད་ལ་ཚད་མའི་དབུ་བརྙེས་པར་བཤད་ན་ལེགས་ཏེ། མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པད་མ་འབྱུང་གནས་གཉིས་ཀྱིས་བསམ་ཡས་དགོན་པར་ནང་བའི་བསྟན་པའི་གཞི་ཚུགས་པར་བྱས་པ་དང་བསྟུན་ནས་ལོ་ཙཱ་བ་མང་བོ་བསྐྱངས་ཏེ་དམ་པའི་ཆོས་བོད་ལ་བསྒྱུར། སྐབས་དེར་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་ཅོག་རི་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སོགས་ཀྱི་འཕགས་ཡུལ་གྱི་ཚད་མ་རིག་པའི་གཞུང་ལུགས་མང་བོ་བོད་དུ་བསྒྱུར་ནས་བོད་ཀྱི་ཚད་མ་རིག་པའི་བསྟན་པ་དབུ་བརྙེས་ཞེས་ཡོངས་སུ་གྲགས།

འོན་ཀྱང་ང་ཚོས་ཁོང་རྣམ་པའི་ལོ་རྒྱུས་ལ་ཞིབ་ཏུ་ལྟ་དུས། སྐ་བ་དཔལ་བརྩེགས་ཀྱི་གཏན་ཚིགས་ཐིགས་པ་བསྒྱུར་བ་དང་དེ་དཀར་ཆག་འཕང་ཐང་མར། "ཏར་ཀའི་སྒྱུར་འཕྲོ། ཚད་མ་རྣམ་འགྲེལ་བསྒྱུར་འཕྲོ། བམ་པོ་བཅུ་གཅིག བརྩད་པའི་རིགས་པ་སྒྱུར་འཕྲོ།ཤུ་ལོག དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ། དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་བ། བམ་པོ"དཀར་ཆག་ལྡན་དཀར་མར།"ཚད་མ་རྣམ་འགྲེལ།བམ་པོ་བཅུ་གཅིག་རྣམ་འགྲེལ་འགྲེལ་བ། བམ་པོ་བཅོ་བརྒྱད་པ། རྩོད་པའི་རིགས་པ། བམ་པོ་གཅིག ཚད་མ་དེ་ཁོ་ན་བསྡུས་པ་རྩ་བ་དང་འགྲེལ་པར་བཅས་པ་གཉིས་ཞེས་དང་། "པད་མ་བཀའ་ཐང་དུ། "ཕྱོགས་ཀྱི་གླང་བོའི་རབ་ཕྱེད་བརྒྱད་རྩ་བརྒྱདཿ  ཆོས་ཀྱི་གྲགས་པའི་སྡེ་བདུན་རྣམ་འགྲེལ་སོགསཿ"སོགས་བྱུང་བ་ལ་བལྟས་ན་སྐབས་དེར་ཚད་མ་རིག་པ་དར་སྤེལ་ཏུ་གཏོང་བའི་འདུན་པ་ཤིན་ཏུ་ཆེ་བ་ཞིག་ཏུ་མངོན་ཞིང་།ལྷག་པར་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་ཚད་མའི་ཆོས་འབྱུང་ལས།"ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཞི་བ་འཚོས་མཛད་པའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་དང་། ཀ་མ་ལ་ཤཱི་ལའིས་དེའི་འགྲེལ་བ་སྟོང་ཕྲག་བཅོ་བརྒྱད་པ་དང་།སྡེ་བདུན་ཕྱི་མའི་རྩ་འགྲེལ་གྱི་ཆ་ཤས་ཡེ་ཤེས་སྡེ་སོགས་ཀྱི་འགྱུར་ལ་བརྟེན་ནས་ལྷ་ས་དང་བསམ་ཡས་སུ་ཚད་མའི་བསྟན་བཅོས་ཀྱི་འཆད་ཉན་ཆ་ཤས་ཙམ་བྱུང་བར་གྲགས་ཀྱང་རྐང་ཚུགས་པ་མ་བྱུང་། "ཞེས་ལྷ་ས་དང་བསམ་ཡས་སུ་ཚད་མའི་འཆད་ཉན་དར་བར་གསུངས་པ་དེ་ལ་བལྟས་ན་ཚད་མའི་བསྟན་བཅོས་དེ་དག་བསྒྱུར་བའི་རྗེས་སུ་འཆད་ཉན་ཡང་བྱས་པ་ཤིན་ཏུ་གསལ། འོན་ཀྱང་། འཆད་ཉན་དེ་དག་ཆེས་རིང་ནའང་གླང་དར་མའི་སྐབས་པཎ་ཊི་ཏ་དག་གནས་ནས་བསྐྲད་པས་ཚད་མའི་འཆད་ཉན་ཡང་ཆད་ཡོད་པ་ཁ་ཚོན་གཅོད་ཐུབ་པ་ཡིན།

རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱིས་ཚད་མའི་བསྟན་བཅོས་ཤིག་མཛད་ནའང་དེ་ནི་སྡེ་བདུན་གྱི་ལུགས་ཀྱི་ཚད་མ་མ་ཡིན་པས་བོད་ཀྱི་ཚད་མའི་བསྟན་བཅོས་སུ་བརྩི་བཞིན་མི་འདུག

སྟབས་ལེགས་པ་ཞིག་ལ་《ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་དུ་གཉེར་བའི་བོད་ཡིག་ཡིག་ཚགས》ལས། རིགས་ཐིགས་དང་རིགས་ཐིགས་རྒྱ་ཆེར་འགྲེལ། རྒྱུད་གཞན་གྲུབ་པ་དང་རྒྱུད་གཞན་གྲུབ་པའི་རྒྱ་ཆེར་འགྲེལ་བ་བཞི་ཐོན་ཞིང་དེ་ནི་ཡི་གེའི་ཁྱད་ཆོས་ལ་བལྟས་ན་བརྡ་རྙིང་ཁྱད་ཆོས་མངོན་པར་གསལ་མོད། ཞིབ་བསྡུར་གྱིས་དཔྱད་པ་ལྟར་ན་དཔེ་དེ་དག་ནི་བསྟན་འགྱུར་གྱི་བཞུགས་པའི་དཔེ་དེ་དག་ཡིན་པར་མངོན།

དང་བོ། བོད་ཀྱི་ཚད་མ་རྙིང་མ།

བོད་ཀྱི་ཚད་མ་རྙིང་མ་ནི་རྔོག་ལོའི་སྔོན་གྱི་ཚད་མའི་མིང་ཡིན་ཞིང་།རྔོག་ལོའི་སྔོན་དུ་བོད་ལ་ཚད་མའི་འཆད་ཉན་རྒྱ་ཆེན་པོ་མ་དར་ཡང་འཆད་ཉན་གཏན་ནས་མེད་པ་ནི་ཞིག་ཏུ་ངོས་འཛིན་པ་ནི་མི་ལེགས་ཏེ་དེབ་སྔོན་ལས། "བླ་ཆེན་ཤིང་ཕོ་བྱི་ལ་བལྟམས། གཡོ་དམར་གཙང་གསུམ་ལས་བསྙེན་པར་རྫོགས། གོ་རིང་སེང་གེ་གྲགས་ལ་འདུལ་བ་གསན། སྐྱི་རྒྱ་ལའི་གཙུག་དོར་ལ་ཚད་མ་གསན།"ཞེས་གསུངས་པ་ལ་བལྟས་ན་སྐབས་དེར་ཚད་མ་འཆད་ཉན་བྱེད་ཀྱིན་ཡོད་འདུག

ལོ་ཆེན་རིན་ཆེན་བཟང་བོ་ལ་སློབ་མ་ལོ་ཙཱ་བ་མཁས་པ་མང་དུ་བྱོན། ཁྱད་པར་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་དང་དེའི་རང་འགྲེལ་སོགས་མང་དུ་བསྒྱུར།འཆད་ཉན་གྱིས་གཏན་ལ་ཕབ། དེ་ལས་མཆེད་ནས་དབུས་གཙང་གི་ཕྱོགས་སུ་ཚད་མའི་འཆད་ཉན་དར། དེ་ཚེའི་ཁྱུང་བོ་གྲགས་སེ་བྱ་བ་མཁས་པ་ཆེན་པོ་དེས་ཚད་མའི་འཆད་ཉན་བསྐྱངས། ཁྱུང་བོ་གྲགས་སེ་དེ་པོ་ཏོ་བ་དང་དུས་མཚུངས་པར་གྲགས། པོ་ཏ་ལར་ཚད་མའི་འཆད་ཉན་བསྐྱངས། སློབ་མ་ཡང་མང་དུ་བྱུང་བར་གྲགས།

དེ་བས་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས"ལོ་ཆེན་མ་བྱོན་པའི་གོང་ན་འདུལ་བ་དང་ཆོས་མངོན་པའི་བཤད་ཉན་དར་སོ་ཡོད་ཀྱང་། རིག་པའི་ལམ་ནས་དྲངས་དགག་བསྒྲུབ་ཀྱི་རྣམ་པར་བཞག་པ་ཆོས་ཀྱི་གྲགས་པའི་གཞུང་དང་མཐུན་པར་འཆད་ཤེས་པ་མ་བྱུང་ངོ་། །"ཞེས་གསུངས་པའང་དཔྱད་དགོས་པའམ་ཡང་ན་ལོ་ཆེན་ལྟ་བུ་ཞིག་མ་བྱུང་བ་ལ་བཟུང་ན་ལེགས་སོ། །

 རྩོམ་སྒྲིག་པ། དཀོན་མཆོག་རྒྱ་མཚོ། 


བརྒྱུད་འགོད།
0