བོད་ཀྱི་ཚད་མ་གསར་མའི་ལོ་རྒྱུས།

སྤེལ་དུས།  2017-12-15   ཡོང་ཁུངས།  པན་ཆེན་ཚད་མའི་སློབ་གླིང་།     རྩོམ་པ་པོ།  ཤེས་རབ་བསྟན་དར།   ཀློག་གྲངས།  

བོད་ཀྱི་ཚད་མ་གསར་མའི་ལོ་རྒྱུས།

རྔོག་ལེགས་པའི་ཤེས་རབ་ཀྱིས་མཉམ་མེད་ཇོ་བོ་ཆེན་པོའི་བཀའ་ལུང་ལྟར་སྤྱི་ལོ་1073ལོར་གསང་ཕུ་ནེའུ་ཐོག་གི་ཕྱག་འདེབས་བྱས་པ་ལ་བརྟེན་ནས་ཚད་མ་རིག་པ་དར་རྒྱས་བྱུང་།  རྣམ་འགྲེལ་ཡང་འགྱུར་མཛད་ཅིང་རྒྱན་གྱི་འགྲེལ་བཤད་སོགས་བསྒྱུར་ཏེ་འཆད་ཉན་མཛད་ནས་ཚད་མ་གསར་བར་གྲགས་པ་བྱུང་། ཚད་མ་གསར་བའི་དུས་ནས་བོད་ལ་ཚད་མར་རིམ་བཞིན་དར་རྒྱས་འགྲོ་བའི་དབུ་ཚུགས།

ཁོང་གི་དབོན་པོ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་( 1049-- 1161)རྔོག་ལེགས་པའི་ཤེས་རབ་ཀྱི་་དྲུང་དུ་ལོ་གཅིག་ལ་སྦྱངས་ཤིང་།གཞན་ལས་ཤེས་རབ་ཕུན་སུམ་ཚོགས་པས་ང་ཁྱོད་ཀྱི་སློབ་དཔོན་མི་འོངས་ཞེས་རྒྱ་གར་དུ་མངགས། རྒྱ་གར་ཡུལ་དབུས་དང་ཁ་ཆེ་སོགས་སུ་པཎ་ཊི་ཏ་སཛྙ྄་ན་དང་སུ་མ་ཏི་ཀིརྟི། ཨ་ཏུ་ལྱ་སོགས་བསྟེན་ཏེ་ལོ་བཅུ་བདུན་རིང་ལ་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས། ཕྱིར་ཕེབས་ཏེ་ཚད་མ་ཀུན་བཏུས་དང་། རྣམ་འགྲེལ་ལ་འགྱུར་བཅོས་གནང་། ཚད་མ་རིག་པ་དང་ཕར་ཕྱིན་སོགས་གཞུང་སྟོང་ཕྲག་བསྒྱུར།བོད་ཀྱི་ཚད་མའི་བསྟན་བཅོས་ཆེས་སྔ་མ་རྣམ་ངེས་འགྲེལ་བ་བརྩམས། འཆད་ཉན་རྒྱ་ཆེར་བསྐྱངས་པས་སློབ་མ་ལུང་ཆོས་སྨྲ་བ་ཉི་ཁྲི་ལྷག་པ་བྱུང་། ཚད་མ་གསར་བ་གྲགས་པ་བྱུང་སྟེ་"ལོ་ཆེན་གྱི་རྗེས་སུ་འཇུག་པའི་བཤད་སྲོལ་ནི་གསུམ་ཏེ། གྲོ་ལུང་བ་ཆེན་པོ་ནས་བརྒྱུད་པ་དང་། འབྲེ་ཨར་ནས་བརྒྱུད་པ། ཁྱུང་རིན་ཆེན་གྲགས་ནས་བརྒྱུད་པ་རྣམས་སོ། །"ཤཱཀྱ་མཆོག་ལྡན་གྱིས"དིང་སང་གི་བར་དུ་ཡོད་པ་ནི་འབྲེ་ཨར་དང་ཁྱུང་ནས་བརྒྱུད་པ་དེ་རྣམས་ཡིན་ལ།གྲོ་ལུང་པ་ནས་བརྒྱུད་པ་སྲོག་མ་ཉམས་པར་ཡོད་པ་མི་འདྲ་ཞིང་རིན་ཆེན་བློ་བཟང་ལ་ཕྱོགས་དེའི་བརྒྱུད་འཛིན་དུ་ཁས་ལེན་ཀྱང་གང་ནས་རྒྱུད་པ་མ་ཤེས་སོ། །"ཞེས་གསུངས།

ཁོང་གི་སློབ་མ་ལ་རྒྱ་དམར་བ་བྱང་ཆུབ་གྲགས་དང་ཕྱཱ་བ་ཆོས་སེང་སོགས་མཁས་པ་མང་དུ་བྱུང་། དེ་དག་ལས་གངས་པ་ཤེའུ་བློ་གྲོས་ཞེས་པ་ཚད་མ་ལ་བྱས་རྗེས་ཆེ། རྒྱ་དམར་བས་མྱང་རོ་སོགས་པར་བཤད་པ་གནང་བས་ཁོའི་སློབ་མ་ལ་འབལ་ཚད་མ་བ་སོགས་མཁས་པ་མང་དུ་བྱོན། དེ་དག་གི་དབུ་ཚད་ཕར་ཕྱིན་སོགས་རྒྱ་ཆེར་སྤེལ།

སློབ་དཔོན་ཕྱཱ་བ་ཆོས་ཀྱི་སེང་གེ་( 1 109-- 1169)ནི་ལྷ་ས་གྲོང་ཁྱེར་གྱི་སྟག་རྩེ་རྫོང་ཁོངས་ཕྱཱ་བ་ཞེས་པའི་ཡུལ་དུ་འཁྲུངས། ཆུང་དུས་ནས་རྒྱ་དམར་བས་ཕ་མ་ལ་བསླངས་ཏེ་བསྐྱངས། མཁས་པ་མང་བོ་བསྟེན་ནས་མཁས་པའི་གཙུག་རྒྱན་ཏུ་གྱུར། ཁོང་རྔོག་བློ་ལྡན་ཤེས་རབ་སྐུ་གཤེགས་ནས་ལོ་བཞི་བཅུ་ཙམ་ན་གསང་ཕུའི་གདན་རབས་བཞི་པར་ཕེབས། ཁོང་ནེའུ་ཐོག་གི་གདན་ས་མ་མཛད་གོང་ནས་ཆོས་གྲྭ་མང་དུ་བསྐྱངས། གསང་ཕུའི་གདན་ས་ལོ་བཅོ་བརྒྱད་བསྐྱངས་ཏེ་དབུ་ཚད་དང་ཕར་ཕྱིན་ཁྲིད་པས་སློབ་མའི་ཚོགས་མཐའ་ཡས་པ་བྱུང་། ཚད་མ་རིག་པ་སྦྱོང་བའི་ལམ་ལུགས་གསར་བ་བཏོད། ཚང་མ་རྣམ་ངེས་དང་།ཚད་བསྡུས་ཡིད་ཀྱི་མུན་སེལ་དང་ཡིད་ཀྱི་མུན་སེལ་རྐྱང་བ་སོགས་བསྟན་བཅོས་མང་དུ་མཛད།གཞུང་གི་གནད་ལོགས་སུ་བཀོལ་ནས་ལས་དང་པོ་བས་འཇུག་བདེ་ཞིང་འདུམ་སླ་བར་བྱས་ཏེ་བརྒལ་ཞིང་བརྟག་པའི་སྲོལ་བཏོད་པར་སྡེ་བདུན་གྱི་རིགས་པའི་གནད་ཕྱོགས་གཅིག་ཏུ་བསྡུས་པའི་གྲྭ་ཡིན་པས་ན་བསྡུས་གྲྭ་ཞེས་གྲགས་ཤིང་ཆ་བསྡུས་ཀྱང་ཟེར།བོད་ཀྱི་ཚད་མ་རིག་པ་ལ་བྱས་རྗེས་ཤིན་ཏུ་ཆེ་བ་མ་ཟད།བོད་ཀྱི་སློབ་གསོ་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པ་ཞིག་ཡིན།

ཁོང་ལ་སློབ་མ་ལ་སྨྲ་བའི་སེང་ཆེན་བརྒྱད་དང་ཇོ་སྲས་བཞི།ཤེས་རབ་ཅན་བཞི་སོགས་མང་དུ་བྱོན། དེ་ལས་གཙང་ནག་པ་བརྩོན་འགྲུས་སེང་གེས་བློ་རྣོ་ཞིང་ཤིན་ཏུ་མཁས། ཚད་མ་རྣམ་ངེས་ལ་ཊཱིཀ་ཆེན་ཞིག་མཛད། ཡང་རྨ་བྱ་བྱང་ཆུབ་བརྩོན་འགྲུས་ཡང་ལུང་དང་ཚད་མ་ལ་ཤིན་ཏུ་མཁས།རྟོག་གེའི་ཐོ་བའི་ཊཱིཀ་ཀ་མཛད། དན་འབག་པ་སྨྲ་བའི་སེང་གེས་ཚད་མའི་བསྡུས་པ་མཛད།

བཅོམ་ལྡན་རིགས་པའི་རལ་གྲིས་ཚད་མ་རྣམ་ངེས་ཀྱི་འགྲེལ་བ་རྒྱན་གྱི་མེ་ཏོག་དང་ཚད་མ་རྣམ་ངེས་ཀྱི་ཊིཀ་ཀ་ཚིག་དོན་རབ་གསལ། ཚད་མ་རྣམ་པར་ངེས་པའི་ཚིག་དོན་བཅས་མཛད།

ས་སྐྱ་པཎ་ཆེན་ཚད་མ་ལ་ཤིན་ཏུ་མཁས་ཁོང་གིས་རྒྱ་གར་གྱི་ཕྱི་རོལ་བ་རྩོད་པས་ཕམ་པར་མཛད། ཚད་མ་རིགས་གཏེར་མཛད། འུ་ཡུག་པ་རིགས་པའི་སེང་གེས་ས་སྐྱར་ས་པཎ་ལ་རྣམ་འགྲེལ་གསན།དེར་བཤད་པ་མཛད་པས་མཁས་པ་ཆེན་དཔེ་གཞི་ཞང་མདོ་སྡེ་དཔལ་ལ་སོགས་པའི་སློབ་མ་མང་དུ་བྱུང་། འགོས་ལོ་ཙཱ་བ་གཞོན་ནུའི་དཔལ་གྱིས། དིང་སང་གི་བར་དུ་རྣམ་འགྲེལ་དར་བའང་པཎ་ཆེན་དང་ཁོང་རྣམ་གཉིས་ཀྱི་དྲིན་ཡིན་གསང་ཕུ་བ་རྣམས་ཀྱང་ཁོ་བོ་གཞོན་པའི་དུས་སུ་རྣམ་ངེས་ཀྱི་བདག་པོ་མཛད་པ་ལས་དེང་སང་རྣམ་འགྲེལ་བར་གྱུར་ཏོ་གསུངས།

ས་སྐྱ་པཎ་ཊི་ཏ་ཀུན་དགའ་རྒྱལ་མཚན་ནི་བོད་ཀྱི་ཚད་མ་རིག་པ་ལ་བྱས་རྗེས་ཤིན་ཏུ་ཆེ་བའི་མཁས་པ་ཞིག་རེད། "ཁོང་གིས་ཁོང་གིས་བོད་སྟོན་རྣམས་ལ་རིག་པ་གསན་ཅིང་། ༡༠༢༤ལོར་ཁྲོ་ཕུ་ལོ་ཙཱ་བ་བྱམས་དཔལ་གྱིས་གྲོ་མོ་བརྒྱུད་ཁ་ཆེ་པཎ་ཆེན་གདན་འདྲེན་བྱས། སློབ་མ་པཎ་ཊི་ཏ་ཆུང་བ་དགུ་ཙམ་དང་མཉམ་དུ་བོད་དུ་བྱོན། ས་པཎ་གྱིས་ཁ་ཆེའི་པཎ་ཆེན་ལ་ཚད་མ་ཀུན་བཏུས་དང་། རྣམ་འགྲེལ་ལེའུ་དང་བོའི་འགྲེལ་བ་སྟོང་ཕྲག་ཕྱེད་དང་བཞི་བ། ཚད་མ་རྒྱན་སོགས་གསན་ཅིང་ཞུས། སློབ་དཔོན་ཐར་པའི་འབྱུང་གནས་ཞེས་བྱ་བའི་རྟོག་གེའི་སྐད་ཅེས་པའི་བསྟན་བཅོས་གསན་ཅིང་བསྒྱུར། གཞན་ཕྱི་རོལ་བ་རིག་བྱེད་ཀྱི་ཚད་མ་དྲང་སྲོང་ཆེན་པོ་གཟེགས་ཟན་གྱིས་སྦྱར་བའི་རྟོག་གེའི་བསྟན་བཅོས་རིག་པ་སོགས་གསན་ཅིང་དེ་དག་གི་དོན་འབྲེལ་བར་བྱེད་པ་ཚད་མ་རིགས་པའི་གཏེར་རྩ་འགྲེལ་གཉིས་མཛད།"《གུ་བཀྲའི་ཆོས་འབྱུང》ལས།"རྣམ་འགྲེལ་ནི་རྣམ་ངེས་ལ་བལྟོས་ནས་བཤད་རྒྱུན་མ་ནུབ་ཙམ་གྱིས་གནས་པ་ལས། ཕྱིས་ཆོས་རྗེ་ས་པཎ་གྱིས་རྩལ་དུ་བཏོན་ནས་བསྒྱུར་བཤད་ཀྱིས་གཏན་ལ་ཕབ"ཆོས་འབྱུང་མཁས་པའི་དགའ་སྟོན་ལས། "སྔོན་ཆད་ཚད་བསྡུས་འབྲིང་ཁོ་ན་ལས་རྣམ་འགྲེལ་མ་དར་བ་ལས་ཆོས་རྗེ་ས་པཎ་གྱིས། ནུབ་པ་ཉིད་དུ་འགྱུར། ཞེས་པ་བསྟན་བཅོས་མཐའི་ཚིག་སྦྲ་མ་ལེགས་པར་དགོངས་ནས། མཁས་པའི་པད་མ་རྒྱས་བྱེད་ཡིན། ཞེས་པའི་ཤོ་ལོ་ཀ་བསྣན་པས་རྣམ་འགྲེལ་ཆེས་ཆེར་དར་ཏེ་དེང་སང་ནི་འབྲིང་བསྡུས་ནུབ་པར་སྣང་སྟེ། རྗེ་བཙུན་གྱིས། ཕྱི་མའི་དུས་ན་བསྟན་བཅོས་ཀུན་གྱི་མིག་གཅིག་ཏུ་ནི་འདི་འགྱུར་རོ། །"

ས་པཎ་གྱིས་རྒྱུད་འཛིན་པའི་ཁམས་པ་ཤར་པ་ཤེས་རབ་འབྱུང་གནས་དང་ནུབ་པ་འུ་ཡུག་པ་རིགས་པའི་སེང་གེ གུང་བ་སྐྱོ་སྟོན་དྲི་མེད་གསུམ་་མང་དུ་བྱུང་བ།དེ་ལས་འུ་ཡུག་པ་རིགས་པའི་སེང་དགེ་ཕྱོགས་ཚད་མ་རིགས་མཛོད་ཆེན་མོ་བརྩམས། འདི་ནི་རྗེ་བླ་མས་ཚད་ལྡན་དུ་འཛིན། རྣམ་འགྲེལ་ལ་ཡུན་རིང་བཤད་པ་མཛད། འགོས་ལོ་གཞོན་ནུ་དཔལ་གྱིས "འུ་ཡུག་པས་ས་སྐྱར་ས་པཎ་ལ་རྣམ་འགྲེལ་གསན་ནས་དེར་བཤད་པ་མཛད་པས་མཁས་པ་ཆེན་པོ་ཞང་མདོ་སྡེ་དཔལ་སོགས་སློབ་མ་མང་དུ་བྱུང་ཞིང་། དེང་སང་བར་དུ་རྣམ་འགྲེལ་དར་བ་འདི་ས་སྐྱ་པཎ་ཆེན་དང་ཁོང་རྣམ་གཉིས་ཀྱི་དྲིན་ཡིན། གསང་ཕུ་བ་རྣམས་ཀྱང་ཁོ་བོ་གཞོན་པའི་དུས་ན་རྣམ་ངེས་ཀྱི་བདག་པོ་མཛད་པ་ལས་དེང་སང་ནི་རྣམ་འགྲེལ་བར་གྱུར་ཏོ༎"ཞེས་བསྔགས་ཤིང་ཚུལ་དེར་བལྟས་ན་ས་པཎ་གྱི་འཆད་ཉན་གྱི་རྒྱུན་དེ་གསང་ཕུ་ལ་དར་ནས་གསང་ཕུའི་སྔོན་གྱི་བཤད་རྒྱུན་ས་པཎ་གྱི་བཤད་རྒྱུན་ལ་བསྒྱུར་བ་ཤེས་ཤིང་། དེ་ལས་ཡུ་ཡུག་པ་ལས་བྱུང་བར་མངོན་ནོ། །

འུ་ཡུག་པའི་སློབ་མ་ཉ་དབོན་ཀུན་དགའ་དཔལ་བ་ནི་ཇོ་ནང་བ་ཞིག་ཡིན་ནའང་ཚད་མ་བྱས་རྗེས་ཤིན་ཏུ་ཆེ་སྟེ་ཁོང་གིས་ཚད་མའི་འཆད་ཉན་ཡུན་རིང་བོར་བསྐྱངས་པས་ཚད་མ་ཉ་ལ་ཐུག་ཅེས་པའི་གཏམ་དེ་བྱུང་། ཉ་དབོན་གྱི་སློབ་མ་རེབ་མདའ་བ་གཞོན་ནུ་བློ་གྲོས་དང་རྗེ་ཙོང་བ་ཁ་སོགས་མཁས་པ་མང་དུ་བྱུང་ངོ་༎

 གཞན་"འཇམ་གསར་བས་སྐྱང་འདུར་བཤད་གྲྭ་བཙུགས། ཁོང་གི་སློབ་མ་ལ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་ཞེས་པའི་མཁས་པ་ཆེན་པོ་དེ་བྱུང་། སྐུ་ཚེའི་སྨད་ལ་བཤད་གྲྭ་དང་སྒོམ་གྲྭ་མཛད། རྣམ་ངེས་ལ་ཊཱིཀ་ཀ་མཛད། སྐྱེལ་ནག་གྲགས་སེང་དང་འཆིམས་གཉིས་ཀྱིས་ཐབས་སྣ་ཚོགས་ཀྱིས་སྣར་ཐང་དུ་བཤད་གྲྭ་བཙུགས་པས་ལེགས་པར་ཚུགས་ཏེ་སྐྱི་སྟོན་གྲགས་འབུམ་དང་། ཆུ་མིག་སེང་གེའི་དཔལ་ལ་སོགས་པའི་མཁས་པ་མང་དུ་བྱུང་། བཅོམ་ལྡན་རིག་པའི་རལ་གྲི་ཡང་སྣར་ཐང་བ་སྟེ་ནད་བྱུང་བས་སྐྱོ་སྟོན་པའི་གསུང་བཞིན་སྣར་ཐང་ཕྱིའི་གྲོག་ཕུག་ཅིག་ཏུ་རྣམ་ངེས་ཚར་སྟོང་བཤད། སྡེ་བདུན་རྒྱན་གྱི་མེ་ཏོག་དང་རྣམ་ངེས་རྒྱན་གྱི་མེ་ཏོག་མཛད། བུ་སྟོན་ཐམས་ཅད་མཁྱེན་པས་ཚད་མ་རྣམ་པར་ངེས་པའི་ཚིག་དོན་རབ་གསལ་མཛད་ཅིང་ཁོང་་དང་ཁོང་གི་སློབ་མ་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་གཉིས་ཀྱི་བསྟན་པ་འཆད་ཉན་རྒྱ་ཆེན་པོ་སྤེལ། བོ་དོང་བ་ཕྱོགས་ལས་རྣམ་རྒྱལ་སོགས་ཀྱང་ཚད་མ་ལ་བཀའ་དྲིན་ཤིན་ཏུ་ཆེའོ༎ཉ་དབོན་གྱི་སློབ་མ་གཡག་མི་ཕམ་ཆོས་ཀྱི་བླ་མས་རིགས་གཏེར་འགྲེལ་བ་དང་། དེ་ནས་རོང་སྟོན་ཤཱཀྱ་རྒྱལ་མཚན་བྱུང་སྟེ་ཁོང་གིས་ཚད་མ་རྣམ་ངེས་ཀྱི་འགྲེལ་བ་རྟོག་གེའི་ཐོ་བ་མཛད་པ་དང་དེའི་རྗེས་སུ་ས་སྐྱ་བའི་མཁས་པ་གོ་རམས་པ་བསོད་ནམས་སེང་གེས་ཚད་མ་རྣམ་འགྲེལ་གྱི་རྣམ་བཤད་ཀུན་བཟང་འོད་ཟེར། ཚད་མ་རྣམ་འགྲེལ་གྱི་ངག་དོན་ཀུན་བཟང་ཉི་མ། ཚད་མ་རིགས་གཏེར་གྱི་དོན་གསལ་བར་བྱེད་པ། ཚད་མ་རིགས་པའི་གཏེར་གྱི་དཀའ་གནད་རྣམ་བཤད་སྡེ་བདུན་རབ་གསལ་བཅས་བརྩམས་ཤིང་། སྒམ་པོ་བ་བསོད་ནམས་ལྷུན་འགྲུབ་ཀྱིས་ཚད་མ་རིགས་གཏེར་གྱི་འགྲེལ་བཤད་རིགས་ལམ་གསལ་བའི་ཉི་མ་དང་ཚད་མ་རིགས་གཏེར་ལ་ཉེ་བར་མཁོ་བ་མཐའ་གཉིས་གསལ་བྱེད། ཚད་མ་རིགས་གཏེར་གྱི་ཕྱོགས་སྔ་རྣམ་བཤད་རིགས་ལམ་གསལ་བྱེད།པཎ་ཆེན་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱིས་རྣམ་བཤད་ཆོས་ཀྱི་རོལ་མཚོ་དང་ཚད་མ་མདོ་སོགས་ཀྱི་དོན་བསྡུས་རྡོ་རྗེའི་སྙིང་བོ། ངོར་ཆེན་དཀོན་མཆོག་ལྷུན་འགྲུབ་ཀྱིས་ཚུལ་དང་བོ་གསུམ་གྱི་དོན་ཉུང་ངུའི་ངག་གིས་སྟོན་པ་སོགས་བྱུང་ནས་དར་རྒྱས་ཆེ་ཙམ་བྱུང་ངོ་། །

དེ་བས་བོད་ཀྱི་ཚད་མ་ལ་ཐོག་མར་བྱས་རྗེས་ཆེ་བ་བཀའ་གདམས་པ་དང་བར་དུ་བྱས་རྗེས་ཆེ་བ་ས་སྐྱ་བ། མཐའ་མར་བྱསས་རྗེས་ཆེ་བ་དགེ་ལུགས་པ་སྟེ། དགེ་ལུགས་པའི་ཚད་མ་ཡང་བཀའ་གདམས་པ་དང་ས་སྐྱ་བ་ལས་བྱུང་བ་ཡིན་མོད། རྗེ་བླ་མས་བཤད་སྲོལ་ཐུན་མོང་མ་ཡིན་པ་གནང་ནས་ས་སྐྱའི་མཁས་པ་ཆེན་པོ་རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་རྗེ་ཙོང་ཁ་བའི་སློབ་མར་གྱུར་ནས་ཁོང་གིས་བཤད་སྲོལ་བསྐྱངས་པ་ལས་དུས་ཐུང་ངུའི་ནང་དུ་དགེ་ལུགས་པའི་ཚད་མ་ནི་སྔོན་ཆད་བོད་ལ་བྱུང་མ་མྱོང་བའི་དར་རྒྱས་ཆེན་པོ་བྱུང་ཞིང་རིམ་བཞིན་མཁས་གྲུབ་མང་བོ་བྱུང་ནས་དར་ཁྱབ་ཆེན་པོ་བྱུང་བ་ཡིན་ནོ༎

 རྩོམ་སྒྲིག་པ། དཀོན་མཆོག་རྒྱ་མཚོ། 


བརྒྱུད་འགོད།
0