ཚད་མའི་སྐོར་རྒྱ་གར་མཁས་པའི་གཞུང་ཇི་ཙམ་ཡོད་པ།

སྤེལ་དུས།  2017-12-31   ཡོང་ཁུངས།  མཚོ་སྔོན་ཚན་རིག་ལྷན་ཚོགས་དྲ་བ།     རྩོམ་པ་པོ།  ​དགེ་བཤེས་ཡེ་ཤེས་དབང་ཕྱུག   ཀློག་གྲངས།  


微信图片_20171231214950.jpg

དང་པོ་ཚད་མའི་སྐོར་གྱི་རྒྱ་གར་མཁས་པའི་གཞུང་ཇི་ཙམ་ཡོད་པ་ནི།  འཕགས་ཡུལ་དུ་ཚད་མའི་གཞུང་གཏན་ལ་འབེབས་པའི་ཐོག་མར་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མ་ཀུན་ལས་བཏུས་དང་རིགས་སྒོ། ཚད་མ་མདོའི་རང་འགྲེལ། དུས་གསུམ་བརྟག་པ། དམིགས་བརྟག་རྩ་འགྲེལ། ཕྱོགས་ཆོས་འཁོར་ལོ་བཅས་དང་། སློབ་དཔོན་དབང་ཕྱུག་སྡེས་བརྩམས་པའི་ཀུན་བཏུས་འགྲེལ་པ་ཡོད་པ་འདྲ་ཡང་བོད་དུ་མ་བསྒྱུར། སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་ཀུན་ལས་བཏུས་ཀྱི་དོན་རྣམ་པར་འགྲེལ་བའི་རྣམ་འགྲེལ་དང་། ཚད་མ་རྣམ་ངེས། ཚད་མ་རིགས་ཐིགས་ཏེ་ལུས་ལྟ་བུའི་བསྟན་བཅོས་གསུམ། ཚད་མ་རྣམ་འགྲེལ་གྱི་རང་དོན་ལེའུ་ལས་འཕྲོས་པ་གཏན་ཚིགས་ཐིགས་པ་དང་། འབྲེལ་བ་བརྟག་པ་གཉིས། མངོན་སུམ་ལེའུ་ལས་འཕྲོས་པ་རྒྱུད་གཞན་གྲུབ་པ། གཞན་དོན་ལེའུ་ལས་འཕྲོས་པ་རྩོད་པའི་རིགས་པ་སྟེ་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་བཅས་ཚད་མ་སྡེ་བདུན་ནོ།། ཚད་མ་རྣམ་འགྲེལ་གྱི་ལེའུ་དང་པོ་ལ་རང་འགྲེལ་ཡོད། སློབ་དཔོན་ལྷ་དབང་བློས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ལེའུ་ཕྱི་མ་གསུམ་གྱི་འགྲེལ་པ། ལེའུ་དང་པོའི་རང་འགྲེལ་དང་བསྡོམས་པས་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་ཡོད། དེ་རྣམས་ལ་ཚད་མ་སྟོང་ཕྲག་བཅུ་གཉིས་པའང་ཞུ། དེ་དག་ཐམས་ཅད་ཀྱི་འགྲེལ་བཤད་སློབ་དཔོན་ཤཱཀྱ་བློས་མཛད་པའི་འགྲེལ་བཤད་བམ་པོ་དྲུག་ཅུ་རྩ་གསུམ། སློབ་དཔོན་ཡེ་ཤེས་བཟང་པོས་ཚད་མ་རྣམ་ངེས་ཀྱི་འགྲེལ་བཤད་མཛད། སློབ་དཔོན་ཤེས་རབ་འབྱུང་གནས་སྦས་པས་ཚད་མ་རྒྱན་མཛད། (རྒྱན་མཁན་པོའང་ཟེར།) དེའི་སློབ་མ་སློབ་དཔོན་རྒྱལ་བ་ཅན་གྱིས་མཛད་པའི་ཚད་མ་རྒྱན་གྱི་འགྲེལ་བཤད། སློབ་དཔོན་དུལ་བ་ལྷས་མཛད་པའི་དམིགས་བརྟག་གི་རྒྱ་ཆེར་འགྲེལ། རྩོད་རིགས་ཀྱི་འགྲེལ་པ། གཏན་ཚིགས་ཐིགས་པའི་འགྲེལ་པ། སློབ་དཔོན་ཆོས་མཆོག་གིས་མཛད་པའི་འཇིག་རྟེན་ཕ་རོལ་གྲུབ་པ་དང་། ཚད་མ་རྣམ་ངེས་ཀྱི་འགྲེལ་པ་འཐད་ལྡན་ཆེ་ཆུང་གཉིས། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་ཚད་མ་རིགས་ཐིགས་ཀྱི་འགྲེལ་པ། སློབ་དཔོན་ཤཱནྟ་རཀྵི་ཏས་མཛད་པའི་རྩོད་རིགས་ཀྱི་འགྲེལ་པ། སློབ་དཔོན་རྒྱལ་བ་དབང་པོས་མཛད་པའི་ཚད་མ་ཀུན་བཏུས་ཀྱི་འགྲེལ་བཤད། སློབ་དཔོན་ཛ་མ་རིས་མཛད་པའི་ཚད་མ་རྒྱན་གྱི་འགྲེལ་བཤད། སློབ་དཔོན་ཉི་མ་སྦས་པས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ལེའུ་དང་པོ་དང་གཉིས་པ་གཉིས་ཀྱི་འགྲེལ་པ། བྲམ་ཟེ་བདེ་བྱེད་དགའ་བས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། ཁ་ཆེ་ཛྙཱ་ན་ཤྲཱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ཊིཀ་ཆེན་སོགས་བསྡོམས་ན་བོད་སྐད་དུ་བསྒྱུར་བའི་ཚད་མའི་གཞུང་གྲངས་དྲུག་ཅུ་རྩ་གཅིག་ཡོད།

                       ཚད་མའི་གཞུང་དེ་དག་དུས་གང་ལ་ལོ་ཙཱ་བ་གང་གིས་བསྒྱུར་བ།

 གཉིས་པ་ཚད་མའི་གཞུང་དེ་དག་དུས་གང་ལ་ལོ་ཙཱ་བ་གང་གིས་བསྒྱུར་བ་ནི། བོད་དུ་བསྟན་པ་སྔ་དར་དང་ཕྱི་དར་གཉིས་ལས་སྔ་དར་སྐབས་སློབ་དཔོན་ཐོན་མི་སཾ་བྷོ་ཊ་སོགས་ཀྱིས་མདོ་སྡེ་ཟ་མ་ཏོག་དང་དཔང་སྐོང་ཕྱག་བརྒྱ་པ་སོགས་ཉུང་ཤས་ལས་ཚད་མའི་བསྟན་བཅོས་སོགས་མ་བསྒྱུར། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་ལོ་ཙཱ་བ་བརྒྱ་ཕྲག་དུ་མ་རྒྱ་གར་དུ་བཏང་སྟེ་མདོ་རྒྱུད་བཀའ་བསྟན་མང་པོ་བོད་སྐད་དུ་བསྒྱུར། ལྷག་པར་སྐ་ཅོག་ཞང་གསུམ་དང་བཻ་རོ་ཙ་ན་རྣམས་ཀྱིས་ཚད་མ་རྣམ་ངེས་དང་རིགས་ཐིགས་སོགས་གཞུང་མང་པོ་བོད་སྐད་དུ་བསྒྱུར། ཚད་མ་ཀུན་ལས་བཏུས་དང་ཚད་མ་རྣམ་འགྲེལ་སོགས་འགའ་ཤས་བསྟན་པ་སྔ་དར་སྐབས་མ་བསྒྱུར། བསྟན་པ་ཕྱི་དར་སྐབས་ལོ་ཆེན་རིན་ཆེན་བཟང་པོས་རྒྱ་གཞུང་བོད་དུ་བསྒྱུར་བ་ཤིན་ཏུ་མང་། དེ་བཞིན་དུ་གཅིག་མཇུག་གཉིས་མཐུད་ཀྱིས་ལོ་ཙཱ་བ་བཀའ་དྲིན་ཅན་རྣམས་ཀྱིས་བཀའ་བསྟན་དུ་མ་བོད་སྐད་དུ་བསྒྱུར་ནས་བསྟན་པ་སྔ་དར་ལས་ཀྱང་ཕྱི་དར་རྒྱས་པར་གྱུར། ལྷག་པར་ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་དང་། རྨ་དགེ་བ་བློ་གྲོས། ནག་ཚོ་ཚུལ་ཁྲིམས་རྒྱལ་བ། ལྷ་ཆོས་ཀྱི་རིན་ཆེན། མར་ཐུང་དད་པ་ཤེས་རབ། དགེ་བསྙེན་སེང་གེ་རྒྱལ་མཚན། རྔོག་བློ་ལྡན་ཤེས་རབ། བནྜེ་ནམ་མཁའ། ཏིང་ངེ་འཛིན་བཟང་པོ། བྱང་ཆུབ་ཤེས་རབ། ཆོས་ཀྱི་ཤེས་རབ། པ་ཚབ་ཉི་མ་གྲགས། ཟངས་དཀར་འཕགས་པ་ཤེས་རབ། འབྲོ་སེང་དཀར། དགའ་བ་རྡོ་རྗེ། ཤཱཀྱ་འོད། དཔལ་མཆོག་རྡོ་རྗེ། ཤེས་རབ་བརྩེགས། ཞི་བ་འོད། བློ་གྲོས་བརྟན་པ་རྣམས་ཀྱིས་ཚད་མའི་བསྟན་བཅོས་རྣམས་བོད་སྐད་དུ་བསྒྱུར།  ཚད་མ་ཀུན་ལས་བཏུས་སྒྱུར་མཁན་ནི་དགེ་བསྙེན་སེང་གེ་རྒྱལ་མཚན་ཡིན། ཚད་མ་རྣམ་འགྲེལ་ནི་རྨ་དགེ་བ་བློ་གྲོས་དང་། རྔོག་བློ་ལྡན་ཤེས་རབ། ས་སྐྱ་ཀུན་དགའ་རྒྱལ་མཚན་གསུམ་གྱིས་བསྒྱུར་བ་དང་བཅོས་པ་སོགས་གནང་སྟེ་ད་ལྟའི་དུས་སུ་འཆད་ཉན་གྱི་གཙོ་བོར་མཛད་དོ།

                                                                                         རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།

      གསལ་འདེབས། 
    རྩོམ་འདིའི་པར་དབང་ངེད་མཚོ་སྔོན་ཚན་རིག་ལྷན་ཚོགས་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                        tbtlogic2016@དྲ་བའི་སྦྲེལ་ཐགtbtlogic2016@163.comtbtbtlogic2016@163.comtlogic2016@163.com

བརྒྱུད་འགོད།
0