དགེ་ལུགས་པའི་ཚད་མའི་ཁྱད་ཆོས་བཤད་པ།

སྤེལ་དུས།  2018-04-05   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  ཤེས་རབ་བསྟན་དར།   ཀློག་གྲངས།  

དགེ་ལུགས་པའི་ཚད་མའི་ཁྱད་ཆོས་ལས་གཞུང་གི་ཁྱད་ཆོས་སྐོར་བཤད་པ།

རྗེ་བླ་མའི་སྐབས་དེར་ཕྱི་ཚུལ་ནས་བལྟས་ན་ཚད་མ་ཤིན་ཏུ་དར་བ་ཞིག་ཏུ་མངོན་ཡང་མཁས་གྲུབ་རིན་པོ་ཆེའི་དགོངས་པ་ལྟར་ན"དབུ་ཚད་ཀྱི་རིགས་ལམ་ཐམས་ཅད་ནུབ་ནས་མིང་ཙམ་ཡང་མ་མཆིས་པར་གྱུར" ཡོད་གསུངས་ཤིང་། དབུ་ཚད་ཀྱི་རིགས་ལམ་ནི་འཆད་ཉན་རྒྱ་ཆེན་པོ་དར་བ་ཙམ་གྱིས་འཇོག་ཐུབ་པ་ཞིག་གཏན་ནས་མིན། རྗེ་བླ་མས"རང་སྟོབས་ཀྱི་དབུ་ཚད་ཀྱི་རིགས་པའི་སྲོལ་ཕྱེས་ནས་བྱང་ཕྱོགས་མཁས་པ་ཀུན་གྱི་མགོ་བོ་ལ་བཀའི་ཕྲེང་བ་ངལ་གསོ་བགྱིས་པའི་ཤིང་རྟ་ཆེན་པོར་གྱུར།" དེ་བས་ཁོང་གིས་ཚད་མའི་འཆད་ཉན་རྒྱ་ཆེན་པོ་སྤེལ་ནས་སློབ་མ་ཡང་སློབ་དག་གིས་ཀྱང་དེ་བཞིན་སྤེལ་བས་དཔལ་རི་བོ་དགེ་ལུགས་པའི་ཚད་མ་ཞེས་ཐུན་མོང་མ་ཡིན་པ་ཞིག་ཏུ་གྱུར། དེ་བས་འདི་ལ་གཞུང་གི་སྟེང་ནས་ཁྱད་ཆོས་དང་ནང་དོན་གྱི་ཁྱད་ཆོས། རིགས་པའི་ཁྱད་ཆོས་བཅས་ཁྱད་ཆོས་གསུམ་ཡོད་པ་མཐོང་།

དང་བོ་གཞུང་གི་ཁྱད་ཆོས།

དང་བོ་གཞུང་གི་ཁྱད་ཆོས་སྟེང་ནས་བཤད་ན་དགེ་ལུགས་པས་ཚད་མ་མདོ་དང་སྡེ་བདུན་གཙོ་བོར་འཛིན་ལ་དེ་ནས་སློབ་དཔོན་ཆོས་མཆོག་དང་ལྷ་དབང་བློ་དང་ཤཱཀྱ་བློ་བཅས་ཀྱི་བཤད་སྲོལ་མི་འདྲ་བ་དག་གིས་ཟུར་བརྒྱན་ནས་བཤད་ཀྱིན་ཡོད། དེ་བས་རི་བོ་དགེ་ལུགས་པའི་ཚད་མའི་བསྟན་བཅོས་ལ་ཁྱད་ཆོས་འདི་དག་ཡོད་པར་མཐོང་སྟེ།

1ཚད་མའི་བཤད་སྲོལ་དག་མ་འདྲེས་པར་བཤད་པའི་ཁྱད་ཆོས།

སྤྱིར་ན་ཚད་མ་རིག་པར་ལྷ་དབང་བློ་དང་ཤཱཀྱ་བློ་གཉིས་ཀྱི་བཤད་སྲོལ་གཉིས་ཡོད་པས་རྗེ་རིན་པོ་ཆེས་བཤད་སྲོལ་དེ་གཉིས་དཔྱིས་ཕྱིན་པར་བྱས་ཏེ་བཤད་སྲོལ་དེ་གཉིས་མ་འདྲེས་པར་བྱས་ཏེ"ལྷ་ཤཱཀ་གི་འགྲེལ་གཉིས་ཀྱི་སྟེང་ནས་བཤད་སྲོལ་སོ་སོར་གནང་བའི་རྗེས་སུ་འབྲངས་ནས། རྒྱལ་ཚབ་ཐམས་ཅད་མཁྱེན་པས་རྣམ་འགྲེལ་ཐར་ལམ་གསལ་བྱེད་སོགས། མཁས་གྲུབ་ཐམས་ཅད་མཁྱེན་པས་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་དང་ཡིད་ཀྱི་མུན་སེལ་སོགས་མཛད། རྒྱལ་ཚབ་དར་མ་རིན་ཆེན་གྱིས་དེའི(འཐད་ལྡན་ཆེ་ཆུངརྗེས་སུ་འབྲང་ནས་རྣམ་འགྲེལ་གྱི་བཤད་པ་མཛད། མཁས་གྲུབ་དགེ་ལེགས་དཔལ་བཟང་བོས། རྣམ་འགྲེལ་ལེའུ་དང་བོའི་རང་འགྲེལ་དང་ལེའུ་ཕྱི་མ་གསུམ་ལ་ལྷ་དབང་བློ་དང་ཤཱཀྱ་བློའི་འགྲེལ་བ་གཉིས་ཡོད་པ་ལས་གཙོ་བོར་ལྷ་དབང་བློའི་རྗེས་སུ་འབྲང་ནས་བཤད་པ་མཛད་པས། རྗེའི་སྲས་ཀྱི་ཐུ་བོ་གཉིས་ཀྱི་ཚིག་ཟིན་འགའ་རེ་མི་མཐུན་པར་བྱུང་བའི་རྒྱུ་མཚན་དེ་ཡིན་ཞེས་བླ་མ་གོང་མ་དག་གིས་གསུངས་སོ། །རྒྱལ་ཚབ་རྗེས་རིགས་པའི་རྗེས་འབྲང་གི་ལུགས་འཆད། མཁས་གྲུབ་རྗེས་ལུང་གི་རྗེས་འབྲང་གི་མདོ་སྡེ་བའི་ལུགས་འཆད་ཅེས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་གསུངས།" བཤད་སྲོལ་དེ་གཉིས་ཀྱིས་རི་བོ་དགེ་ལུགས་པའི་ཚད་མ་རིག་པའི་འཕེལ་རྒྱས་ལ་ནུས་པ་ཆེན་པོ་བཏོན། དེ་བཞིན་བཤད་སྲོལ་མི་འདྲ་བ་གཉིས་དང་ལྡན་པ་དེས་གཞུང་གི་གོ་བ་དང་རིགས་པའི་འགྲོས་སྟངས་ལ་ཕན་པ་ཆེན་པོ་བྱུང་།

2གཞུང་གི་དཀའ་འགྲེལ་དཀའ་གནད་སོ་སོར་ཕྱེས་པའི་ཁྱད་ཆོས།

རྗེ་བླ་མའི་དུས་སུ་དགེ་ལུགས་པའི་ཚད་མའི་གཞུང་ལུགས་ལ་སྤྱི་དོན་དང་ཊཱིཀ་ཀ་གཉིས་དང་གཞུང་གི་དཀའ་གནད་ཟུར་དུ་བཀོད་པ་ཚད་མའི་ལམ་བསྒྲིགས་ལྟ་བུ་ཡིན། རྗེས་སུ་རིམ་བཞིན་གྲྭ་སའི་ཡིག་ཆའི་ཁག་བྱུང་བ་དང་བསྟུན་ནས་ལེའུ་དང་བོ་རང་དོན་ལེའུ་རྗེས་དཔག་གི་རྟེན་གཏན་ཚིགས་དང་མངོན་སུམ་ལེའུ་གཉིས་གཅིག་ཏུ་བསྡོམས་ནས་བློ་རིག་ཅེས་པ་གཉིས་ཟུར་བཀོད་ཀྱི་ཚུལ་དུ་བཀོད། བསྡུས་གྲྭར་ལེའུ་བཞི་བའི་ཐལ་འགྱུར་རམ་སུན་འབྱིན་གསལ་བོར་བཤད། དེ་ལས་ད་དུང་དཀའ་གནད་ཀྱི་མཐའ་དཔྱོད་པ་གཞུང་ལས་ཟུར་དུ་ཕྱུང་ཞིང་ད་དུང་མཆན་འགྲེལ། རིགས་པའི་ཞིབ་ཆའི་ཁས་ལེན་བཤད་པའི་གཞུང་ཡང་བྱུང་ཡོད་པས་ད་ལྟ་ཡིག་ཆ་ཞིག་ཡིན་ན་སྤྱི་དོན་དང་མཐའ་དཔྱོད། ཟུར་བཀོད་དང་། རིགས་པའི་ཞིབ་ཆ་བཤད་པའི་གཞུང་ཡང་བྱུང་ཡོད། ཀུན་མཁྱེན་འཇམ་དབྱངས་བཞད་པས། "མཁས་པ་རྣམས་ཀྱིས་ཚད་མ་རྣམ་འགྲེལ་གྱི་རང་དོན་ལེའུ་དང་། གཞན་དོན་ལེའུ་གཉིས་ཀྱི་གནད་མཐའ་དག་ཟུར་དུ་བཀོད་པ་རྟགས་རིགས་དང་། ཚད་མ་གྲུབ་པའི་ལེའུ་དང་མངོན་སུམ་ལེའུའི་གནད་ཟུར་དུ་བཀོད་པ་ལ་བློ་རིག་ཅེས་བཏགས་པ་འདི་རྣམ་འགྲེལ་འཇུག་པའི་ལྡེ་མིག་ལྟ་བུ་མེད་དུ་མི་རུང་བ་ཡིན་གསུངས།" དེ་ལྟར་མཐའ་དཔྱོད་དང་སྤྱི་དོན། བློ་རིག་རྟགས་རིགས། མཆན་དང་རིགས་ལམ། ཁས་ལེན་གྱི་རྒྱུན་བཅས་སོ་སོར་བཤད་པའི་གཞུང་སོ་སོར་བྱུང་བ་དེས་བོད་ཀྱི་ཚད་མ་རིག་པ་འཕེལ་རྒྱས་སུ་སོང་ཞིང་འགྲོ་བ་ལ་ནུས་པ་ཆེན་པོ་ཐོན། དཔེར་ན་ཀུན་མཁྱེན་ཡིག་ཆས་རྣམ་བཤད་ཐར་ལམ་གསལ་བྱེད། སྤྱི་དོན་དང་ཀུན་མཁྱེན་གྱི་རྣམ་འགྲེལ་མཐའ་དཔྱོད། བློ་རིག་དང་རྟགས་རིགས་མཐའ་དཔྱོད། དེའི་ཁ་སྐོང་ལྟ་བུར་རྟགས་རིགས་རང་ལུགས། ཀུན་མཁྱེན་གྱི་བློ་རྟགས་ཀྱི་དཀའ་གནད་དང་ཁས་ལེན་གྱི་ཞིབ་ཆ་ལ་གུང་ཐང་བློ་གྲོས་ཀྱི་བློ་རྟགས་དང་འབའ་ལིང་ཞབས་དྲུང་གི་མཆན་འགྲེལ་ལྟ་བུ་ཡིན་ཏེ། ཡིག་ཆ་གཞན་པ་ལ་སྤྱི་དོན་དང་མཐའ་དཔྱོད་ལོགས་སུ་ཡོད།

3 ནང་བའི་ཚད་མའི་གཞུང་དོན་ཀུན་བདེ་བླག་ཏུ་རྟོགས་ཐུབ་པའི་ཁྱད་ཆོས།

རི་བོ་དགེ་ལུགས་པའི་ཚད་མ་ལ་ཀུན་བཏུས་དང་རྣམ་ངེས་སོགས་གཞན་སྦྱོང་བའི་སྲོལ་ཡོད་མོད་ཀྱང་གཙོ་བོ་རྣམ་འགྲེལ་ཡིན་པས་གྲྭ་ས་དག་ཏུ་ཚད་མའི་རྣམ་འགྲེལ་ཡིན་པར་བཤད་ཅིང་རྣམ་འགྲེལ་ལས་ཚད་མའི་གནད་ཀུན་གསལ་བོར་བཤད་ཡོད་པས་དེ་ལ་སྦྱངས་ན་མདོ་སྡེ་བདུན་སོགས་ཀྱི་དཀའ་གནད་ཀྱང་བདེ་བླག་ཏུ་རྟོགས་པར་འགྱུར་བ་ཡིན།

 དེ་བས་དགེ་ལུགས་པའི་གྲྭ་ས་ཁག་གི་ཡིག་ཆ་ངེས་པར་རྣམ་འགྲེལ་གྱི་འགྲེལ་བ་དང་སྤྱི་དོན་མཐའ་དཔྱོད་སོགས་ཡིན་པའང་སྨོས་མ་དགོས། དགེ་ལུགས་པའི་སྤྱི་དོན་དང་མཐའ་དཔྱོད་རྣམ་འགྲེལ་གཙོ་བོ་ཡིན་ནའང་དེའི་སྒྲུབ་བྱེད་དང་ལུང་འདྲེན་སོགས་སུ་གཞན་པའི་བསྟན་བཅོས་དྲུག་དང་མདོ་རང་འགྲེལ་དང་བཅས་པ་ཡོད་པས་རང་རང་གི་ཡིག་ཆ་ངེས་ན་སྡེ་བདུན་མདོ་དང་བཅས་པར་གོ་བ་བདེ་བླག་ཏུ་ཆགས་པར་འགྱུར་རོ། །

4 ཚད་མ་སྡེ་བདུན་གྱི་རིགས་འཕྲུལ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་པའི་ཁྱད་ཆོས།

 བོད་ཀྱི་ཚད་མ་རིག་པར་གཞན་དང་མི་མཐུན་པའི་རིགས་པའི་གཞུང་ལུགས་ཤིག་གསར་གཏོད་བྱས་ཡོད་པ་ནི་བསྡུས་གྲྭ་ཡིན། བསྡུས་གྲྭ་གསར་གཏོད་གནང་མཁན་ཆ་བ་ཆོས་ཀྱི་སེང་གེ་ཡིན་ལ1109--1169 )ཁོང་གི་ཚད་མ་སྡེ་བདུན་གྱི་ཉིང་བཅུད་བསྡུས་ཏེ་བརྩམས་པ་ཡིན་ནའང་སྡེ་བདུན་དུ་མེད་པའི་རིགས་པ་དག་གིས་བརྒྱན་པས་སྡེ་བདུན་དང་ཐུན་མོང་མ་ཡིན་པའི་གཞུང་ལུགས་སུ་གྱུར་ཡོད། དེ་བས་བསྡུས་གྲྭ་ཞེས་པའི་དོན་ཡང་ཚད་མ་སྡེ་བདུན་གྱི་རིགས་པ་ཐམས་ཅད་ཀྱི་དོན་ཕྱོགས་གཅིག་ཏུ་བསྡུས་པའི་གྲྭ་ཞེས་པ་ཡིན། ཀུན་མཁྱེན་འཇམ་དབྱངས་བཞད་པས། "རྩོད་པ་རྣོ་ཞིང་གཙང་བ་ལ་བསྡུས་གྲྭ་འདི་མེད་དུ་མི་རུང་བ་ཡིན་གསུངས།" སྔོན་གསང་ཕུ་ར་བ་སྟོད་དུ་བསྡུས་གྲྭའི་རིགས་འཕྲུལ་ངོ་མཚར་བ་བྱུང་ཡོད་ལ་སེ་འབྲས་དགེ་གསུམ་གྱི་སློབ་གཉེར་བ་ཡང་དེར་སོང་ནས་སྦྱོང་སྲོལ་ཡོད། རྗེས་སུ"གྲྭ་ས་ཁག་ཏུ་རིག་འཕྲུལ་རྒྱས་པའི་ཆེད་དུ་འཛིན་གྲྭ་སོ་སོར་རྭ་སྟོད་བསྡུས་གྲྭ་དང་བཙན་པོའི་བསྡུས་གྲྭ་སོགས་བསྡུས་གྲྭ་མི་འདྲ་བ་དུ་མ་བརྩི་བཞག་ལ་གཏོང་དུ་འཇུག་པ་སོགས་བསྡུས་གྲྭ་རྩོད་པ་གོང་འཕེལ་དུ་འགྲོ་བའི་ཐབས་ཚུལ་མང་།"དེ་བས་རི་བོ་དགེ་ལུགས་པར། ཡིན་པ་མིན་པར་བསྒྲུབ་ན་བསྡུས་གྲྭར་བྱང་བའི་རྟགས། མིན་པ་ཡིན་པར་བསྒྲུབ་ན་བསྡུས་གྲྭར་བྱང་པའི་རྟགས་ཞེས་པའི་ཁ་དཔེ་ཡོད། སྔོན་བཀྲ་ཤིས་འཁྱིལ་དུ་འཛིན་གྲྭ་སུམ་ཅུ་ལ་བསྡུས་གྲྭ་མི་འདྲ་བ་སུམ་ཅུ་གནང་བ་བཞིན་རིགས་འཕྲུལ་རྨད་དུ་བྱུང་བས་འཇམ་པའི་དབྱངས་ཀྱིས་དམ་བཅའ་བཞག་ཀྱང་ཁས་ལེན་ཤོར་འགྲོ་ཞེས་བཤད་ཚུལ་ཡོད། བླ་བྲང་བཀྲ་ཤིས་འཁྱིལ་དུ་བླ་བྲང་གི་བསྡུས་གྲྭའི་རིགས་པ་སླེ་བོའི་ནང་དུ་ཆུ་བླུགས་པ་ལྟ་བུ་ཞིག་ཡིན། རྐོབ་རྒན་འགའ་རེས་སྒྱེ་མོའི་ནང་དུ་རྡོ་བླུགས་པ་ལྟ་བུ་ཞིག་ཏུ་བཏང་སོང་ཞེས་དགེ་བསྐོས་ཀྱིས་ཚོགས་གཏམ་གཏོང་སྲོལ་ཡོད་གསུངས།  འདི་ལས་བྱུང་བའི་སྡོམ་ཚིག་ནི་བསྡུས་གྲྭ་གསར་གཏོད་མཛད་མཁན་བཀའ་གདམས་པ་ཡིན་ལ་དར་རྒྱས་གཏོང་མཁན་དགེ་ལུགས་པ་ཡིན། དགེ་ལུགས་པས་དར་རྒྱས་མཛད་པའི་དུས་ཡུན་ནང་དུ་རིགས་འཕྲུལ་ཐུན་མོང་མ་ཡིན་པ་མང་བོ་ཞལ་སྣོན་བྱས་པས་ངེས་པ་དོན་གྱིས་བོད་ཀྱི་རིགས་པའི་སྒོ་འབྱེད་དུ་གྱུར་འདུག་པ་ཡིན།

རྩོམ་སྒྲིག་པ་དཀོན་མཆོག་རྒྱ་མཚོ།


བརྒྱུད་འགོད།
0