སྒྲུབ་ངག་གི་དཔེའི་བྱེད་ལས་ལ་བརྟག་པ།

སྤེལ་དུས།  2017-12-16   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  བློ་བཟང་ཆོས་གྲགས།   ཀློག་གྲངས།  

དང་པོ། ཕྱི་རོལ་མུ་སྟེགས་བྱེད་ཀྱི་གྲུབ་མཐའ་ལས་བྱུང་བའི་ཡན་ལག་ལྔ་ལྡན་གྱི་སྒྲུབ་ངག་གི་དཔེ་བརྟག་པ། 

སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པ་ནས་ལྔ་བའི་བར་རྒྱ་གར་འཕགས་པའི་ཡུལ་དུ་རྟོག་གེའི་སྡེ་ལྔར་གྲགས་པ་གཙོ་བྱས་པའི་གྲུབ་མཐའ་མང་དུ་བྱུང་། དེ་དག་རང་ཉིད་ཀྱི་གྲུབ་མཐའི་འདོད་ཚུལ་རྒྱ་ཆེར་སྤེལ་ཆེད་རྩོད་པ་ལྷུར་ལེན་པ་གཙོ་བོར་སྟོན་པའི་བསྟན་བཅོས་རྟོག་གེའི་གཞུང་ཞེས་པ་བརྩམས་ཤིང་། དུས་རྟག་ཏུ་ཕན་ཚུན་སུན་འབྱིན་བྱེད་པའི་རྩོད་གླེང་མང་དུ་བྱེད། དེ་རྣམས་ཇི་ལྟར་རྩོད་པའི་རྣམ་པ་ནི་གཙོ་བོ་ཡན་ལག་ལྔ་ལྡན་གྱི་སྒྲུབ་ངག་ལ་བརྟེན་ནས་རྩོད་པར་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་གསུངས། འོ་ན་ཡན་ལག་ལྔ་ལྡན་གྱི་སྒྲུབ་ངག་ཇི་ལྟ་བུ་ཞེ་ན། གོང་དུ་བཤད་པའི་རྟོག་གེའི་སྡེ་ལྔ་སྟེ། གྲངས་ཅན་པ་དང་། གཅེར་བུ་བ། བྱེ་བྲག་པ། རིག་བྱེད་པ། རྒྱང་འཕེན་པ་བཅས་པའི་གྲུབ་མཐའི་གཞུང་བོད་འགྱུར་མེད་པས་དེ་དག་གི་སྒྲུབ་ངག་ཇི་ལྟ་བུ་ཡིན་པ་མ་མཐོང་། ཕྱི་རོལ་བའི་གྲུབ་མཐའ་རིགས་པ་ཅན་པའི་སྟོན་པ་དྲང་སྲོང་རྐང་མིག་གིས་བྱས་པའི《རྟོག་གེ་ཚིག་དོན་བཅུ་དྲུག》ཏུ་སྒྲུབ་ངག་ཡན་ལག་ལྔ་ལྡན་གྱི་ཐ་སྙད་ཙམ་སྟེ། དམ་བཅའ་དང་། གཏན་ཚིགས་དང་། དཔེ་དང་། ཉེ་བར་སྦྱར་བ་དང་། མཇུག་བསྡུ་བ་དང་བཅས་པར་བྱུང་ཡོད་ཀྱང་དེ་དག་མཚོན་བྱེད་ཀྱི་མཚན་གཞི་དཔེར་བརྗོད་དངོས་མི་འདུག དེའི་རྗེས་ཀྱི་སྤྱི་ལོ་དུས་རབས་དང་པོའི་སྐབས་རིགས་པ་ཅན་པའི་དྲང་སྲོང་གོ་ཏ་མས་བྱས་པའི་《རིགས་པའི་མདོ》ཞེས་པའི་བསྟན་བཅོས་ཀྱི་འགྲེལ་བ་ཞིག་ལས་ཡན་ལག་ལྔ་ལྡན་གྱི་སྒྲུབ་ངག་གི་དཔེ་བརྗོད་ཙམ་ཞིག་བྱུང་བ་འདི་ལྟ་སྟེ།

སྒྲ་ཆོས་ཅན། མི་རྟག་སྟེ།

སྐྱེ་ལྡན་ཡིན་པའི་ཕྱིར་།

བུམ་པ་བཞིན།

དེ་བཞིན་དུ་སྒྲ་ཡང་སྐྱེ་ལྡན་ཡིན།

དེའི་ཕྱིར་སྒྲ་མི་རྟག ཅེས་བྱ་བའོ། །དུས་རབས་གཉིས་པར་ཕྱི་རོལ་བའི་གྲུབ་མཐའ་རྒྱལ་དཔོག་པའི་ནང་ཚན་ཙ་ར་ཀ་པའི་བསྟན་བཅོས《ཙ་ར་ཀའི་སྨན་གཞུང》ཞེས་པ་ལས་གཏན་ཚིགས་རིག་པའི་རྣམ་གཞག་ཆ་ཚང་བ་ཞིག་བསྟན་ཡོད་པ་དེར་བཀོད་པའི་ཡན་ལག་ལྔ་ལྡན་གྱི་སྒྲུབ་ངག་ནི་འདི་ལྟ་སྟེ། །

བདག་ནི་རྟག་པ་ཡིན་ཏེ།

བྱས་པ་མ་ཡིན་པའི་ཕྱིར།

དཔེར་ན་ནམ་མཁའ་བཞིན།

ནམ་མཁའ་བྱས་པ་མ་ཡིན་བཞིན་དུ་བདག་ཀྱང་དེ་ལྟར་ཡིན།

དེའི་ཕྱིར་བདག་རྟག་པ་ཡིན། ཞེས་པར་བཀོད་འདུག གྲུབ་མཐའི་འདོད་ཚུལ་མི་གཅིག་པའི་གཞུང་དེ་གཉིས་ལས་བྱུང་བའི་གཏན་ཚིགས་རིག་པའི་སྒྲུབ་ངག་གི་རྣམ་པ་ལ་ཐུན་མོང་དུ་གྱུར་པའི་ཁྱད་ཆོས་ཤིག་ཡོད་པ་ནི་དཔེའི་སྒོ་ནས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་དེ་ཡིན། དཔེའི་སྒོ་ནས་ཇི་ལྟར་སྒྲུབ་ཅེ་ན། དཔེར་བརྗོད་དང་པོ་ལྟར་ན། རྩོད་གཞི་ཆོས་ཅན་སྒྲ་དང་དཔེ་ཆོས་ཅན་བུམ་པ་གཉིས་ཐུན་མོང་དུ་གྱུར་པའི་ཁྱད་ཆོས་སྐྱེ་ལྡན་ཡིན་པ་རྙེད་དེ། བུམ་པ་སྐྱེ་ལྡན་ཡིན་པ་ཕྱི་རྒོལ་གྱིས་ཚད་མས་ངེས་ཤིང་། སྒྲ་སྐྱེ་ལྡན་ཡིན་པ་ཡང་ཚད་མས་ངེས་པས་ན་དཔེ་ཆོས་ཅན་ལ་ཡོད་པའི་ཁྱད་ཆོས་དག་རྩོད་གཞི་ཆོས་ཅན་ལ་ཡང་ཡོད་པར་འདོད་ནས། དཔེ་ཆོས་ཅན་བུམ་པ་ལ་མི་རྟག་པའི་ཁྱད་ཆོས་ཡོད་པས་རྩོད་གཞི་ཆོས་ཅན་སྒྲ་ལ་ཡང་མི་རྟག་པའི་ཁྱད་ཆོས་ཡོད་པར་བསམས་ནས། བུམ་པ་མི་རྟག་པ་ཡིན་པ་བཞིན་དུ་སྒྲ་ཡང་མི་རྟག་པ་ཡིན་དགོས་ཞེས་པར་བསྒྲུབས་པ་ཡིན། སྒྲུབ་ཚུལ་དེ་ལ་ཕྱི་ཚུལ་གཏན་ཚིགས་རིག་པར་རིགས་བསྡུར་རྗེས་དཔག་(类比推理) ཅེས་པར་བཤད་ལ། སྒྲུབ་ཚུལ་དེ་ནི་སྐྱོན་དང་ལྡན་པ་ཞིག་ཡིན་ཏེ། དཔེ་ཆོས་ཅན་ལ་ཡོད་པའི་ཁྱད་ཆོས་ཡོད་ཚད་རྩོད་གཞི་ཆོས་ཅན་ལ་ཡོད་པའི་ངེས་པ་མེད་དེ། བུམ་པ་སྐྱེ་ལྡན་ཡིན་པ་བཞིན་དུ་སྒྲ་ཡང་སྐྱེ་ལྡན་ཡིན་ཡང་། །བུམ་པ་ལུས་ཤེས་ཀྱི་རེག་བྱ་ཡིན་པ་བཞིན་དུ་སྒྲ་ཡང་ལུས་ཤེས་ཀྱི་རེག་བྱ་ཡིན་མི་དགོས་པས། དེས་ན་སྒྲུབ་ངག་དེ་ལྟ་བུས་བསྒྲུབ་བྱ་སྒྲུབ་སྲིད་ཀྱང་སྒྲུབ་ངེས་པ་མ་ཡིན་ཏེ། གོང་གི་ཡན་ལག་ལྔ་ལྡན་གྱི་སྒྲུབ་ངག་དེས་སྒྲ་མི་རྟག་པར་སྒྲུབ་སྲིད་ཀྱང་སྒྲ་མི་རྟག་པར་སྒྲུབ་ངེས་པ་མ་ཡིན་ནོ། །

གཉིས་པ། ཕྱོགས་གླང་གོང་རོལ་ཏུ་བྱུང་བའི་ནང་བ་སངས་རྒྱས་པའི་གཏན་ཚིགས་རིག་པའི་སྒྲུབ་ངག་གི་དཔེ་བརྟག་པ། 

སྤྱི་ལོ་དུས་རབས་གསུམ་པར་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གཏན་ཚིགས་རིག་པའི་བསྟན་བཅོས《ཐབས་ལ་མཁས་པའི་སེམས་བསྟན་པ》ཞེས་པའི་གཞུང་ལས་བྱུང་བའི་སྒྲུབ་ངག་ནི།

བདག་ནི་རྟག་སྟེ།

དབང་ཤེས་ཀྱི་ཡུལ་མ་ཡིན་པའི་ཕྱིར།

ནམ་མཁའ་དབང་ཤེས་ཀྱི་ཡུལ་མིན་པས་རྟག་པའོ། །

དེའི་ཕྱིར་དབང་ཤེས་ཀྱི་ཡུལ་མ་ཡིན་པ་ཐམས་ཅད་རྟག་པའོ། །

བདག་ནི་དབང་ཤེས་ཀྱི་ཡུལ་མ་ཡིན།

ཅིའི་ཕྱིར་རྟག་པ་མ་ཡིན།ཞེས་པ་ལྟ་བུ། གོང་དུ་བཀོད་པའི་སྒྲུབ་ངག་གི་དཔེར་བརྗོད་འདི་གཞུང་དེའི་མཚུངས་པ་ལྟག་ཆོད་ཀྱི་ལེའུ་ལས་བྱུང་བའི་འཕེལ་བའི་དཔེར་བརྗོད་ཙམ་ཡིན་པས་སྒྲུབ་ངག་ཡང་དག་ཡིན་མིན་རེ་ཞིག་བཏང་སྙོམས་སུ་བཞག་ནས་དེའི་རྣམ་པའི་ཆ་ལ་དཔྱད་ཁུལ་ཙམ་བྱེད་ན། སྤྱིར་སྒྲུབ་ངག་དེ་གོང་དུ་བཤད་པའི་《རིགས་པའི་མདོ》དང་《ཙ་ར་ཀའི་སྨན་གཞུང》ལས་བྱུང་བའི་སྒྲུབ་ངག་ཡན་ལག་ལྔ་ལྡན་དང་ཡོངས་སུ་མཚུངས་ཏེ། དམ་བཅའ་དང་། གཏན་ཚིགས་དང་། དཔེ་དང། ཉེར་སྦྱར་དང་། མཇུག་བསྡུ་བ་སོགས་ཡན་ལག་ལྔ་ཚང་བར་ལྡན་པའི་ཕྱིར། དཔེའི་བྱེད་ལས་ནི། རྩོད་གཞི་ཆོས་ཅན་བདག་དང་དཔེ་ཆོས་ཅན་ནམ་མཁའ་གཉིས་བསྡུར་ཏེ། ནམ་མཁའ་དབངཤེས་ཀྱི་ཡུལ་མ་ཡིན་པ་བཞིན་དུ་བདག་ཀྱང་དབང་ཤེས་ཀྱི་ཡུལ་མ་ཡིན། དེས་ན་ནམམཁའ་རྟག་པ་ཡིན་པ་བཞིན་དུ་བདག་ཀྱང་རྟག་པ་ཡིན་པར་སྒྲུབ་པ་ཡིན། ཡིན་ན་ཡང་སྒྲུབ་ངག་དེ་གཞན་དང་མི་མཐུན་པའི་ཁྱད་ཆོས་ཤིག་ཡོད་པ་ནི། དབང་ཤེས་ཀྱི་ཡུལ་མ་ཡིན་པ་ཐམས་ཅད་རྟག་པའོ་ཞེས་པས་རྟགས་དང་བསྒྲུབ་བྱའི་ཆོས་བར་གྱི་རྗེས་སུ་འགྲོ་བའི་ཁྱབ་འབྲེལ་གསལ་བར་བསྟན་པ་ཡིན། སྐབས་དེའི་དཔེའི་བྱེད་ལས་ནི། ཕ་རོལ་པོའི་བློ་ངོར་དཔེ་ནམ་མཁའི་སྟེང་ནས་དབང་ཤེས་ཀྱི་ཡུལ་མ་ཡིན་པ་རྟག་པ་ཡིན་པར་ཚད་མས་ངེས་པ་ལས་དབང་ཤེས་ཀྱི་ཡུལ་མ་ཡིན་པ་ཐམས་ཅད་རྟག་པ་ཡིན་པར་སྒྲུབ་པར་བྱེད། སྒྲུབ་ཚུལ་དེ་ལ་ཕྱི་ཚུལ་གཏན་ཚིགས་རིག་པས་ཕྱོགས་བསྡུས་རྗེས་དཔག་(归纳推理) ཅེས་བཤད་དོ། །གཞན་ཡང་བདག་ནི་དབང་ཤེས་ཀྱི་ཡུལ་མ་ཡིན་ཞེས་པས་རྟགས་དེ་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ཡོད་པར་སྟོན་པའི་ཕྱོགས་ཆོས་ཀྱང་གསལ་བར་བསྟན་པས། རྟགས་ཀྱི་ཚུལ་གསུམ་དངོས་སུ་བརྗོད་པའི་སྒྲུབ་ངག་ཅིག་ཏུ་གྱུར་ཏོ། །སྒྲུབ་ངག་གང་དང་གང་ཞིག རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་སྟོན་བྱེད་ཚིག་དང་ཕྱོགས་ཆོས་སྟོན་བྱེད་ཀྱི་ཚིག་དངོས་སུ་བརྗོད་པས་ན་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་དང་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གང་རུང་དུ་འགྱུར་པས། སྒྲུབ་ངག་དེ་དག་ལ་བརྟེན་ནས་བསྒྲུབ་བྱ་སྒྲུབ་པའི་རྣམ་པ་ནི་རྗེས་ཀྱི་དཔལ་ལྡན་ཆོས་གྲགས་ཀྱིས་བཞེད་པའི་སྒྲུབ་ངག་དང་ཡོངས་སུ་མཐུན་ཞིང་། ཕྱི་ཚུལ་གཏན་ཚིགས་རིག་པ་ལས་བཤད་པའི་རྣམ་འབྱེད་རྗེས་དཔག་(演绎推理)གི་སྒྲུབ་ཚུལ་དང་མཐུན་པར་སྣང་ངོ། །དེས་ན་སྒྲུབ་ངག་དེའི་དཔེ་ལ་ནི་ནུས་པ་ཁྱད་པར་བ་གཉིས་ཡོད་དེ། གཅིག་ནི་དཔེ་ཆོས་ཅན་དང་རྩོད་གཞི་ཆོས་ཅན་གཉིས་བསྡུར་ནས་བསྒྲུབ་བྱ་སྒྲུབ་པ་དང་གཅིག་ནི་དཔེ་དེས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པར་སྟོན་པ་ཡིན་པས། དཔེ་ནུས་པ་གཉིས་འདྲེས་པར་བྱེད་པའི་སྒྲུབ་ངག་གཅིག་ཡིན་ནོ། །

དུས་རབས་བཞི་བར་སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི《དབུ་མ་དང་རྗེས་སུ་མཐུན་པ》ཞེས་པའི་གཞུང་ལས་བྱུང་བའི་སྒྲུབ་ངག་གི་རྣམ་པ་ནི།

སྒྲ་ནི་མི་རྟག་སྟེ།

བྱས་པ་ཡིན་པའི་ཕྱིར། རྒྱུ་རྐྱེན་འཇིག་པའི་ཕྱིར། སྐྱེས་ཟིན་པ་ཡིན་པའི་ཕྱིར།  

བྱས་པའི་ཆོས་ཡིན་ན་མི་རྟག་པ་ཡིན་དགོས།

དཔེར་ན་བུམ་པ་ལ་སོགས་པ་བཞིན།  

སྒྲ་ཡང་དེ་བཞིན་བྱས་པ་ཡིན་ཕྱིར་མི་རྟག་པ་ཡིན།

དེ་བཞིན་ཆོས་ཐམས་ཅད་བྱས་པ་ཡིན་ཕྱིར་མི་རྟག་པ་ཡིན།ཞེས་པ་ལྟ་བུ། སྒྲུབ་ངག་དེ་སྤྱིར་ཡན་ལག་ལྔ་ལྡན་ཡིན་པར་བཤད་དགོས་ཀྱང་། ཡན་ལག་སོ་སོའི་ངོ་བོ་ལ་བརྟག་ན་གོང་དུ་བཤད་པའི་ཕྱི་རོལ་པའི་གཞུང་ལས་བྱུང་བའི་ཡན་ལག་ལྔ་ལྡན་གྱི་སྒྲུབ་ངག་དང་གཏན་ནས་མི་མཐུན་ཏེ། དང་པོ་དཔེའི་བྱེད་ལས་མི་གཅིག་སྟེ། ཕྱི་རོལ་པའི་གཞུང་ལས་བྱུང་བའི་སྒྲུབ་ངག་གི་དཔེའི་ནུས་པ་ནི་དཔེ་དེ་དང་རྩོད་གཞི་གཉིས་ལ་ཡོད་པའི་ཁྱད་པར་གྱི་ཆོས་བསྡུར་ནས་བསྒྲུབ་བྱ་སྒྲུབ་པ་ཡིན། སྒྲུབ་ངག་འདིའི་དཔེའི་ནུས་པ་ནི་རྗེས་སུ་འགྲོ་བའི་ཁྱབ་པ་སྟེ། བྱས་པའི་ཆོས་ཡིན་ན་མི་རྟག་པ་ཡིན་དགོས་ཞེས་པའི་དོན་དེ་ངེས་བྱེད་དུ་དཔེ་བུམ་པ་བཀོད་དེ་སྒྲུབ་པ་ཡིན། གཉིས་པ་སྒྲུབ་ངག་འདིར་སྒྲ་ཡང་དེ་བཞིན་བྱས་པ་ཡིན་ཞེས་པ་ཕྱོགས་ཆོས་དངོས་སུ་བསྟན་ནས་རྟགས་ཀྱི་ཚུལ་གསུམ་ཡང་དག་པར་བརྗོད་པའི་སྒྲུབ་ངག་ཅིག་ཏུ་གྱུར། རྟགས་ཀྱི་ཚུལ་གསུམ་གསལ་བར་བརྗོད་པའི་ངག་ནི་གཞན་དོན་རྗེས་དཔག་གི་སྒྲུབ་ངག་ཡང་དག་ཡིན་ལ། སྒྲུབ་ངག་འདིར་དཔེ་བུམ་པ་བྱས་པ་ཡིན་པ་བཞིན་དུ་རྩོད་གཞི་སྒྲ་ཡང་བྱས་པ་ཡིན་ཞེས་པའི་དོན་ཙམ་ཡང་བསྟན་པས་ཕྱི་རོལ་བའི་ཡན་ལག་ལྔ་ལྡན་གྱི་སྒྲུབ་ངག་གི་ཁྱད་ཆོས་ཀྱང་ལྡན་ནོ། །

སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི《དེ་བཞིན་དངོས་ཡོད་བསྟན་པ》ཞེས་པའི་གཞུང་ལས་བྱུང་བའི་སྒྲུབ་ངག་གི་རྣམ་པ་ནི།  

སྒྲ་མི་རྟག་སྟེ།  

རྒྱུ་ལ་བརྟེན་ནས་སྐྱེས་པའི་ཕྱིར།  

དངོས་པོ་རྒྱུ་ལས་སྐྱེས་ན་མི་རྟག་པ་ཡིན་དགོས། དཔེར་ན་རྫ་བུམ་བཞིན།

དེ་རྒྱུ་ལས་སྐྱེས་པའི་ཕྱིར་མི་རྟག  

སྒྲ་ཡང་དེ་བཞིན་དུ་མི་རྟག ཞེས་པའོ། སྒྲུབ་ངག་དེ་ཡང་ཡན་ལག་ལྔ་ཡོད་མོད་ཅིང་། ཡན་ལག་སོ་སོའི་ངོ་བོ་ནི་གོང་དུ་བཤད་པའི་སློབ་དཔོན་ཐོགས་མེད་ཀྱི་སྒྲུབ་ངག་དང་ཡོངས་སུ་མཚུངས་ཏེ། སྒྲུབ་ངག་ཏུ་བཀོད་པའི་དཔེའི་བྱེད་ལས་ནི། རྟགས་ཆོས་ཀྱི་འབྲེལ་བ་སྟེ་རྗེས་སུ་འགྲོ་བའི་ཁྱབ་པ་ངེས་པར་བྱེད་པའི་ཆེད་དུ་ཡིན། སྒྲ་ཡང་དེ་བཞིན་ཡིན་ཞེས་པས་སྒྲ་ཡང་རྒྱུ་ལས་སྐྱེས་པ་ཡིན་ཞེས་ཕྱོགས་ཆོས་བསྟན། དེ་ལྟར་ཁྱབ་པ་དང་ཕྱོགས་ཆོས་དངོས་སུ་བསྟན་ནས་བསྒྲུབ་བྱ་སྒྲུབ་པ་ཡིན་པས་ན།ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཏུ་གྱུར་པས། རྒྱལ་བ་དགེ་འདུན་གྲུབ་པས་《ཚད་མ་རིགས་རྒྱན་》ལས་སློབ་དཔོན་དབྱིག་གཉེན་གྱི་སྐབས་སུ་ཡན་ལག་གཉིས་ལྡན་གྱི་སྒྲུབ་ངག་ཡོད་པར་གསུངས་པ་འདི་སྒྲུབ་ངག་དེ་དག་ལ་དམིགས་ནས་གསུངས་པ་ཡིན་ནམ་སྙམ།

གསུམ་པ། སློབ་དཔོན་ཕྱོགས་གླང་གི་ཡན་ལག་གསུམ་ལྡན་གྱི་སྒྲུབ་ངག་གི་དཔེ་བརྟག་པ།

《རིགས་པ་ལ་འཇུག་པ》ལས། དཔེར་ན་སྒྲ་མི་རྟག་པར་སྒྲུབ་པ་ནི་དམབཅའ་བའི་ཚིག་ཡིན་ནོ། །བྱས་པའི་ཕྱིར་ནི་གཏན་ཚིགས་ཡིན་ནོ། །གང་བྱས་པ་དེ་ནི་མི་རྟག་པར་མཐོང་སྟེ་བུམ་པ་ལསོགས་པ་བཞིན་ནོ། །མཐུན་ཕྱོགས་སུ་བརྗོད་ལ་ཡོད་པའི་རྗེས་འགྲོ་ཡིན་ནོ། །གང་རྟག་པ་དེ་བྱས་པ་མ་ཡིན་པར་མཐོང་སྟེ་ནམ་མཁའ་བཞིན་ནོ། །ལྡོག་པར་བརྗོད་ལ། ཡ་གྱལ་གསུམ་པོ་ནི་སྒྲུབ་པར་བྱེད་པ་ཡང་དག་གོ །ཞེས་པར་ཡན་ལག་གསུམ་ལྡན་གྱི་སྒྲུབ་ངག་གསལ་བར་བསྟན། སྒྲུབ་ངག་གི་རྣམ་པ་ནི།

སྒྲ་ནི་མི་རྟག་སྟེ།

བྱས་པའི་ཕྱིར།

གང་བྱས་པ་དེ་ནི་མི་རྟག་པར་མཐོང་། དཔེར་ན་བུམ་པ་བཞིན།

གང་རྟག་པ་དེ་བྱས་པ་མ་ཡིན་པར་མཐོང་། དཔེར་ན་ནམ་མཁའ་བཞིན། ཞེས་པ་ལྟ་བུའོ། །འདི་ལྟར་སྒྲུབ་པའི་རྣམ་པ་བློའི་སྟེང་དུ་ཡོད་པའི་ཚེ་སྒྲུབ་པར་བྱེད་པ་ཞེས་ཟེར། ངག་གིས་བརྗོད་པའི་ཚེ་སྒྲུབ་པར་བྱེད་པའི་ངག་སྟེ་སྒྲུབ་ངག་ཅེས་བརྗོད་དོ། །གོང་དུ་བཀོད་པའི་སྒྲུབ་ངག་འདི་ནི་ཕྱོགས་གླང་གི་ཡན་ལག་གསུམ་ལྡན་གྱི་སྒྲུབ་ངག་ཅེས་པའོ། །ཡན་ལག་གསུམ་པོ་གང་ཞེ་ན། དམབཅའ་དང་། གཏན་ཚིགས། དཔེ་བཅས་གསུམ་མོ། །ཡན་ལག་གསུམ་ལྡན་གྱི་སྒྲུབ་ངག་དེ་རང་གི་བསྒྲུབ་བྱ་ཇི་ལྟར་བསྒྲུབ་ཅེ་ན། གང་བྱས་པ་དེ་ནི་མི་རྟག་པར་མཐོང་། དཔེར་ན་བུམ་པ་བཞིན་ཞེས་པས་རྗེས་སུ་འགྲོ་བའི་ཁྱབ་པ་དངོས་སུ་བསྟན་ཅིང་། གང་རྟག་པ་དེ་བྱས་པ་མ་ཡིན་པར་མཐོང་། དཔེར་ན་ནམ་མཁའ་བཞིན་ཞེས་པས་ལྡོག་པའི་ཁྱབ་པ་བསྟན། ཕྱོགས་ཆོས་སྒྲ་བྱས་པ་ཡིན་པ་དངོས་སུ་མ་བརྗོད་ཀྱང་སྦྱོར་བས་ཤུགས་ཀྱིས་བསྟན། རྟགས་ཀྱི་ཚུལ་གསུམ་ཚང་བར་བརྗོད་དེ་བསྒྲུབ་བྱ་སྒྲ་མི་རྟག་པར་བསྒྲུབས། ཕྱོགས་གླང་གི་ལུགས་ཡིན་ན་ཚུལ་གསུམ་ཚང་དགོས་ཏེ། རྟགས་ཡང་དག་གི་མཚན་ཉིད་ཚུལ་གསུམ་ཚང་བ་ཡིན་པའི་ཕྱིར། སྒྲུབ་ངག་འདིར་རྗེས་ཁྱབ་དང་ལྡོག་ཁྱབ་བརྗོད་པའི་རྗེས་སུ་མཐུན་དཔེ་བུམ་པ་དང་མི་མཐུན་དཔེ་ནམ་མཁའ་བཀོད་པའི་དགོས་པ་ཅི། དཔེ་དེའི་བྱེད་ལས་གང་ཡིན་ཞེ་ན། མཐུན་དཔེ་བུམ་པ་དེ་གང་བྱས་པ་དེ་ནི་མི་རྟག་པར་མཐོང་ཞེས་པའི་ཁྱབ་མཐའ་དེའི་སྒྲུབ་བྱེད་ཡིན་ལ། དེས་དེ་ཇི་ལྟར་སྒྲུབ་ཅེ་ན། ཕྱི་ཚུལ་གཏན་ཚིགས་རིག་པ་ལས་བཤད་པའི་ཕྱོགས་བསྡུས་རྗེས་དཔག་གི་ཐབས་ལ་བརྟེན་ནས་སྒྲུབ་པ་ཡིན། ཕྱོགས་བསྡུས་རྗེས་དཔག་ལ་ཡོངས་སུ་བསྡུས་པ་དང་ཡོངས་སུ་མ་བསྡུས་པ་གཉིས་ལས་ཡོངས་སུ་མ་བསྡུས་པའི་རྗེས་དཔག་ལ་བརྟེན་ནས་བསྒྲུབ་དགོས། སྐབས་དེའི་བསྒྲུབ་བྱ་ནི་བྱས་པ་ཡིན་པ་ཐམས་ཅད་མི་རྟག་པ་ཡིན་ཞེས་པ་དེ་ཡིན་ལ། བྱས་པའི་བྱེ་བྲག་བུམ་པ་མི་རྟག་པ་ཡིན། བྱས་པའི་བྱེ་བྲག་ཀ་བ་ཡང་མི་རྟག་པ་ཡིན། དེ་ལྟར་བྱས་པའི་བྱེ་བྲག་མང་པོ་ཚང་མ་མི་རྟག་པ་ཡིན་པས། བྱས་པ་ཡིན་པ་ཐམས་ཅད་མི་རྟག་པ་ཡིན་ཞེས་པར་བསྒྲུབས་སོ་། །འདིར་བྱས་པའི་བྱེ་བྲག་ཡོད་དོ་ཅོག་དཔེར་བྱས་ནས་བཀོད་མི་ནུས་པས་ཡོངས་སུ་མ་བསྡུས་པའི་རྗེས་དཔག་ཡིན་པ་གསལ་ལོ། །ལྡོག་ཁྱབ་སྒྲུབ་པ་ལ་མི་མཐུན་དཔེ་ནམ་མཁའ་བཀོད་དེ་རྟག་པའི་བྱེ་བྲག་ནམ་མཁས་བྱས་པ་མ་ཡིན་པས། རྟག་པའི་བྱེ་བྲག་མང་པོ་བྱས་པ་མ་ཡིན། དེ་བས་རྟག་པ་ཡིན་པ་ཐམས་ཅད་བྱས་པ་མ་ཡིན་པར་བསྒྲུབས། སྒྲུབ་ཚུལ་དེ་ནི་ཁྱབ་མཐའ་སྒྲུབ་བྱེད་ཀྱི་ཐབས་གཙོ་བོ་ཡིན་ནོ། །ཁྱབ་མཐའ་བསྒྲུབས་རྗེས་ཕྱོགས་ཆོས་བརྗོད་པ་ན། དེ་ལས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བ་ཡིན་ནོ། །

བཞི་བ། དཔལ་ལྡན་ཆོས་གྲགས་ཀྱི་ཡན་ལག་གཉིས་ལྡན་གྱི་སྒྲུབ་ངག་གི་དཔེ་བརྟག་པ།

སྤྱི་ལོ་དུས་རབས་བདུན་པ་ནས་བརྒྱད་པའི་བར། དཔལ་ལྡན་ཆོས་ཀྱི་གྲགས་པས་གཞན་དོན་རྗེས་དཔག་གི་སྒྲུབ་ངག་ཡན་ལག་གཉིས་ལྡན་དུ་བཅོས། 《རྣམ་ངེས》ལས། ཚུལ་གསུམ་པའི་རྟགས་བསྟན་པར་བྱེད་པ་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་པའི་ཕྱིར། དོན་གྱིས་ན་ཕྱོགས་ཀྱི་ཚིག་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བཤད་པར་རིག་པར་བྱའོ་ཞེས་གསུངས། དོན་ནི་གཞན་དོན་རྗེས་དཔག་གི་སྒྲུབ་ངག་ཡིན་ན་ཚུལ་གསུམ་པའི་རྟགས་བརྗོད་པ་ལས་བསྒྲུབ་བྱའམ་ཕྱོགས་ཀྱི་ཚིག་རྟགས་ཚུལ་མ་ཡིན་པས་བརྗོད་མི་དགོས་ཞེས་པའོ། །སྒྲུབ་ངག་གི་རྣམ་པ་ནི་གཉིས་ཏེ། ཆོས་མཐུན་སྦྱོར་དང་ཆོས་མི་མཐུན་སྦྱོར་བའོ། །ཆོས་མཐུན་པའི་སྦྱོར་བ་ནི།

བྱས་པ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ། དཔེར་ན་བུམ་པ་བཞིན།  

སྒྲ་ཡང་བྱས་སོ། །ཞེས་པའོ། །ཞེས་པར་རྗེས་ཁྱབ་སྟོན་པའི་ཚིག་དང་ཕྱོགས་ཆོས་སྟོན་པའི་ཚིག་གཉིས་ལས་ཕྱོགས་ཀྱི་ཚིག་མེད་པས་ཡན་ལག་གཉིས་ལྡན་དུ་གྱུར། སྐབས་དེའི་དཔེ་དེའི་ནུས་པ་ཅི་ཡིན་ཞེ་ན། རྗེས་ཁྱབ་ཀྱི་དོན་རྣམས་ངེས་པའི་ཆེད་དུ་ཡིན། རྗེ་ཙོང་ཁ་པ་ཆེན་པོས་《ཚད་མའི་ལམ་བསྒྲིགས》ལས། ཁྱབ་པ་ལ་དཔེ་དགོས་པའི་རྒྱུ་མཚན། བྱས་པ་ལ་མི་རྟག་པས་ཁྱབ་པ་དེ་ངེས་པའི་གཞི་མེད་པར་མི་རུང་སྟེ། གཞི་དང་མ་འབྲེལ་བ་ཚད་མའི་གཞལ་བྱ་མི་རུང་བའི་ཕྱིར་རོ། །ཞེས་གསུངས་པ་དང་། རྒྱལ་ཚབ་རྗེས་《རིགས་ཐིགས་འགྲེལ་བ》ལས། དཔེ་ཡང་དག་གིས་ཁྱབ་པ་ངེས་པར་སྟོན་ཅིང་། ཁྱབ་པ་ངེས་པ་ཡང་དཔེ་ཡང་དག་ལ་ངེས་པར་བལྟོས་ཏེ། ཁྱབ་པ་དཔེས་སྟོན་པ་ལས་གཞན་དུ་ན་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་དང་། མི་མཐུན་པའི་ཕྱོགས་དག་མེད་པས་ཇི་སྐད་བསྟན་པའི་ཁྱབ་པ་རྣམ་པ་དག་བསྟན་པར་མི་ནུས་པའི་ཕྱིར་རོ། །ཞེས་དང་། དཔེ་ཡང་དག་དེའི་ཚུལ་ནི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་སྟོན་པ་དེ་ཙམ་དུ་ཟད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་དེ་དཔེའི་སྟེང་ནས་ངེས་དགོས་པའི་རྒྱུ་མཚན་གསལ་བར་བསྟན། ཇི་ལྟར་ངེས་ཚུལ་ནི་གོང་དུ་ཡན་ལག་གསུམ་ལྡན་གྱི་སྒྲུབ་ངག་གི་དཔེས་ཁྱབ་པ་ཇིལྟར་སྒྲུབ་ཚུལ་དང་མཐུན། དཔེ་ཅི་ཙམ་མང་ན་ཁྱབ་པ་ངེས་བྱེད་ཀྱི་ཤུགས་དེ་ཙམ་དུ་ཆེར་འགྲོ་བ་ཡིན། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གི་དཔེ་ཡང་དེ་དང་མཚུངས་སོ། །

དཔལ་ལྡན་ཆོས་ཀྱི་གྲགས་པས《རིགས་ཐིགས》ལས། གཏན་ཚིགས་ཀྱི་མཚན་ཉིད་གསུམ་སྨོས་པ་དེ་ཙམ་གྱིས་དོན་རྟོགས་པས་དཔེ་ཞེས་བྱ་བ་སྒྲུབ་པའི་ཡན་ལག་ནི་ལོགས་ཤིག་ཏུ་ཅི་ཡང་མེད་དོ་ཞེས་གསུངས་པ་ལ། རྒྱལ་ཚབ་དར་མ་རིན་ཆེན་གྱིས་《རིགས་ཐིགས་འགྲེལ་བ》ལས། དཔེ་ཞེས་བྱ་བ་སྒྲུབ་པར་བྱེད་པའི་ཡན་ལག་ནི་ཚུལ་གསུམ་ལས་ལོགས་ཤིག་ན་བསྟན་དགོས་པ་ཡང་མེད་དེ། གཏན་ཚིགས་ཀྱི་མཚན་ཉིད་ཚུལ་གསུམ་སྨོས་པ་དེ་ཙམ་གྱིས་དཔེ་ཡང་དག་གི་དོན་རྟོགས་པས་སོ། །དཔེ་མེད་ན་ཁྱབ་པ་ཇི་ལྟར་ངེས་ཞེ་ན། དཔེ་མེད་ཅེས་མི་ཟེར་གྱི། གཏན་ཚིགས་ཀྱི་མཚན་ཉིད་གཏན་ལ་ཕབ་པ་ལས་ལོགས་ཤིག་ན། དེར་མ་འདུས་པའི་བཤད་པར་བྱ་བ་ཅུང་ཟད་ཀྱང་མེད་དོ། །དཔེའི་མཚན་ཉིད་བཤད་པ་ནི་དཔེ་ཁོང་དུ་ཆུད་པ་ཡིན་ལ། དེ་ཡང་གཏན་ཚིགས་ཀྱི་མཚན་ཉིད་བཤད་པས་ཁོང་དུ་ཆུད་པའི་ཕྱིར་མ་བསྟན་ཏོ། །དེས་ན་དཔེ་ཡང་དག་དེའི་མཚན་ཉིད་གཏན་ཚིགས་ཀྱི་མཚན་ཉིད་ལས་ལོགས་ཤིག་ཏུ་བརྗོད་མི་དགོས་ཤིང་མ་བརྗོད་དེ། དེ་དངོས་སུ་མ་བརྗོད་ཀྱང་དོན་གྱིས་གོ་བའི་ཕྱིར་རོ། །ཞེས་གསུངས་པ་ནི་སློབ་དཔོན་ཕྱོགས་གླང་གི་ཡན་ལག་གསུམ་ལྡན་གྱི་སྒྲུབ་ངག་ལ་ལྟོས་ནས་དཔེའི་ཡན་ལག་ཞེས་པ་ལོགས་སུ་བརྗོད་མི་དགོས་པར་བསྟན་པ་ཡིན་གྱི། རྟགས་ཀྱི་ཚུལ་གསུམ་གསལ་བར་སྟོན་པའི་གཞན་དོན་རྗེས་དཔག་གི་སྒྲུབ་ངག་ལ་དཔེ་སྟོན་མི་དགོས་ཞེས་པའི་དོན་མིན་པ་འདྲ། བློ་ལྡན་རྣམས་ཀྱིས་བརྟག་པར་གྱིས།  

དེ་ཡང་ཚུལ་གསུམ་མི་ཤེས་པའམ་མ་རྟོགས་པའི་ཕྱི་རྒོལ་ལ་སྒྲུབ་ངག་དེ་ལྟ་བུ་བཀོད་ན་གང་ཟག་དེ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེའམ་མི་སྐྱེ། 《རྣམ་འགྲེལ》གྱི་ལུགས་ལྟར་ན་མི་སྐྱེ་སྟེ། ནང་གི་ཡན་ལག་ནུས་པ་ནི། །ཚུལ་གསུམ་དག་ལ་ཡང་དག་གནས། །དེ་ལ་དྲན་པ་སྐྱེད་པ་ནི། །དེ་ཉིད་ཚིག་ལ་ཡང་དག་གནས། །ཞེས་གསུངས་པ་ལྟར། ཚུལ་གསུམ་ངེས་བྱེད་ཀྱི་ཚད་མས་ཚུལ་གསུམ་ངེས་པར་བྱེད་ཅིང་། ཚུལ་གསུམ་ངེས་ཟིན་མ་བརྗེད་པ་དེ་དག་དྲན་པར་སྒྲུབ་ངག་གིས་བྱེད་ལ། ཚུལ་གསུམ་དྲན་པའི་དྲན་ཤེས་ལས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བ་ཡིན་ནོ། །

མཁས་གྲུབ་རྗེས་《སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ》ལས། སྒྲུབ་ངག་གི་བྱེད་ལས་ནི་ཚུལ་གསུམ་ཤེས་ཟིན་དྲན་པར་བྱེད་པ་ཡིན་གྱི། མ་ཤེས་པ་ཤེས་པར་བྱེད་པ་མ་ཡིན་པས། ཞེས་དང་། དེ་ལྟ་མ་ཡིན་པར། སྒྲུབ་ངག་གི་ཚུལ་གསུམ་མ་ཤེས་པ་ཤེས་པར་བྱེད་ནུས་ན་ཚུལ་གསུམ་བརྗོད་པའི་ངག་ཙམ་ལས་ཚུལ་གསུམ་ངེས་པའི་བློ་སྐྱེ་བར་ཐལ་ལོ། །འདོད་ན། བསྒྲུབ་བྱ་བརྗོད་པའི་ཚིག་ཙམ་ལས་བསྒྲུབ་བྱ་ངེས་པའི་བློ་སྐྱེ་བར་མཚུངས་པས་རྗེས་དཔག་འཇུག་པ་དོན་མེད་པ་ཉིད་དུ་འདོད་པར་གྱིས་ཤིག ཞེས་གསུངས་ལ། དེས་ན་ཚུལ་གསུམ་མི་ཤེས་པའི་ཕྱི་རྒོལ་དེ་ཕྱི་རྒོལ་ཡང་དག་མ་ཡིན་ཏེ། དེ་ལ་སྒྲུབ་ངག་ཅི་ཙམ་བཀོད་ཀྱང་དྲན་པ་མི་སྐྱེ་བའི་ཕྱིར། ཕྱི་རྒོལ་ཡང་དག་ཡིན་ན་ཚུལ་གསུམ་ངེས་ཟིན་མ་བརྗེད་པ་ཞིག་ཡིན་དགོས་པའི་ཕྱིར། དེས་ན་ཚུལ་གསུམ་ངེས་ཟིན་མ་བརྗེད་པའི་ཕྱི་རྒོལ་དེ་ལ་གང་བྱས་ན་མི་རྟག་པས་ཁྱབ། སྒྲ་བྱས་པ་ཡིན་ཞེས་པར་བརྗོད་ན་ཕྱི་རྒོལ་གྱིས་དེའི་དོན་ངེས་ཟིན་པས་དེ་ལྟར་བརྗོད་པའི་སྒྲ་ཙམ་ཐོས་ནས་གང་བྱས་ན་མི་རྟག་པས་ཁྱབ་པ་དང་སྒྲ་བྱས་པ་ཡིན་པའི་དྲན་ཤེས་སྐྱེ་བ་དང་དྲན་པ་དེ་ལ་བརྟེན་ནས་བསྒྲུབ་བྱ་སྒྲ་མི་རྟག་པ་ཡིན་པ་རྟོགས་པའི་རྗེས་དཔག་སྐྱེ་ནུས་སོ། དེ་ལྟར་འདོད་ན། སྒྲུབ་ངག་ཏུ་ཁྱབ་པ་བརྗོད་པའི་ཚིག་དངོས་སུ་བསྟན་ཏེ་དེ་ངེས་བྱེད་ཀྱི་དཔེ་མ་བརྗོད་ཀྱང་དོན་གོ་བར་གྱུར་ཏེ། དོན་དེ་ཤེས་ཟིན་མ་བརྗེད་པ་ཡིན་ཞིང་ཚིག་འདི་ཐོས་པ་ཙམ་གྱིས་དྲན་པ་སྐྱེ་ནུས་པའི་ཕྱིར། གལ་ཏེ་སྒྲུབ་ངག་ཏུ་དཔེ་མ་བརྗོད་ན་ཁྱབ་པ་སྟོན་པའི་ཚིག་བརྗོད་ཀྱང་ཕྱི་རྒོལ་གྱིས་དེ་ངེས་པའི་དྲན་པ་མི་སྐྱེ་བ་དང་། དཔེ་དངོས་སུ་བརྗོད་ན་དྲན་པ་སྐྱེ་བ་ཡིན་པར་འདོད་ན། འོ་ན་སྒྲུབ་ངག་ཏུ་མཐུན་དཔེ་དང་མི་མཐུན་དཔེ་ལས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་བྱེད་ཀྱི་བློས་དཔྱད་དེ་ངེས་དགོས་པས། སྒྲུབ་ངག་གི་བྱེད་ལས་ཚུལ་གསུམ་ཤེས་ཟིན་དྲན་པར་བྱེད་པ་མ་ཡིན་པར་མ་ཤེས་པ་ཤེས་པར་བྱེད་པ་ཞིག་ཡིན་པར་གྱུར། འདོད་ན《རྣམ་འགྲེལ》གྱི་དགོངས་པ་དང་འགལ་ལོ། །

དཔེ་མ་བརྗོད་ཀྱང་ཁྱབ་པ་སྟོན་པའི་ཚིག་འབའ་ཞིག་བརྗོད་པས་ཕྱི་རྒོལ་གྱིས་ཚུལ་གསུམ་ཤེས་ཟིན་མ་བརྗེད་པ་ཡིན་པས་ཁྱབ་པའི་དོན་དྲན་པའི་དྲན་ཤེས་སྐྱེ་ན་དཔེའི་ནུས་པ་མེད་པར་གྱུར། དཔེ་བརྗོད་ཀྱང་མ་བརྗོད་ཀྱང་ཁྱད་པར་མེད་པར་འགྱུར་རོ། །འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་མཆོག་གིས་མཛད་པའི《རྣམ་འགྲེལ་འགྲེལ་བ》ལས། རང་སྡེ་ཁ་ཅིག་དམ་བཅའ་གཏན་ཚིགས་དཔེ་གསུམ་གྱི་ཡན་ལག་དུ་འདོད་ཀྱང། དཔེ་ནི་ཁྱབ་པ་སྟོན་པའི་དཔེ་ཙམ་ཡིན་གྱི་ཟུར་དུ་རང་ནུས་ཁྱད་པར་བ་མེད་ལ། ངག་ཡན་ལག་གཉིས་ལྡན་ཕྱོགས་ཆོས་དང་ཁྱབ་པ་བརྗོད་པ་འདི་ཙམ་ལས་གཞན་པ་དོན་མེད་དེ།ཞེས་སྒྲུབ་ངག་ཡན་ལག་གཉིས་ལྡན་ལ་ཚུལ་གསུམ་བརྗོད་པ་སྟེ། ཕྱོགས་ཆོས་དང་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གང་རུང་བརྗོད་པ་ལས་གཞན་པ་དཔེ་ལྟ་བུ་བརྗོད་པ་དོན་མེད་པར་བསྟན་པ་ཡིན། དེས་ན་སྒྲུབ་ངག་ཏུ་དཔེ་འགོད་པའི་དགོས་པ་ཅི། དཔེ་མ་བཀོད་ན་སྒྲུབ་ངག་ཏུ་རུང་མི་རུང་། དཔེ་མ་བརྗོད་ན་སྒྲུབ་ངག་གི་བྱེད་ལས་ལ་གནོད་མི་གནོད། དཔེ་མ་བརྗོད་པར་ཁྱབ་པ་དང་ཕྱོགས་ཆོས་གཉིས་ཏེ། བྱས་ན་མི་རྟག་པས་ཁྱབ་པ་དང་། སྒྲ་ནི་བྱས་པ་ཡིན་ཞེས་པ་ཚིག་གཉིས་ལས་བསྒྲུབ་བྱ་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་སྐྱེའམ་མི་སྐྱེ་ལ་སོགས་པའི་དོགས་པ་བདག་བློར་ཡུན་རིང་དུ་གནས་པས། ཚད་མའི་རིག་པའི་གཞུང་ལ་ནང་བྱན་ཆུད་ཅིང་ཕུ་ཐག་ཆོད་པའི་མཁས་པ་དང་དགེ་བཤེས་རྣམ་པ་དང་ལྷན་དུ་གྲོས་ཏེ་སེམས་ཀྱི་དོགས་པ་གྲོལ་བའི་རེ་འབྲས་སྨིན་པར་མཛོད། བཀྲ་ཤིས། དགེའོ། །

 ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་༡༩༩༥ལོར་པར་དུ་བསྐྲུན་བྱས་པའི《ཚད་མ་རྣམ་འགྲེལ་གྱི་གཞུང་གསལ་བོར་བཤད་པ་ལེགས་བཤད་སྣང་བའི་གཏེར》ཞེས་བྱ་བའི་བསྟན་བཅོས་ཀྱི་ཤོག་ངོས་༤༤༨ལ་གསལ།

བརྒྱུད་འགོད།
0