གཏན་ཚིགས་ཕྱོགས་ཆོས་འཁོར་ལོའི་སྐོར་རགས་ཙམ་གླེང་བ།

སྤེལ་དུས།  2017-12-16   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  འགར་རྩེ་ཚུལ་ཁྲིམས།   ཀློག་གྲངས།  

ནང་དོན་གནད་བསྡུས།སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཕྱོགས་ཆོས་འཁོར་ལོའི་གཏན་ཚིགས་དགུའི་བྱུང་འཕེལ་དང་མཐུན་དཔེ་མི་མཐུན་དཔེ་སོགས་གལ་ཆེ་བར་བརྗོད་ཡོད།

བརྡ་ཆད་གཙོ་བོ།སློབ་དཔོན་ཕྱོགས་གླང་།  གཏན་ཚིགས་དགུ  མཐུན་དཔེ།  མི་མཐུན་དཔེ།  རེའུ་མིག་དགུ

བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །

དང་པོ།  ཕྱོགས་ཆོས་འཁོར་ལོའི་བྱུང་འཕེལ་གྱི་སྐོར།

སློབ་དཔོན་ཕྱོགས་ཀྱི་གླང་བོ་ཞེས་བྱ་བ་མཚན་སྙན་འཕགས་བོད་ཀུན་ལས་བརྒལ་ཞིང་རང་གཞན་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་པའི་བདག་ཉིད་ཆེན་པོ་དེའི་འཁྲུངས་ཡུལ་(ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་)ལྷོ་ཕྱོགས་གྲོང་ཁྱེར་སིངྒ་བཀྟ་ཞེས་བྱ་བ་ཀཉྩའི་ཡུལ་དང་ཉེ་བ་ཞིག་ཏུ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། (དགེ་བཤེས་ཡེ་ཤེས་དབང་ཕྱུག་གི་ཚད་མའི་དགོངས་རྒྱན)ཕལ་ཆེར་དུས་རབས་དྲུག་པའི་མཇུག་ཙམ་ནས་དུས་རབས་བདུན་པའི་མགོ་ཙམ་དུ་ངེས། བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སུའང་བཞུགས་ཡོད་པར་གྲགས། སློབ་དཔོན་དབྱིག་གཉེན་དང་བོད་རྒྱལ་ལྷ་ཐོ་ཐོ་རིའི་དུས་མཚུངས་པར་ཡང་བཤད། སློབ་དཔོན་དབྱིག་གཉེན་ལ་རང་ལས་མཁས་པའི་སློབ་མ་བཞི་བྱུང་བ་ལས་ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་གླང་ཞེས་བཤད། ཁོང་ཆུང་དུས་འཁོར་བ་ལ་ཡིད་སུན་ཏེ་གནས་མ་བུའི་མཁན་པོ་ནཱ་ག་དཏྟ་སྟེ་གླང་བོ་བྱིན་ཞེས་པ་ལས་རབ་ཏུ་བྱུང་ཞིང་མཚན་ལ་ཕྱོགས་ཀྱི་གླང་བོར་གསོལ། ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལ་མཁས་པར་བྱས། མཁན་པོ་དེ་ཉིད་ལ་གདམས་ངག་ཞུས་པས། བརྗོད་དུ་མེད་པའི་བདག་འཚོལ་བའི་གདམས་པ་བྱིན་ནོ། །དེར་རྣམ་པར་བརྟགས་ཤིང་བཙལ་ན་ཡོད་པར་མ་མཐོང་སྟེ། ཉིན་མོ་སྐར་ཁུང་ཐམས་ཅད་བསལ། མཚན་མོ་ཕྱོགས་བཞིར་མར་མེ་བཏང་སྟེ། ལུས་གཅེར་བུར་ཕྱུང་ནས་ཕྱི་ནང་ཀུན་ཏུ་བཙལ་བས། གྲོགས་མཐོང་ནས་མཁན་པོ་ལ་ཞུས། མཁན་པོས་དྲིས་པ་ན་བདག་བློ་གྲོས་དམན་པས་མཁན་པོས་བསྟན་པའི་བདག་དེ་ཉིད་གང་ཡིན་པ་མ་མཐོང་། དེ་བས་སྒྲིབ་བྱེད་ཀྱིས་བསྒྲིབས་སམ་སྙམ་ནས་དེ་ལྟར་བཙལ་བ་ཡིན་ཞུས། དོན་གྱིས་བརྗོད་མེད་ཀྱི་བདག་འགོག་བྱེད་ཀྱི་རིགས་པ་རྣམས་ཀྱང་བསྟན་པས། མཁན་པོ་ཁྲོས་ཏེ། ཁོ་བོའི་གྲུབ་མཐའ་ལ་ཟུར་ཟ་བ་ཁྱོད་མ་འདུག་ཅེས་བསྐྲད་པ་ན། ཕྱག་བཙལ་ནས་ཕྱིར་བྱོན། མཐར་གྱིས་སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་གཤེགས། ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་གསན་མདོ་ལྔ་བརྒྱ་ཙམ་བཟུང་བར་གྲགས། ཁྱད་པར་དུ་སྔགས་མཁན་གྱི་སློབ་དཔོན་ཞིག་ལས་རིག་སྔགས་མནོས་ཏེ་འཇམ་དཔལ་གྱི་ཞལ་མཐོང་ཞིང་ལུང་བསྟན་པ་ལྟར། ཨོ་ཊིབི་ཤའི་ཡུལ་གྱི་དབེན་གནས་བྷོ་ཏ་སཻ་ལ་ཞེས་བྱ་བའི་བྲག་ཕུག་སོགས་སུ་བསམ་གཏན་ལ་བརྩོན་པ་དང་། དེའི་རྗེས་ན་ལེནྡྲར་མུ་སྟེགས་ཀྱི་རྒོལ་བ་བྱུང་བ་དག་སུན་ཕྱུང་ཞིང་སངས་རྒྱས་ཀྱི་བསྟན་པ་ལ་བཀོད། གནས་དེར་དགེ་འདུན་གྱི་སྡེ་རྣམས་ལ་མདོ་སྡེ་དུ་མ་འཆད་ཅིང་ཆོས་མངོན་པ་རྒྱས་པར་མཛད། རྣམ་རིག་དང་རིགས་སྒོ་སོགས་ཚད་མའི་བསྟན་བཅོས་མང་དུ་མཛད་པ་བསྡོམས་ན་ཚད་མའི་བསྟན་བཅོས་བརྒྱ་མཛད་ཡོད་པར་གྲགས། སླར་ཨོ་ཊི་བི་ཤའི་ཡུལ་དུ་གཤེགས་ནས་སྔར་ཐོར་བུ་ཐོར་བུར་བརྩམས་པའི་ཚད་མའི་བསྟན་བཅོས་དག་ཕྱོགས་གཅིག་ཏུ་བསྡུ་བར་དགོངས་ནས་ཚད་མ་ཀུན་བཏུས་ཀྱི་མཆོད་བརྗོད་པ་དང་རྩོམ་པར་དམ་བཅའ་མཛད་པ་ན། ས་གཡོ་བ་དང་སྣང་བས་ཁྱབ་པ། སྒྲ་ཆེན་གྲགས་པས་མུ་སྟེགས་བྲམ་ཟེ་ནག་པོས་ཚུལ་དེ་ཤེས་ནས་སློབ་དཔོན་བསོད་སྙོམས་ལ་བཞུད་ཤུལ་རེར་དེར་ལན་གཉིས་འོངས་ནས་བསུབས། ལན་གསུམ་པར་སློབ་དཔོན་གྱིས་ཚིགས་བཅད་ཀྱི་རྗེས་སུ་འདི་ཀུ་རེ་དང་ཀྱལ་ཀའི་ཕྱིར་བསུབ་པ་ཡིན་ན་དགོས་པ་ཆེན་པོ་ཡོད་པས་མ་བསུབ་ཅིག  གལ་ཏེ་དོན་དེ་རྩོད་པར་འདོད་ན་ལུས་སྣང་བར་གྱིས་ཞེས་བྲིས་ནས། ཡང་བསོད་སྙོམས་ལ་ཕེབས་ཤུལ་དུ་བསུབ་ཏུ་འོངས་ཏེ་ཡི་གེ་མཐོང་ནས་བསྡད། སློབ་དཔོན་གྱིས་དེར་བསྟན་པ་དཔང་དུ་བཙུགས་ཏེ་བརྩད་པས་ལན་མང་པོར་མུ་སྟེགས་ཕམ་པས། ད་ཁྱོད་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ཤིག་བྱས་པ་ན། དེས་སྔགས་བཟླས་པའི་ཐལ་བ་གཏོར་བས་སློབ་དཔོན་གྱི་ཡོ་བྱད་རྣམས་ཚིག་སློབ་དཔོན་ཡང་ཚིག་ལ་ཁད་བྱུང་སྟེ། མུ་སྟེགས་ཕྱིར་སོང་། སློབ་དཔོན་གྱིས་འདི་གཅིག་པུའི་དོན་ཡང་མི་ནུས་ན་གཞན་དོན་ག་ལ་ནུས་སྙམ་དུ་སེམས་བསྐྱེད་གཏོང་བར་བརྩམས་པ་ན། འཕགས་པ་འཇམ་དཔལ་མངོན་སུམ་དུ་བྱོན་ཏེ། ཁྱོད་ཀྱི་བསྟན་བཅོས་འདི་ལ་མུ་སྟེགས་ཚོགས་ཀྱིས་གནོད་པར་མི་ནུས་པས་ཕྱི་མའི་དུས་ན་འགྲོ་བ་ཀུན་གྱི་མིག་གཅིག་ཏུ་འདི་འགྱུར་རོ་ཞེས་ལུང་བསྟན་ཞིང་བསྟན་བཅོས་ཚད་མ་ཀུན་ལས་བཏུས་པ་ཡང་ལེགས་པར་བརྩམས། གཏན་ཚིགས་ཕྱོགས་ཆོས་འཁོར་ལོ་ཤོ་ལོ་ཀ་བཅུ་གཅིག་དང་རྐང་བ་གཉིས་ཀྱི་བདག་ཉིད་ཅན་འདི་ནི་སློབ་དཔོན་ཕྱོགས་ཀྱི་གླང་བོས་ཚད་མ་ཀུན་ལས་བཏུས་པའི་སྔོན་གྱི་ཚད་མའི་བསྟན་བཅོས་ཐོར་བུ་བརྒྱ་ཕྲག་བརྩམས་པའི་གྲས་ཡིན་ལ། དེས་ན་སློབ་དཔོན་ཕྱོགས་གླང་གིས་བརྩམས་པའི་ཕྱོགས་ཆོས་འཁོར་ལོ་ནི་དུས་རབས་བདུན་པའི་མགོ་ཙམ་ལ་འཕགས་ཡུལ་དུ་ཐོག་མར་བྱུང་བ་དང་། ཚད་མ་ཀུན་བཏུས་དང་ཀུན་ལས་བཏུས་པའི་རང་འགྲེལ་གཉིས་ལས་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུ་གསུངས་ཏེ། ཀུན་བཏུས་རང་འགྲེལ་ལས། ཕྱོགས་ཀྱི་ཆོས་དགུ་བོ་དེ་དག་གི་དཔེར་བརྗོད་རིམ་པ་བཞིན་དུ་བསྟན་པར་བྱ་སྟེ། དགུ་བོ་འདི་འང་མིག་དགུ་ལ་རིམ་པ་བཞིན་བྲིས་ནས་ཕྲེང་གིས་གྱེན་མཐུར་ལ་མཐུན་ཕྱོགས་ཀྱི་གསུམ་མོ། །འཕྲེད་ལ་ནི་མི་མཐུན་ཕྱོགས་ཀྱི་གསུམ་མོ། །ཕྱོགས་བཞིས་རང་བཞིན་དང་འབྲས་བུ་ལ་སོགས་པར་ཤེས་པར་བྱའོ། །ཞེས་སོགས་ཡང་ཡང་གསུངས་པ་ལ་དཔག་ན་ཕྱོགས་ཆོས་འཁོར་ལོའི་འཆད་ཉན་སློབ་དཔོན་རང་གི་སྐབས་སློབ་མའི་ཚོགས་ལ་རྒྱ་ཆེར་སྤེལ་པར་སེམས། སློབ་དཔོན་གྱི་སློབ་མ་དབང་ཕྱུག་སྡེ་ཡིས་ཚད་མ་ཀུན་ལས་བཏུས་པའི་འཆད་ཉན་སྤེལ་བ་ལ་བརྟེན་ནས་དཔལ་ཆོས་ཀྱི་གྲགས་པས་དེའི་འགྲེལ་བ་ཚད་མ་སྡེ་བ་བདུན་མཛད་དེ་འཕགས་ཡུལ་དུ་ཚད་མའི་འཆད་ཉན་ནམ་ལངས་ཉི་ཤར་གྱི་ཚུལ་དུ་སྤེལ་བ་ནི་ཕྱོགས་ཆོས་འཁོར་ལོ་དང་ཚད་མ་ཀུན་བཏུས་སོགས་ཀྱི་འཆད་ཉན་འཕགས་ཡུལ་དུ་དར་བའི་རྩེ་མོར་སོན་པའི་སྐབས་ཡིན་པར་སེམས།

བོད་གངས་ཅན་གྱི་ལྗོངས་སུ་ཚད་མའི་བསྟན་བཅོས་མང་དུ་བསྒྱུར་ཅིང་ཚད་མ་སྡེ་བདུན་མདོ་དང་བཅས་པའི་ཚད་མའི་འཆད་ཉན་བྱུང་བ་དང་ཕྱོགས་ཆོས་འཁོར་ལོའི་འཆད་ཉན་ཡང་བྱུང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་སོགས་དང་། དུས་རབས་བཅུ་གཅིག་པའི་མགོར་ལོ་ཙཱ་བ་ཞ་མ་སེང་རྒྱལ་དང་ལོ་ཙཱ་བ་དགེ་སློང་རྨ་དགེ་བའི་བློ་གྲོས་སོགས་ཀྱིས་ཚད་མའི་བསྟན་བཅོས་མང་དུ་བསྒྱུར། ཁྱད་པར་དུ་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་དུས་རབས་བཅུ་གཅིག་པ་ཙམ་ལ་ཚད་མའི་བསྟན་བཅོས་མང་པོ་བོད་སྐད་དུ་བསྒྱུར་ཅིང་རྔོག་ལེགས་པའི་ཤེས་རབ་ཀྱིས་ཕྱག་བཏབ་པའི་བོད་ཡུལ་བཤད་གྲྭའི་ཐོག་མ་གསང་ཕུ་ནེའུ་ཐོག་དགོན་དུ་ཆ་བ་ཆོས་ཀྱི་སེང་གེ་སོགས་རིགས་པའི་སེང་ཆེན་བརྒྱད་དང་ས་སྐྱ་པཎ་ཆེན་སོགས་ཀྱིས་རིམ་གྱིས་ཚད་མའི་འཆད་ཉན་བོད་སྐད་ཀྱི་སྟེང་ནས་བྱས་པ་ནས་འཇམ་མགོན་བློ་བཟང་གྲགས་པ་ཡབ་སྲས་ཀྱིས་ཚད་མའི་འཆད་ཉན་རྒྱ་ཆེར་སྤེལ་བ་སོགས་ཀྱི་སྐབས་སུའང་ཕྱོགས་ཆོས་འཁོར་ལོའི་འཆད་ཉན་ཡང་རྒྱ་ཆེར་སྤེལ་ཡོད་དེ། སྤྱིར་རྟགས་ཡང་དག་དང་། འགལ་མ་ངེས་གང་གསུངས་སྐབས་སུ་བཤད་པར་མ་ཟད་ཁྱད་པར་དུ་ཀུན་བཏུས་དར་ཊིཀ་དང་རྣམ་ངེས་དར་ཊིག་ཚད་མ་རྣམ་འགྲེལ་གྱི་བོད་འགྲེལ་སོ་སོའི་ལུང་འགལ་བཞི་བའི་སྐབས་སུ་ཕྱོགས་ཆོས་འཁོར་ལོ་དང་དཔེ་དོན་ཅི་རིགས་སྦྱོར་ཚུལ་གསུངས་པ་དང་། ཚད་མ་རིགས་རྒྱན་དང་བསྟན་དར་ལྷ་རམས་པའི་ཕྱོགས་ཆོས་འཁོར་ལོའི་འགྲེལ་བ་རིན་ཆེན་སྒྲོལ་མེ་སོགས་བརྩམས་པ་ནི་འཕགས་བོད་གཉིས་སུ་ཚད་མའི་གཞུང་དང་ཕྱོགས་ཆོས་འཁོར་ལོའི་འཆད་ཉན་བྱུང་འཕེལ་རགས་ཙམ་གླེང་བའོ། །

གཉིས་པ། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུ་དང་། དེའི་མཐུན་དཔེ་དང་མི་མཐུན་དཔེ་ཡོད་མེད་དང་། མཐུན་ཕྱོགས་ལ་ཡོད་མེད་དང་མི་མཐུན་ཕྱོགས་ལ་ཡོད་མེད་ཀྱི་འབྲེལ་བའི་སྐོར།

ཚད་མ་ཀུན་བཏུས་ལས། དགུ་བོ་འདིའང་མིག་དགུ་ལ་རིམ་བཞིན་བྲིས་ནས། ཞེས་གསུངས་པ་ལྟར། རེའུ་མིག་སྟེང་མ་དང་བར་མ་དང་འོག་མ་གསུམ་སྟེ་རེའུ་མིག་དགུའི་ནང་གི་སྦྱོར་བ་དགུའི་རྩོད་གཞི་དགུ་དང་གསལ་བ་དགུ་དང་རྟགས་དགུ་རིམ་བཞིན་འདི་ལྟར། ཕྱོགས་ཆོས་འཁོར་ལོ་ལས། སྟེང་འོག་གཉིས་ལ་ཡང་དག་གོ། ལོགས་ན་འགལ་བ་གཉིས་ཡིན་ཏེ། ། ཟུར་བཞི་མཐུན་མོ་མ་ངེས་བཞིན། །དབུས་ན་ཐུན་མོང་མ་ཡིན་པའོ། ། ཞེས་གསུངས། དེ་དག་གི་རྟགས་ནི། ཕྱོགས་ཆོས་འཁོར་ལོ་ལས། གཞལ་བྱ་བྱས་དང་མི་རྟག་དང་། ། བྱས་དང་ཉན་བྱ་རྩོལ་བྱུང་དང་། ། མི་རྟག་རྩོལ་བྱུང་ལུས་ཅན་མིན། ། ཞེས་དང་། དེ་དག་གི་བསྒྲུབ་བྱའི་ཆོས་ནི། དེ་ཉིད་ལས། རྟག་དང་མི་རྟག་རྩོལ་བྱུང་དང་། ། རྟག་དང་རྟག་དང་རྟག་པ་དང་། ། རྩོལ་བྱུང་མིན་དང་མི་རྟག་རྟག། རྟག་པ་ལ་ནི་སྒྲུབ་པ་བཀོད། ། ཅེས་གསུངས་པའི་ཕྱིར། གཞན་ཆོས་གྲྭའི་གསུང་རྒྱུན་དུ། སྒྲ་དང་སྒྲ་དང་དུང་སྒྲ་དང་། ། སྒྲ་དང་སྒྲ་དང་དུང་སྒྲ་དང་། ། དུང་སྒྲ་དུང་སྒྲ་སྒྲ་དང་ནི། །  དེ་དགུ་རྩོད་གཞི་ཆོས་ཅན་ཡིན། ། ཞེས་གསུངས། 

རེའུ་མིག་དང་པོ་ལ་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་གསུམ་དང་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་གསུམ་འདི་ལྟར།

སྒྲ་ཆོས་ཅན། རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའི་མཐུན་དཔེ་ནམ་མཁའ་དང་མི་མཐུན་དཔེ་བུམ་པ།

སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པ་ལྟ་བུའི་མཐུན་དཔེ་བུམ་པ་དང་མི་མཐུན་དཔེ་ནམ་མཁའ།

དུང་སྒྲ་ཆོས་ཅན། རྩོལ་བྱུང་ཡིན་ཏེ། མི་རྟག་པའི་ཕྱིར། ཞེས་པ་ལྟ་བུའི་མཐུན་དཔེ་བུམ་པདང་མི་མཐུན་དཔེ་གློག་དང་ནམ་མཁའ།

རེའུ་མིག་བར་མ་ལ་མཐུན་ཕྱོགས་ལ་མེད་པ་གསུམ་དང་མི་མཐུན་ཕྱོགས་ལ་གཏན་མེད་གསུམ་འདི་ལྟར།

སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར། ཞེས་པ་ལྟ་བུའི་མཐུན་དཔེ་ནམ་མཁའ་དང་མི་མཐུན་དཔེ་བུམ་པ།

སྒྲ་ཆོས་ཅན། རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའི་མཐུན་དཔེ་ནམ་མཁའ་དང་མི་མཐུན་དཔེ་བུམ་པ།

དུང་སྒྲ་ཆོས་ཅན། རྟག་སྟེ། རྩོལ་བ་ལས་བྱུང་བའི་ཕྱིར། ཞེས་པ་ལྟ་བུའི་མཐུན་དཔེ་ནམ་མཁའ་དང་མི་མཐུན་དཔེ་བུམ་པ་དང་གློག

རེའུ་མིག་འོག་མ་ལ་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་གསུམ་དང་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་གསུམ་འདི་ལྟར།

དུང་སྒྲ་ཆོས་ཅན། རྩོལ་པ་ལས་མ་བྱུང་སྟེ། མི་རྟག་པའི་ཕྱིར། ཞེས་པ་ལྟ་བུའི་མཐུན་དཔེ་གློག་དང་ནམ་མཁའ། མི་མཐུན་དཔེ་བུམ་པ།

དུང་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར། ཞེས་པ་ལྟ་བུའི་མཐུན་དཔེ་བུམ་པ་དང་གློག  མི་མཐུན་དཔེ་ནམ་མཁའ།

སྒྲ་ཆོས་ཅན། རྟག་སྟེ། རེག་བྱ་ཅན་མ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའི་མཐུན་དཔེ་ནམ་མཁའ་དང་རྡུལ་ཕྲན། མི་མཐུན་དཔེ་ལས་དང་བུམ་པའོ། །

དེ་དག་ཡས་ནས་རིམ་གྱིས་དཀྱུས་སུ་མཐུན་ཕྱོགས་ཀློག་པའི་དབང་དུ་བྱས་ན། མཐུན་ཕྱོགས་ལ་ཁྱབ་བྱེད་དང་། མཐུན་ཕྱོགས་ལ་གཏན་མེད། མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་གོ། ཡས་ནས་རིམ་གྱིས་དཀྱུས་སུ་མི་མཐུན་ཕྱོགས་ཀློག་པའི་དབང་དུ་བྱས་ན། མི་མཐུན་ཕྱོགས་ལ་ཁྱབ་བྱེད། མི་མཐུན་ཕྱོགས་ལ་གཏན་མེད། མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་ལྟར་ཡིན་ཏེ། ཚད་མ་མདོ་ལས། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང་། ། རྣམ་གཉིས་རེ་རེ་དག་ལ་ཡང་། ། རྣམ་གསུམ་མི་མཐུན་ཕྱོགས་ལ་ཡང་། ། ཡོད་མེད་རྣམ་པ་གཉིས་ཕྱིར་རོ། ། ཞེས་གསུངས་པའི་ཕྱིར། གཡས་ཀྱི་སྟེང་མ་ནས་མར་ཀློག་པའི་དབང་དུ་བྱས་ན་གསུམ་ཚན་དང་བོ་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་དང་། དབུས་ནས་མར་ཀློག་ན་གསུམ་ཚན་གཉིས་པ་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་མེད་པ་དང་། གཡོན་ནས་མར་ཀློག་ན་གསུམ་ཚན་ཐ་མ་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་གོ། ཀློག་ཚུལ་ཐ་མ་འདི་ནི་སྤྱི་དོན་རིགས་རྒྱན་ལྟར་ཡིན་ཏེ། དེ་ཉིད་ལས། གསུམ་ཚན་གསུམ་གྱི་དང་པོ་གསུམ་ནི་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་དང་། བར་བ་གསུམ་ནི་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་མེད་པ་དང་། ཐ་མ་གསུམ་ནི་མི་མཐུན་ཕྱོགས་ལ་ཆོས་གཉིས་སུ་འཇུག་པ་སྟེ། ཞེས་གསུངས་པ་ལྟར་ཡིན་པས་སྔ་མའི་ཀློག་སྟངས་དང་མི་མཐུན་ནོ། །

གསུམ་པ། གཏན་ཚིགས་ཕྱོགས་ཆོས་འཁོར་ལོའི་དགོས་པ་ནི།

ཕྱོགས་ཆོས་ཅན་གྱི་གཏན་ཚིགས་མང་དུ་ཡོད་ཀྱང་དགུ་ཙམ་ལོགས་སུ་ཕྱེ་བའི་དགོས་པ་ཡོད་དེ། གཏན་ཚིགས་ཀྱི་རབ་དབྱེ་རྒྱ་ཆེན་པོ་ཚིག་ཉུང་ངུས་བདེ་ལེགས་ཏུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། འབྲས་རྟགས་དང་རང་བཞིན་གྱི་རྟགས་ཡང་དག་གཉིས་ཀྱི་རྗེས་སུ་འགྲོ་ལྡོག་གི་འབྲེལ་བ་སྟེ་རྟེན་བྱུང་འབྲེལ་དང་བདག་གཅིག་འབྲེལ་གྱི་འབྲེལ་བ་གཉིས་ནི་དངོས་པོའི་དབང་གིས་གྲུབ་པ་ཡིན་གྱི་འདོད་པ་ཙམ་གྱིས་གྲུབ་པ་མ་ཡིན་ནོ་ཞེས་གོ་བར་བྱ་བའི་ཆེད་དུ་འབྲས་རང་གི་སྦྱོར་བ་གཉིས་སྨོས་ལ། གལ་ཏེ་འདོད་པ་ཙམ་གྱིས་གྲུབ་ན་འདིར་བསྟན་པའི་འགལ་རྟགས་ཀྱང་སྒྲུབ་བྱེད་ཡང་དག་ཏུ་འགྱུར་བས་དེ་ལྟ་མ་ཡིན་པར་ཤེས་པའི་ཆེད་དུ་འགལ་རྟགས་གཉིས་སྨོས་སོ། ། ལྡོག་ཁྱབ་འབའ་ཞིག་པ་ཅན་གྱི་རྟགས་ཡང་དག་ཡོད་པ་འགོག་པའི་ཆེད་དུ་ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་མཉན་བྱ་སྨོས་སོ། ། འབྲས་རང་གཉིས་ཀྱི་རྟགས་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་དངོས་པོའི་གནས་ཚོད་ཀྱི་དབང་གིས་གྲུབ་པར་བསྟན་པའི་ཤུགས་ཀྱིས་རྒྱུ་མ་དམིགས་པ་དང་ཁྱབ་བྱེད་མ་དམིགས་པའི་རྟགས་གཉིས་ཀྱང་ཡང་དག་ཏུ་འབད་མེད་དུ་འགྲུབ་པས་རྟགས་ཡང་དག་ལ་འབྲས་རང་མ་དམིགས་པ་གསུམ་དུ་གྲངས་ངེས་པའི་ཕྱིར་ཐུན་མོང་གི་མ་ངེས་པ་བཞི་སྨོས་པ་སོགས་ཡིན་ཏེ། རིགས་རྒྱན་ལས། དགོས་པ་དེ་མདོར་བསྟན་པ་ནི། རང་བཞིན་འབྲས་བུ་གྲུབ་དོན་དུ། ། ཞེས་སོགས་རྐང་བ་བཞིས་བསྟན། གཞུང་ལྷག་མ་རྣམས་ཀྱིས་དགོས་པ་རྒྱས་པར་བཤད་པ་ཡིན་ནོ། ། རྒྱས་བཤད་ཀྱི་སྐབས་སུ། ཡང་དག་གཉིས་སྨོས་པའི་དགོས་པ་དང་མཉན་བྱ་སྨོས་པའི་དགོས་པ་བསྟན་ནས། ལྷག་མ་དྲུག་སྨོས་པའི་དགོས་པ་དངོས་སུ་མ་གསུངས་པའི་རྒྱུ་མཚན་ནི། ཡང་དག་གཉིས་དངོས་སུ་སྨོས་པའི་དགོས་པ་དངོས་སུ་བཤད་པས་འགལ་རྟགས་གཉིས་སྨོས་པའི་དགོས་པ་ཤུགས་ལ་རྟོགས་པའི་ཕྱིར་དང་། ལྡོག་པ་རྐྱང་བ་ཅན་གྱི་རྟགས་ཡང་དག་ཡོད་པར་འདོད་པ་དགག་པའི་ཕྱིར་དུ་མཉན་བྱ་སྨོས་པའི་དགོས་པ་བཤད་པའི་སྐབས་སུ་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཕན་ཚུན་མི་འཁྲུལ་བར་སྒྲུབ་པའི་ཤུགས་ཀྱིས་རྗེས་འགྲོ་རྐྱང་བ་ཅན་གྱི་རྟགས་ཡང་དག་ཡོད་པར་འདོད་པ་སོགས་དགག་པའི་ཕྱིར་དུ་སྨོས་པའི་ཕྱོགས་ཆོས་ཅན་ལྷག་མ་བཞིའི་དགོས་པ་ཡང་བདེ་བླག་ཏུ་རྟོགས་པར་འགྱུར་བས་དེ་ལ་རྒྱས་བཤད་དངོས་སུ་མ་གསུངས་སོ། ། ཞེས་གཏན་ཚིགས་དགུས་དངོས་ཤུགས་ཀྱི་དགོས་པའམ་རིན་ཐང་གསུངས་པ་འདིས་ཚིག་ཉུང་དོན་བསྡུས་སྒོས་རྟགས་ཡང་དག་དང་ལྟར་སྣང་གི་ངོ་སྤྲད་པར་མ་ཟད་གཏན་ཚིགས་དགུ་བོ་འདི་ཙམ་ལ་ཞིབ་འཇུག་ལེགས་པར་བྱེད་པ་དག་གིས་མཁས་པའི་དཀྱིལ་འཁོར་གདན་འཛོམས་པའི་དབུས་སུ་ཕས་ཀྱི་རྒོལ་བ་ལ་བརྒལ་ཞིང་བརྟག་པའི་སྒོ་ནས་རྩོད་པ་བྱེད་པ་དང་། གཏམ་སྨྲ་བ་དང་ཤགས་འགྱེད་པ་དང་བདེན་དོན་གླེང་བ། ཐ་ན་ཁྱབ་པ་གླེང་མོལ་ཚུན་ཆུད་དུའང་ཁྱབ་པ་མ་ངེས་པ་དང་། རང་ཚིག་སྔ་ཕྱི་འགལ་བ་སོགས་མི་འབྱུང་ལ། གང་བཤད་པའི་སྐད་ཆ་དག་ལ་གཏན་ཚིགས་ཀྱི་རང་བཞིན་ལྡན་པ་མངོན་སུམ་དུ་འབྱུང་ངོ་། ། དཔེར་ན་སྟེང་འོག་གི་ཡང་དག་གཉིས་སྟེ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པ་དང་། དུང་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར། ཞེས་པ་ལྟ་བུའི་བསྒྲུབ་བྱའི་དོན་སྤྱི་རྟོགས་པ་ཙམ་གྱིས་གྲོལ་བ་དོན་དུ་གཉེར་བ་ཞིག་ཡིན་ན་འཁོར་བ་ལ་ཆགས་ཞེན་ལྡོག་ཅིང་ལས་འབྲས་ལ་ངེས་ཤེས་རྙེད་དེ་ལམ་གྱི་རྟོགས་པ་གོང་ནས་གོང་དུ་འཕེལ་སླ་བར་གསུངས་ལ། གལ་ཏེ་འཇིག་རྟེན་མི་ཆོས་གཉེར་བ་ཞིག་གིས་བསྒྲུབ་བྱ་དེའི་ཚིག་སྤྱི་ཙམ་ལ་གོ་བ་ལེགས་པར་ཆགས་ན་འདོད་སྲེད་ཀྱིས་མི་དགེ་བའི་བྱ་བ་ལ་འཇུག་སྐབས་ཆོག་ཤེས་དང་། ཞེ་སྡང་དང་མྱ་ངན་སོགས་ཀྱིས་བྱ་བ་ལ་འཇུག་སྐབས་སེམས་ཁམས་སྙོམས་སྒྲིག་བྱེད་པའི་ནུས་པ་ཡོད་པར་མ་ཟད་རྒྱལ་ཁྲིམས་དང་ལས་འབྲས་བརྩི་བསྲུང་བྱེད་པ་དང་། མི་ཚེ་ཐུང་ཡང་གཞན་ཕན་གྱི་ལས་ལ་བརྩོན་ན་བདེ་སྐྱིད་ཀྱི་འབྲས་བུ་ལེགས་པོ་འབྱུང་བའི་དགོས་པ་གཏན་ཚིགས་འདི་གཉིས་ཀྱི་དངོས་རྒྱུད་ཅི་རིགས་ཀྱིས་རྟོགས་ཐུབ་པས་ཚད་མ་རིག་པ་དང་གཏན་ཚིགས་ཕྱོགས་ཆོས་འཁོར་ལོ་ནི་གནའ་དེང་གང་ལའང་འགྲོ་བ་མིའི་རིགས་ཀྱི་སྤྱི་ནོར་དང་ཤེས་བྱ་གང་ལ་འཇུག་ནའང་བློ་སྒོ་གསར་དུ་འབྱེད་བྱེད་ཀྱི་གསེར་གྱི་ལྡེ་མིག་བླ་མེད་ཅིག་ཡིན་པར་མ་ཟད་ལོ་ངོ་སྟོང་ཕྲག་དུ་མ་འདས་ཀྱང་རྙིང་རྒྱུ་མེད་ལ། དེང་གི་ཚན་རིག་ལའང་འདིས་གྲོགས་མ་མཛད་ན་འགྲོ་བའི་སེམས་ཁམས་རིག་པ་ལ་ཞིབ་འཇུག་གི་སྒོ་མོ་གསར་བ་མི་རྙེད་ཅེས་སྨྲ་ཡང་ཐལ་དྲགས་མེད་པ་ཀུན་ཀྱིས་ཤེས་དགོས་སོ། །

ཞེས་རབ་གནས་མེ་བྱ་ལོའི་སྨིན་དྲུག་ཟླ་བའི་དགའ་བ་གསུམ་པ་སྟེ་སྤྱི་ལོ ༢༠༡༧ ལོའི་ཟླ ༡༡ ཚེས ༢༨ ཉིན་འགར་རྩེ་ཚུལ་ཁྲིམས་སམ་རྡོ་རྗེ་སྤུ་གྲིས་བྲིས་པ་དགེའོ། །

བརྒྱུད་འགོད།
0