གཏན་ཚིགས་རིགས་པའི་ཚུལ་གསུམ་གྱི་རྣམ་གཞག་ལས་འཕྲོས་ཏེ་ཅུང་ཟད་དཔྱད་པ།

སྤེལ་དུས།  2017-12-16   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  ཁྱུང་ཕྲུག་བློ་བཟང་དར་རྒྱས།   ཀློག་གྲངས།  

ནང་དོན་གནད་བསྡུས།རྩོམ་འདིར་བོད་བརྒྱུད་ཚད་མ་རིག་པ་ལས་གཏན་ཚིགས་རིག་པའམ་རྟགས་ཀྱི་རིགས་པའི་ཚུལ་གསུམ་གྱི་རྣམ་གཞག་ལས་འཕྲོས་ཏེ་ཕྱོགས་ཆོས་དང་ཤེས་འདོད་ཆོས་ཅན་སྐྱོན་མེད་འཇོག་ཚུལ་སོགས་སྤྱིར་བཤད་ནས་དེའི་མཚན་ཉིད་ཀྱི་ཟུར་དག་ལ་བརྟགས་ཏེ་མཉན་བྱ་དེ་ཉིད་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་མིན་མཁས་པའི་བཞེད་པ་མི་མཐུན་པ་དག་བསྟན་ཡོད།

གནད་འགག་མིང་བརྡ།ཚུལ་གསུམ། ཕྱོགས་ཆོས། ཤེས་འདོད་ཆོས་ཅན། མཉན་བྱ།

དང་པོ། དཔྱད་རྩོམ་གྱི་གླེང་བསླངས་པ།

དེ་ཡང་ཚུལ་གསུམ་རྣམ་གཞག་འབྱུང་བའི་གཞུང་རྩ་འགྲེལ་ཤིན་ཏུ་མང་པོ་སྣང་ནའང་འདིར་གངས་ཅན་ཁ་བའི་ལྗོངས་སུ་དར་པའི་ཚད་མ་རྣམ་འགྲེལ་འདི་ནི་འཛམ་གླིང་རིགས་པའི་རྒྱལ་བོ་དཔལ་གྱི་ཆོས་ཀྱི་གྲགས་པ་གང་ཉིད་ཀྱིས་ཕྱི་རབས་རིགས་པ་དོན་གཉེར་པ་དག་ལ་ཆེད་དུ་བཞག་པའི་བཀའ་རྩོམ་ཉིད་དུ་ངེས་ཏེ། རྣམ་འགྲེལ་རང་ལས། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། །དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་། །ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད། །སེམས་ནི་ཡུན་རིང་ལེགས་བཤད་གོམས་པ་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས། །ཞེས་གསུངས་པ་ལྟར་སྔ་དེང་ཀུན་ཏུ་སྐྱེ་བོ་ཕལ་མོ་ཆེ་དག་རིགས་ལམ་འདི་ཉིད་དོན་དུ་མི་གཉེར་པར་མ་ཟད་ད་དུང་ཕྲག་དོག་གི་དབང་དུ་གྱུར་ཏེ་རང་གིས་མི་སློབ་པ་དང་གསར་སློབ་ལས་དང་པོ་བ་དག་ལ་ཡང་དགོས་མེད་མཁོ་མེད་ཀྱི་འཆལ་གཏམ་སྒྲོག་ཅིང་ལོ་རྒྱུས་ངག་རིག་མུ་ཏོའི་རྒྱགས་ཕྱེ་ཡིས་མགོ་བོ་བསྐོར་མཁན་གང་སར་རྒྱུ་བའི་སྣང་ཚུལ་ལ་བརྟེན་ཉི་མ་ལྟ་བུའི་གཞུང་འདི་རེ་ཞིག་བཏང་སྙོམས་སུ་འཇོག་པའི་ཡུལ་དུ་གྱུར་དང་འགྱུར་བཞིན་པ་ལུང་དུ་གསལ་བར་བསྟན་པ་ལྟར་རོ། །

དེ་ལྟ་ནའང་ཚད་མ་རྣམ་འགྲེལ་འདི་ནི་བཅུ་ཕྲག་རིག་གནས་ཀུན་ལ་བལྟ་བའི་མིག་གཅིག་བུ་དང་གཞུང་ཆེན་བཀའ་པོད་ལྔའི་ནང་ནས་ཆེས་གལ་འགང་ཆེ་ཞིང་མཁས་པ་རྣམས་ཀྱི་ཡིད་འཕྲོགས་པའི་ཆོམ་པོ་ཉིད་དུ་གྱུར་ཡོད། གཞུང་ཆེན་འདི་ཉིད་ལ་སློབ་གཉེར་བྱས་ན་རིག་པའི་གནས་སྤྱི་དང་སྒོས་སུ་རྟོགས་དཀའ་བའི་ནང་བསྟན་རིག་གནས་ཀྱི་ཆུ་གཏེར་ཆེན་པོ་མཐའ་ནས་སྲུང་བའི་ལྕགས་རི་ལྟ་བུར་གྱུར་ཡོད་པ་བཤད་སྒྲོས་ཙམ་མིན་པར་དངོས་མཐོང་ལག་ལེན་དུ་གསལ་བ་བཞིན་ནོ། །དེས་ན་ཚད་མ་རྣམ་འགྲེལ་གྱི་གཞུང་འདི་ནི་འུ་ཅག་ཕྱི་རབས་པའི་སློབ་གཉེར་པ་སུ་དང་སུ་ཡིན་ནའང་རང་རང་གི་རིག་པའི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལྟ་བུ་དང་རིག་གཞུང་རྒྱ་མཚོར་འཇུག་པའི་གཟིངས་ཆེན་ལྟ་བུ་ལགས་སོ། །

དེ་ལྟར་མཁས་པའི་ཉམས་མྱོང་ཚད་མ་ལ་བརྟེན་ནས་ཕྱི་ནང་གི་མཚན་ཉིད་རིག་པའི་གཞུང་ཀུན་ལས་རང་ཅག་ཁ་བ་ཅན་པར་མཚོན་ན་རང་ཉིད་ཀྱི་ལེགས་བྱས་བགོ་སྐལ་དུ་ཐོབ་པ་འདི་ཉིད་ལག་ནས་མ་ཤོར་པར་སྤྱི་བོའི་རྒྱན་དུ་འཛིན་དགོས་ཏེ། ཤར་ཕྱོགས་པ་རིགས་པའི་དཔའ་བོ་ཆོས་རྗེ་དོན་རིན་པོ་ཆེ་མཆོག་གིས་རྗེ་ཙོང་ཁ་པ་ལ་གདམས་པའི་ཡི་གེར། ཚད་མ་སྡེ་བདུན་འཛམ་གླིང་ན། །སངས་རྒྱས་བསྟན་པ་གསལ་བྱེད་པ། །ཉི་མ་ཟླ་བ་ལྟ་བུར་གྲགས། །དེ་ཡི་རྗེས་སུ་དེ་དག་སློབས། །ཞེས་གསུངས་པ་ཉིད་ཀྱིས་གསལ་བའི་ཕྱིར་རོ། །

དོན་གྱི་དབང་དེར་བརྟེན་གནའ་སྔ་མོ་ནས་བཟུང་སྟེ་ད་ལྟའི་དུས་ཀྱི་བར་དུའང་རིག་པའི་སྡེ་དག་ན་འདི་ཉིད་ཀྱི་འཆད་མཉན་ལ་ནན་ཏན་བྱ་བ་དང་ཁྱད་པར་དུ་ཁ་བའི་ཡུལ་ཕྱོགས་སོ་སོ་ན་རིས་སུ་མ་མཆིས་པའི་ཆོས་བརྒྱུད་གྲྭ་ས་ཁག་ན་འཇང་དགུན་ཆོས་སུ་གྲགས་པའི་བགྲོ་གླེང་ཚོགས་འདུ་འཚོགས་ནས་ཚད་མ་རྣམ་འགྲེལ་ཆེད་གཉེར་གྱིས་རྩོད་པ་བྱ་བཞིན་པ་འདི་ནི་འཛམ་བུའི་གླིང་ཀུན་ན་མཐོང་དུ་མེད་པའི་ལས་དོན་ཡག་པོ་ཞིག་རེད། དེའི་སྟེང་ནས་བརྒལ་བརྟག་གི་འབྲས་རྟགས་ནི་རིགས་པ་སྨྲ་བ་རྣམས་ལ་སྔ་ན་མེད་པའི་བློ་སྒོ་འབྱེད་པ་བློ་སྐྱེད་ཆེན་པོ་སྟེར་པ་ལ་བརྟེན་དགེ་བཤེས་སྨྲ་བའི་སེང་གེ་གྲགས་པ་ཅན་གཅིག་ལས་གཅིག་ལྷག་གི་ཚུལ་དུ་བྱོན་དང་འབྱོན་བཞིན་པ་མངོན་སུམ་དུ་མཐོང་བ་ལྟར་རོ། །

གཉིས་པ། རྟགས་ཀྱི་ཚུལ་གསུམ་ལས་ཕྱོགས་ཆོས་ལ་དཔྱད་པ།

དེ་ཡང་ཚད་མའི་སྤྱི་དོན་སྡེ་བདུན་རྒྱན་སོགས་གཞུང་སྔ་མ་མང་པོས། ཚུལ་གསུམ་ཚང་པ་རྟགས་ཡང་དག་གི་མཚན་ཉིད་དུ་གསུངས་ནའང་དེའི་རྗེས་ཀྱི་མཁས་པ་སྟེ་རྒྱལ་བ་དགེ་འདུན་གྲུབ་ཀྱིས་མཛད་པའི་ཚད་མའི་སྤྱི་དོན་རིགས་པའི་རྒྱན་ལས། ཁ་ཅིག །ཚུལ་གསུམ་ཚང་པ་རྟགས་ཡང་དག་གི་མཚན་ཉིད་ཡིན་གྱི། ཚུལ་གསུམ་ནི་རྟགས་ཡང་དག་གི་མཚན་ཉིད་མ་ཡིན་ཏེ། གལ་ཏེ་ཡིན་ན། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། ལྡོག་པ་ཐ་དད་པ་གསུམ་ཡིན་པར་ཐལ་ལོ། །ཞེས་ཟེར། འོ་ན་བྱས་པ་ཆོས་ཅན། ལྡོག་པ་ཐ་དད་པ་གསུམ་ཡིན་པར་ཐལ། བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་པའི་ཕྱིར།ཞེས་འབྱུང་བ་བཞིན་ཕྱི་རབས་ཀྱི་ཡིག་ཆའི་བྱེད་པོ་ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་ཀྱི་ཡིག་ཆར། གོང་གི་དེ་ལ་ཞིབ་ཆའམ་གསལ་ཁ་བཏོད་ནས། ཚུལ་གསུམ་ཡིན་པ། རྟགས་ཡང་དག་གི་མཚན་ཉིད་དུ་བཞག་སྟེ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡིན་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་གི་མཚན་ཉིད། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡིན་པ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་གི་མཚན་ཉིད་ཡིན་ནོ། །ཞེས་གསུངས་ཡོད་དོ། །

ཡང་རང་ལུགས་ལ་གཞི་གྲུབ་ན་རྟགས་ཡང་དག་ཡིན་པས་མ་ཁྱབ་པར་ཐལ། རྟགས་ལྟར་སྣང་ཡོད་པའི་ཕྱིར། དེར་ཐལ། རྟགས་ལྟར་སྣང་གི་མཚན་ཉིད་ཡོད་པའི་ཕྱིར་ཏེ། མཁས་གྲུབ་རྗེས་མཛད་པའི་ཚད་སྡེ་བདུན་གྱི་རྒྱན་ཡིད་མུན་སེལ་ལས། དང་པོ་ནི། ཚུལ་གསུམ་ཚང་པ་མ་ཡིན་པའི་གཏན་ཚིགས། ཞེས་གསུངས་པའི་ཕྱིར་ཟེར་ན། དེ་མ་ཁྱབ་སྟེ། དོན་ཐོབ་རགས་བཤད་སྒྲ་རྟག་སྒྲུབ་ལྟ་བུའི་དེ་སྒྲུབ་ལ་སྦྱར་རྒྱུའི་དོན་ཡིན་གྱི་རྩོད་པའི་སྐབས་མ་ཡིན་པས་སོ། །དེ་ལྟར་དུ་ཀུན་མཁྱེན་འཇམ་དབྱངས་བཞད་པས་བཞེད་པའི་ཕྱིར་རོ། །

འདིས་ཅི་ཤེས་ཤེ་ན། བོད་གངས་ཅན་ཡུལ་ལ་ཚད་མ་བྱུང་བ་ནས་རིམ་བཞིན་ཇི་ལྟར་དར་ཞིང་འཕེལ་བའི་རིམ་པ་དེ་མངོན་པར་མཚོན་ཡོད་པས་རིམ་བྱོན་མཁས་པ་དག་གིས་རང་རང་གི་མྱོང་བ་ལ་བརྟེན་ནས་རིག་གཞུང་གང་ཉིད་ཀྱི་ཟབ་ཚད་དང་ཞིབ་ཆར་ནུས་པ་བླ་མེད་བཏོན་པ་རྗེས་སུ་དཔོག་ཐུབ་པ་ཡིན་ནོ། །འདི་ལས་འུ་ཅག་ཕྱི་རབས་པ་དག་ལ་ཡང་འཇིག་རྟེན་ཁ་དཔེར། བྱ་མེད་དུས་བོང་བུས་ནམ་ཚོད་འཛིན། །ཅེས་པའི་དཔེ་བཞིན་མཁས་པ་སྔ་མ་དག་གི་བརྩམས་ཆོས་དང་རིག་གཞུང་གི་རྒྱུན་སྐྱོང་པ་ལ་དགག་བཞག་སྤང་གསུམ་གྱི་ལམ་ནས་བགྲོད་རིགས་པ་ནི་སྔོན་གྱི་མཁས་པ་རྣམས་ཀྱི་དགོངས་པ་ལས་མ་འདས་པས་ད་ལྟའི་ཞིབ་འཇུག་པར་རློམ་པ་དག་གིས་དོགས་སློང་གི་སྙིང་སྟོབས་ཞེས་གསར་བཤད་ཁ་ཕོར་སྒྲོག་པ་ནི་རང་ཉིད་གཞུང་ལུགས་རྒྱ་མཚོ་ཆེན་མོ་མ་མཐོང་བའི་རང་རྟགས་ལྷང་ལ་ཕུད་པ་ཁོ་ན་རུ་ཤེས་དགོས་སོ། །

དེ་ཡང་རྗེ་བཙུན་ཙོང་ཁ་པ་ཆེན་པོས། མཐར་གཏུགས་ན་དྲི་མ་མེད་པའི་རིགས་པ་ཉིད་ཀྱིས་དབྱེ་དགོས་ཏེ། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར།ཞེས་བཀའ་སྩལ་པ་ལྟར་རོ། །དེས་ན་གོང་ལྟར་ཚུལ་གསུམ་ཚང་པའམ་ཡོད་པ་ཙམ་གྱིས་རྟགས་ཡང་དག་ཏུ་མི་འགྲུབ་སྟེ། དཔེར་ན་སྒྲ་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཅིག་མེད་ཀྱང་སྒྲ་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡོད་པའི་ཕྱིར། དེར་ཐལ། སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡོད། སྒྲ་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡོད། སྒྲ་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཀྱང་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡོད་པར་ཐལ། བྱས་པ་དེ་ཡིན་པའི་ཕྱིར། དེར་ཐལ། བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲ་རྟག་པར་སྒྲུབ་པའི་འགལ་རྟགས་ཡིན་པའི་ཕྱིར་ཏེ། དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ལྟར་བྱས་པ་ཆོས་ཅན། སྒྲ་རྟག་སྒྲུབ་ཀྱི་འགལ་རྟགས་ཡིན་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་ཤིང་། སྒྲ་རྟག་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པའི་ཕྱིར། དེ་ལྟར་ཡང་དཔལ་ཆོས་ཀྱི་གྲགས་པའི་ཞལ་ནས། བྱས་པ་ཉིད་དང་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་ནི། རྟག་པ་ཉིད་སྒྲུབ་པ་ལ་འགལ་བའི་གཏན་ཚིགས་ལྟར་སྣང་བ་ཡིན་ཏེ། འདི་གཉིས་ནི་མཐུན་པའི་ཕྱོགས་ལ་མེད་པ་དང་མི་མཐུན་པའི་ཕྱོགས་ལ་ཡོད་པས། ཕྱིན་ཅི་ལོག་ཏུ་གྲུབ་པ་ཡིན་ལ།ཞེས་གསུངས་པའི་ཕྱིར། གོང་གི་རྟགས་གཉིས་པ་གྲུབ་སྟེ། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་དེ་སྒྲ་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་པའི་ཕྱིར་ཏེ། དེ་རྟག་པའི་མཚན་ཉིད་ཡིན་པའི་ཕྱིར། རྩ་རྟགས་གསུམ་པ་ཡང་དེ་ཉིད་ཀྱིས་འགྲུབ་བོ། །

ཡང་འདི་ལྟར་ཁ་ཅིག་གིས། དེ་སྒྲུབ་ཀྱི་ཚུལ་གསུམ་ཡོད་ན་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡོད་པས་ཁྱབ་ཟེར་ན། སྒྲ་ཆོས་ཅན། ཁྱོད་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ། ཁྱོད་རྟག་པར་སྒྲུབ་པའི་ཚུལ་གསུམ་རེ་རེ་ནས་ཡོད་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། ཁྱོད་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡོད་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡོད། རྗེས་ཁྱབ་ཡོད། ལྡོག་ཁྱབ་ཀྱང་ཡོད་པའི་ཕྱིར། དང་པོ་མ་གྲུབ་ན། དེ་ཡོད་པར་ཐལ། བྱས་པ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། བྱས་པ་ཆོས་ཅན། ཁྱོད་སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་གྲུབ། ཁྱོད་སྒྲ་དང་ཐ་དད་པའི་ཚུལ་གྱིས་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡིན་པའི་ཕྱིར། གཉིས་པ་མ་གྲུབ་ན། དེ་སྒྲུབ་ཀྱི་རྗེས་ཁྱབ་ཡོད་པར་ཐལ། འདུས་མ་བྱས་ཀྱི་ཆོས་དེ་དེ་ཡིན་པའི་ཕྱིར། མ་གྲུབ་ན། འདུས་མ་བྱས་ཀྱི་ཆོས་ཆོས་ཅན། ཁྱོད་སྒྲ་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་གྲུབ། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ཉིད་ལ་ཡོད་པར་ཚད་མས་ངེས་པ་ཡིན་པའི་ཕྱིར། གསུམ་པ་མ་གྲུབ་ན། དེ་ཡོད་པར་ཐལ། འདུས་མ་བྱས་ཀྱི་ཆོས་དེ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཆོས་གཉིས་དང་མི་ལྡན་པའི་མི་མཐུན་དཔེ་ཡང་དག་གྲུབ། ཁྱོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ན་ཉིད་དུ་ཚད་མས་ངེས་པ་ཡིན་པའི་ཕྱིར། ཞེས་པ་ལྟར་བོད་ཀྱི་གཏན་ཚིགས་རིག་པ་སྨྲ་བའི་དབང་པོ་པཎ་ཆེན་ཕྱོགས་ལྷ་འོད་ཟེར་དང་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པ་གཉིས་ཀྱི་བཞེད་པ་ཡིན་པས་འཐད་ལྡན་དུ་ཁས་ལེན་རིགས་པའི་ཕྱིར།

གསུམ་པ། ཕྱོགས་ཆོས་དེའི་མཚན་ཉིད་ཀྱི་ཟུར་དག་ལ་དཔྱད་པ།

དེ་ཡང་ཐོག་མར་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་དོན་ལ་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པ་མཆོག་གིས། དེ་ལ་སྦྱོར་བ་ཡང་དག་གི་ཤེས་འདོད་ཆོས་ཅན་དགོས་པར་གསུངས་ཤིང་། དེ་སྐྱོན་མེད་ཡིན་མིན་དགར་པའི་སྐྱོན་ལ་སྡེ་བདུན་རྒྱན་དང་རྟགས་རིགས་རང་ལུགས་གཞིར་བཞག་ན། ཤེས་འདོད་ཆོས་ཅན་དང་རྟགས་ཀྱི་ངེས་རིམ་གྱི་སྒོ་ནས་གསུངས། དེ་ལྟར་ན་མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལ་སྦྱོར་ཚུལ་དཔྱད་པར་རིགས་སོ། །དེ་ལ་ཡང་ཀུན་མཁྱེན་བླ་མའི་རྟགས་རིགས་མཐའ་དཔྱོད་ལས། ཕྱོགས་ཆོས་ཀྱི་ལྟོས་གཞི་ཤེས་འདོད་ཆོས་ཅན་བཤད་པ། ཞེས་དང་། ཁྱོད་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་དུ་བཟུང་པ་ཡང་ཡིན། ཁྱོད་བྱས་པར་ཚད་མས་ངེས་ནས་ཁྱོད་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་གང་ཟག་སྲིད་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་གྱི་མཚན་ཉིད། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་དང་། དེ་སྒྲུབ་ཀྱི་རྩོད་གཞི། དེ་སྒྲུབ་ཀྱི་དཔག་གཞི་གསུམ་དོན་གཅིག །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར།

དེ་ཡང་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུ་ལ་མཚོན་ནས་བཤད་ན། ཕྱོགས་ཆོས་ཞེས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་བཏགས་པ་བ་ལ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་འཇོག །དེས་ན་སྒྲ་མ་ཡིན་པ་ལས་ལོག་པ་དང་མཉན་བྱ་གཉིས་རེ་རེ་ནས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པ་ཕར་ཟད། ཤེས་འདོད་ཆོས་ཅན་དུ་ཡང་མི་འགྲོ་སྟེ། སྒྲ་མ་ཡིན་པ་ལས་ལོག་པ་དེ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་དགུ་བོ་གང་རུང་ཡིན་པའི་ཕྱིར། དེར་ཐལ། དེ་དགུ་བོ་གང་རུང་ཡིན་ན་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་ཡིན་དགོས་པའི་ཕྱིར། ཚད་མ་རྣམ་འགྲེལ་ལས། ཆོས་ཅན་གཏན་ཚིགས་དངོས་གྱུར་ནི། །ཤེས་བྱེད་ཉིད་དུ་མ་གྲུབ་ཕྱིར། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཆོས་ཅན་ཞེས་པས་རྩོད་གཞི་བསྟན། གཏན་ཚིགས་དངོས་གྱུར་ནི་ཞེས་པས་རྩོད་གཞི་དེ་རྟགས་སུ་བཀོད་པའི་སྐབས་སུའམ་གཏན་ཚིགས་ཀྱི་ངོ་བོ་རུ་གྱུར་པའི་ཚེ་ཞེས་བསྟན། ཤེས་བྱེད་ཅེས་པས་དེ་ལྟར་བཀོད་པའི་གཏན་ཚིགས་དེ་བསྟན། མ་གྲུབ་ཕྱིར་ཞེས་པས་དེ་ལྟར་བཀོད་པའི་རྩོད་གཞི་དང་རྟགས་གཉིས་མ་གྲུབ་པའི་གཏན་ཚིགས་དགུ་ལས་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་ཞེས་བསྟན་པ་ཡིན་པའི་ཕྱིར། དེ་ནས་མཉན་བྱ་ཡང་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་དུ་མི་རུང་བར་ཐལ། དེ་ཡང་གོང་ལྟར་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡིན་པའི་ཕྱིར། དེར་ཐལ། དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུའི་ནང་གི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། དེར་ཐལ། ཕྱོགས་ཆོས་འཁོར་ལོ་ལས། དབུས་ན་ཐུན་མོང་མིན་མ་ངེས། །ཞེས་གསུངས་པའི་ཕྱིར། དེ་ལྟར་ན་མཉན་བྱ་དེ་ཉིད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་སུ་འཇོག་པའི་རྒྱུ་མཚན་ཡོད་དེ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཅན་དུ་སོང་པའི་གང་ཟག་གིས་དེ་སྒྲུབ་ཀྱི་རྩོད་གཞི་དང་མཐུན་ཕྱོགས་དང་མི་མཐུན་ཕྱོགས་རྣམས་ཀྱི་ནང་ནས་རྩོད་གཞི་ཁོ་ན་ལ་ཡོད་པར་ངེས་ཀྱི། མཐུན་ཕྱོགས་ལ་ཡང་ཡོད་པར་མ་ངེས། མི་མཐུན་ཕྱོགས་ལ་ཡང་ཡོད་པར་མ་ངེས་པའི་རྟགས་ཡིན་པས་དེ་ལྟར་བརྗོད་པ་ཡིན་པའི་ཕྱིར།

བཞི་པ། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་མིན་མཁས་པའི་བཞེད་པ་མི་མཐུན་པ།

རྒྱ་གར་དུ་མཁས་གྲུབ་ཤནྟི་པདང་། མཁས་པ་རྒྱལ་དབང་བློ་སོགས། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་བཞེད། བོད་དུའང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་བླ་མ་མཁས་པའི་དབང་པོ་ཁ་ཅིག །མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་བཞེད། རྒྱལ་ཚབ་རྗེས་མཛད་པའི་རྣམ་ངེས་དར་ཊཱིཀ་ཏུ་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་སོང་བའི་རྒོལ་བ་ཡོད་པར་རྒྱ་གར་གྱི་སློབ་དཔོན་ཆོས་མཆོག་གི་འཐད་ལྡན་གྱི་དགོངས་པར་བཤད། འོན་ཀྱང་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། དེ་ལྟར་སོང་བའི་རྒོལ་བ་མེད་པར་བཤད་པའི་ཕྱིར། དེ་ལྟར་ཡང་རྗེ་ཙོང་ཁ་པའི་དགེ་རྒན་ཉ་དབོན་ཀུན་དགའ་དཔལ་བའི་ཊཱི་ཀ་ལས། ཆོས་གྲགས་དང་བྲམ་ཟེ་གཉིས་ཀྱིས་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་བཤད། རྒྱལ་དབང་བློ་དང་ཤིནྟ་པས་རྟགས་ཡང་དག་ཏུ་བཤད་དོ། །ཞེས་དང་། ཡང་ཉ་ཊཱིཀ་དེ་ཉིད་ལས་མཁས་གྲུབ་ཤནྟི་པ་ཡང་རྨོངས་པ་ལ་དཔེ་དགོས། མཁས་པ་ལ་མི་དགོས་པས་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་མཁས་པ་རྣམས་ལ་ནི། གཏན་ཚིགས་འབའ་ཞིག་བརྗོད་པར་ཟད། །ཅེས་པས་བསྟན་ཞེས་ནང་གི་ཁྱབ་པར་བཤད་དེ། ལེགས་སམ་སྙམ་མོ་ཞེས་བཤད།

སློབ་དཔོན་ཤནྟི་པའི་ལུགས་དེ་ཐར་ལམ་གསལ་བྱེད་ལས་འགོག་ཚུལ་ནི། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། མཉན་བྱ་མི་རྟག་པར་ཚད་མས་ངེས་རྗེས་སུ། མཉན་བྱ་དང་སྒྲའི་མིང་དོན་གྱི་འབྲེལ་བ་ཚད་མས་ངེས་པའི་གང་ཟག་ཡིན་ན། སྒྲ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར།

ཁོ་ན་རེ། མཉན་བྱ་སྒྲའི་མཚན་ཉིད་མ་ཡིན་པར་ཐལ། མཉན་བྱ་ཚད་མས་ངེས་པའི་གང་ཟག་ཡིན་ན། སྒྲ་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར། དེར་ཐལ། མཉན་བྱ་མི་རྟག་པར་ཚད་མས་གྲུབ་པའི་གང་ཟག་ཡིན་ན། སྒྲ་མི་རྟག་པར་ཚད་མས་གྲུབ་པའི་གང་ཟག་ཡིན་དགོས་པའི་ཕྱིར། དེར་ཐལ། མཉན་བྱ་མི་རྟག་པར་ཚད་མས་གྲུབ་ཅིང་། མཉན་བྱ་དང་སྒྲའི་མིང་དོན་གྱི་འབྲེལ་བ་ཚད་མས་གྲུབ་པའི་གང་ཟག་ཡིན་ན། སྒྲ་མི་རྟག་པར་ཚད་མས་གྲུབ་པའི་གང་ཟག་ཡིན་དགོས་པའི་ཕྱིར། ཟེར་ན་མ་ཁྱབ་སྟེ། མཉན་བྱ་དང་སྒྲའི་མིང་དོན་གྱི་འབྲེལ་བ་ཚད་མས་གྲུབ་ཅིང་། མཉན་བྱ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡིན་ན་སྒྲ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ། མཉན་བྱ་ལ་མི་རྟག་པས་ཁྱབ་པ་ཚད་མས་ངེས་ཤིང་། མཉན་བྱ་དང་སྒྲའི་མིང་དོན་གྱི་འབྲེལ་བ་ཚད་མས་ངེས་ནས། སྒྲ་མི་རྟག་པར་ཚད་མས་མ་ངེས་པའི་གང་ཟག་མེད་པའི་ཕྱིར། དེར་ཐལ། མཉན་བྱ་ལ་མི་རྟག་པས་ཁྱབ་པ་ཚད་མས་ངེས་ཤིང་། མཉན་བྱ་དང་སྒྲའི་མིང་དོན་གྱི་འབྲེལ་བ་ཚད་མས་ངེས་ནས་སྒྲ་མི་རྟག་པར་རྟོགས་དགོས་ཀྱི་གང་ཟག་མེད་པའི་ཕྱིར། མཉན་བྱ་སྒྲའི་མཚན་ཉིད་ཡིན་པའི་ཕྱིར།

འདིའི་ཐད་ཀྱི་ཐར་ལམ་གསལ་བྱེད་ལས། དང་པོར་མཉན་བྱ་ལ་མི་རྟག་པས་ཁྱབ་པ་ཚད་མས་ངེས། དེའི་རྗེས་སུ་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་མེད་པར་བསྟན་ཏོ། །གང་དག་མཚོན་བྱ་ལ་ཐ་སྙད་བྱ་རུང་ངེས་པར་སྦྱར་དགོས་པར་སྨྲ་བ་དེ་དག་ཅེས་སོགས་ཀྱི་དོན་ནི། ཉ་དབོན་སོགས་ཁ་ཅིག །ཤནྟི་པའི་ལུགས་དེ་ལེགས་ཤིང་། མཚོན་བྱ་ལ་ཐ་སྙད་བྱ་རུང་ངེས་པར་སྦྱར་དགོས་ཞེས་ཟེར། མཉན་བྱ་སྒྲའི་ཐ་སྙད་བྱ་རུང་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། མཉན་བྱའི་རྟགས་ཀྱིས་སྒྲའི་ཐ་སྙད་བྱ་རུང་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་དང་རྗེས་ཁྱབ་སྔ་ཕྱིར་ངེས། དེ་ཡང་རྗེས་ཁྱབ་སྔར་ངེས་ཟིན་མ་བརྗེད་པའི་ངང་ནས། མཉན་བྱའི་རྟགས་ཀྱིས་སྒྲའི་ཐ་སྙད་བྱ་རུང་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་ལ་དམིགས་པའི་ཐེ་ཚོམ་ཅན་གྱིས་ཕྱོགས་ཆོས་རྗེས་ནས་ངེས་པར་བྱ་རུང་པའི་ཕྱིར། མ་གྲུབ་ན་སོང་། དེར་ཐལ། མཉན་བྱའི་རྟགས་ཀྱིས་སྒྲའི་ཐ་སྙད་བྱ་རུང་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཚད་མས་གྲུབ་པ་གང་ཞིག །དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་ཚད་མས་གྲུབ་པའི་ཕྱིར། དང་པོ་མ་གྲུབ་ན། སྒྲའི་ཐ་སྙད་བྱ་རུང་ཆོས་ཅན། མཉན་བྱ་ཁྱོད་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། ཁྱོད་མཉན་བྱའི་མཚོན་བྱ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པ་བུད། དེ་ལྟར་གཏན་ཚིགས་རིག་པའི་གཞུང་གི་བསྟན་དོན་གཙོ་བོ་གཏན་ཚིགས་ཡང་དག་འཇོག་བྱེད་ཀྱི་ཚུལ་གསུམ་ལ་རྒྱ་བོད་ཀྱི་མཁས་པའི་བཞེད་དགོངས་རྟ་མོག་གི་སྤུ་དང་འདྲ་ཞིང་རྣམ་འགྲེལ་ལུགས་བརྒྱ་ལྡན་པ་ཞེས་པའི་མཚན་དོན་གཉིས་ལྡན་ལ་སྒོ་བློ་རྗེ་གསུམ་གྱི་ཡིག་ཆར་ཕྱོགས་རེར་མ་གྱུར་པར་སྦྱངས་པ་མཐར་ཐོན་འབྱུང་བར་བརྩོན་པར་རིགས་སོ། །

རྩོམ་སྒྲིག་པ།  བྱང་ཆུབ་རྒྱ་མཚོ།

བརྒྱུད་འགོད།
0