ཕྱོགས་ཆོས་འཁོར་ལོའི་བྱུང་འཕེལ་སྐོར་གླེང་བ།

སྤེལ་དུས།  2017-12-16   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  རོང་བོ་འཇིགས་མེད་བློ་གྲོས།   ཀློག་གྲངས།  

ནང་དོན་གནད་བསྡུས།དཔྱད་རྩོམ་འདིའི་ནང་དུ་སློབ་དཔོན་ཕྱོགས་ཀྱི་གླང་བོའི་མཛད་པའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུའི་བྱུང་འཕེལ། དབྱེ་བ། ངོས་འཛིན། བསྡུ་བ། དགོས་པ། དཔྱད་བསྡུར་བཅས་ཀྱི་སྒོ་ནས་རགས་ཙམ་གླེང་ཡོད།

བརྡ་ཆད་གཙོ་བོ ཚུལ་གསུམ་གྱི་ནང་ཚན་ཕྱོགས་ཆོས། མཐུན་ཕྱོགས་དང་མི་མཐུན་ཕྱོགས།

རྒྱལ་བའི་དགོངས་དོན་ལེགས་པར་རྟོགས་པའི་ཐབས། །

སྡེ་བདུན་མདོ་དང་བཅས་པའི་གཞུང་ལུགས་ཀྱི། །

ཡང་སྙིང་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུའི། །

འཁོར་ལོའི་བྱུང་འཕེལ་མདོ་ཙམ་དགོད་ལ་སྤྲོ། །

དང་བོ། བྱུང་འཕེལ།  

 དེ་ཡང་ཕྱོགས་ཆོས་འཁོར་ལོ་ནི་སློབ་དཔོན་ཕྱོགས་ཀྱི་གླང་བོས་མཛད་པ། བསྟན་འགྱུར་ཅེ་དུམ་པའི་ནང་བཞུགས་པའི་གཏན་ཚིགས་ཀྱི་འཁོར་ལོ་གཏན་ལ་དབབ་པ་ཅེས་པ་དེ་ཡིན་ལ། འོན་ཀྱང་ལོ་ཙྭ་བའི་འགྱུར་བྱང་དུ་ཕྱོགས་ཆོས་དགུའི་འཁོར་ལོ་ཞེས་འབྱུང་ངོ་། །དེ་ལ་ཁྱོན་བསྡོམས་ཤོ་ལོ་ཀ་བཅུ་གཅིག་ཡོད། དེས་ན་ཚད་མ་རིག་པར་སྦྱོང་འདོད་ཀྱི་དོན་གཉེར་ཅན་ཞིག་ཡིན་ཚེ་ཕྱོགས་ཆོས་འཁོར་ལོ་ལ་ཐོས་པ་དང་བསམ་པ། དཔྱོད་པ་དང་བརྒལ་བརྟགས་སོགས་གང་ཡང་མ་བྱས་པར་ཚད་མ་སྡེ་བདུན་མདོ་དང་བཅས་པའི་གཞུང་ནས་བསྟན་པའི་ཚུལ་གསུམ་གྱི་རྣམ་གཞག་ཤེས་ཐབས་མེད་ལ། ཚད་མ་རིག་པའི་གཞུང་ནས་བསྟན་པའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་འདི་དག་ལ་དཔྱོད་པ་ཞིབ་ཏུ་འཇུག་པ་ཤིན་ཏུ་གཅེས་པ་ཡིན་ནོ། །སློབ་དཔོན་ཕྱོགས་ཀྱི་གླང་བོའི་གཞུང་ཐོར་བུ་དང་ཀུན་ལས་བཏུས་པ་ཅི་རིགས་ཀྱི་སྒོ་ནས་ཚད་མ་དང་ཚད་མིན་གྱི་རྣམ་དབྱེ་གསལ་བོར་ཕྱེས་ནས་གཏན་ལ་ཕབ་ཅིང་། ལྷག་པར་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུ་བོ་འདི་དག་གི་ངོ་བོ་དང་བྱེད་ལས། དགག་སྒྲུབ་བླང་དོར་སོགས་ཀྱི་གནད་མ་ལུས་པ་ཡོངས་སུ་བསྟན་པས་སྲོལ་འབྱེད་པ་པོར་གྱུར་བ་ཡིན་ལ། སློབ་དཔོན་འདིས་ཐུབ་པའི་བསྟན་པ་རིན་པོ་ཆེ་དྲི་མ་མེད་པའི་རིགས་པའི་སྒོ་ནས་བཟུང་བ་ཡིན་ཞེས་གྲགས་པའང་དོན་ལ་གནས་པའོ། །དུས་དེར་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུའི་སྐོར་ཕྱི་ནང་གི་རྟོག་གེ་བ་ཀུན་ལ་ཁྱབ་གདལ་དུ་ཕྱིན་ཅིང་རྩོད་པ་སྨྲ་བའི་གཞིར་གྱུར་བ་ནི་ཚད་མ་མདོའི་རང་འགྲེལ་དང་། རྣམ་འགྲེལ་ལེའུ་དང་བོ། རང་འགྲེལ། ཁྱད་པར་དུ་ལེའུ་བཞི་བའི་རྩ་བ་རྣམས་ལ་ཞིབ་ཏུ་གཟིགས་ན་གསལ། ཕྱོགས་ཀྱི་གླང་བོའི་རྗེས་སུ་རིགས་པའི་དབང་ཕྱུག་ཆོས་ཀྱི་གྲགས་པས་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུ་དང་འབྲེལ་བའི་ཚུལ་གསུམ་རྣམ་གཞག་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་གསལ་བར་མཛད་ལ། ཁྱད་པར་རྣམ་འགྲེལ་ལེའུ་བཞི་བར། རང་བཞིན་འབྲས་བུ་གྲུབ་དོན་དུ། །གཏན་ཚིགས་གཉིས་དང་ལྡོག་པ་གཉིས། །ཞེས་དང་། གྲུབ་ཀྱང་ཐ་དད་བྱས་པ་ནི། །འདི་ཉིད་ཀྱིས་ནི་རང་བཞིན་ཉིད། །ཞེས་སོགས་ཕྱོགས་སྔའི་འདོད་པ་སུན་འབྱིན་ཚུལ་ཁྱད་པར་བ་ཅིག་གི་སྟེང་ནས་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུའི་རྣམ་གཞག་གསུངས་པ་ནི་རིགས་པའི་དབང་ཕྱུག་ཏུ་འདོགས་པའི་གདགས་གཞི་ངོ་མཚར་བ་ཡིན་ནོ། །ཚུལ་དེ་ཉིད་ལྷ་ཤཱཀ་རྒྱན་གསུམ་དང་དཔལ་ལྡན་ཆོས་མཆོག་སོགས་རིགས་པ་སྨྲ་བ་ལ་དབང་ཐོབ་པ་རྣམས་ཀྱིས་གོང་ནས་གོང་དུ་འཕེལ་བར་བྱས།

དེ་ནས་རིམ་བཞིན་ཆོས་རྒྱལ་ལོ་པཎ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་སྡེ་བདུན་མདོ་དང་བཅས་གངས་ཅན་གྱི་ལྗོངས་འདིར་དར་བར་གྱུར། དེའི་ཚུལ་ནི། འཇམ་མགོན་ས་སྐྱ་པཎྜི་ཏ་མཆོག་དང་། ཕྱྭ་བ་ཆོས་ཀྱི་སེང་གེ་དང་སེང་ཆེན་བརྒྱད། རྗེ་བཙུན་རེད་མདའ་བ་སོགས་རིགས་པའི་དབང་ཕྱུག་མང་དུ་བྱོན། ཁྱད་པར་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་གཏན་ཚིགས་ཀྱི་ཚུལ་གསུམ་དང་། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུའི་རྣམ་གཞག་འདི་ཉིད་ལམ་གྱི་གོལ་ས་གཅོད་པའི་ཐབས་བླ་ན་མེད་པར་གཟིགས་པ་བཞིན་འགྲོ་བ་མང་པོ་ལ་ནན་ཏན་ཆེན་པོས་འདོམས་པར་མཛད། དེ་ཡང་གསུང་ཚུལ་གཅིག་དང་ཐབས་ཚུལ་གཅིག་གི་སྒོ་ནས་མ་ཡིན་པར་གྲུབ་མཐའ་གཅིག་གི་ལུགས་ལའང་འཆད་པའི་རྣམ་འགྱུར་མི་འདྲ་བ་མང་དུ་གསུངས་ཏེ་ཤིན་ཏུ་གསལ་བར་བྱས་སོ། ། རྒྱལ་ཚབ་དར་མ་རིན་ཆེན་གྱི་རྣམ་བཤད་ཐར་ལམ་གསལ་བྱེད་དང་། རྣམ་ངེས་ཊིཀ་ཆེན། མཁས་གྲུབ་ཐམས་ཅད་མཁྱེན་པའི་ཊིཀ་ཆེན་རིགས་པའི་རྒྱ་མཚོ་སོགས་སུ་གསུང་ལུགས་སོ་སོར་མ་འདྲེས་པའི་སྒོ་ནས་གཏན་ཚིགས་དགུའི་རྣམ་གཞག་འདི་ཉིད་ཞིབ་ཅིང་རྒྱས་ལ་འཁྲུལ་བའི་དྲི་མ་ཡོངས་སུ་སྤངས་ཏེ་གསལ་བར་མཛད། ཕྱིས་སུ་བྱོན་པའི་རྗེས་འབྲང་གི་མཁས་པའི་ཁྲོད་དུའང་ཚད་མའི་དགོངས་འགྲེལ་གྱི་བསྟན་བཅོས་རྩོམ་མཁན་ལ་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུའི་དོན་མ་གསུངས་པ་མེད་པ་ལྟ་བུའི་ཚོད་དུ་ཡོད། ཕལ་ཆེ་བས་སྦྱོར་ངག་གི་རིགས་ལམ་བེད་སྤྱད་དེ་དེའི་དོན་བཀྲལ་བའི་སྒོ་ནས་འཕེལ་རྒྱས་སུ་མཛད། ཁྱད་པར་དུ་རྒྱལ་ཁབ་ཕྱི་ནང་གཉིས་དང་། མདོ་དབུས་ཁམས་གསུམ་གྱི་བཤད་གྲྭ་དག་ཏུ་ཚད་མའི་དགུན་ཆོས་ཆེན་མོ་ཞེས་ཚད་མ་ཁོ་ན་རྩོད་གཞུང་དུ་མཛད་ནས་འཚོགས་དང་ཚོགས་བཞིན་པའི་བགྲོ་གླེང་ཆེན་མོ་འདི་ཇི་ལྟར་དར་རྒྱས་བྱུང་བ་བཞིན། ཕྱོགས་ཆོས་འཁོར་ལོའི་གཏན་ཚིགས་འདི་ཡང་དེ་དང་ལྷན་དུ་འཕེལ་རྒྱས་འབྱུང་བཞིན་པ་ཀུན་གྱིས་ཤེས་གསལ་ལྟར་ལགས་སོ། །

གཉིས་པ། དབྱེ་བ།  

ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དེ་ལ་དབྱེ་ན་གསུམ་ཡོད་དེ། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་དེ་དང་། མཐུན་ཕྱོགས་ལ་གཏན་ནས་མེད་པའི་དེ་དང་། མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་དེ་དང་གསུམ་ཡོད། དེ་གསུམ་པོ་རེ་རེ་ལ་གསུམ་གསུམ་དུ་ཕྱེ་བས་དགུ་ཡོད་དེ། དང་བོ་དེ་ལ། མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག་པའི་དེ་དང་། མཐུན་ཕྱོགས་ལ་ཁྱབ་བྱེད་དང་མི་མཐུན་ཕྱོགས་ལ་གཏན་ནས་མེད་པའི་དེ་དང་། མཐུན་ཕྱོགས་ལ་ཁྱབ་བྱེད་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་དེ་དང་གསུམ། གཉིས་པ་ལ། མཐུན་ཕྱོགས་ལ་གཏན་མེད་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་དེ་དང་། མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་གཏན་ནས་མེད་པའི་དེ་དང་། མཐུན་ཕྱོགས་ལ་གཏན་ནས་མེད་ཅིང་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་དེ་དང་གསུམ། གསུམ་པ་ལ། མཐུན་ཕྱོགས་ལ་རྣམ་གཉིས་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་དེ་དང་མཐུན་ཕྱོགས་ལ་རྣམ་གཉིས་མི་མཐུན་ཕྱོགས་ལ་གཏན་ནས་མེད་པའི་དེ་དང་། མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་རྣམ་གཉིས་སུ་འཇུག་པའི་དེ་དང་གསུམ་བཅས་རྣམ་པ་དགུ་ཡོད། དེ་ཡང་ཡིན་ཏེ། ཚད་མ་མདོ་ལས། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང་། །རྣམ་གཉིས་རེ་རེ་དག་ལ་ཡང་། །རྣམ་གསུམ་མི་མཐུན་ཕྱོགས་ལ་ཡང་། །ཡོད་མེད་རྣམ་པ་གཉིས་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།

གསུམ་པ། ངོས་འཛིན།

ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུ་ངོས་བཟུང་བ་ནི། རེའུ་མིག་དགུར་བཅད་པའི་སྟོད་ཀྱི་རེའུ་མིག་གསུམ་ལ། སྒྲ་ཆོས་ཅན། རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། དུང་སྒྲ་ཆོས་ཅན། རྩོལ་བྱུང་ཡིན་ཏེ། མི་རྟག་པ་ཡིན་པའི་ཕྱིར་ཞེས་པ་གསུམ་དང་། བར་གྱི་རེའུ་མིག་གསུམ་ལ། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར། སྒྲ་ཆོས་ཅན། རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། དུང་སྒྲ་ཆོས་ཅན། རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར་ཞེས་པ་གསུམ་དང་། སྨད་ཀྱི་རེའུ་མིག་གསུམ་ལ། དུང་སྒྲ་ཆོས་ཅན། རྩོལ་བྱུང་མིན་ཏེ། མི་རྟག་པ་ཡིན་པའི་ཕྱིར། དུང་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར། སྒྲ་ཆོས་ཅན། རྟག་སྟེ། རེག་བྱ་ཅན་མ་ཡིན་པའི་ཕྱིར་ཞེས་པ་གསུམ་གནས་སོ། ། དེ་ཡང་ཡིན་ཏེ། ཕྱོགས་ཆོས་འཁོར་ལོ་ལས། སྒྲ་དང་སྒྲ་དང་དུང་སྒྲ་དང་། །སྒྲ་དང་སྒྲ་དང་དུང་སྒྲ་དང་། །དུང་སྒྲ་དུང་སྒྲ་སྒྲ་དང་བཅས། །དགུ་བོ་ཤེས་འདོད་ཆོས་ཅན་ཡིན། །རྟག་དང་མི་རྟག་རྩོལ་བྱུང་དང་། །བར་དུ་རྟག་པ་རྣམ་གསུམ་དང་། །རྩོལ་བྱུང་མིན་དང་མི་རྟག་རྟག །དེ་དགུར་བསྒྲུབ་བྱའི་ཆོས་སུ་བཟུང་། །གཞལ་བྱ་ཞེས་དང་མི་རྟག་དང་། །བྱས་དང་མཉན་བྱ་རྩོལ་ལས་བྱུང་། །མི་རྟག་རྩོལ་བྱུང་རེག་བྱ་མིན། །དེ་དགུ་རྟགས་སུ་བཀོད་པའོ། །ཞེས་གསུངས་པའི་ཕྱིར།

མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་སྒྲས་ཟིན་ལ། སྒྲ་ཆོས་ཅན། རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར། དོན་ཐོབ་ལ། སྒྲ་ཆོས་ཅན། རྟག་སྟེ། རི་བོང་རྭ་མ་ཡིན་པའི་ཕྱིར། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། མཐུན་ཕྱོགས་ལ་ཁྱབ་བྱེད། མི་མཐུན་ཕྱོགས་ལ་གཏན་མེད། མཐུན་ཕྱོགས་ལ་ཁྱབ་བྱེད། མི་མཐུན་ཕྱོགས་ལ་རྣམ་གཉིས། དུང་སྒྲ་ཆོས་ཅན། རྩོལ་བྱུང་ཡིན་ཏེ། མི་རྟག་པ་ཡིན་པའི་ཕྱིར། སྒྲས་ཟིན་ལ། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར། དོན་ཐོབ་ལ་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། མཐུན་ཕྱོགས་ལ་གཏན་མེད། མི་མཐུན་ཕྱོགས་ལ་ཁྱབ་བྱེད། སྒྲས་ཟིན་ལ། སྒྲ་ཆོས་ཅན། རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་གཏན་མེད། སྒྲས་ཟིན་ལ། དུང་སྒྲ་ཆོས་ཅན། རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར། དོན་ཐོབ་ལ་མི་རྟག་པ་མ་ཡིན་ཏེ། རྩོལ་བྱུང་ཡིན་པའི་ཕྱིར། མཐུན་ཕྱོགས་ལ་གཏན་མེད། མི་མཐུན་ཕྱོགས་ལ་རྣམ་གཉིས། དུང་སྒྲ་ཆོས་ཅན། རྩོལ་བྱུང་མིན་ཏེ། མི་རྟག་པ་ཡིན་པའི་ཕྱིར། མཐུན་ཕྱོགས་ལ་རྣམ་གཉིས། མི་མཐུན་ཕྱོགས་ལ་ཁྱབ་བྱེད།  དུང་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར། མཐུན་ཕྱོགས་ལ་རྣམ་གཉིས། མི་མཐུན་ཕྱོགས་ལ་གཏན་མེད། སྒྲས་ཟིན་ལ། དུང་སྒྲ་ཆོས་ཅན། རྟག་སྟེ། རེག་བྱ་ཅན་མ་ཡིན་པའི་ཕྱིར། དོན་ཐོབ་ལ། ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། མངོན་སུམ་ཡིན་ཏེ། དབང་ཤེས་ཡིན་པའི་ཕྱིར། མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་རྣམ་གཉིས།

བཞི་པ། བསྡུ་བ།

གཏན་ཚིགས་དགུ་བོ་དེ་བསྡུས་ན་རྟགས་ཡང་དག་དང་། འགལ་རྟགས་དང་། དངོས་ཀྱི་མ་ངེས་པ་དང་། ཐུན་མོང་མ་ཡིན་པའི་མ་ངེས་པ་བཞིར་འདུ་བ་ཡིན་ཏེ། ཕྱོགས་ཆོས་འཁོར་ལོ་ལས། སྟེང་འོག་གཉིས་ལ་ཡང་དག་གནས། །ལོགས་གཉིས་འགལ་བའི་གཏན་ཚིགས་ཏེ། །ཟུར་བཞི་དངོས་ཀྱི་མ་ངེས་པ། །དབུས་ན་ཐུན་མོང་མིན་པའོ། །ཞེས་གསུངས་པའི་ཕྱིར།

ལྔ་པ། དགོས་པ།  

ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུ་གསུངས་པའི་དགོས་པ་ཡོད་དེ། རྟགས་ཡང་དག་ལ་འབྲས་རང་མ་དམིགས་པའི་རྟགས་གསུམ་དུ་ངེས་པར་བསྟན་པའི་སྒོ་ནས་རྟགས་ཡང་དག་དང་རྟགས་ལྟར་སྣང་གི་སྦྱོར་བ་འགོད་པའི་ངག་གི་དབྱེ་བ་རྟོགས་པའི་ཕྱིར་དུ། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུ་གསུངས་པ་ཡིན་པའི་ཕྱིར། དེ་ཡང་ཡིན་ཏེ། རིགས་རྒྱན་ལས། མདོར་ན་རྩོད་གཞིའི་སྟེང་དུ་སྐབས་ཀྱི་མི་མཐུན་ཕྱོགས་མཐའ་དག་བཅད་པ་བསྒྲུབ་བྱ་དང་། དེ་སྒྲུབ་པར་བྱེད་པའི་རྟགས་ཡང་དག་གི་མཚན་ཉིད་ཚུལ་གསུམ་དུ་ངེས་པ་དང་། མཚན་ཉིད་དེ་དང་ལྡན་པའི་རྟགས་ཡང་དག་གི་མཚན་གཞི་འབྲས་རང་མ་དམིགས་པ་གསུམ་དུ་ངེས་པར་བསྟན་པའི་སྒོ་ནས། རྟགས་ཡང་དག་དང་རྟགས་ལྟར་སྣང་གི་སྦྱོར་བ་འགོད་པའི་ངག་གི་དབྱེ་བ་རྟོགས་པའི་ཕྱིར་དུ་ཕྱོགས་ཆོས་ཅན་དགུའི་རབ་དབྱེ་བསྟན་པ་ཞེས་གསུངས་པའི་ཕྱིར་རོ། །

དྲུག་པ། དཔྱད་བསྡུར།

མཁས་པ་ལ་ལས་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུའི་ནང་གསེས་ཀྱི་སྦྱོར་བ་འགོད་སྟངས་སྣ་ཚོགས་ཡོད་ཅིང་། དེ་དག་ལ་ཞིབ་ཏུ་མ་དཔྱད་ཚེ་དགོས་མེད་ཀྱི་དོགས་པ་འབྱུང་སླ་བ་ཡོད་པས་འདི་ལྟར། གཏན་ཚིགས་དགུའི་ནང་གི་ཡང་དག་གཉིས་ལ་རང་བཞིན་གྱི་རྟགས་ཡང་དག་གཅིག་དང་འབྲས་རྟགས་གཅིག་སྟེ་གཉིས་འགོད་དགོས་པ་ནི་ཊིཀ་ཆེན་རིགས་པའི་རྒྱ་མཚོར་འདིའི་ཐད་དུ། རང་བཞིན་དང་འབྲས་བུའི་རྟགས་ཡང་དག་གཉིས་དང་། ཞེས་གསུངས་ཤིང་།  གཞུང་གཞན་དུའང་དེ་དང་མཐུན་པར་འབྱུང་ངོ་། །འགོད་པའི་ཚེ་ནའང་གཏན་ཚིགས་འཁོར་ལོའི་ཚིག་ཟིན་ལྟར། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་དང་། རིག་བྱེད་ཀྱི་སྒྲ་ཐོས་པའི་ཉན་ཤེས་ཆོས་ཅན། མི་རྟག་སྟེ། རྩོལ་བ་ལས་བྱུང་བའི་ཕྱིར། ཞེས་འགོད་པར་མཛད་དོ། །དངོས་སུ་བཀོད་པའི་སྦྱོར་བ་འདི་གཉིས་ལ་བལྟས་པ་ཙམ་གྱིས་གང་ཡང་འབྲས་རྟགས་མིན་པར་གཉིས་ཀ་རང་བཞིན་གྱི་རྟགས་ཡིན་པ་ཤེས་ནུས་ལ། འོ་ན་ཇི་ལྟར་སྙམ་ན། སྔ་མ་རང་བཞིན་གྱི་རྟགས་དངོས་དང་། ཕྱི་མ། རིག་བྱེད་ཀྱི་སྒྲ་ཐོས་པའི་ཉན་ཤེས་ཆོས་ཅན། མི་རྟག་སྟེ། རྩོལ་བ་ལས་བྱུང་བའི་ཕྱིར། ཞེས་པ་འདི་འབྲས་རྟགས་ཀྱི་དཔེར་ཕྱི་རོལ་སྤྱོད་པ་བ་ལ་བཀོད་པ་ཡིན་གྱི་དངོས་ཀྱི་སྦྱོར་བ་མིན་ནོ། །སྤྱོད་པ་བས་རིག་བྱེད་ཀྱི་སྒྲ་རྟག་པར་ཁས་ལེན་པར་མ་ཟད། དེ་ཉིད་རྩོལ་བྱུང་དུའང་འདོད་པས་དེ་ལ་རིག་བྱེད་ཀྱི་སྒྲ་དེ་ཐོས་པའི་ཉན་ཤེས་ནི་རེས་འགའ་སྐྱེ་བ་ཡིན་ལ། ཉན་ཤེས་གཞིར་བཟུང་སྟེ་མི་རྟག་པའི་སྒྲ་སྔོན་དུ་སོང་བ་བསྒྲུབ་པའི་ཕྱིར་དུ་དེ་ལྟར་བཀོད་པ་ཡིན་ནོ། ། འགོད་རྒྱུ་དངོས་ནི། རིག་བྱེད་ཀྱི་སྒྲ་ཐོས་པའི་ཉན་ཤེས་ཆོས་ཅན། རང་རྒྱུ་མི་རྟག་པའི་སྒྲ་སྔོན་དུ་སོང་སྟེ། སྒྲའི་རྐྱེན་ལྕེ་རྐན་ལ་སོགས་པའི་རྩོལ་བ་ལས་བྱུང་བའི་ཉན་ཤེས་ཡིན་པའི་ཕྱིར། ཅེས་པ་འདི་ཡིན་ལ། འདིས་རིག་བྱེད་ཀྱི་སྒྲ་ཐོས་པའི་ཉན་ཤེས་ཆོས་ཅན། མི་རྟག་སྟེ། རྩོལ་བ་ལས་བྱུང་བའི་ཕྱིར། ཞེས་པ་ཤུགས་ལ་འཕངས་པས་གང་འཕངས་པ་དེ་ཉིད་དཔེར་བཟུང་སྟེ་བཀོད་པ་ཡིན་གྱི་འཕེན་པའི་སྦྱོར་བ་དངོས་མ་བཀོད་པ་ནི་རྩ་འགྲེལ་ཀུན་གྱི་དགོངས་པ་བླ་ན་མེད་པ་ཡིན་ནོ། །དེས་ན་འདི་འདྲ་བའི་ནོར་སླ་བ་ཧ་ཅང་མང་བས་དཔྱད་བསྡུར་ཞིབ་མོ་བྱེད་དགོས་སོ། །

སྨྲས་པ།  

རིགས་ཚུལ་མྱུར་འཁྱུགས་གློག་ལ་འགྲན་འདོད་པའི། །

བློ་གསལ་གང་དག་རྣམ་པར་རོལ་བའི་གཞི། །

ཆགས་ལྡན་བུང་བར་པདྨོའི་སྐྱེད་ཚལ་བཞིན། །

དཔལ་དུ་འགྱུར་བའི་རེ་སྨོན་སྙིང་ལ་འཆའ། །

རྩོམ་སྒྲིག་པ། བྱང་ཆུབ་རྒྱ་མཚོ།

བརྒྱུད་འགོད།
0