བོད་ཀྱི་ཚད་མ་རིག་པའི་བྱུང་རིམ་དང་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུའི་སྐོར་ཅུང་ཟད་དཔྱད་པ།

སྤེལ་དུས།  2017-12-16   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  ངག་དབང་མཆོག་གྲུབ།   ཀློག་གྲངས།  

སྤྱིར་ཚད་མ་རིག་པ་ནི་དོན་གང་ཞིག་ཡིན་རུང་ཡང་དག་པར་རམ་ཕྱིན་ཅི་མ་ལོག་པར་སྒྲུབ་པ་དང་དོན་ལ་ཕྱིན་ཅི་ལོག་གི་འཁྲུལ་བ་སྤོང་བའི་ཐབས་སམ་དོན་དང་དོན་མ་ཡིན་པ་སོ་སོར་རྣམ་པར་འབྱེད་པའི་ཐབས་ཤིག་ཡིན་པས། ཕྱི་ནང་གི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་རང་རང་གི་གྲུབ་མཐའ་དེ་ཉིད་ཡང་དག་པ་ཞིག་ཡིན་པ་དང་།  དེ་ལྟར་གཞན་ལ་སྟོན་པར་བྱེད་པའི་ཐབས་ཚད་མ་རིག་པའམ་གཏན་ཚིགས་རིག་པ་འདི་ལ་བརྟེན་པ་ཡིན་པ་ཡིན།  དེར་བརྟེན་ཚད་མ་རིག་པ་ཙམ་ནི་བདག་ཅག་གི་སྟོན་པ་འཇིག་རྟེན་འདིར་མ་བྱོན་པའི་སྔོན་ནས་ཀྱང་དར་རྒྱས་སུ་ཡོད་ལ། སྟོན་པ་བཅོམ་ལྡན་འདས་ཀྱིས་ཀྱང་སངས་རྒྱས་ཀྱིས་ཆོས་འཚོལ་བའི་བྱང་ཆུབ་སེམས་དཔའ་རྣམས་ལ།  གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་གང་ལ་སྐྱོན་དང་ལྡན་པ་རྣམས་སྐྱོན་ཅན་ཏུ་ཤེས་པར་བྱ་བའི་ཕྱིར་དང་།  དེ་ལྟར་ཤེས་ནས་སྐྱོན་ཅན་དེ་དག་གཞིག་པར་བྱ་བ་དང་།  སྐྱོན་མེད་པ་དག་ཡང་དག་པར་ཤེས་པར་བྱས་ནས་ཡིད་ཆེས་འཕེལ་བ་དང་།  གདུལ་བྱ་འདུལ་བའི་ཐབས་སུ་ཤེས་ནས་གདུལ་བྱ་རྣམས་ཡང་དག་པའི་ལམ་ལ་ཁྲིད་པར་བྱ་བའི་ཕྱིར་ཚད་མ་རིག་པའམ་གཏན་ཚིགས་རིག་པའི་གཞུང་ལ་སློབ་དགོས་པར་གསུངས་ལ།  དེའི་ཕྱིར་འཕགས་པ་ཀླུ་སྒྲུབ་ཡབ་སྲས་དང་།  ཐོགས་མེད་སྐུ་མཆེད་ཀྱི་གཞུང་རྣམས་ལས་ཀྱང་ཚད་མ་རིག་པའི་སྐོར་གསལ་བར་གསུངས། ཁྱད་པར་དུ་ཡང་ཚད་མ་རང་ལས་མཁས་པ་སློབ་དཔོན་ཆེན་པོ་ཕྱོགས་གླང་དང་སློབ་དཔོན་ཆོས་ཀྱི་གྲགས་པས་གཞན་སྡེ་རྟོག་གེ་བ་རྣམས་ཀྱིས་བཞག་པའི་ཚད་མའི་མཚན་ཉིད་དང་ཚད་མ་ཡུལ་ལ་འཇུག་ཚུལ་གཏན་ཚིགས་རིགས་པའི་རྣམ་བཞག་རྣམས་ཕྱིན་ཅི་ལོག་ཏུ་གཟིགས་ནས་སུན་འབྱིན་ཅིང་།  དེ་དག་ཇི་ལྟ་བ་བཞིན་ཕྱིན་ཅི་ལོག་པར་བསྟན་པར་བཞེད་ནས་རང་གི་གཞལ་བྱ་ངེས་པའི་ཐབས་དང་ངེས་ནས་གཞན་རྗེས་སུ་འཛིན་པའི་ཐབས་གཉིས་སུ་འདུས་པ་རྟོག་གེ་ཚིག་དོན་བརྒྱད་ལ་སོགས་པའི་རྣམ་བཞག་ཇི་བཞིན་གཏན་ལ་ཕབ་ནས་སྟོན་པ་བཅོམ་ལྡན་འདས་དེ་ཉིད་རྒྱུ་བསམ་སྦྱོར་ཕུན་ཚོགས་ལས་འབྲས་བུ་དོན་གཉིས་ཕུན་སུམ་ཚོགས་པའི་ཚད་མའི་སྐྱེས་བུར་གྱུར་བའི་ཚུལ་སྒྲུབ་པ་ལ་སོགས་པ་གཏན་ལ་ཕབ་ཀྱང་། དེ་དག་སྟོན་པའི་སློབ་དཔོན་ཕྱོགས་གླང་རང་ཉིད་ཀྱིས་མཛད་པའི་ཚད་མའི་བསྟན་བཅོས་བརྒྱ་རྩ་མཛད་ཀྱང་།ལྷག་པར་དེ་དག་ཕྱོགས་གཅིག་ཏུ་བསྡུས་པའི་བསྟན་བཅོས་རྨད་དུ་བྱུང་བ་ཚད་མ་ཀུན་བཏུས་མཛད། སློབ་དཔོན་ཆོས་ཀྱི་གྲགས་པས་དེའི་དགོངས་འགྲེལ་ཚད་མའི་བསྟན་བཅོས་སྡེ་བདུན་མཛད་པས་ནང་བའི་བསྟན་པའི་བསྡུས་པས་ཚད་མ་རིག་པ་རྒྱས་པ་མཛད་དོ། །

ཚད་མ་རིག་པའི་འཆད་ཉན་གྱི་སྲོལ་བོད་དུ་དར་ཚུལ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་བཏུས་རང་འགྲེལ་དང་བཅས་པ། བོད་ཀྱི་ལོ་ཙཱ་བ་ཞ་མ་སེང་རྒྱལ་དང་ལོ་ཙཱ་བ་དད་པ་ཤེས་རབ་སོགས་ཀྱིས་བོད་སྐད་དུ་བསྒྱུར་ཅིང་། སྐ་ཅོག་ཞང་གསུམ་སོགས་ཀྱིས་བོད་གངས་ཅན་ལྗོངས་སུ་ཚད་མའི་འཆད་ཉན་གྱི་སྲོལ་ཐོག་མར་བཏོད།  དེའི་རྗེས་སུ་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་བོ་མཆོག་གི་སློབ་མ་ལོ་ཙཱ་བ་དགེ་སློང་རྨ་དགེ་བའི་བློ་གྲོས་དང་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་སོགས་ཀྱིས་ཚད་མ་སྡེ་བདུན། ལྷ་ཤཱག་གིས་མཛད་པའི་འགྲེལ་བ་དང་བཅས་པ་བོད་སྐད་དུ་བསྒྱུར་ཅིང་། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་རྣམ་པར་ངེས་པའི་ཊིཀ་ཆེན་དང་གཞུང་ཕྲན་མང་བོ་དང་མཛད་ནས་ཚད་མའི་འཆད་ཉན་དར་བར་མཛད། ཡང་བརྒྱ་ཕྲག་བཅུ་གཉིས་པའི་ནང་ཚད་མའི་གཞུང་ལུགས་ལ་ཤིན་ཏུ་མཁས་པ་རིགས་པའི་དབང་ཕྱུག་ཕྱཱ་བ་ཆོས་ཀྱི་སེང་གེ་བྱོན་ནས་ཚད་མའི་འགྲེལ་བ་ཚད་མ་བསྡུས་པ་ཡིད་ཀྱི་མུན་སེལ་སོགས་མཛད་ནས། ཐལ་དང་ཕྱིར་སོགས་ཀྱི་ཕྱག་རྒྱ་དང་བཅས་ཏེ་ཚད་མའི་འཆད་ཉན་ཡོངས་སུ་དར་རྒྱས་སུ་མཛད། བརྒྱ་ཕྲག་བཅུ་གསུམ་པའི་ནང་འཇམ་མགོན་ཀུན་ས་པཎ་དགའ་རྒྱལ་མཚན་གྱིས་ཁ་ཆེ་པཎ་ཆེན་སོགས་རྒྱ་གར་པཎྚི་ཏ་དུ་མ་ལས་ཚད་མ་སྡེ་བདུན་སོགས་གསན་ནས་མཁས་པའི་མཐར་སོན་ཏེ་རྣམ་འགྲེལ་སོགས་ཀྱི་འགྱུར་སླད་བཅོས་པ་དང་ཉིན་རེ་ཚད་མ་ཆོས་ཐུན་རེ་གསུངས་པའི་དམ་བཅའ་མཛད།  ཚད་མའི་གཞུང་ཚད་མ་རིགས་གཏེར་འགྲེལ་བ་དང་བཅས་པ་གསར་དུ་རྩོམ་པ་སོགས་ཀྱིས་སྒོ་ནས་བྱ་བ་རླབས་ཆེན་མཛད་དོ། །  

བརྒྱ་ཕྲག་བཅུ་བཞི་བའི་ནང་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་བྱོན་ནས་ཚད་མ་མདོ་དང་རྣམ་འགྲེལ་སྡེ་བདུན་དང་བཅས་པ། འགྲེལ་བ་ལྷ་ཤཱག་ཆོས་མཆོག་བྲམ་ཟེས་སོགས་ཀྱིས་མཛད་པའི་འགྲེལ་བ་རྣམས་ལ་དམིགས་ཕུགས་ཀྱི་ཐོས་བསམ་ཞིབ་ཏུ་མཛད་ནས་ཚད་མའི་གཞུང་ལ་འཆད་སྤེལ་གྱི་བཀའ་དྲིན་རྒྱ་ཆེར་མཛད་པ་ལས་སྲས་ཀྱི་ཐུ་བོ་རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་བོ་སོགས་ཀྱིས་རྗེའི་དྲུང་ནས་ཚད་མའི་གཞུང་མང་དུ་གསན་ཏེ། རྗེའི་གསུང་ལ་གཞིར་མཛད་དེ་རྣམ་འགྲེལ་ཐར་ལམ་གསལ་བྱེད་དང་།  རྣམ་འགྲེལ་ཊིཀ་ཆེན་རིགས་པའི་རྒྱ་མཚོ་སོགས་དང་། དེ་ཡང་དང་བོས་གཙོ་བོ་སློབ་དཔོན་ཆོས་མཆོག་གི་འགྲེལ་དང་། གཉིས་པས་སློབ་དཔོན་ལྷ་དབང་བློའི་འགྲེལ་བའི་རྗེས་སུ་འབྲངས་ནས་སྡེ་བདུན་གྱི་དགོངས་པ་འཆད་པ་ཡིན་པས་སྲས་ཀྱི་ཐུ་བོ་གཉིས་ཀྱིས་ཚད་མའི་གཞུང་ཚིག་འགའ་ཞིག་གསུངས་སྲོལ་མི་འདྲ་བ་འབྱུང་བའི་རྒྱུ་མཚན་ཡང་དེ་ལྟར་ཡིན་ནོ། །  

དེ་ལྟར་རྗེ་ཙོང་ཁ་བ་ཡབ་སྲས་རྣམས་ཀྱིས་ཚད་མའི་གཞུང་ལ་ཐོས་བསམ་ཤིན་ཏུ་གལ་ཆེ་བར་གཟིགས་ནས་གཏིང་ཟབ་ཀྱི་འཆད་རྩོད་རྩོམ་གསུམ་རྒྱ་ཆེར་མཛད་པ་ལས།བོད་གངས་ཅན་ལྗོངས་སུ་ཚད་མའི་འཆད་ཉན་དབྱར་གྱི་ཆུ་བོ་ལྟར་རྒྱས་ནས། ད་ལྟའི་བར་དུ་རྒྱུན་མ་ཆད་པར་ས་ཁྱབ་རྡོ་ཁྱབ་ལྟར་སོང་ཡོད་པས་དགོན་སྡེ་ཁག་ཏུ་ཚད་མའི་འཆད་ཉན་མི་ཉམས་རྒྱུན་འཛིན་ཐུབ་པ་འདི་ལགས་སོ། །ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུ་ནི་སློབ་དཔོན་ཕྱོགས་གླང་གི་ཚད་མ་མདོ་ལས།  མཐུན་ཕྱོགས་ལ་ཡོད་མེད་རྣམ་གཉིས། །ཕྱོགས་ཀྱི་ཆོས་ལའང་རྣམ་པ་གསུམ། །མི་མཐུན་ཕྱོགས་ལའང་སོ་སོར་ནི། །ཡོད་མེད་གཉིས་ཀའི་བྱེ་བྲག་ཕྱིར། །ཞེས་གསུངས་ལ། སློབ་དཔོན་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ལས། གཏན་ཚིགས་རབ་ཏུ་དབྱེ་བའི་དོན། །བདེ་བར་བཟུང་བ་གྲུབ་བྱའི་ཕྱིར། །ཕྱོགས་ཆོས་རབ་ཏུ་དབྱེ་བ་ཡིས། །མདོར་བསྡུས་པ་ནི་གསུངས་པ་ཡིན། །ཞེས་སོགས་དང་། གཞན་ཡང་དགོས་པ་ནི། རྣམ་འགྲེལ་ལས། རང་བཞིན་འབྲས་བུ་གྲུབ་དོན་དུ། །གཏན་ཚིགས་གཉིས་དང་ལྡོག་པ་གཉིས། །ཞེས་སོགས་ཀྱིས་གསུངས་སོ། །དེ་ལྟར་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུ་བསྟན་པ་ལ། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུ་བཤད་པའི་དགོས་པ་དང་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་རྣམ་བཞག་བཤད་པ་གཉིས། དང་བོ་ནི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུ་ལས་སྟེང་འོག་གི་རྟགས་ཡང་དག་གཉིས་སྟེ་འབྲས་རང་གི་གཏན་ཚིགས་ཡང་དག་གཉིས་ཀྱི་རྗེས་སུ་འགྲོ་ལྡོག་མེད་ན་མི་འབྱུང་བའི་འབྲེལ་བ་དངོས་པོའི་གནས་ཚོད་ཀྱི་དབང་གིས་གྲུབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཡང་དག་གཉིས་གསུངས་ཤིང་། དེ་ལྟ་མ་ཡིན་པར་དེ་དག་གི་རྗེས་སུ་འགྲོ་ལྡོག་འདོད་པ་ཙམ་གྱིས་གྲུབ་པ་ཡིན་ན།འགལ་རྟགས་གཉིས་ཀྱང་འདོད་པའི་དབང་གིས་རྟགས་ཡང་དག་ཏུ་འགྱུར་དགོས་ན་ཡང་འདི་དག་ནི་རྣམ་པ་ཐམས་ཅད་དུ་ཁྱབ་པ་འཁྲུལ་བ་ཡིན་པའི་ཕྱིར། རྗེས་སུ་འགྲོ་ལྡོག་གིས་ཁྱབ་པ་གྲུབ་པ་མེད་ན་མི་འབྱུང་གི་འབྲེལ་བ་གྲུབ་པ་ལ་རག་ལས་པ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་འགལ་རྟགས་གཉིས་སྨོས་སོ། ། འབྲས་རང་གི་རྟགས་གཉིས་ཀྱི་བསྒྲུབ་བྱའི་ཆོས་ལྡོག་ན་རྟགས་ལྡོག་པ་དངོས་པོའི་དབང་གིས་གྲུབ་པར་བསྟན་པའི་ཤུགས་ཀྱིས་རྒྱུ་ཁྱབ་བྱེད་མ་དམིགས་པ་ཡང་རྟགས་ཡང་དག་ཡིན་པར་བདེ་བླག་ཏུ་གྲུབ་པར་འགྱུར་བས་དེའི་ཕྱིར། རྟགས་ཡང་དག་གི་མཚན་གཞི་འབྲས་རང་མ་དམིགས་པ་གསུམ་དུ་གྲངས་ངེས་པར་བྱ་བའི་ཆེད་དུ་ཕྱོགས་ཆོས་ཅན་བཞི་བོ་དེ་ཉིད་གསུངས་སོ། །ལྡོག་ཁྱབ་གཅིག་པུ་ཅན་གྱི་གཏན་ཚིགས་ཡང་དག་ཡོད་པ་དགག་པའི་ཆེད་དུ་མཉན་བྱ་སྨོས་ལ། རྗེས་ཁྱབ་གཅིག་པུ་ཅན་གྱི་གཏན་ཚིགས་གཏན་ཚིགས་ཡང་དག་ཡོད་པ་དགག་པའི་ཆེད་དུ་གཞལ་བྱ་སྨོས་པས་རྗེས་སུ་འགྲོ་ལྡོག་ཕན་ཚུན་མ་འཁྲུལ་བར་བསྒྲུབས་ཤིང་།  དེ་ཡང་ཕྱོགས་ཆོས་གྲུབ་པའི་གཏན་ཚིགས་གཞིར་བྱས་ནས་བསྒྲུབས་པས་རྟགས་ཡང་དག་ཏུ་མཚོན་པའི་མཚན་ཉིད་ཀྱི་ཚུལ་དེ་ལ་ཚུལ་གསུམ་དུ་གྲངས་ངེས་པར་སྒྲུབ་པའི་ཆེད་དུ་ཕྱོགས་ཆོས་ཅན་གྱི་སྦྱོར་བ་དེ་གཉིས་གསུངས་སོ། ། རྟགས་མཐུན་ཕྱོགས་ལ་རྗེས་འགྲོ་སྟེ་ཡོད་ཙམ་དུ་གྲུབ་པ་དང་། རྗེས་འགྲོ་གཙོ་བོར་གྲུབ་པ་དང་། རྗེས་སུ་འགྲོ་ལྡོག་ཆ་མཉམ་དུ་གྲུབ་པ་ཙམ་གྱིས་བསྒྲུབ་བྱ་སྒྲུབ་ནུས་པ་བཀག་ནས་བསྒྲུབ་བྱ་ནུས་པའི་རྟགས་ལ་རྟགས་མི་མཐུན་ཕྱོགས་མཐའ་དག་ལས་ལྡོག་པ་དགོས་པར་བསྟན་པའི་སྒོ་ནས་རྩོད་གཞི་ཆོས་ཅན་གྱི་སྟེང་དུ་མི་མཐུན་ཕྱོགས་མཐའ་དག་རྣམ་པར་བཅད་པ་རྟགས་ཀྱི་ནུས་ཡུལ་དུ་ཤེས་པའི་ཕྱིར་དུ་ཕྱོགས་ཆོས་ཅན་ལྷག་མ་གསུམ་སྨོས་སོ། །མདོར་ན་སྔ་རྒོལ་དང་ཕྱི་རྒོལ་གཉིས་རྩོད་པའི་ཚེ་རྟགས་ཡང་དག་གིས་རྩོད་པའི་གཞིའི་སྟེང་དུ་སྐབས་ཀྱི་མི་མཐུན་ཕྱོགས་བཀག་པའི་སྒོ་ནས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ཡིན་ལ། བསྒྲུབ་བྱ་སྒྲུབ་པར་བྱེད་པའི་རྟགས་ཡང་དག་གི་མཚན་ཉིད་ཚུལ་གསུམ་དུ་ངེས་པ་དང་། མཚན་ཉིད་དེ་དང་ལྡན་པའི་རྟགས་ཡང་དག་གི་མཚན་གཞི་ལ་འབྲས་རང་མ་དམིགས་པའི་རྟགས་གསུམ་དུ་ངེས་པར་བསྟན་པའི་སྒོ་ནས་རྟགས་ཡང་དག་དང་ལྟར་སྣང་གི་སྦྱོར་བ་འགོད་པའི་ངག་གི་དབྱེ་བ་རྟོགས་པའི་ཕྱིར་དུ་ཡིན་ནོ། །དེ་ལྟར་ཡིན་པ་ཡང་རྣམ་འགྲེལ་ལས།  རང་བཞིན་འབྲས་བུ་གྲུབ་དོན་དུ། །གཏན་ཚིགས་གཉིས་དང་ལྡོག་པ་གཉིས། །རྩོད་ཕྱིར་ཁྱད་པར་སྤྱི་དག་སྟེ། །ལྷག་མ་ལྡོག་པའི་སྒྲུབ་བྱེད་ཡིན། །ཞེས་གསུངས་སོ། ། 

གཉིས་པ་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་རྣམ་བཞག་བཤད་པ་ལ། རྩ་བའི་གཞུང་གཏན་ཚིགས་ཀྱི་འཁོར་ལོ་གཏན་ལ་འབབ་པ་ཞེས་པའི་གཞུང་དོན་ཅུང་ཟད་བཤད་པ།  དེ་ལས་འཕྲོས་པའི་དགོས་གནད་འགའ་དཔྱད་པ་གཉིས། དང་བོ་ནི། གཞལ་བྱ་བྱས་དང་མི་རྟག་དང་། །བྱས་དང་མཉམ་བྱ་རྩོལ་བྱུང་དང་། །མི་རྟག་རྩོལ་བྱུང་ལུས་ཅན་མིན། ། ཞེས་པས་རྟགས་བསྟན་ལ།  བསྒྲུབ་བྱའི་ཆོས་ནི། རྟག་དང་མི་རྟག་རྩོལ་བྱུང་དང་། རྟག་དང་རྟག་དང་རྟག་པ་དང་། ། རྩོལ་བྱུང་མིན་དང་མི་རྟག་དང་། ། རྟག་པ་ལ་ནི་སྒྲུབ་པ་བཀོད། ། ཞེས་པས་བསྟན་པ་ལྟར། སྒྲ་ཆོས་ཅན།རྟག་སྟེ།  གཞལ་བྱ་ཡིན་པའི་ཕྱིར།  མི་རྟག་སྟེ།  བྱས་པའི་ཕྱིར་དང་།  རྩོལ་བྱུང་ཡིན་སྟེ།  མི་རྟག་པའི་ཕྱིར་ཞེས་པའི་རྟགས་གསུམ་ནི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་དང་།  དུང་སྒྲ་ཆོས་ཅན།  རྟག་སྟེ།  བྱས་པའི་ཕྱིར། རྟག་སྟེ།  མཉན་བྱ་ཡིན་པའི་ཕྱིར།  རྟག་སྟེ།  རྩོལ་བྱུང་ཡིན་པའི་ཕྱིར། ཞེས་པའི་རྟགས་གསུམ་ནི། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་མེད་པ་དང་།  དུང་སྒྲ་ཆོས་ཅན་རྩོལ་བྱུང་མིན་ཏེ།  མི་རྟག་པའི་ཕྱིར་དང་། མི་རྟག་སྟེ།  རྩོལ་བྱུང་ཡིན་པའི་ཕྱིར་དང་།རྟག་པ་ཡིན་ཏེ།  རིག་བྱ་ཅན་མ་ཡིན་པའི་ཕྱིར།  ཞེས་པའི་རྟགས་གསུམ་ནི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་ཡིན་ལ།  དེ་བཞིན་དུ་གསུམ་ཚན་གསུམ་གྱི་དང་བོ་གསུམ་ནི་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་དང་།  བར་བ་གསུམ་ནི་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་མེད་པ་དང་། ཐ་མ་གསུམ་ནི་མི་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པ་ཡིན་ཏེ།  དེ་སྐད་དུ་ཡང་།  གཏན་ཚིགས་འཁོར་ལོ་གཏན་ལ་དབབ་པ་ལས་མཐུན་པའི་ཕྱོགས་ལ་ཡོད་པ་དང་།  མེད་པ་དེ་བཞིན་གཉིས་ཀ་དང་། ། མི་མཐུན་ཕྱོགས་ལ་དེ་བཞིན་ནོ། ། གསུམ་ལ་རྣམ་པ་གསུམ་གསུམ་སྟེ། ། ཞེས་གསུངས་པའི་གཞུང་གོང་འོག་སྦྱར་བའི་བཤད་པའོ། ། གཉིས་པ་དེ་ལས་འཕྲོས་པའི་དོགས་གནད་འགའ་ལ་དཔྱད་པ་ལ། འོ་ན།  མཉན་བྱ་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་གཏན་མེད་དུ་གསུངས་པ་མི་འཐད་པར་ཐལ།  མི་མཐུན་ཕྱོགས་ལ་ཡོད་པའི་ཕྱིར་ཏེ། མི་རྟག་པ་ལ་ཡོད་པའི་ཕྱིར་ཟེར་བ་དང་། ཡང་རེག་བྱ་ཅན་མ་ཡིན་པ་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རྟགས་སུ་གསུངས་པ་མི་མཐད་པར་ཐལ།  རྟག་པ་ཡིན་ན་རེག་བྱ་ཅན་མ་ཡིན་པའི་ཕྱིར་ཟེར།དེ་གཉིས་ལ་ལན་རིམ་བཞིན་བཏབ་ན།དང་བོ་སྐྱོན་མེད་དེ། མཉན་བྱ་མི་རྟག་པ་ལ་ཡོད་ཀྱང་། མཉན་བྱ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་གཏན་མེད་དུ་གསུངས་པ་ནི། རང་ཕྱོགས་ཆོས་ཅན་དུ་སོང་བའི་ཕྱི་རྒོལ་གྱི་མཐུན་ཕྱོགས་ལ་མ་གྲུབ།  མི་མཐུན་ཕྱོགས་ལ་མ་གྲུབ་པ་ཙམ་གྱིས་ཡིན་ནོ། ། དེ་སྐད་དུ། མ་མཐོང་བ་ཙམ་ལ་བརྟེན་ནས།ལྡོག་པལའང་འབའ་ཞིག་ཅན་དུ་བཤད། ཅེས་གསུངས་པ་ལྟ་བུའོ། །

གཉིས་པ་ཡང་སྐྱོན་མེད་དེ། སྐབས་འདིར་རེག་བྱ་མ་ཡིན་པ། སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་ཆ་གཉིས་སུ་འཇུག་པར་བསྟན་པ་ནི།  ཕྱི་རྒོལ་བྱེ་བྲག་པའི་བློ་དོན་ལྟོས་ནས་བཞག་པ་ཡིན་ཏེ། བྱེ་བྲག་པས་ནམ་མཁའ་ལྟ་བུ་རྟག་ཅིང་རེག་བྱ་ཅན་མ་ཡིན་པ་དང་།  འབྱུང་བཞིའི་རྡུལ་ཕྲན་རྟག་པ་དང་རེག་བྱ་ཅན་ཡིན་པར་འདོད་པའི་ཕྱིར།  དོན་ལ་རེག་བྱ་ཅན་མ་ཡིན་པ་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པ་ཡིན་ཏེ། རྟག་པ་ཡིན་ན་རེག་བྱ་ཅན་མ་ཡིན་པས་ཁྱབ་པའི་ཕྱིར།  འོ་ན།  བྱེ་བྲག་པའི་བློ་དོན་རེག་བྱ་ཅན་མ་ཡིན་པ་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པའི་རྟགས་ཡིན་ན་ཡང་།  ཕྱོགས་ཆོས་འཁོར་ལོ་སོགས་ལས། མི་རྟག་རྩོལ་བྱུང་ལུས་ཅན་མིན་ཞེས་ལུས་ཅན་མ་ཡིན་པ་དེ་སྒྲུབ་ཀྱི་མཐུན་ཕྱོགས་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རྟགས་སུ་གསུངས་པ་ལས་རེག་བྱ་ཅན་མ་ཡིན་པ་རྟགས་སུ་མ་གསུངས་པའི་ཕྱིར་ཟེར་ན།  ཚིག་ཟིན་ལ་དེ་ལྟར་གསུངས་ཀྱང་ཁས་ལེན་མི་རིག་སྟེ། ཕྱི་རོལ་བྱེ་བྲག་པས་རྟག་པ་ལ་ལུས་ཅན་དང་ལུས་ཅན་མ་ཡིན་པ་གཉིས་ཁས་མི་ལེན་པའི་ཕྱིར་ཏེ།  འབྱུང་བཞིའི་རྡུལ་ཕྲན་རྟག་པར་འདོད་ཅིང་།  ལུས་ཅན་དུ་མི་འདོད་པའི་ཕྱིར་དང་།  འབྱུང་བཞིའི་རྡུལ་ཕྲན་རྫས་སུ་འདོད་ལ་ལུས་ཅན་ཡིན་ན་ཡོན་ཏན་མ་ཡིན་པའི་ཁྱབ། རྫས་དང་ཡོན་ཏན་འགལ་བར་ཁས་ལེན་པའི་ཕྱིར།  རྣམ་བཤད་ཐར་ལམ་གསལ་བྱེད་ལས། དེ་ལ་རྟག་པའི་ཆེན་པོ་མ་གཏོགས་པའི་ཚད་གཞན་ལ་ལུས་ཅན་གྱི་སྒྲ་འཇུག་པར་འདོད་ལ། ལུས་ཅན་གྱི་དོན་རེག་བྱ་ཅན་ནི་འབྱུང་བཞིའི་སྟེང་དུ་འགོད་ཚུལ་ལྟར་རྒོལ་བ་གཉིས་ཀས་གྲུབ་པར་འདོད་དོ། །ཞེས་དང་།  རིག་པའི་རྒྱ་མཚོ་ལས་འདི་ལྟར་བྱེ་བྲག་པ་ནི་ཐམས་ཅད་དུ་སོང་བ་མ་ཡིན་པའི་རྫས་ཀྱི་ཚད་ཁོ་ན་ལུས་ཅན་གྱི་སྒྲ་འཇུག་པར་འདོད་པའི་ཕྱིར་རོ། །ཞེས་གསུངས། ལྷ་དབང་བློས་དེ་ལ་ལུས་ཅན་གྱི་སྒྲས་སངས་རྒྱས་པ་ལ་རེག་བྱད་ལྡན་པར་གྲགས་ཀི་བྱེ་བྲག་པ་ལ་མ་ཡིན་ནོ། ། ཞེས་གསུངས་པའི་ཕྱིར། ཡང་དགོས་པ་བཤད་པའི་སྐབས་སུ་རྩོལ་བྱུང་དེ་སྒྲ་མི་རྟག་པར་སྒྲུབ་པའི་འབྲས་རྟགས་ཀྱི་དཔེར་བཤད་པ་མི་འཐད་པར་ཐལ།  དེ་སྒྲུབ་ཀྱི་འབྲས་རྟགས་མ་ཡིན་པའི་ཕྱིར་ཏེ། རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར་ན། སྐྱོན་མེད་དེ། དེ་དེ་སྒྲུབ་ཀྱི་འབྲས་རྟགས་ཡིན་ནས་དཔེར་བཤད་པ་མིན་ཀྱང་རྟགས་ཀྱི་སྐྱ་རིས་ཙམ་ཡིན་པས་འདིར་འབྲས་རྟགས་ཀྱི་དཔེར་སྨོས་པའི་སྦྱོར་བའི་དོན་ནི།  རིག་བྱེད་ཀྱི་སྒྲ་ཐོས་པའི་ཉན་ཤེས་ཆོས་ཅན། རང་རྒྱུ་མི་རྟག་པའི་སྒྲ་སྔོན་དུ་སོང་སྟེ། སྒྲའི་རྐྱེན་ལྕེ་རྐན་ལ་སོགས་པའི་རྩོལ་བ་ལས་བྱུང་བའི་ཉན་ཤེས་ཡིན་པའི་ཕྱིར་ཞེས་པ་ཡིན་ནོ། ། 

རྩོམ་སྒྲིག་པ།  བྱང་ཆུབ་རྒྱ་མཚོ།

བརྒྱུད་འགོད།
0