ཕྱི་ཚུལ་གཏན་ཚིགས་རིག་པའི་འགལ་འབྲེལ་གྱི་རིགས་པས་ཕྱོགས་ཆོས་འཁོར་ལོ་དགུ་ལ་གསར་དུ་དཔྱད་པ།

སྤེལ་དུས།  2017-12-16   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  ཤ་བོ་ཐར།    ཀློག་གྲངས།  

ནང་དོན་གནད་བསྡུས། སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཕྱོགས་ཆོས་འཁོར་ལོ་དགུ་ནི་སྦྱོར་བ་དག་གི་རྟགས་དང་མཐུན་མི་མཐུན་ཕྱོགས་གཉིས་ཀྱི་འབྲེལ་བ་གསལ་བར་བྱེད་པའི་སྡོམ་ཚིག་ཅིག་དང་སྙིང་བོ་ཞིག་གམ་གནད་ཅིག་ཡིན་སྟབས། དཔྱད་རྩོམ་འདིའི་ནང་དུ་རྟགས་དང་མཐུན་མི་མཐུན་ཕྱོགས་གཉིས་ལ་རིགས་ཆེན་པོ་གསུམ་གྱིས་ཇི་ལྟར་འགྲེལ་ཚུལ་དང་། ཕྱི་ཚུལ་གཏན་ཚིགས་རིག་པའི་འགལ་འབྲེལ་གྱི་རིགས་པ་ལ་བརྟེན་ནས་རྟགས་ཆོས་ཀྱི་འབྲེལ་བ་ཉེར་ལྔ་བོ་སོ་སོར་བཀོད་པ་དང་། ཡང་དག་ཡིན་མིན་བརྟགས་ཏེ་ཡང་དག་པ་བརྒྱད་དང་ཕྱོགས་ཆོས་འཁོར་དགུ་གཉིས་བསྡུར་ནས་སློབ་དཔོན་ཕྱོགས་གླང་གི་ཕྱོགས་ཆོས་འཁོར་ལོ་དགུ་ཇི་ལྟར་གཏན་ལ་དབབ་ཚུལ་དེ་གཏན་ཚིགས་ཁོ་ནས་བརྗོད་ཡོད། 

བརྡ་ཆད་གཙོ་བོཕྱོགས་ཆོས་འཁོར་ལོ་དགུ། མཐུན་ཕྱོགས། མི་མཐུན་ཕྱོགས། རྟགས། ཡང་དག་པ་བརྒྱད།

གླེང་གཞི

རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་གསུམ་དང་རྟགས་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་གསུམ་སོགས་ཀྱི་ཁྱད་ཆོས་དག་ལ་གཞིགས་ན་ནི། ཕྱི་ཚུལ་གཏན་ཚིགས་རིག་པའི་ཆོས་དང་ཆོས་ཕན་ཚུན་གྱི་འབྲེལ་བ་བརྗོད་པའི་རིགས་ལྔ་དང་ཁྱད་པར་མེད་མོད།  ཡིན་ན་ཡང་སློབ་དཔོན་གྱིས་རྟགས་དང་མཐུན་ཕྱོགས་ལ་རིགས་གསུམ་དང་། རྟགས་དང་མི་མཐུན་ཕྱོགས་ལ་རིགས་གསུམ་དང་བཅས་ཆོས་དང་ཆོས་ཕན་ཚུན་གྱི་འབྲེལ་བ་ལ་རིགས་དྲུག་ཏུ་འདོད་པ་ལྟ་བུར་སྣང་ཡང་། དོན་དུ་དེ་དག་ནི་རིགས་ཆེན་པོ་གསུམ་སྟེ། ཁྱབ་བྱེད་དུ་འཇུག་པ་དང་། གཏན་ནས་མེད་པ། རྣམ་གཉིས་སུ་འཇུག་པ་བཅས་གསུམ་གྱི་རབ་དབྱེ་ཡིན་པར་མ་ཟད། ཐམས་ཅད་ཀྱང་གཏན་ཚིགས་ཀྱི་སྦྱོར་བ་ལ་དམིགས་ནས་སོ་སོར་བཀར་པ་ཡིན་གྱི། ཆོས་རྣམས་ཕན་ཚུན་གྱི་འབྲེལ་བ་ལ་གཞིགས་ནས་བཀར་བ་ནི་མ་ཡིན། དེ་བས་རྟགས་དང་མཐུན་མི་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་ཆེན་པོ་གསུམ་ནི་ཕྱི་ཚུལ་གཏན་ཚིགས་རིག་པའི་འབྲེལ་བ་ལྔ་བོ་དང་ཁྱད་མེད་པར་མ་ཟད། གསུམ་པོ་འདི་ནི་ཕྱི་ཚུལ་གཏན་ཚིགས་རིག་པའི་རིགས་ལྔ་ཡི་སྡོམ་ཚིག་དང་། རིགས་ལྔ་པོ་ནི་རིགས་གསུམ་གྱི་ཞིབ་ཆ་ལྟ་བུ་ཡིན་པས་ན། ཕན་ཚུན་མི་འགལ་བར་མ་ཟད་དོན་གཅིག་ཏུ་གོ་བ་བླངས་ཆོག་པ་ཡིན།  དེའི་ཕྱིར། སྤྱིར་ན་ཚད་མ་རིག་པར་རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་ལ་རིགས་ལྔ་དང་། རྟགས་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་ལ་རིགས་ལྔ་ཞེས་འབྲེལ་བ་རིགས་ལྔ་ཡི་ལམ་ནས་རྟགས་དང་མཐུན་མི་མཐུན་ཕྱོགས་ཀྱི་འབྲེལ་བ་བརྗོད་དེ་དཔྱད་པའི་གཞུང་ཞིག་མ་མཐོང་ན་ཡང་། ཞིབ་ཏུ་བརྟགས་ཚེ། སློབ་དཔོན་ཕྱོགས་གླང་གིས་མཛད་པའི་གཏན་ཚིགས་འཁོར་ལོ་དགུའི་ནང་དུ་དེ་ལྟ་བུའི་གཞུང་ལུགས་ཤིག་བསྟན་ཡོད་པར་མ་ཟད། གཏན་ཚིགས་འཁོར་ལོ་དགུ་ཡང་དོན་དུ་རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་ལྔ་དང་། རྟགས་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་ལྔ་དག་ལ་བརྟེན་ནས་གྲུབ་པའི་གཏན་ཚིགས་ཀྱི་རྣམ་པ་དགུ་བརྗོད་པའི་གཞུང་ལུགས་ཤིག་ཡིན། དེ་བས་བདག་གིས་གཤམ་དུ་ཕྱི་ཚུལ་གཏན་ཚིགས་རིག་པའི་འབྲེལ་བ་རིགས་ལྔ་གའི་ལམ་ནས་རྟགས་དང་མཐུན་མི་མཐུན་ཕྱོགས་ཀྱི་འབྲེལ་བ་བརྟག་པ་ལ།

གཅིག རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་དང་ཕྱི་ཚུལ་གཏན་ཚིགས་རིག་པའི་འབྲེལ་བ་གཉིས་བསྡུར་བ། 

དེ་ཡང་རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་འདི་ལ་སློབ་དཔོན་ཕྱོགས་གླང་གིས་འབྲེལ་བ་རིགས་གསུམ་གྱི་ངོས་ནས་བཤད་པ་ཡིན་ལ། རིགས་གསུམ་པོ་འདི་ཡང་དོན་དུ་ཕྱི་ཚུལ་གཏན་ཚིགས་རིག་པའི་འབྲེལ་བ་རིགས་ལྔ་ག་དང་གཅིག་མཚུངས་ཡིན་པས། འབྲེལ་བའི་རིགས་ལྔ་བོའི་ལམ་ནས་རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་ལ་བརྟག་ཚེ། 

༡ རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་དང་པོ་ནི། རྟགས་དེ་མཐུན་ཕྱོགས་ལ་ཕན་ཚུན་ཡིན་པ་ཅན་གྱི་བདག་ཉིད་གཅིག་པའི་འབྲེལ་བ་སྟེ། ཕྱི་ཚུལ་གཏན་ཚིགས་རིག་པས་ཡོངས་མཐུན་གྱི་འབྲེལ་བ་(全同关系)ཞེས་བརྗོད་ལ། དཔེར་ན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ལྟ་བུ། སྦྱོར་བ་འདིའི་ནང་དུ་རྟགས་“བྱས་པ་”ནི་མཐུན་ཕྱོགས་མི་རྟག་པ་ལ་ཁྱབ་པ་དང་། མཐུན་ཕྱོགས་“མི་རྟག་པ་”ཡང་རྟགས་བྱས་པ་དང་ཁྱབ་པ་ཡིན་པས་ཕན་ཚུན་ཡིན་ཁྱབ་མཉམ་ཡིན་ལ། རྟགས་“བྱས་པ་”བཀག་ན་མཐུན་ཕྱོགས་“མི་རྟག་པ་”ཡང་ཁེགས་འགྲོ་བ་དང་། མཐུན་ཕྱོགས་“མི་རྟག་པ་”སྒྲུབ་ན་རྟགས་“བྱས་པ་”ཡང་འགྲུབ་པས། ཕན་ཚུན་ཡིན་པ་ཅན་གྱི་བདག་ཉིད་གཅིག་པའི་འབྲེལ་བའམ་ཡང་ན་ཡིན་ཁྱབ་མཉམ་གྱི་འབྲེལ་བ་ཞེས་བརྗོད་པ་ཡིན།

༢ རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་གཉིས་པ་ནི། རྟགས་དེ་མཐུན་ཕྱོགས་ལ་ཁྱབ་བྱེད་དེ་ཅིག་ཤོས་ནས་ཡིན་པ་ཅན་གྱི་འབྲེལ་བ་ཡིན་ལ། བོད་བརྒྱུད་ཚད་མ་རིག་པས་ཅིག་ཤོས་ནས་ཡིན་པ་ཅན་གྱི་བདག་ཉིད་གཅིག་པའི་འབྲེལ་བ་ཞེས་ཟེར་ཞིང་། ཕྱི་ཚུལ་གཏན་ཚིགས་རིག་པས་སྤྱི་དང་བྱེ་བྲག་གི་འབྲེལ་བ་(属种关系)ཞེས་བརྗོད། དཔེར་ན། སྒྲ་ཆོས་ཅན། རྟག་སྟེ། གཞལ་བྱ་ཡིན་ཞེས་པ་ལྟ་བུ། སྦྱོར་བ་འདིའི་རྟགས་“གཞལ་བྱ་”ནི་མཐུན་ཕྱོགས་“རྟག་པའི་”ཆོས་ཐམས་ཅད་ཀྱི་སྟེང་དུ་ཁྱབ་ལ། མཐུན་ཕྱོགས་“རྟག་པ་”ནི་རྟགས་“གཞལ་བྱའི་”ཆོས་ཐམས་ཅད་ལ་མ་ཁྱབ་པས། གལ་སྲིད། “རྟག་པའི་”ཆོས་ཤིག་ཡིན་ན། “གཞལ་བྱ་”ཡིན་པས་ཁྱབ་ལ། “གཞལ་བྱ་”ཡིན་ན་“རྟག་པ་”ཡིན་པས་མ་ཁྱབ་པའི་ཕྱིར། དེ་བས་གཞལ་བྱ་དང་རྟག་པ་གཉིས་ནི་ཁྱབ་བྱ་དང་ཁྱབ་བྱེད་ཀྱི་འབྲེལ་བ་སྟེ། རྟགས་གཞལ་བྱ་ནི་ཁྱབ་བྱེད་དང་། མཐུན་ཕྱོགས་རྟག་པ་ནི་ཁྱབ་བྱ་ཡིན། ཕྱི་ཚུལ་གཏན་ཚིགས་རིག་པས་འདི་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཞེས་བརྗོད་པ་ཡིན། 

༣ རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་གསུམ་པ་ནི། རྟགས་དེ་མཐུན་ཕྱོགས་དང་འགལ་བ། ཡང་ན། མཐུན་ཕྱོགས་དེ་རྟགས་དང་འགལ་བའམ་གཏན་ནས་མེད་པའི་རིགས་ཤིག་སྟེ། ཕྱི་ཚུལ་གཏན་ཚིགས་རིག་པས་ཡོངས་འགལ་གྱི་འབྲེལ་བ་(全异关系)ཞེས་ཟེར་ཞིང་། བོད་བརྒྱུད་ཚད་མ་རིག་པས་ཕན་ཚུན་སྤང་འགལ་གྱི་དངོས་འགལ་ཟེར། དཔེར་ན། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར་ལྟ་བུ། སྐབས་འདིའི་རྟགས་“བྱས་པ་”དང་མཐུན་ཕྱོགས་“རྟག་པ་”གཉིས་ནི་སྤྱི་དང་བྱེ་བྲག་གི་འབྲེལ་བ་མ་ཡིན་པར་ཕན་ཚུན་སྤང་འགལ་ཡིན་ཏེ། “བྱས་པ་”ཡིན་ན་“རྟག་པ་”ཡིན་པས་མ་ཁྱབ་ལ། “རྟག་པ་”ཡིན་ན་“བྱས་པ་”ཡིན་པས་མ་ཁྱབ་པས།

༤ རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་བཞི་པ་ནི། རྟགས་དེ་མཐུན་ཕྱོགས་ལ་ཁྱབ་བྱ་སྟེ་རྟགས་ཁྱབ་བྱ་དང་མཐུན་ཕྱོགས་ཁྱབ་བྱེད་དུ་འཇུག་པའི་འབྲེལ་བ་ཞིག་སྟེ། ཕྱི་ཚུལ་གཏན་ཚིགས་རིག་པས་བྱེ་བྲག་དང་སྤྱིའི་འབྲེལ་བ(种属关系)ཞེས་ཟེར་ཞིང་། བོད་བརྒྱུད་ཚད་མ་རིག་པས་སྤྱི་དང་བྱེ་བྲག་གི་འབྲེལ་བ་དང་ཡང་ན་ཁྱབ་བྱ་དང་ཁྱབ་བྱེད་ཀྱི་འབྲེལ་བ་ཞེས་བརྗོད་པ་ལས། བྱེ་བྲག་དང་སྤྱིའི་འབྲེལ་བ་དང་ཡང་ན་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཞེས་སོ་སོར་མི་བརྗོད་ཅིང་། རྗོད་པའི་དགོས་པ་ཡང་མེད་པར་འདོད་པ་ཡིན་ཏེ། དཔེར་ན། དུང་སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། རྩོལ་བྱུང་ཡིན་པའི་ཕྱིར་ལྟ་བུ་ལ་མཚོན་ན། རྟགས་“རྩོལ་བྱུང་”དེ་མཐུན་ཕྱོགས་“མི་རྟག་པ་”ལ་ཁྱབ་བྱ་རུ་འཇུག་པ་དང་། མཐུན་ཕྱོགས་“མི་རྟག་པ་”ནི་རྟགས་“རྩོལ་བྱུང་”ལ་ཁྱབ་བྱེད་དུ་འཇུག་པས་ན། ཁྱབ་བྱ་དང་ཁྱབ་བྱེད་ཀྱི་འབྲེལ་བ་ཞེས་བརྗོད་པ་ཡིན་ནོ། ། 

སྤྱིར་ཁྱབ་བྱ་དང་ཁྱབ་བྱེད་ཀྱི་འབྲེལ་བ་དང་སྤྱི་དང་བྱེ་བྲག་གི་འབྲེལ་བ་གཉིས་དོན་གཅིག་ཡིན་མོད། འོན་ཀྱང་རྟགས་རིགས་ཀྱི་སྐབས་སུ་རྟགས་དང་བསྒྲུབ་བྱའི་ཆོས་གཉིས་ཀྱི་འབྲེལ་བ་ལ་ཁྱབ་བྱ་དང་ཁྱབ་བྱེད་ཀྱི་འབྲེལ་བ་ཞེས་བརྗོད་པ་མ་གཏོགས་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཞེས་མི་བརྗོད། ཡིན་ན་ཡང་། ཕྱི་ཚུལ་གཏན་ཚིགས་རིག་པས་རིགས་དེ་ལ་ཁོངས་གཏོགས་ཀྱི་འབྲེལ་བ་(从属关系)ཞེས་བརྗོད་ཅིང་། དེར་སྤྱི་དང་བྱེ་བྲག་གི་འབྲེལ་བ་(属种关系)དང་བྱེ་བྲག་དང་སྤྱིའི་འབྲེལ་བ(种属关系)ཞེས་གཉིས་སུ་དབྱེ་ནས་བརྗོད། སྤྱོད་སྟངས་ནི། དེ་སྒྲུབ་ཀྱི་རྟགས་དེ་གསལ་བའམ་བསྒྲུབ་བྱའི་ཆོས་དང་ཁྱབ་ཆེ་བ་དང་། ཡང་ན་རྟགས་དེ་བསྒྲུབ་བྱའི་ཆོས་ཀྱི་ཁྱབ་ཁུངས་ལ་ཡོངས་སུ་ཁྱབ་པ་དང་བསྒྲུབ་བྱའི་ཆོས་དེ་རྟགས་ཀྱི་ཁྱབ་ཁུངས་ལ་ཡོངས་སུ་མ་ཁྱབ་པའམ་བྱེ་བྲག་ཅིག་ཡིན་ན། དེ་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་(属种关系)ཞེས་བརྗོད་ལ། དེ་ལས་ལྡོག་ན་ནི་བྱེ་བྲག་དང་སྤྱིའི་འབྲེལ་བ་(种属关系)ཞེས་བརྗོད་པ་ཡིན། དེ་བས་རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་གཉིས་པ་དེ་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་དང་། རིགས་བཞི་བོ་འདི་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཞེས་སོ་སོར་བརྗོད་པ་ཡིན། 

༥ རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་ལྔ་བ་ནི། རྟགས་དང་མཐུན་ཕྱོགས་གཉིས་ཐ་མི་དད་པ་གང་ཞིག གཞི་མཐུན་ཡོད་པའི་མུ་བཞིའི་འབྲེལ་བ་སྟེ། ཕྱི་ཚུལ་གཏན་ཚིགས་རིགས་པས་བསྣོལ་བའི་འབྲེལ་བ་(交叉关系)ཞེས་བརྗོད་ཅིང་། ཚད་མ་རིག་པས་མི་འགལ་བའི་བྱེ་བྲག་སྟེ་མུ་བཞིའི་འབྲེལ་བ་ཞེས་བརྗོད་ལ། དཔེར་ན། སྒྲ་ཆོས་ཅན། རྟག་སྟེ། ལུས་ཅན་མ་ཡིན་པའི་ཕྱིར་ལྟ་བུ། སྦྱོར་བ་འདིའི་རྟགས་“ལུས་ཅན་མ་ཡིན་པ་”ནི་མཐུན་ཕྱོགས་“རྟག་པ་”ལ་ཡོད་པ་ཡང་ཡིན་ལ་མེད་པ་ཡང་ཡིན་པ་དང་། ཡང་ན་རྟགས་“ལུས་ཅན་མ་ཡིན་པ”ནི་མཐུན་ཕྱོགས་“རྟག་པ་”ལ་ཡོད་པ་ཡིན་པ་གང་ཞིག མི་མཐུན་ཕྱོགས་“མི་རྟག་པའི་”ཕྱོགས་ལ་ཡང་ཡོད་པ་ཡིན་པས། རྟགས་དང་མཐུན་ཕྱོགས་སོ་སོའི་ཁྱབ་མཐའི་ཆོས་གཅིག་མཐུན་སྡེབ་བྱུང་བ་སྟེ། “ལུས་ཅན་མ་ཡིན་པ་”ལ་ལ་ནི་“རྟག་པ་”ཡིན་ལ། ལ་ལ་ནི་“རྟག་པ་”མ་ཡིན་པ་སྟེ། མི་རྟག་པ་ཡིན་པས་“ལུས་ཅན་མ་ཡིན་པ་”དང་“རྟག་པ་”གཉིས་པ་ནི་བསྣོལ་བའི་འབྲེལ་བ་ཡིན་ནོ། །

གཉིས། རྟགས་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་དང་ཕྱི་ཚུལ་གཏན་ཚིགས་རིག་པའི་འབྲེལ་བ་གཉིས་བསྡུར་བ།

དེ་སྒྲུབ་ཀྱི་རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་ལ་རིགས་ལྔ་ཡོད་པ་ཇི་བཞིན་དུ། དེ་སྒྲུབ་ཀྱི་རྟགས་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་ལ་ཡང་རིགས་ལྔ་རུ་ཡོད་དེ། 

༡ རྟགས་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་དང་པོ་ནི། རྟགས་དེ་མི་མཐུན་ཕྱོགས་ལ་ཕན་ཚུན་ཡིན་པ་ཅན་གྱི་བདག་ཉིད་གཅིག་པའི་འབྲེལ་བ་སྟེ། ཕྱི་ཚུལ་གཏན་ཚིགས་རིག་པས་ཡོངས་མཐུན་གྱི་འབྲེལ་བ་(全同关系)ཞེས་བརྗོད་ལ། དཔེར་ན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ལྟ་བུ། སྦྱོར་བ་འདིའི་མི་མཐུན་ཕྱོགས་ནི་རྟགས་ཀྱི་མཐུན་ཕྱོགས་ཏེ། “མི་རྟག་པ”ཞེས་པའི་ལྡོག་ཕྱོགས་“རྟག་པ་”ཡིན་ལ། དེ་ཡང་“མི་རྟག་པ་”ལོག་ན་“རྟག་པ་”ཡིན་མིན་གྱི་ཐད་ལ་མཁས་པ་དག་གི་བཞེད་དགོངས་མི་མཐུན་པ་སྟེ། “མི་རྟག་པའི་”ལོག་ཕྱོགས་ནི་“མི་རྟག་པ་མ་ཡིན་པ་”ཡིན་པ་ལས། “རྟག་པ་”མ་ཡིན་པར་འདོད་པའི་རིགས་ཏེ། 《རིགས་ཐིགས་》ལས། “མཐུན་པའི་ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་དོན་མཐུན་པའོ། །མི་མཐུན་པའི་ཕྱོགས་ནི་མཐུན་པའི་ཕྱོགས་མ་ཡིན་པ་སྟེ།”ཞེས་གསུངས་ལ། བསྟན་དོན་དྲིལ་ན་མཐུན་ཕྱོགས་ནི་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་སྤྱིའི་དོན་ཏེ་བསྒྲུབ་བྱའི་ཆོས་རང་ཉིད་ཡིན་ཞེས་པ་དང་། མི་མཐུན་པའི་ཕྱོགས་ནི་མཐུན་པའི་ཕྱོགས་མ་ཡིན་པ་སྟེ་བསྒྲུབ་བྱའི་ཆོས་མ་ཡིན་པ་དེ་ཡིན་ཞེས་པའི་དོན་ཡིན། དེ་བས་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལ། མཐུན་ཕྱོགས་ནི་“མི་རྟག་པ་”དང་། མི་མཐུན་ཕྱོགས་ནི་“མི་རྟག་པ་མ་ཡིན་པ་”ཡིན་དགོས་པ་ལས། རྟག་པ་ནི་མ་ཡིན་པར་འདོད་པ་ཡིན། རྒྱུ་མཚན་ནི། གལ་སྲིད་དེ་གཉིས་དོན་གཅིག་ཡིན་ན། “རི་བོ་རྭ་ཆོས་ཅན། རྟག་སྟེ། མི་རྟག་པ་མ་ཡིན་པའི་ཕྱིར།”ཞེས་པ་ཡང་རྟགས་ཡང་དག་ཏུ་ཁས་ལེན་དགོས་པའི་སྐྱོན་འབྱུང་བ་ཡིན། 

གཞན་“རྟག་པ་”དང་“མི་རྟག་པ་མ་ཡིན་པ་”གཉིས་དོན་གཅིག་ཏུ་ཁས་ལེན་པ་དག་གིས་སློབ་དཔོན་ཕྱོགས་གླང་གི་རྗེས་སུ་འབྲངས་ཏེ།《རིགས་པ་ལ་འཇུག་པ་》ལས། “མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་ཞེ་ན། བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་མཐུན་པ་ནི་མཐུན་ཕྱོགས་སུ་བརྗོད་དོ། དཔེར་ན་མི་རྟག་པ་སྒྲུབ་པ་ལ་སོགས་པའང་མི་རྟག་པ་ཡིན་པས་མཐུན་ཕྱོགས་ཡིན་ནོ། །མི་མཐུན་ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་དོན་མཐུན་པ་ནི་མ་ཡིན་ནོ། །དཔེར་ན། གང་རྟག་པ་མ་ཡིན་པ་དེ་བྱས་པ་མ་ཡིན་པས་ཁྱབ་ནམ་མཁའ་ལ་སོགས་པ་བཞིན་ནོ། །”ཞེས་མཐུན་ཕྱོགས་“མི་རྟག་པའི་”མི་མཐུན་ཕྱོགས་ནི་“རྟག་པ”བཀོད་ཡོད་པས། “མི་རྟག་པ་མ་ཡིན་པ་”དང་“རྟག་པ་”གཉིས་དོན་གཅིག་ཏུ་ཁས་བླངས་པ་ཡིན། དེ་བས་མི་རྟག་པའི་ལོག་ཕྱོགས་སམ་རྟགས་“བྱས་པའི་”མི་མཐུན་ཕྱོགས་ནི་“རྟག་པ་”ཡིན། 

༢ རྟགས་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་གཉིས་པ་ནི། རྟགས་དེ་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དེ་ཅིག་ཤོས་ནས་ཡིན་པ་ཅན་གྱི་འབྲེལ་བ་ཡིན་ལ། བོད་བརྒྱུད་ཚད་མ་རིག་པས་ཅིག་ཤོས་ནས་ཡིན་པ་ཅན་གྱི་བདག་ཉིད་གཅིག་པའི་འབྲེལ་བ་ཞེས་ཟེར་ཞིང་། ཕྱི་ཚུལ་གཏན་ཚིགས་རིག་པས་སྤྱི་དང་བྱེ་བྲག་གི་འབྲེལ་བ་(属种关系)ཞེས་བརྗོད། དཔེར་ན། སྒྲ་ཆོས་ཅན། རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར་ལྟ་བུ། 

༣ རྟགས་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་གསུམ་པ་ནི། རྟགས་དེ་མི་མཐུན་ཕྱོགས་དང་འགལ་བ། ཡང་ན། མི་མཐུན་ཕྱོགས་དེ་རྟགས་དང་འགལ་བ་ཡིན་པའི་རིགས་ཤིག་སྟེ། ཕྱི་ཚུལ་གཏན་ཚིགས་རིག་པས་ཡོངས་འགལ་གྱི་འབྲེལ་བ(全异关系)་ཞེས་ཟེར་ཞིང་། དཔེར་ན། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར་ལྟ་བུ། 

༤ རྟགས་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་བཞི་བ་ནི། རྟགས་དེ་མི་མཐུན་ཕྱོགས་ལ་ཁྱབ་བྱ་རུ་འཇུག་པའི་བྱེ་བྲག་དང་སྤྱིའི་འབྲེལ་བ་ཞིག་སྟེ། ཕྱི་ཚུལ་གཏན་ཚིགས་རིག་པས་བྱེ་བྲག་དང་སྤྱིའི་འབྲེལ་བ(种属关系)ཞེས་བརྗོད། དཔེར་ན། དུང་སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། རྩོལ་བྱུང་ཡིན་པས་ཕྱིར་ཅེས་པ་ལྟ་བུ། 

༥ རྟགས་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་ལྔ་བ་ནི། རྟགས་དང་མཐུན་ཕྱོགས་གཉིས་ཐ་མི་དད་པ་གང་ཞིག གཞི་མཐུན་ཡོད་པའི་མུ་བཞིའི་འབྲེལ་བ་སྟེ། ཕྱི་ཚུལ་གཏན་ཚིགས་རིགས་པས་བསྣོལ་བའི་འབྲེལ་བ་(交叉关系)ཞེས་བརྗོད་ཅིང་། དཔེར་ན། སྒྲ་ཆོས་ཅན། རྟག་སྟེ། ལུས་ཅན་མ་ཡིན་པའི་ཕྱིར་ཅེས་ལྟ་བུ། 

གསུམ། རྟགས་དང་མཐུན་མི་མཐུན་ཕྱོགས་ཀྱི་འབྲེལ་བ་ཉེར་ལྔ་བཀོད་དེ་ཡང་དག་མིན་བརྟག་པ།

དེ་ཡང་རྟགས་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་སོ་སོའི་འབྲེལ་བ་ལ་གཞིགས་ན། རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་ལ་རིགས་ལྔ་ཡོད་པ་དང་། རྟགས་དང་མི་མཐུན་ཕྱོགས་ཀྱི་འབྲེལ་ལ་ཡང་རིགས་ལྔ་ཡོད་པ་ཡིན། ང་ཚོས་རྟགས་དང་མཐུན་མི་མཐུན་ཕྱོགས་ཀྱི་འབྲེལ་བ་རྣམས་ཕན་ཚུན་བསྡུར་ཏེ་དབྱེ་ཞིབ་བྱས་ན་འབྲེལ་བ་རྣམ་པ་མི་འདྲ་བ་ཉེར་ལྔ་གྲུབ་ནུས་ལ། ཉེར་ལྔ་པོ་དེ་ཡང་ཕྱོགས་བསྡུས་བྱས་ཚེ་རིགས་ཆེན་པོ་ལྔ་རུ་སྡུད་ཆོག་པ་ཡིན། དེ་བས་ང་ཚོས་རྣམ་པ་མི་འདྲ་བ་ཉེར་ལྔ་བོ་སོ་སོར་འགོད་པ་དང་ཡང་དག་མིན་བརྟག་པ་ལ། 

 འབྲེལ་བ་རྣམ་པ་ཉེར་ལྔ་བོ་སོ་སོར་འགོད་པ། 

 རིགས་དང་པོའི་འབྲེལ་བ་རྣམ་པ་ལྔ་བོ་ནི། རྟགས་ཀྱི་མཐུན་ཕྱོགས་ཀྱི་རིགས་དང་པོ་སྟེ་ཡོངས་མཐུན་གྱི་འབྲེལ་བ་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་ལྔ་བོ་སོ་སོར་འགོད་པ།  

1 རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ།

2 རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ།

3 རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ།

4 རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ།

5 རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ།   

 རིགས་གཉིས་པའི་འབྲེལ་བ་རྣམ་པ་ལྔ་ནི། རྟགས་ཀྱི་མཐུན་ཕྱོགས་ཀྱི་རིགས་གཉིས་པ་སྟེ་སྤྱི་དང་བྱེ་བྲག་གི་འབྲེལ་བ་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་ལྔ་བོ་སོ་སོར་འགོད་པ།  

1 རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ། 

2 རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ།   

3 རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ།

4 རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ། 

5 རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ།

 རིགས་གསུམ་པའི་འབྲེལ་བ་རྣམ་པ་ལྔ་ནི། རྟགས་ཀྱི་མཐུན་ཕྱོགས་ཀྱི་རིགས་གསུམ་པ་སྟེ་ཡོངས་འགལ་གྱི་འབྲེལ་བ་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་ལྔ་བོ་སོ་སོར་འགོད་པ།  

1 རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ། 

2 རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ། 

3 རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ།

4 རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ། 

5 རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ།

 རིགས་བཞི་པའི་འབྲེལ་བ་རྣམ་པ་ལྔ་ནི། རྟགས་ཀྱི་མཐུན་ཕྱོགས་ཀྱི་རིགས་བཞི་པ་སྟེ་བྱེ་བྲག་དང་སྤྱིའི་འབྲེལ་བ་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་ལྔ་བོ་སོ་སོར་འགོད་པ།  

1 རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ། 

2 རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ།  

3 རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ།

4 རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ།

5 རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ།

 རིགས་ལྔ་བའི་འབྲེལ་བ་རྣམ་པ་ལྔ་ནི། རྟགས་ཀྱི་མཐུན་ཕྱོགས་ཀྱི་རིགས་ལྔ་པ་སྟེ་བསྣོལ་བའི་འབྲེལ་བ་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་ལྔ་བོ་སོ་སོར་འགོད་པ།  

1 རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ། 

2 རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ། 

3 རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ།

4 རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ། 

5 རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ།

 འབྲེལ་བ་ཉེར་ལྔ་བོ་རྣམས་ཡང་དག་ཡིན་མིན་བརྟག་པ། 

རྟགས་དེ་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་ལྔ་བོ་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་ལྔ་བོ་གཉིས་རེ་རེ་བཞིན་བསྡུར་ཏེ་བརྟགས་ན། གོང་དུ་བཤད་པའི་འབྲེལ་བ་རྣམ་པ་ཉེར་ལྔ་བོ་དེ་དག་གྲུབ་པ་ཡིན་ལ། ཉེར་ལྔ་བོ་འདི་ཡང་ཐམས་ཅད་ཡང་དག་ཅིག་མ་ཡིན་པར་ལ་ལ་ནི་ཡང་དག་ཡིན་ལ། འགའ་ཞིག་ནི་ཡང་དག་མ་ཡིན་པ་སྟེ། སོ་སོ་བརྟག་པ་ལ། 

 རིགས་དང་པོའི་འབྲེལ་བ་རྣམ་པ་ལྔ་བོ་ཡང་དག་མིན་བཤད་པ། 

1 རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡང་ཡོངས་མཐུན་གྱི་འབྲེལ་བ་ཡིན་པའི་དོན་ལ་གཏན་ཚིགས་རིག་པའི་འགལ་འབྲེལ་གྱིས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ནི་འབྲེལ་བ་མ་ཡིན་པར་ཡོངས་འགལ་གྱི་འབྲེལ་བ་(全异关系)ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་ཞིག་དགོས་ལ། ཡང་ན་རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་ཞིག་དང་མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་ཞིག་དགོས་པ་ལས། ཕྱོགས་གཉིས་ཀར་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་ཞིག་མི་སྲིད་དེ། དཔེར་ན། “གང་བྱས་ན་མི་རྟག་པ་ཡིན་པས་ཁྱབ་”ཅེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “གང་བྱས་ན་རྟག་པ་ཡིན་པས་ཁྱབ་”ཅེས་པའི་དོན་རྟོག་དེ་ལྟར་སྣང་ཅན་ཏུ་དགོས་པས་ཡང་དག་མ་ཡིན་ནོ། །

2 རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པའི་རིགས་འདི་ནི། རྟགས་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་འབྲེལ་བ་ཡིན་པར་མ་ཟད་ཡོངས་མཐུན་གྱི་འབྲེལ་བ་གྲུབ་པ་ཞིག་ཡིན་ལ། མི་མཐུན་ཕྱོགས་ལ་ཡང་འབྲེལ་བ་ཡིན་པར་མ་ཟད་རྟགས་དེ་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན། དེ་བས་གཏན་ཚིགས་རིག་པའི་འགལ་འབྲེལ་གྱི་རིགས་པས་དཔྱད་ན། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རྣམ་པ་ཞིག་གྲུབ་པ་མི་སྲིད་དེ། དཔེར་ན། “གང་བྱས་ན་མི་རྟག་པ་ཡིན་པས་ཁྱབ། ”ཅེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “གང་བྱས་ན་རྟག་པ་མ་ཡིན་པས་མ་ཁྱབ་”ཅེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་མི་སྲིད་པ་ལྟ་བུ། དེ་བས་རྣམ་པ་འདི་ནི་ཡང་དག་མ་ཡིན་ནོ། །

3 རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པའི་དོན་ལ་གཏན་ཚིགས་རིག་པའི་འགལ་འབྲེལ་གྱིས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་གྲུབ་པ་གང་ཞིག  མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པའི་རྣམ་པ་ཞིག་འབྱུང་སྲིད་པ་ཡིན་ཏེ། དཔེར་ན། “གང་བྱས་ན་མི་རྟག་པ་ཡིན་པས་ཁྱབ་”ཅེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “གང་བྱས་ན་རྟག་པ་མ་ཡིན་པས་ཁྱབ་”ཅེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པས། རྣམ་པ་འདི་ནི་འབྱུང་སྲིད་པ་ཡིན་ལ་ཡང་དག་ཀྱང་ཡིན་ནོ། །

4 རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པའི་དོན་ལ་དཔྱད་ན། རྟགས་དང་མཐུན་ཕྱོགས་གཉིས་འབྲེལ་བ་གྲུབ་པ་ཡིན་ཏེ། ཡོངས་མཐུན་གྱི་འབྲེལ་བ་ཡིན་པའི་ཕྱིར། གཞན་ཡང་རྟགས་དང་མི་མཐུན་ཕྱོགས་གཉིས་འབྲེལ་བ་གྲུབ་པར་མ་ཟད། བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པའི་ཕྱིར། དེ་བས་གཏན་ཚིགས་རིག་པའི་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་ཡང་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་ཞིག་མི་སྲིད་དེ། དཔེར་ན། “གང་བྱས་ན་མི་རྟག་པ་ཡིན་པས་ཁྱབ་”ཅེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “གང་བྱས་ན་རྟག་པ་ཡིན་པས་ཁྱབ་”ཅེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་མི་སྲིད་པས་རྣམ་པ་འདིའི་རིགས་ནི་ཡང་དག་མ་ཡིན་ནོ། །

5 རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པའི་དོན་ལ་གཏན་ཚིགས་རིག་པའི་འགལ་འབྲེལ་གྱི་རིགས་པས་དཔྱད་ན། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་ཞིག་མི་སྲིད་དེ། དཔེར་ན། “གང་བྱས་ན་མི་རྟག་པ་ཡིན་པས་ཁྱབ་”ཅེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “བྱས་པ་ལ་ལ་ནི་རྟག་པ་ཡིན་ལ། བྱས་པ་ལ་ལ་ནི་རྟག་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཞིག་ཡིན་པ་མི་སྲིད་པས་ཡང་དག་མ་ཡིན་ནོ། །

 རིགས་གཉིས་པའི་འབྲེལ་བ་རྣམ་པ་ལྔ་བོ་ཡང་དག་ཡིན་མིན་བཤད་པ།  

1 རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པའི་དོན་ལ་གཏན་ཚིགས་རིག་པའི་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་ཞིག་མི་སྲིད་དེ། དཔེར་ན། “བྱས་པ་ལ་ལ་ནི་རྩོལ་བྱུང་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “གང་བྱས་ན་རྩོལ་བྱུང་མ་ཡིན་པ་ཡིན་པས་ཁྱབ་”ཅེས་པའི་དོན་རྟོག་ཀྱང་ཡང་དག་ཅིག་ཡིན་པ་མི་སྲིད་པས་ན་ཡང་དག་མ་ཡིན་ནོ། །

2 རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་དཔྱད་ན། རྟགས་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པར་མ་ཟད། མི་མཐུན་ཕྱོགས་ལ་ཡང་སྤྱི་དང་བྱེ་བྲག་གི་འབྲེལ་བ་གྲུབ་པ་ཞིག་ཡིན་ལ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་སྟེ་ཁྱབ་བྱེད་དུ་འཇུག་པ་གང་ཞིག མི་མཐུན་ཕྱོགས་ལ་ཡང་སྤྱི་དང་བྱེ་བྲག་གི་འབྲེལ་བ་སྟེ་ཁྱབ་བྱེད་དུ་འཇུག་པའི་རྣམ་པ་ཞིག་ཡོད་སྲིད་པ་ཡིན་ཏེ། དཔེར་ན། “བྱས་པ་ལ་ལ་ནི་རྩོལ་བྱུང་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “བྱས་པ་ལ་ལ་ནི་རྩོལ་བྱུང་མ་ཡིན་པ་ཡིན”ཞེས་པའི་དོན་རྟོག་ཀྱང་ཡང་དག་ཅིག་ཡིན་པས། རྣམ་པ་འདིའི་རིགས་ནི་ཡང་དག་གོ ། 

3 རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་དཔྱད་ན། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་སྟེ་ཕན་ཚུན་སྤང་འགལ་གྱི་དངོས་འགལ་ཡིན་པ་གང་ཞིག མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་ཞིག་མི་སྲིད་ལ། ཡང་ན་རྟགས་དེ་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་གང་ཞིག རྟགས་ཀྱི་ཕྱོགས་སྐོར་ཞིག་མཐུན་ཕྱོགས་ལ་ཡང་མི་གཏོགས་ལ་མི་མཐུན་ཕྱོགས་ལ་ཡང་མི་གཏོགས་པ་ཞིག་གཏན་ནས་མི་སྲིད་པ་ཡིན་ཏེ། དཔེར་ན། “བྱས་པ་ལ་ལ་ནི་རྩོལ་བྱུང་ཡིན”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “བྱས་བ་ཐམས་ཅད་རྩོལ་བྱུང་མ་ཡིན་པ་མ་ཡིན”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་མི་སྲིད་པས། ཡང་དག་པའི་རྣམ་པ་ཞིག་མ་ཡིན་ནོ། །

4 རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཁྱབ་བྱ་སྟེ་རྟགས་དེ་བྱེ་བྲག་དང་མཐུན་ཕྱོགས་དེ་སྤྱི་ཡིན་པ་གང་ཞིག མཐུན་ཕྱོགས་ལ་ཁྱབ་བྱེད་དེ་རྟགས་དེ་སྤྱི་དང་མཐུན་ཕྱོགས་དེ་བྱེ་བྲག་ཡིན་པའི་གཏན་ཚིགས་ཤིག་གཏན་ནས་མི་སྲིད་དེ། དཔེར་ན། “བྱས་པ་ལ་ལ་ནི་རྩོལ་བྱུང་ཡིན”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “བྱས་པ་ཐམས་ཅད་རྩོལ་བྱུང་མ་ཡིན་པ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་མི་སྲིད་པ་ལྟ་བུའོ། །

5 རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་སྟེ་རྟགས་སྤྱི་དང་མཐུན་ཕྱོགས་བྱེ་བྲག་ཡིན་པའི་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཅན་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་སྟེ་མུ་བཞིའི་འབྲེལ་བ་ཡིན་པ་ཞིག་སྲིད་པ་ཡིན་ཏེ། དཔེར་ན། “བྱས་པ་ལ་ལ་ནི་རྩོལ་བྱུང་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “བྱས་པ་ལ་ལ་རྩོལ་བྱུང་མ་ཡིན་པ་ཡིན་ལ། བྱས་པ་ལ་ལ་ནི་རྩོལ་བྱུང་མ་ཡིན་པ་མིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་སྲིད་པས་ཡང་དག་པའི་རྣམ་པ་ཞིག་གོ །

 རིགས་གསུམ་པའི་འབྲེལ་བ་རྣམ་པ་ལྔ་བོ་ཡང་དག་ཡིན་མིན་བཤད་པ།  

1 རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་སྟེ་ཕན་ཚུན་སྤང་འགལ་གྱི་དངོས་འགལ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་སྟེ་ཕན་ཚུན་ཡིན་པ་ཅན་གྱི་བདག་ཉིད་གཅིག་པའི་འབྲེལ་བ་ཡིན་པ་ཞིག་སྲིད་པ་ཡིན་ཏེ། དཔེར་ན། “གང་བྱས་ན་རྟག་པ་མ་ཡིན།”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “གང་བྱས་ན་རྟག་པ་མ་ཡིན་པ་ཡིན་པས་ཁྱབ་”ཅེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་སྲིད་པས་ན་ཡང་དག་གོ ། 

2 རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་གྲུབ་པ་ཞིག་མི་སྲིད་ལ། ཡང་ན། རྟགས་དེ་མཐུན་ཕྱོགས་ལ་ཕན་ཚུན་སྤང་འགལ་གྱི་དངོས་འགལ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་རྟགས་ཀྱི་ཕྱོགས་སྐོར་ཅིག་མི་གཏོགས་པ་ནི་འགལ་འབྲེལ་གྱི་གཏན་ཚིགས་དང་འགལ་བ་ཡིན་པས། འདི་ལྟ་བུ་ནི་མི་སྲིད་པ་ཡིན་ཏེ། དཔེར་ན། “གང་བྱས་ན་རྟག་པ་མ་ཡིན།”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “བྱས་པ་ལ་ལ་ནི་རྟག་པ་མ་ཡིན་པ་མ་ཡིན་”ཞེས་པའི་དོན་རྟོག་ནི་ཡང་དག་པ་ཞིག་ཡིན་པ་མི་སྲིད་པས་རྣམ་པ་འདི་ནི་ཡང་དག་ཅིག་མ་ཡིན་ནོ། 

3 རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་ཡང་ཡོངས་མཐུན་གྱི་འགལ་བའི་འབྲེལ་བ་ཅན་ཞིག་ཡིན་པ་ནི་མི་སྲིད་དེ། དཔེར་ན། “གང་བྱས་ན་རྟག་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “གང་བྱས་ན་རྟག་པ་མ་ཡིན་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་མི་སྲིད་པས་ཡང་དག་མ་ཡིན་ནོ། །

4 རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་སྟེ། རྟགས་དེ་མི་མཐུན་ཕྱོགས་ཀྱི་བྱེ་བྲག་ཁྱབ་བྱ་དང་མི་མཐུན་ཕྱོགས་དེ་རྟགས་ཀྱི་སྤྱི་ཁྱབ་བྱེད་དུ་འཇུག་པའི་རྣམ་པ་ནི་སྲིད་པ་ཡིན་ཏེ། དཔེར་ན། “རྩོལ་བྱུང་ཡིན་ན་རྟག་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “རྩོལ་བྱུང་ཡིན་ན་རྟག་པ་མ་ཡིན་པ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་སྲིད་པས་རྣམ་པ་ཡང་དག་གོ །

5 རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་གང་ཞིག  མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་སྟེ་མུ་བཞིའི་འབྲེལ་བ་ཡིན་པ་ཞིག་མི་སྲིད་དེ། དཔེར་ན། “གང་བྱས་ན་རྟག་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “བྱས་པ་ལ་ལ་ནི་རྟག་པ་མ་ཡིན་པ་ཡིན་ལ། བྱས་པ་ལ་ལ་ནི་རྟག་པ་མ་ཡིན་པ་མིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་མ་ཡིན་པས། རྣམ་པ་འདི་ནི་ཡང་དག་པ་ཞིག་མ་ཡིན་ནོ། །

 རིགས་བཞི་པའི་འབྲེལ་བ་རྣམ་པ་ལྔ་བོ་ཡང་དག་ཡིན་མིན་བཤད་པ། 

1 རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་སྟེ་རྟགས་དེ་མཐུན་ཕྱོགས་ཀྱི་ཁྱབ་བྱ་དང་། མཐུན་ཕྱོགས་དེ་རྟགས་ཀྱི་ཁྱབ་བྱེད་དུ་འཇུག་པ་གང་ཞིག མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་སྟེ་ཕན་ཚུན་ཡིན་པ་ཅན་གྱི་བདག་ཉིད་གཅིག་པའི་འབྲེལ་བ་ཡིན་པ་ཞིག་མི་སྲིད་དེ། དཔེར་ན། “གང་བྱས་ན་གཞལ་བྱ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “གང་བྱས་ན་གཞལ་བྱ་མ་ཡིན་པ་ཡིན་པས་ཁྱབ་”ཅེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་མི་སྲིད་པས་ཡང་དག་མ་ཡིན་ནོ། །

2 རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་སྟེ། རྟགས་དེ་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དང་མི་མཐུན་ཕྱོགས་ནི་རྟགས་ཀྱི་ཁྱབ་བྱ་རུ་འཇུག་པ་ཞིག་མི་སྲིད་དེ། དཔེར་ན། “གང་བྱས་ན་གཞལ་བྱ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “བྱས་པ་ལ་ལ་ནི་གཞལ་བྱ་མ་ཡིན་པ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་མི་སྲིད་པས་ཡང་དག་མ་ཡིན་ནོ། །

3 རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་གང་ཞིག  མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་སྟེ་ཕན་ཚུན་སྤང་འགལ་གྱི་དངོས་འགལ་ཡིན་པ་ཞིག་སྲིད་པ་ཡིན་ཏེ། དཔེར་ན། “གང་བྱས་ན་གཞལ་བྱ་ཡིན་”་ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “གང་བྱས་ན་གཞལ་བྱ་མ་ཡིན་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་སྲིད་པས་ཡང་དག་གོ །

4 རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་གང་ཞིག རྟགས་དེ་མི་མཐུན་ཕྱོགས་ལ་ཁྱབ་བྱ་དང་། མི་མཐུན་ཕྱོགས་དེ་རྟགས་ལ་ཁྱབ་བྱེད་དུ་འཇུག་པ་ཞིག་མི་སྲིད་དེ། དཔེར་ན། “གང་བྱས་ན་གཞལ་བྱ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “གང་བྱས་ན་གཞལ་བྱ་མ་ཡིན་པ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་མི་སྲིད་པས་ཡང་དག་མ་ཡིན་ནོ། །

5 རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་སྟེ་མུ་བཞིའི་འབྲེལ་བ་ཡིན་པ་ཞིག་མི་སྲིད་དེ། དཔེར་ན། “གང་བྱས་ན་གཞལ་བྱ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “བྱས་པ་ལ་ལ་ནི་གཞལ་བྱ་མ་ཡིན་པ་ཡིན་ལ། བྱས་པ་ལ་ལ་ནི་གཞལ་བྱ་མ་ཡིན་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་མི་སྲིད་པས་ཡང་དག་མ་ཡིན་ནོ། །

 རིགས་ལྔ་བའི་འབྲེལ་བ་རྣམ་པ་ལྔ་བོ་ཡང་དག་ཡིན་མིན་བཤད་པ། 

1 རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་སྟེ་མུ་བཞིའི་འབྲེལ་བ་ཡིན་པ་གང་ཞིག  མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་སྟེ་ཕན་ཚུན་ནས་ཡིན་པ་ཅན་གྱི་བདག་ཉིད་གཅིག་པའི་འབྲེལ་བ་ཡིན་པ་ཞིག་མི་སྲིད་དེ། དཔེར་ན། “རེག་བྱ་མ་ཡིན་པ་ལ་ལ་ནི་མི་རྟག་པ་ཡིན། རེག་བྱ་མ་ཡིན་པ་ལ་ལ་ནི་མི་རྟག་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “གང་རེག་བྱ་མ་ཡིན་པ་ཡིན་ན་མི་རྟག་པ་མ་ཡིན་པ་ཡིན་པས་ཁྱབ་”ཅེས་པ་ཡང་དག་པའི་དོན་རྟོག་ཅིག་མ་ཡིན་པས་ཡང་དག་མ་ཡིན་ནོ། །

2 རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་གང་ཞིག  མི་མཐུན་ཕྱོགས་སྤྱི་དང་བྱེ་བྲག་གི་འབྲེལ་བ་སྟེ་རྟགས་དེ་མི་མཐུན་ལ་ཁྱབ་བྱེད་དུ་འཇུག་པ་ཞིག་སྲིད་པ་ཡིན་ཏེ། དཔེར་ན། “རེག་བྱ་མ་ཡིན་པ་ལ་ལ་ནི་མི་རྟག་པ་ཡིན། རེག་བྱ་མ་ཡིན་པ་ལ་ལ་ནི་མི་རྟག་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “རེག་བྱ་མ་ཡིན་པ་ལ་ལ་ནི་མི་རྟག་པ་མ་ཡིན་པ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་སྲིད་པས། རྣམ་པ་འདི་ནི་ཡང་དག་གོ །

3 རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་སྟེ་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པ་ཞིག་མི་སྲིད་དེ། དཔེར་ན། “རེག་བྱ་མ་ཡིན་པ་ལ་ལ་ནི་མི་རྟག་པ་ཡིན། རེག་བྱ་མ་ཡིན་པ་ལ་ལ་ནི་མི་རྟག་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “རེག་བྱ་མ་ཡིན་པ་ཐམས་ཅད་ནི་མི་རྟག་པ་མ་ཡིན་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་མ་ཡིན་པས་ཡང་དག་མ་ཡིན་ནོ། །

4 རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་གང་ཞིག  མི་མཐུན་ཕྱོགས་ལ་ཁྱབ་བྱ་རུ་འཇུག་པ་སྟེ། རྟགས་དེ་མི་མཐུན་ཕྱོགས་ཀྱི་ཁྱབ་བྱ་དང་། མི་མཐུན་ཕྱོགས་དེ་རྟགས་ཀྱི་ཁྱབ་བྱེད་དུ་འཇུག་པའི་བྱེ་བྲག་དང་སྤྱིའི་འབྲེལ་བ་ཞིག་སྲིད་པ་མ་ཡིན་ཏེ། དཔེར་ན། “རེག་བྱ་མ་ཡིན་པ་ལ་ལ་ནི་མི་རྟག་པ་ཡིན། རེག་བྱ་མ་ཡིན་པ་ལ་ལ་ནི་མི་རྟག་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “རེག་བྱ་མ་ཡིན་པ་ཐམས་ཅད་ནི་མི་རྟག་པ་མ་ཡིན་པ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་མ་ཡིན་པས་ཡང་དག་མ་ཡིན་ནོ། །

5 རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་ཡང་བསྣོལ་བའི་འབྲེལ་བ་སྟེ་མུ་བཞིའི་འབྲེལ་བ་ཞིག་ཡིན་པ་སྲིད་པ་ཡིན་ཏེ། དཔེར་ན། “རེག་བྱ་མ་ཡིན་པ་ལ་ལ་ནི་མི་རྟག་པ་ཡིན། རེག་བྱ་མ་ཡིན་པ་ལ་ལ་ནི་མི་རྟག་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “རེག་བྱ་མ་ཡིན་པ་ལ་ལ་ནི་མི་རྟག་པ་མ་ཡིན་པ་ཡིན། རེག་བྱ་མ་ཡིན་པ་ལ་ལ་ནི་མི་རྟག་པ་མ་ཡིན་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་མ་ཡིན་པས་ཡང་དག་མ་ཡིན་ནོ། །

 ཡང་དག་པའི་གཏན་ཚིགས་རྣམ་པ་བརྒྱད་པོ་སོ་སོར་འགོད་པ། 

གོང་གསལ་གྱི་རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་ལྔ་པོ་དང་། རྟགས་མི་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་ལྔ་བོ་སོགས་ཀྱི་རྣམ་པ་ཉེར་ལྔ་པོ་དག་ཕན་ཚུན་བསྡུར་ཏེ་ཡང་དག་ཡིན་མིན་དཔྱད་ན། ཡང་དག་མ་ཡིན་པའམ་ལྟར་སྣང་གི་རིགས་ནི་བཅུ་བདུན་ཡོད་ལ། ཡང་དག་གམ་ཕན་ཚུན་བསྡུར་ནས་འབྱུང་སྲིད་པ་ཡིན་པའི་རྣམ་པ་ནི་བརྒྱད་ཡོད་དེ། 

1 རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ། 

2 རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ། 

3 རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ། 

4 རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ། 

5 རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ། 

6 རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ། 

7 རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ། 

8 རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ། 

མཇུག་བསྡུ་བ།

 རྣམ་པ་བརྒྱད་པོ་འདི་དང་ཕྱོགས་ཆོས་འཁོར་ལོ་དགུ་གཉིས་ལ་དབུས་ཀྱི་འཁོར་ལོ་མ་གཏོགས་ཐམས་ཅད་འདྲ་བ་ཡིན་ལ། དབུས་ཀྱི་གཏན་ཚིགས་མ་འདྲ་བའི་རྟགས་ལ་བརྟེན་ནས་གྲངས་ཀྱི་ཆ་ནས་ཀྱང་མི་འདྲ་ཞིང་།  རིགས་འདེད་ཆ་ནས་ཀྱང་མི་འདྲ་བས། རྟགས་དང་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་ལ་རྣམ་པ་ལྔ་རེ་ཡོད་ལ། དེ་ཡང་རྣམ་པ་ལྔ་བོ་ཕན་ཚུན་བསྡུར་བ་ལ་བརྟེན་ནས་རྣམ་པ་ཉེར་ལྔ་རུ་འགྲུབ་པ་དང་། རྣམ་པ་ཉེར་ལྔ་བོ་དེ་ལ་འགལ་འབྲེལ་གྱི་རིགས་པས་ཡང་དག་མིན་བརྟག་ཚེ་ཡང་དག་པའི་རྣམ་པ་ནི་བརྒྱད་དུ་འབྱུང་ལ། ཡང་དག་པ་བརྒྱད་པོ་འདི་དང་ཕྱོགས་ཆོས་འཁོར་ལོ་དགུ་བོ་གཉིས་ལ་འགལ་འབྲེལ་གྱི་རིགས་པས་དཔྱད་ན་ཕྱོགས་ཆོས་ཀྱི་འཁོར་ལོ་བརྒྱད་ལས་དགུ་མེད་པར་འགྱུར་བ་དང་། སློབ་དཔོན་ཕྱོགས་གླང་གི་ལུགས་ལ་ཕྱོགས་ཆོས་འཁོར་ལོ་དགུ་ཡོད་པར་འདོད་པ་དེ་ཡང་ཚད་མ་རིག་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་དང་རིགས་འདེད་བྱེད་སྟངས་ཤིག་ཡིན་པ་གསལ་བོར་མཚོན་ནུས་པ་ཡིན། གཞན་རྟགས་དང་མཐུན་མི་མཐུན་ཕྱོགས་ཀྱི་འབྲེལ་བ་ངེས་རྒྱུ་དེ་ཡང་སློབ་དཔོན་ཕྱོགས་གླང་གི་ཕྱོགས་ཆོས་འཁོར་ལོ་དགུ་ངེས་བྱེད་ཀྱི་རྨང་རྡོ་ལྟ་བུ་ཡིན་ནོ། །  

རྩོམ་སྒྲིག་པ།  བྱང་ཆུབ་རྒྱ་མཚོ།

བརྒྱུད་འགོད།
0