ཚད་གཞུང་རང་བཙན་པའི་ཐོག་མ་《ཚད་མ་ཀུན་བཏུས།》དང་《ཚད་མ་རྣམ་འགྲེལ།》གཉིས་ཀྱི་ལེའུའི་སྒྲིག་སྟངས་དང་དེའི

སྤེལ་དུས།  2017-12-16   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  ཁ་སྒང་སྟག་འབུམ་རྒྱལ།   ཀློག་གྲངས།  

ནང་དོན་གནད་བསྡུས།】 དཔྱད་རྩོམ་འདིར་ཙ་ར་ཀ་དང་རིགས་པ་ཅན་པ་ལ་སོགས་ཀྱི་བསྟན་བཅོས་《ཙ་ར་ཀའི་སྨན་དཔྱད།》དང་《རིགས་པའི་མདོ།》རྣམས་སུ་གཏན་ཚིགས་རེ་འགའ་ཐོན་པ་དག་རྟོག་གེ་ཙམ་ཡིན་ལ་ཚད་མ་རིག་པ་མིན་པ་དང་། 《ཞིབ་མོ་རྣམ་འཐག》དང《དབུས་འཇུག་སྨྲ་བ།》སོགས་འཕགས་པ་ཀླུ་སྒྲུབ་དང་དབྱིན་གཉེན་སོགས་ཀྱི་གསུང་དུ་ཚད་མའི་ཆོས་ཚན་དུམ་བུ་རེའམ་ཚད་མའི་བརྩམས་ཆོས་ཐོར་བུ་རེ་ཐོན་པའི་རྒྱུ་མཚན་གྱིས་ཀྱང་དེ་དག་ཀྱང་ནང་བའི་ཚད་མའི་བསྟན་བཅོས་“རང་བཙན་པའི”ཐོག་མར་བགྲངས་མི་རུང་བར། ཚད་མའི་བསྟན་བཅོས་རང་བཙན་པའི་ཐོག་མ་ལ་རིགས་པའི་དབང་ཕྱུག་ཕྱོགས་ཀྱི་གླང་པོའི་《ཚད་མ་ཀུན་བཏུས།》འདི་ཉིད་འཇོག་དགོས་པར་ལུང་རིགས་གཉིས་ཀྱིས་འགྲུབ་པའི་སྒྲུབ་བྱེད་དང་། 《ཚད་མ་ཀུན་བཏུས།》དང་《ཚད་མ་རྣམ་འགྲེལ།》གཉིས་སྤྱིར་རྩ་འགྲེལ་གྱི་འབྲེལ་བར་གྲུབ་ཀྱང་། གཞུང་ལ་ལེའུ་དྲུག་དང་འགྲེལ་ལ་ལེའུ་བཞིར་དགོས་པ་ཅིའི་ཕྱིར་མཛད་པ་དང་། གཞུང་གི་དབུར་མངོན་སུམ་ལེའུ་བཞག་པ་ལ་འགྲེལ་དུ་རང་དོན་རྗེས་དཔག་དང་པོར་བཞག་སྟེ་ལེའུར་བཀྲམས་པའི་ཚིག་གི་ངོ་གདོང་ནས་ཅུང་འགལ་བ་ལྟ་བུར་སྣང་ཡང་དོན་དུ་མི་འགལ་ཚུལ་ཇི་ལྟར་ཡིན་པ་དང་། བསྟན་བཅོས་འདི་གཉིས་རྩ་བ་དང་འགྲེལ་བའི་འབྲེལ་བ་ཡོད་པའི་རྒྱུ་མཚན་ཕྱི་ནང་ཚད་ལྡན་མཁས་པའི་ལུང་རིགས་གང་དག་གིས་འགྲུབ་ཚུལ་སོགས་རེ་རེ་བཞིན་དཔྱད་པ་བཏང་ཡོད།

བརྡ་ཆད་གཙོ་བོ།】 ཚད་མ་ཀུན་བཏུས། ཚད་མ་རྣམ་འགྲེལ། ཞིབ་བསྡུར། 

རྒྱ་གར་གྱི་རྟོག་གེའི་རིག་པ་དང་། ཞི་ལཱའི་ཕྱི་ཚུལ་གཏན་ཚིགས་རིག་པ། རྒྱ་ནག་གི་ཐ་སྙད་རྩོད་སྒྲུབ་རིག་པ་གསུམ་ལ་འཛམ་གླིང་གི་གཏན་ཚིགས་ཆེན་པོ་རྣམ་གསུམ་ཞེས་ཀུན་ལ་རླུང་ལྟར་གྲགས་པ་ལས། སྟོན་པ་བཅོམ་ལྡན་འདས་ཀྱིས་རྒྱ་གར་གྱི་རྟོག་གེའི་གཏན་ཚིགས་ལས་རིགས་པའི་རྣམ་གྲངས་མི་ཉུང་བ་ཞིག་ཚུར་ལེགས་ཆའི་ཚུལ་དུ་བླངས་ཏེ། རང་ཉིད་ཀྱིས་གསར་དུ་བཏོད་པའི་སངས་རྒྱས་པའི་མཚན་ཉིད་ལྟ་གྲུབ་ཀྱི་ཐུན་མོང་མ་ཡིན་པའི་རིགས་ལམ་གྱི་ཁྱད་ཆོས་སྟེང་གང་ལ་གང་མཁོ་ལྟར་ཁ་བསྐངས་མཛད་ཅིང་། ངའི་བསྟན་པ་འདི་ལ་རིགས་རུས་མི་གཙོ་བསླབ་པ་གཙོ་ཞེས་རང་གི་རྗེས་འཇུག་གདུལ་བྱ་ཚོར་དད་པ་ཕལ་བ་དང་རིགས་པའམ་རྒྱུ་མཚན་གཙོ་བོར་བཟུང་དགོས་པའི་བཀའ་སློབ་ནན་གྱིས་བསྩལ། འོ་ན་ད་ལྟ་ང་ཚོས་མཐོང་ཆོས་སུ་ཡོད་པའི་མདོ་སྡེ་དག་ལས་རིགས་པ་གང་དག་གསུངས་ཡོད་པ་དང་དེ་དག་གི་བསྟན་ཚུལ་ཇི་ལྟ་བུ་ཡིན་སྙམ་ན། ཆོས་བཅུ་བའི་མདོར།“དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། །”ཞེས་དང་།“གང་ཅུང་ཟད་སྐྱེ་བའི་བདག་ཉིད་ཅན་དེ་ཐམས་ཅད་ནི་འགག་པའི་ཆོས་ཅན་ནོ། །”ཞེས་དང་།“གང་ཟག་གིས་གང་ཟག་གི་ཚོད་བཟུང་བར་མི་བྱ།”ཞེས་སོགས་ཐོག་མའི་ཆར་འབྲས་རང་མ་དམིགས་པའི་རྟགས་ཀྱིས་མཚོན་པའི་ཚད་མའི་ཐ་སྙད་འགའ་ཤས་གསུང་གི་དངོས་ཟུར་གང་རུང་ནས་བསྟན་པ་ཙམ་ལས་སྟོན་པ་སྐུ་མྱ་ངན་ལས་འདས་པའི་མི་ལོ་བདུན་བརྒྱའི་རྗེས་ཀྱི་《ཚད་མ་ཀུན་བཏུས།》ཇི་བཞིན་བརྗོད་བྱ་རྗོད་བྱེད་གང་ཐད་ནས་ཀྱང་ཚད་མའི་གཞུང་ལུགས་མཚན་ཉིད་ཚང་བའམ་རང་བཙན་པ་ལྟ་བུ་ཞིག་མེད་པར་སྣང་། རྗེས་འབྲངས་དབྱིག་གཉེན་གྱི་《དབུས་འཇུག་སྨྲ་བ།》ཞེས་བྱ་བའི་བསྟན་བཅོས་ཀྱིས་མཚོན་པའི་གསུང་འགའ་ཤས་ནང་དུའང་ཚད་མའི་ཆོས་ཚན་འགའ་རེ་ཐོན་པ་ཙམ་ལས་ནང་བའི་གཞི་ལམ་འབྲས་གསུམ་གྱི་ལྟ་དགོངས་སྙིང་བོར་བྱས་པའི་ཚད་མའི་རིག་གཞུང་རང་བཙན་པ་ཞིག་སྔར་བཞིན་མ་བྱུང་བར་ལུས། ཕྱིས་སུ་རིགས་པའི་དབང་ཕྱུག་རྣམ་གཉིས་སུ་གྲགས་པ་སྟེ་དཔལ་ན་ལེནྡྲའི་ཆོས་བརྒྱུད་འཛིན་པའི་སློབ་དཔོན་ཕྱོགས་ཀྱི་གླང་པོས་《ཚད་མ་ཀུན་བཏུས།》སམ་ཚད་མ་མདོ་དང་། དཔལ་ལྡན་ཆོས་ཀྱི་གྲགས་པས་ཚད་མ་སྡེ་བདུན་རྣམས་བརྩམས་པའི་བཀའ་དྲིན་ལས་ད་གཟོད་ནང་བར་བརྗོད་བྱ་རྗོད་བྱེད་གང་ཐད་ནས་ཀྱང་ཚད་མའི་གཞུང་ལུགས་རང་བཙན་པའི་ཚད་གཞིར་གདེངས་པའི་བསྟན་བཅོས་བྱུང་ཞིང་། 《ཚད་མ་ཀུན་བཏུས།》ཀྱི་འགྲེལ་རྩོམ་པ་ལ་དབང་ཕྱུག་སྡེས་ཁོ་རང་གིས་སློབ་དཔོན་ཕྱོགས་ཀྱི་གླང་པོའི་དགོངས་དོན་ཇི་བཞིན་མ་གོ་བས་མ་འཇོན་པར་མཐོང་ནས་རང་གི་དངོས་སློབ་དཔལ་ལྡན་ཆོས་གྲགས་ལ་འགྲེལ་བ་རྩོམ་པར་སྐུལ་མ་མཛད་པ་སོགས་ཚད་མའི་བླ་སློབ་རིམ་བརྒྱུད་ཀྱིས་རིག་པ་འདི་ཉིད་ཕྱོགས་དང་ཕྱོགས་སུ་ཆེས་ཆེར་དར་བར་བྱས་སོ།  །

དང་པོ།  སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་ཚད་མ་ཀུན་བཏུས།

གཅིག  སློབ་དཔོན་ཕྱོགས་ཀྱི་གླང་བོ།

སློབ་དཔོན་དབྱིག་གཉེན་ལ་རང་ལས་མཁས་པའི་སློབ་མ་བཞི་ཡོད་པའི་ནང་ཚད་མར་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཞེས་ཡོངས་སུ་གྲགས་པ་འདི་ཉིད་རྒྱ་གར་ལྷོ་ཕྱོགས་ཏེ། རྒྱ་གར་ཆོས་འབྱུང་ལས། “གྲོང་ཁྱེར་སིངྒ་བཀྟ་ཞེས་བྱ་བ་གཉྩའི་ཡུལ་དང་ཉེ་བ”ཞེས་དང་། ཨུ་རུ་སུའི་ཚད་མ་རིག་པའི་མཁས་པ་ཧྲེའར་པཱ་ཚེ་ཀིས། “ཕྱོགས་གླང་ནི་ཀཉྩའི(建志Kanci)ཡུལ་དུ་འཁྲུངས།”ཞེས་གསུངས། ཇོ་ནང་ཏཱ་ར་ནཱ་ཐས་མིང་ལ་སིངྒ་བཀྟ་ཞེས་བྱ་བའི་གྲོང་ཁྱེར་གཉྩའི་ཡུལ་དང་ཐག་ཉེ་བའི་ཡུལ་ཞིག་ཏུ་འདོད་པ་དང་། ཧྲེའང་པཱ་ཚེ་ཀིས་ཀཉྩའི་ཡུལ་དུ་འདོད་པ་གཉིས་ཅུང་མི་མཐུན་ཡང་གང་ལྟར་ཀཉྩའི་ཡུལ་དངོས་སམ་ཉེ་འཁོར་གང་རུང་ཞིག་ཏུ་སྐུ་འཁྲུངས། ཆུང་དུས་ནས་གནས་མ་བུའི་སྡེ་པའི་མཁན་པོ་ནཱ་ག་དཏྟ་ལས་རབ་ཏུ་བྱུང་ཞིང་ཉན་ཐོས་ཀྱི་གྲུབ་མཐའ་ལ་བྱང་ཆུབ་པར་སྦྱངས། བླ་མའི་གདམས་པ་བཞིན་བརྗོད་དུ་མེད་པའི་བདག་བཙལ་བ་ལ་ཉིན་མོ་དཀར་ཁུང་ཐམས་ཅད་བསལ། མཚན་མོ་ཕྱོགས་བཞིར་མེ་བཏང་སྟེ་བཙལ་བའི་ལྟ་སྤྱོད་སོགས་བླ་མའི་ལྟ་བ་དང་མ་མཐུན་པར་དགོན་པ་དེ་ནས་བྲལ་ཏེ་རྒྱ་གར་བྱང་ཕྱོགས་ཀྱི་སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་ཕྱིན་སྟེ་ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་གསན་པས་མཁས་པའི་གོ་འཕང་མཐོན་པོར་གཤེགས། ལོ་མང་པོའི་རིང་རྒྱ་གར་ཤར་ཕྱོགས་ཀྱི་ཡུལ་ཨོ་ཊི་བི་ཤའི་བྲག་ཕུག་ཏུ་སྒོམ་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ། མུ་སྟེགས་པའི་མཁས་པ་སུ་དུར་ཛ་ཡ་ཞེས་བྱ་བ་དཔལ་ན་ལེནྡྲའི་དགོན་པར་སངས་རྒྱས་ཆོས་ལུགས་ཀྱི་མཁས་པ་ཚོར་རྩོད་དུ་འོངས་པ་ལ་གཞན་སུས་ཀྱང་མ་ཐུབ་པར་སློབ་དཔོན་ཁོ་རང་གདན་དྲངས་པས་ཕམ་པར་མཛད་ནས་མུ་སྟེགས་པ་དེའི་འཁོར་སློབ་ཐམས་ཅད་ནང་བའི་ཆོས་ལ་བཅུག དབང་ཕྱུག་སྡེ་སོགས་སློབ་མའི་འཁོར་ཚོགས་མང་པོ་བསྐྱངས། 《དམིགས་པ་བརྟག་པ།》 དང་《སེལ་བ་བརྟག་པ།》 《དུས་གསུམ་བརྟག་པ།》《ཕྱོགས་ཆོས་དགུའི་འཁོར་ལོ།》《ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ།》སོགས་ཚད་མའི་བསྟན་བཅོས་དང་། གཞན་ཡང་《ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་གནད་ཀྱི་སྒྲོན་མེ།》དང་《ཡོན་ཏན་མཐའ་ཡས་པར་བསྟོད་པའི་འགྲེལ་བ།》སོགས་ནང་བའི་བསྟན་བཅོས་མང་དུ་མཛད། ལྷག་པར་ཁོང་གིས་བརྩམས་པའི་ཚད་མའི་བསྟན་བཅོས་ཐ་ཐོར་དུ་ལུས་པ་དེ་དག་གི་ཁོངས་སུ་ཚད་མའི་བརྗོད་བྱ་ཡོངས་སུ་རྫོགས་པ་མེད་པར་གཟིགས་ནས《ཚད་མ་ཀུན་བཏུས།》 ཞེས་བྱ་བའི་རྒྱ་བོད་གཉིས་སུ་མཚན་སྙན་འབྲུག་སྒྲ་བཞིན་ལྡིར་བའི་བསྟན་བཅོས་ཆེན་མོ་དེ་ཉིད་མཛད་པ་སོགས་མདོར་ན། “ཧ་ལམ་ཀ་ཤི་སྨིར་ཁ་ཆེའི་ཡུལ་ཕུད་རྒྱ་གར་གྱི་ས་ཆ་ཡོངས་ལ་སློབ་དཔོན་ཕྱོགས་གླང་གིས་ཞབས་ཀྱིས་མ་བཅགས་པ་མེད། འོན་ཀྱང་ཁོང་ལ་ཁ་ཆེའི་ཡུལ་ནས་ཡིན་པའི་སློབ་མ་ཁག་འགའ་ཞིག་ཡོད་པ་ནས་དེ་དག་གིས་ཕྱིས་སུ་ཡུལ་དེར་ཕྱོགས་གླང་གི་ཆོས་བརྒྱུད་ཀྱང་བཙུགས་ཡོད་ལ་ཆོས་བརྒྱུད་ཀྱི་གྲུབ་མཐའ་དེ་རྣམས་ནས་ཕྱོགས་གླང་གི་བསྟན་བཅོས་ལ་སློབ་གཉེར་བྱེད་པ་དང་གྲགས་པ་ཆེ་བའི་ཚད་མའི་མཁས་པའང་འགའ་ཞིག་བྱུང་།”ཞེས་རྒྱ་གར་ཤར་ཕྱོགས་ཀྱི་ཨོ་ཊི་བི་ཤའི་ཡུལ་གཙོ་བྱས་པའི་ཡུལ་འཁོར་གཞན་དག་ཏུ་གཙུག་ལག་ཁང་ཆེན་པོ་བཅུ་དྲུག་དང་། དགེ་འདུན་གྱི་སྡེ་ཆེན་པོ་བཅུ་དྲུག ཆོས་གཞི་མང་པོ་བཙུགས་པ་སོགས་སྐུ་ཚེ་གང་བོར་བསྟན་བཅོས་རྩོམ་པ་དང་། སློབ་མ་སྐྱོང་བ། བསྟན་པ་དཔང་དུ་འཁྱེར་ཏེ་ཕྱི་རོལ་བ་དང་རྩོད་པ་ཐེངས་མང་མཛད་ནས་ནང་བར་བཅུག་པ་སོགས་སློབ་དཔོན་འདིའི་འཕྲིན་ལས་ཀྱི་གདུགས་དཀར་པོ་རྒྱ་གར་ས་ཁྱོན་ཆེན་པོར་ཉི་འོད་ལྟར་ཁེབས་བཞིན་མཐར་གནས་དེའི་ནགས་ཚལ་དབེན་པ་ཞིག་ཏུ་སྐུ་འདས་སོ།  །  

གཉིས།  ཚད་མ་ཀུན་བཏུས།ཀྱི་ལེའུའི་གྲངས་དང་དེ་ལྟར་སྒྲིག་དགོས་པའི་རྒྱུ་མཚན།

སློབ་དཔོན་ཕྱོགས་གླང་གི་《ཚད་མ་ཀུན་བཏུས།》ཀྱི་ལེའུ་ལ་མངོན་སུམ་གྱི་ལེའུ་དང་། རང་དོན་རྗེས་དཔག་གི་ལེའུ། གཞན་དོན་རྗེས་དཔག་གི་ལེའུ། དཔེ་དང་དཔེ་ལྟར་སྣང་བ་བརྟག་པའི་ལེའུ། གཞན་སེལ་བརྟག་པའི་ལེའུ། ལྟག་ཆོད་བརྟག་པའི་ལེའུ་བཅས་ལེའུ་དྲུག་ཏུ་བགོས་ཡོད་པ་དང་། དེ་ལའང་གཞན་དོན་རྗེས་དཔག་སོགས་ལེའུ་ལྷག་མ་ལྔ་པོའི་གྲས་ཤིག་དང་པོར་མ་བཞག་པར་མངོན་སུམ་དང་པོར་བཞག་སྟེ་དེ་ནས་རང་དོན་རྗེས་དཔག་སོགས་ལེའུ་གཞན་རྣམས་གོ་རིམ་བཞིན་དུ་བསྒྲིགས་པ་ལྟར། འདི་ལའང་རྩོམ་པ་པོ་རང་ཉིད་ལ་དགོངས་པ་ངེས་ཅན་ཞིག་ཡོད་པ་ལས་གང་འདོད་དུ་ཅི་བདེར་མཛད་པ་ཞིག་མ་པར་སྙམ་སྟེ། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས། “ཀུན་བཏུས་སུ་རྒྱུད་ལ་སྐྱེ་བའི་རིམ་པའི་དབང་དུ་བྱས་ནས”ཞེས་《ཚད་མ་ཀུན་བཏུས།》འདིར་མངོན་སུམ་དང་པོར་བཞག་པའི་རྒྱུ་མཚན་ནི་གང་ཟག་གང་ཡང་རུང་བའི་རྒྱུད་ལ་ཇི་ལྟར་སྐྱེ་བའི་གོ་རིམ་བཞིན་དུ་མཛད་པར་གསུངས། སྤྱིར་རྗེས་དཔག་དང་མངོན་སུམ་གཉིས་ལས་གང་ཟག་ཅིག་གི་རྒྱུད་ལ་སྐྱེ་བའི་རིམ་པ་ལ་མཐའ་གཅིག་ཏུ་མངོན་སུམ་ཡིན་མི་དགོས་པར་རྗེས་དཔག་དང་པོར་ངེས་ནས་དེའི་ངེས་སྟོབས་ཀྱིས་མངོན་སུམ་ལ་ངེས་པ་འདྲེན་པའང་ཡོད་ཅིང་། རྗེས་དཔོག་གི་གཞལ་བྱ་ལྐོག་གྱུར་གྱི་ཆོས་ཐམས་ཅད་ཀྱང་མཐར་ཐུག་ན་མངོན་སུམ་ཉིད་ལ་འབབ་དགོས་པ་ཚད་གཞུང་སྤྱིའི་འདོད་ལུགས་སུ་ངེས་པའི་ཕྱིར། ཡིན་ནའང་། 《ཚད་མ་ཀུན་བཏུས།》 ནང་མངོན་སུམ་དང་པོར་བཞག་པ་ལ་གོང་དུ་བཤད་པ་ལྟར་གང་ཟག་གང་ཡང་རུང་བ་ཞིག་གི་རྒྱུད་ལ་ཇི་ལྟར་སྐྱེ་བའི་རིམ་པ་ལྟར་མཛད་པར་མཐོང་སྟེ། ད་ལྟ་ང་ཚོས་མིག་གིས་མངོན་སུམ་དུ་མཐོང་ཐུབ་པ་དང་། རྣམ་བས་མངོན་སུམ་དུ་ཐོས་ཐུབ་པ། སྣ་བས་མངོན་སུམ་དུ་སྣོམ་ཐུབ་པ། ལྕེ་ཡིས་མངོན་སུམ་དུ་མྱོང་ཐུབ་པ། ལུས་ཤེས་ཀྱིས་མངོན་སུམ་དུ་རེག་ཐུབ་པའི་ཆོས་རྣམས་གང་ཟག་སུ་དང་གང་གིས་ཀྱང་དང་པོ་ཉིད་ནས་རྟགས་དང་རྒྱུ་མཚན་གཞན་ཅི་ལའང་བརྟེན་མི་དགོས་པར་བདེ་བླག་ངང་མངོན་སུམ་དུ་རྟོགས་ཐུབ་ཅིང་། རྒྱུད་ལ་སྐྱེ་ཚུལ་གྱི་རིམ་པའི་དབང་དུ་བྱས་ཀྱང་མངོན་སུམ་གྱི་ཆོས་རྣམས་རྒྱུད་ལ་ཐོག་མར་སྐྱེ་སླ་བ་རང་གི་ཉམས་མྱོང་ལས་ཀྱང་ཤེས་ཐུབ་སྟེ། དཔེར་ན་ང་ཚོས་ཕ་རོལ་གྱི་མེ་ཏོག་ཅིག་ལ་ལྟ་བའི་དབང་དུ་བྱས་ཚེ། དང་པོར་མིག་ལམ་དུ་གསལ་བོར་འོངས་པ་ནི་ཕྲ་ཆིལ་ལེར་འཛུམ་པའི་མེ་ཏོག་དེའི་དབྱིབས་དང་ཁ་དོག་ཡིན་པ་ལ་ང་ཚོས་མེ་ཏོག་དེའི་དབྱིབས་དང་ཁ་དོག་ཇི་བཞིན་ངེས་པར་རྗེས་དཔག་གི་ཚད་མར་བརྟེན་མི་དགོས་པར་མངོན་སུམ་ཚད་མས་གནོད་པ་དང་བྲལ་བར་མཐོང་ཐུབ་ཀྱང་། མེ་ཏོག་འདི་ཅིའི་ཕྱིར་འདི་ལྟར་མཛེས་ཤིང་བལྟ་ན་སྡུག་པ་དང་དྲི་ཞིམ་པ། རྗས་གང་གིས་བསྐྱེད་པ། ཕན་ཐོགས་ཅི་འདྲ་ཡོད་མེད་སྐོར་གྱི་ལྐོག་གྱུར་གྱི་ཆོས་རྣམས་ལ་རེ་རེ་བཞིན་དཔྱོད་སྐབས་ད་གཟོད་མངོན་སུམ་ནང་ལྟར་ཇི་བཞིན་རྟོགས་དཀའ་བས་དེ་ལ་ངེས་པར་རྗེས་དཔག་གི་ཚད་མས་དཔྱད་པ་ཞུགས་ནས་ངེས་ཤེས་འདྲེན་དགོས་པ་ལྟ་བུའོ། ། ལྡོག་སྟེ་མངོན་སུམ་དུ་མཐོང་ཐོས་མི་ཐུབ་པའི་ལས་རྒྱུ་འབྲས་ཀྱི་རྣམ་གཞག་ཕྲ་ཞིང་ཕྲ་བའི་སྐོར་དང་། སྐྱེ་བ་སྔ་ཕྱི། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སོགས་ལྐོག་གྱུར་དང་ཤིན་ཏུ་ལྐོག་གྱུར་དུ་གྱུར་པའི་ཆོས་རྣམས་ཇི་བཞིན་རྟོགས་དཀའ་ཞིང་རྟགས་དང་རྒྱུ་མཚན་ངེས་ཅན་ཞིག་ལ་མ་བརྟེན་པར་ཧ་ཅང་ཤེས་ཐབས་མེད་པས་གང་ཟག་གང་ཡང་རུང་བའི་རྒྱུད་ལ་སྐྱེ་ཚུལ་གྱི་དབང་དུ་བྱས་ཚེ་མངོན་སུམ་དང་བསྡུར་ན་སྐྱེ་དཀའ་བ་དང་ཐོག་མར་སྐྱེ་མི་ཐུབ་པ་སོགས་མདོར་ན་བླ་མ་རྗེ་བཙུན་པས་བཞེད་པ་ལྟར་གཞུང་འདིར་རྒྱུད་ལ་སྐྱེ་ཚུལ་གྱི་རིམ་པའི་དབང་གིས་མཛད་པར་གསུངས་པ་ལྟར་ཁས་བླངས་པས་སྐྱོན་མེད་པར་བསམ་ཞིང་། གཞན་དུ་ན་སྟོན་པ་བཅོམ་ལྡན་འདས་ཀྱིས་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་དང་། གཉིས་པ་མཚན་ཉིད་མེད་པའི་ཆོས་འཁོར། གསུམ་པ་ལེགས་ཕྱེའི་ཆོས་འཁོར་བཅས་རིམ་པ་གསུམ་དུ་བསྐོར་བའང་ཆོས་འཁོར་གསུམ་སོ་སོའི་ཆེད་དུ་བྱ་བའི་གདུལ་བྱ་དེའི་ཁམས་དང་མོས་པ། དབང་པོ་སོགས་རབ་འབྲིང་ཐ་གསུམ་གྱི་ངོར་གསུངས་པ་ནང་བཞིན་བསྟན་བཅོས་གང་ཞིག་རྩོམ་པའི་དགོས་པའང་དེ་ལས་མ་འདས་ན《ཚད་མ་ཀུན་བཏུས།》 འདིའང་རང་གི་ཆེད་དུ་བྱ་བའི་གདུལ་བྱའི་ངོར་གསུངས་པ་ཡིན་སྙམ་ཞིང་ལེའུའི་རིམ་པའང་དེ་ལྟར་མཛད་པར་སེམས་སོ། །

གསུམ།  ཚད་མ་ཀུན་བཏུས།འདི་ནང་བའི་ཚད་མའི་བསྟན་བཅོས་རང་བཙན་པའི་ཐོག་མ་ཡིན་ཚུལ།

ཙ་ར་ཀ་དང་བྱེ་བྲག་པའི་གཏན་ཚིགས་སོགས་རྟོག་གེའི་གཞུང་ཙམ་ལས་ཚད་མའི་བསྟན་བཅོས་མིན་ཚུལ།

སྟོན་པ་བཅོམ་ལྡན་འདས་མ་བྱོན་པའི་ཡར་སྔོན་རྒྱ་གར་དུ་ཙཱ་ར་ཀ་དང་། བྱེ་བྲག་པ། གྲངས་ཅན་པ། དཔྱོད་པ་བ། རྣལ་འབྱོར་བ། རིག་བྱེད་མཐར་སྨྲ་བ་སོགས་ཀྱིས་མཚོན་པའི་གཞན་སྡེའི་ཕྱི་རོལ་བའི་གྲུབ་མཐའ་ཧ་ཅང་མང་པོ་བྱུང་སྟེ། 《མདོ་སྡེ།》ལས་ཡ་མཚན་ཅན་གྱི་ལྟ་བ་དགུ་བཅུ་རྩ་དྲུག་དང་། ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི། ལྟ་ངན་དྲུག་ཅུ་རེ་གཉིས། དམ་པ་མིན་པའི་ལྟ་བ་ཉེར་བརྒྱད། ལྟ་ངན་ཉི་ཤུ་སོགས་སུ་གསུངས་པ་དང་། 《རྟོག་གེ་འབར་བ།》ལས་ལྟ་བའི་དབྱེ་བ་བརྒྱ་རྩ་བརྒྱད། 《དབུ་མ་རིན་ཆེན་སྒྲོན་མ།》ལས་ལྟ་བའི་དབྱེ་བ་སུམ་བརྒྱ། 《དུང་དཀར་གྲུབ་མཐའ།》ལས་ལྟ་ངན་དྲུག་ཅུ་རེ་གཉིས་ཙམ། གཞན་ཡང་ལྟ་ངན་བཅུ་དྲུག་སོགས་བགྲངས་སྲོལ་མི་གཅིག་ཙམ་ལས་སྐབས་དེར་གྲུབ་མཐའ་མང་པོ་བྱུང་ཡོད་པ་གསལ་བོར་ཤེས་ཐུབ་ལ། གྲུབ་མཐའ་དེ་དག་བྱུང་བ་དང་མཉམ་དུ་རང་རང་ལུགས་ཀྱི་རྗེས་སུ་དཔག་ཚུལ་སྟོན་བྱེད་ཀྱི་བསྟན་བཅོས་ཀྱང་བྱུང་བར་མངོན་དེ། དཔེར་ན། ཙ་ར་ཀའི་《ཙ་ར་ཀའི་སྨན་དཔྱད།》རིགས་པ་ཅན་པའི་《རིགས་པའི་མདོ།》རྣལ་འབྱོར་བའི་《རྣལ་འབྱོར་བའི་མདོ།》 སོགས་བྱུང་བ་ལྟ་བུ་ལགས། མཁས་གྲུབ་རིན་པོ་ཆེས་“དངོས་པོའི་དེ་ཁོ་ན་ཉིད་དོན་སྤྱི་ཙམ་བཟུང་བའི་སྒོ་ནས་རྟོག་པས་ངེས་དགོས་ཀྱི། མངོན་དུ་མ་གྱུར་པ ”ཞེས་ཕྱི་རོལ་བའི་བསྟན་བཅོས་འདི་དག་ནི་དོན་དུ་ཤེས་པ་ཡང་དག་པས་ཆོས་ཀྱི་གནས་ལུགས་སམ་གདོད་མའི་ངོ་བོ་ཇི་བཞིན་མ་མཐོང་བར་རྟོག་པས་བཞག་ཙམ་གྱི་རྟོག་གེའི་གཏན་ཚིགས་ཀྱི་གཞུང་ཙམ་དང་། ཡང་ན་ཆོས་ཐམས་ཅད་ཀྱི་མཐར་ཐུག་གནས་ལུགས་ལ་སྒྲོ་སྐུར་སོགས་ཕྱིན་ཅི་ལོག་ཏུ་བཀྲལ་ཞིང་རྒྱུ་མཚན་ནམ་རིགས་པ་ཡང་དག་གིས་འཇལ་ཏུ་མི་བཏུབ་པའི་རང་ཉིད་ཀྱི་རྣམ་རྟོག་ཉི་ཚེ་བ་ཚད་མར་བཞག་ནས་བརྩམས་པའི་གཞུང་དུ་གསུངས། ཡིན་ནའང་དེ་དག་ཀྱང་རང་རང་གི་མཚན་ཉིད་རིག་པའི་རྒྱབ་རྟེན་བཙན་རྫོང་ལྟ་བུར་ཡིད་ཆེས་པར་གདོན་མི་ཟ་བས་རྟོག་གེའི་གཏན་ཚིགས་ཙམ་ཡིན་པ་ལ་དོགས་སློང་ཅི་ཡང་མེད་ལ།“གཏན་ཚིགས་སམ་རྒྱུ་མཚན་ཡང་དག་ལ་བརྟེན་ནས་བླང་དོར་གྱི་གནས་མ་འཁྲུལ་བར་རིག་པར་བྱེད་པའི་ཐབས་སྟོན་པའི་རིག་གནས་ཤིག་ཡིན་ཞེས་བྱ་སྟེ། གྲུབ་མཐའ་སྨྲ་བ་གང་དང་གང་གིས་ཀྱང་རྒྱུ་མཚན་ཡང་དག་ལ་བརྟེན་ནས་དོན་གྱི་གནས་ལ་རྟོགས་པར་བྱེད་པ་དང་། ལྐོག་དོན་སྨྲ་བ་དང་། ཕས་ཀྱི་རྒོལ་བ་རིགས་པས་ཚར་གཅོད་པའི་ཐབས་གཙོ་བོར་སྟོན་པའི་ཕྱི་ནང་ཐུན་མོང་གི་རིག་གནས་ཤིག་པར་བསྟན་ཏོ། །” ཞེས་པའི་སྤྱིར་གཏན་ཚིགས་རིག་པའི་གོ་དོན་ངོས་ཐད་ནས་བལྟས་ཀྱང་ཕྱི་རོལ་པའི་རྟོག་གེའི་གཞུང་འདི་དག་རང་ལུགས་ལ་རང་ཉིད་རིགས་པ་ཡང་དག་དང་། ལྐོག་གྱུར་གྱི་དོན་རྣམས་འཇལ་བྱེད་ཀྱི་ཚད་མ་འཁྲུལ་མེད། གཞན་སྡེའི་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པའི་གཏན་ཚིགས་བཙན་པོ་ཞིག་ཏུ་ཁས་མི་ལེན་པའི་ཆོས་ལུགས་གྲུབ་མཐའ་ཞིག་ཕལ་ཆེར་འོང་མི་སྲིད་པར་འདོད། ཡིན་ནའང་རང་སྡེ་ནང་བ་སངས་རྒྱས་པའི་རྒྱ་མའི་སྟེང་གི“ཚད་མ”འི་བསྟན་བཅོས་ཡིན་མིན་ཐད་མཁས་གྲུབ་རིན་པོ་ཆེ་དང་ཀུན་མཁྱེན་འཇིགས་མེད་དབང་བོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་ཀྱིས་མཚོན་པའི་གྲུབ་མཐའ་རིས་མེད་ཀྱི་བོད་ཀྱི་མཁས་གྲུབ་ཆེན་པོ་དག་མགྲིན་དབྱངས་གཅིག་པར། “འདི་དག་ཀྱང་གང་ཟག་དང་ཆོས་ཀྱི་བདག་མེད་རིགས་པས་གཏན་ལ་ཕབ་སྟེ་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པའི་ཕྱིར་ནང་རིག་པའི་བསྟན་བཅོས་དངོས་ཡིན།” ཅེས་ཚད་མའི་བསྟན་བཅོས་ཤིག་ཡིན་པ་ལ་གང་ཟག་དང་ཆོས་ཀྱི་བདག་མེད་པ་སྟེ། གཞི་གང་ཟག་དང་ཕྱི་རོལ་གྱི་ཆོས་གང་གི་སྟེང་དུའང་བདེན་པར་གྲུབ་པའི་ཆ་རྡུལ་ཙམ་ཡང་མེད་པའི་དངོས་པོའི་དོན་དམ་པའི་གནས་ཚུལ་སྟོང་ཉིད་ཟེར་བ་དེ་རིགས་པ་ཡང་དག་པའི་ལམ་ནས་ཡང་ཡང་འཚོལ་བྱེད་ཀྱི་ཐབས་གཙོ་བོར་གྱུར་པ། ཕྱི་རོལ་བའི་བསླབ་པ་དམན་པ་ལས་འདས་པའམ་འཕགས་པའི་ནང་བའི་བསླབ་པ་གསུམ་ལས་ཤེས་རབ་ཀྱི་བསླབ་པའི་ཁོངས་སུ་འདུ་བར་ཁྱབ་པ་བཅད་ནས་ནན་ཏན་དུ་གསུངས་པས། ཙ་ར་ཀ་དང་གྲངས་ཅན་པ་སོགས་འདིར་བསྟན་གྱི་ཚད་མའི་བསྟན་བཅོས་སུ་མི་འདོད་པར་གོ་ནུས་ལ། གཞན་དུ་ནའང་དཔྱོད་པ་བ་དང་རིག་པ་ཅན་པ་རྣམས་ནི་ལྷ་ཆེན་ཚངས་པ་དང་དབང་ཕྱུག་སོགས་འཇིག་རྟེན་བྱེད་པོ་འདོད་པ་དང་། རང་དབང་བ་དང་གཅིག་པུ་བ་དང་རྟག་པའི་ངོ་བོར་གྲུབ་པའི་ཁྱད་ཆོས་གསུམ་ལྡན་གྱི་བདག་ཏུ་སྨྲ་བའི་གྲུབ་མཐའི་རྗེས་འབྲངས་ཡིན་པ་སྟེ། དཔེར་ཙམ་སྤྲོས་ན། ཙ་ར་ཀའི་སྨན་དཔྱད་ལས། “སྐྱེས་བུ། རྟག་པ་ཡིན་ཏེ། བྱས་པ་མ་ཡིན་པའི་ཕྱིར་རོ། ། ནམ་མཁའ་བཞིན། ནམ་མཁའ་བྱས་པ་མ་ཡིན་ཞིང་། རྟག་པ་ཡིན་པ་བཞིན། སྐྱེས་བུ་ཡང་དེ་བཞིན་ནོ། །”ཞེས་དམ་བཅའ་དང་གཏན་ཚིགས་དང་དཔེ་དང་ཉེ་བར་སྦྱར་བ་དང་མཇུག་བསྡུ་བ་བཅས་ཀྱི་སྒྲུབ་ངག་ཡན་ལག་ལྔ་བཀོད་པ་འདི་ལས་ཀྱང་ལུགས་འདིས་བདག་དང་སྐྱེས་བུ་རྟག་པར་ཁས་ལེན་པ་ཤིན་ཏུ་གསལ་བ་ལྟར། གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་གཏན་ལ་ཕབ་བྱེད་ཀྱི་ཚད་མ་དང་བསྒྲུབ་བྱ་སྒྲུབ་བྱེད་གང་གི་ངོར་ཡང་རྒྱབ་འགལ་དུ་ཕྱིན་པར་མཐོང་བས་ཀྱང་སྐབས་འདིར་བསྟན་གྱི་ཚད་མའི་བསྟན་བཅོས་རང་བཙན་པའམ་མཚན་ཉིད་པར་མིན་པར་ཐག་ཆོད་དོ། །ཡང་ཁ་ཅིག་གིས་ཕྱིའི་གཏན་ཚིགས་རིག་པ་དེ་ཉིད་ཚད་མར་འདོད་པ་ནི་ཕྱོགས་གཉིས་ཀའི་ཆས་སུ་མངོན་པའི་གཏན་ཚིགས་ཀྱི་རྣམ་གཞག་འགོད་སྟངས་ཙམ་དང་རྩོད་ངག་ཙམ་ལ་གཞིགས་ནས་བརྗོད་པར་སེམས་ཤིང་དོན་དམ་པར་ཚད་མ་ཡིན་མིན་འབྱེད་བྱེད་ཀྱི་ཐིག་ཤིང་གཙོ་བོ་དེ་གོང་དུ་བཤད་པ་ལྟར་བརྗོད་བྱ་རྗོད་བྱེད་གཉིས་ལ་འབྲེལ་བ་ངེས་ཅན་ཞིག་འདུག དེ་ལྟར་ན་གོང་བཀོད་ཙ་ར་ཀ་དང་རིག་པ་ཅན་ལ་སོགས་པ་ནི་ང་ཚོ་ནང་བའི་ངོས་ཐད་ནས་བལྟས་པས་ཕྱི་རིག་པར་གྱུར་པའི་གཏན་ཚིགས་རིག་པ་ཙམ་དུ་བརྗོད་འོས་པ་ལས་ནང་བའི་བསྟན་བཅོས་ཐུན་མོང་ལ་གྲགས་པའི་ཚད་མ་རིག་པ་ཉིད་མིན་པར་མཐོང་ཐུབ་བོ།  །

ཕྱོགས་གླང་སྔ་རོལ་གྱི་ནང་བའི་མཁས་པ་ལ་ཚད་མའི་བསྟན་བཅོས་རང་བཙན་པ་མེད་ཚུལ།

དབུ་མའི་སྲོལ་འབྱེད་དཔལ་མགོན་ཀླུ་སྒྲུབ་ཀྱིས《དབུ་མ་རྩ་བ་ཤེས་རབ།《རིན་ཆེན་ཕྲེང་བ།》 《རིགས་པ་དྲུག་ཅུ་བ།》《སྟོང་ཉིད་བདུན་ཅུ་བ།》《རྩོད་བཟློག》《ཞིབ་མོ་རྣམ་འཐག》བཅས་དབུ་མ་རིགས་ཚོགས་དྲུག་སོགས་བསྟན་བཅོས་མང་པོ་མཛད་པ་ལས།《ཞིབ་མོ་རྣམ་འཐག》གི་དབུར་ཚད་མ་དང་། གཞལ་བྱ་དང་། རིགས་པ་ཅན་པའི་འདོད་པའི་རྟོག་གེ་ཚིག་དོན་བཅུ་དྲུག་སྟེ། ཚད་མ་དང་གཞལ་བྱ། ཐེ་ཚོམ། དགོས་པ། དཔེ། གྲུབ་པའི་མཐའ། ཡན་ལག རྟོག་གེ གཏན་ལ་དབབ་པ། རྩོད་པ། བརྗོད་པ། སུན་ཅི་ཕྱིན་དུ་རྒོལ་བ། གཏན་ཚིགས་ལྟར་སྣང་། ཚིག་དོར་བ། ལྟག་ཆོད། ཚར་གཅོད་བཅས་ཀྱི་སྐོར་ལ་དམིགས་བཀར་གྱིས་དགག་སྒྲུབ་མཛད་འདུག་ཀྱང་། ཕྱོགས་ཀྱི་གླང་པོ་དང་དཔལ་ལྡན་ཆོས་གྲགས་ཀྱིས་རྩལ་དུ་བཏོན་པའི་“ཕྱོགས་ཆོས་དེའི་ཆས་ཁྱབ་པ་ཡི། །གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །” ཅེས་གཏན་ཚིགས་ཡང་དག་ཅིག་ལ་ངེས་པར་ཚང་དགོས་པའི་ཆ་རྐྱེན་ནམ་གལ་ཆེའི་གྲུབ་ཆ་ལྟ་བུར་ཆགས་པའི་ཕྱོགས་ཆས། རྗེས་ཁྱབ། ལྡོག་ཁྱབ་བཅས་ཚད་མའི་ཆོས་སྐད་ཐུན་མོང་མ་ཡིན་པ་སྟེ། ཚུལ་གསུམ་སོ་སོའི་མཚན་ཉིད་དང་དེ་དག་བར་གྱི་འབྲེལ་བ་གྲུབ་ཚུལ་སོགས་ཅིར་ཡང་མེད་པར་གསུངས། དེ་བས། ཕྱི་རོལ་བའི་འདོད་པ་དགག་པ་དང་རང་ལུགས་འཐད་ལྡན་དུ་བསྒྲུབས་པ་གང་ལའང་རིགས་པ་ཡང་དག་ཅིག་མེད་མི་རུང་ཞིང་། དེ་ཡང་རིགས་པ་ཡང་དག་ཅིག་འོང་བ་ལའང་ཚུལ་གསུམ་ཚད་མས་ངེས་པ་ཞིག་ངེས་པར་གལ་ཆེ་བས། 《ཞིབ་མོ་རྣམ་འཐག》གི་གཞུང་འདིར་ཚད་གཞུང་ལ་ངེས་པར་ཚང་དགོས་པའི་ཚུལ་གསུམ་སོགས་གསལ་བོར་བཏོན་མེད་པའམ་སྟོང་ཆར་ལུས་པས་འདི་ཡང་ཚད་གཞུང་རང་བཙན་པ་མིན་པར་གོ་ཐུབ་ལ། ཡང་ཁ་ཤས་ཀྱིས་དེའི་སྔོན་དུ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པར་གྲགས་པའི 《རྩོད་པ་གྲུབ་པ།》དང་། དགྲ་བཅོམ་པ་ཆོས་སྐྱོབ་དང་པནྜི་ཏ་མེ་ཝ་ག་བྱ་བས་བརྩམས་པའི《སྨྲ་བའི་སྒྲོན་མེ།》སོགས་ཡོད་པར་གསུངས་ཀྱང་། 《སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ།》ལས།“དེས་ན་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་གོ་འཕང་ལ་ཐོབ་འདོད་སྐྱེས་ནས་ལོག་པའི་ལམ་སྤངས་ཏེ། ཡང་དག་པའི་ལམ་ལ་ཚུལ་གཞན་གྱིས་བཀྲི་པར་མི་ནུས་པའི་བློས་ཚུལ་བཞིན་དུ་སློབ་པ་ནི་སྟོན་པ་དང་། བསྟན་པ་སྐྱོན་མེད་པར་ཚད་མས་ངེས་པ་ལ་རག་ལས་ཤིང་། དེ་ཡང་གཏན་ཚིགས་དང་དེའི་ཚུལ་གསུམ་སྒྲུབ་བྱེད་ཀྱི་ཚད་མ་སོགས་ལ་རག་ལས་ལ། དོན་དེ་དག་མཐའ་གཞན་དུ་དོགས་པ་བཅད་པའི་སྒོ་ནས་རྫོགས་པར་སྟོན་པ་ནི་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་གསུང་རབ་ལས་གཞན་པའི་དགོངས་འགྲེལ་གྱི་བསྟན་བཅོས་ཕལ་ཆེ་བ་ལ་མ་མཐོང་བའི་ཕྱིར།”ཞེས་མངོན་མཐོ་ལྷ་མི་དང་ངེས་ལེགས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་འདོད་པའི་གང་ཟག་གིས་ཇི་ལྟར་བསྟན་པའི་ལམ་གྱི་རིམ་པ་དག་ཉམས་སུ་བླངས་ནས་དེའི་འབྲས་བུར་ཆོས་ཐམས་ཅད་རང་བཞིན་དུ་མེད་པའི་དོན་གྱི་གནད་ཟབ་མོ་སྟོང་བ་ཉིད་ཀྱི་རང་ཚུལ་གསལ་བོར་རྟོགས་པར་བྱས་ཏེ་བདག་འཛིན་ས་བོན་དང་བཅས་པ་སྤངས་དགོས་ལ། དེ་ཡང་ལས་སླ་བོས་ངང་འགྲུབ་པ་ཞིག་གཏན་མིན་པར་དམིགས་པ་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་བྱང་ཆུབ་མངོན་དུ་བྱའོ་སྙམ་པའི་ཐབས་སྙིང་རྗེ་ཆེན་པོས་གྲོགས་བྱས་པ་ལ་ཤིན་ཏུ་རག་ལས་པ་བཞིན། འོ་ན་ལམ་གྱི་བགྲོད་པ་ཚང་ལ་མ་ནོར་བ་འདི་འདྲ་ནི་ཕྱི་རོལ་བ་དུང་རྩེར་མཆོང་བ་དང་། མེ་ལྔ་བསྟེན་པ། ཁྲུས་བྱེད་པ་ལ་སོགས་དཀའ་ཐུབ་ཕྱིན་གྱི་ལོག་ཐམས་ཅད་ལ་མེད་པར་ནང་བ་སངས་རྒྱས་པ་ཉག་གཅིག་ལ་མངའ་ཚུལ་ཡང་སྟོན་པ་དང་དེའི་བསྟན་པ་སྐྱོན་མེད་པར་ངེས་ཤེས་རྙེད་པ་ལ་ཧ་ཅང་རག་ལས་པ་ལྟར། དེའང་སྒྲུབ་བྱེད་ཚད་མའི་བསྟན་བཅོས་ཚུལ་གསུམ་སོགས་རིགས་པ་ཡང་དག་པ་ལ་སྒོ་ཐམས་ཅད་ནས་མ་འབྲེལ་བ་མེད་པས་རིག་པའི་དབང་ཕྱུག་རྣམ་གཉིས་སུ་གྲགས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་དཔལ་ལྡན་ཆོས་གྲགས་གཉིས་ཀྱི་གཞུང་འདི་གཉིས་ལ་ཁྱད་ཆོས་ཕུན་ཚོགས་ལྡན་པ་དེ་འདྲ་ཕྱི་ནང་གི་རྟོག་གེའི་གཞན་གང་དུའང་ཕལ་ཆེར་མ་མཐོང་བར་གསུངས་པས་གོ་ཞིང་། འགའ་ཤས་ཀྱིས་སློབ་དཔོན་དབྱིག་གཉེན་སོགས་ཕྱོགས་གླང་གོང་རོལ་གྱི་ནང་བའི་མཁས་པའི་གསུང་དུ་ཚུལ་གསུམ་རིག་པ་སོགས་ཚད་མའི་ཆོས་སྐད་གལ་ཆེའི་སྐོར་བྱུང་ཡོད་པར་སྨྲ་ཡང་། ཕྱོགས་གླང་གིས་བཏོན་པའི་གཏན་ཚིགས་ཚུལ་གསུམ་དང་ཡོངས་སུ་ཐ་དད་དུ་ཡིན་པར་རྒྱའི་ཚད་མའི་ཞིབ་འཇུག་མཁས་ཅན་ཧྲིན་ཅན་དབྱིན་གྱི《ཚད་མ་རིག་པའི་ཞིབ་འཇུག》ཅེས་བྱ་བའི་གསུང་རྩོམ་ནང་། “(1)朋中有法(2)相对法无 (3)复自朋成ཞེས་པ་དེ་དག་ལ་མིང་ཚུལ་གསུམ་ཞེས་འཁོད་པ་ཙམ་ལས་རྒྱ་ནག་མཁས་པ་སྔ་ཕྱི་ལ་གསལ་རྟོགས་མེད་ཅིང་ཕྱོགས་ཀྱི་གླང་བོའི་ཚུལ་གསུམ་དང་ཡོངས་སུ་ཐ་དད་པར་གྱུར།”ཞེས་གསུངས་པས་ཤེས་ཐུབ། དེ་མིན་རྒྱ་བོད་ཆོས་འབྱུང་དང་དཀའ་འགྲེལ་བསྟན་བཅོས་མང་ཆེར་ཡང་《ཚད་མ་ཀུན་བཏུས》འདི་ཉིད་བརྗོད་བྱ་ཡོངས་སུ་རྫོགས་པའི་ཚད་མའི་བསྟན་བཅོས་དང་པོར་ངེས་པ་ལ་མཁས་དབང་རྣམས་མགྲིན་དབྱངས་མི་མཐུན་པ་ཆེར་མེད་པ་སོགས་རྒྱུ་མཚན་དུ་མས་ང་ཚོས་ཐག་ཆོད་པ་ཞིག་ལ་ཀུན་བཏུས་ཡན་ཆོད་དུ་ནང་བ་སངས་རྒྱས་པའི་སྡེར་ཚད་མའི་བསྟན་བཅོས་ཐོར་བུ་རེ་བཞུགས་ཀྱང་ནང་བའི་རང་ཆོས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་འཁྲུལ་བ་མེད་པ་ཡང་དག་ཚུལ་གསུམ་སོགས་རིགས་པའི་དཔྱོད་སྒོ་མཐའ་ཡས་པས་གཏན་ལ་འབེབས་པའི་བསྟན་བཅོས་རང་བཙན་པ་ཞིག་མེད་པར་ཤེས་ཐུབ་བོ། །

)《ཚད་མ་ཀུན་བཏུས།འདི་ནང་བའི་ཚད་མའི་བསྟན་བཅོས་རང་བཙན་པའི་ཐོག་མ་ཡིན་ཚུལ།

《ཙ་ར་ཀའི་སྨན་གཞུང་།》སོགས་གཞན་སྡེའི་བསྟན་བཅོས་དག་ཀྱང་རྟོག་གེའི་ཙམ་ཡིན་པ་ལས་ཚད་མའི་བསྟན་བཅོས་མིན་པ་དང་། ནང་བའི་《ཞིབ་མོ་རྣམ་འཐག》སོགས་ལས་ཀྱང་ཚད་མའི་ཆོས་ཚན་འགའ་རེ་ཐོན་པ་ལས་གཞུང་ལུགས་རང་བཙན་པའི་ངོ་བོར་ཆགས་མེད་པ་གོང་ནས་ཞིབ་ཏུ་བཤད་ཟིན་པ་ལྟར། འོ་ན་ནང་བའི་ཚད་མའི་བསྟན་བཅོས་རང་བཙན་པའི་ཐོག་མར་གང་འོས་སམ་ཞེ་ན་སློབ་དཔོན་ཕྱོགས་ཀྱི་གླང་པོའི་《ཚད་མ་ཀུན་བཏུས།》འདི་ཉིད་འཇོག་པ་ལས་གཞན་མེད་དེ། མཁས་གྲུབ་རྗེས“ཚད་མའི་བསྟན་བཅོས་འདི་དག་ལས་ཀྱང་། གང་ཟག་དང་ཆོས་ཀྱི་བདག་མེད་རིགས་པས་ལེགས་པར་གཏན་ལ་ཕབ་ནས། ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ”ཞེས་དང་།“སྟོན་པ་དང་བསྟན་པ་སྐྱོན་མེད་པར་ཚད་མས་ངེས་པ་ལ་རག་ལས་ཤིང་། དེ་ཡང་གཏན་ཚིགས་དང་དེའི་ཚུལ་གསུམ་སྒྲུབ་བྱེད་ཀྱི་ཚད་མ་སོགས་ལ་རག་ལས་ལ། དོན་དེ་དག་མཐའ་གཞན་དུ་དོགས་པ་བཅད་པའི་སྒོ་ནས་རྫོགས་པར་སྟོན་པ་ནི་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་གསུང་རབ་ལས་གཞན་པའི་དགོངས་འགྲེལ་གྱི་བསྟན་བཅོས་ཕལ་ཆེ་བ་ལ་མ་མཐོང་བའི་ཕྱིར།”ཞེས་གསུངས་པ་ལྟར། 《རྩོད་པ་གྲུབ་པ།》དང 《དབུས་འཇུག་སྨྲ་བ།》 སོགས་ཕྱོགས་གླང་རོལ་གྱི་ཕྱི་ནང་གི་བསྟན་བཅོས་དེ་དག་ལས་ཀྱང་ཚད་མ་སྐོར་གྱི་གསུང་དུམ་ཕྱོགས་རེ་བ་འདུག་ཀྱང་མཁས་གྲུབ་རྗེས་སྐབས་འདིར་བསྟན་གྱི་ཚད་མའི་བསྟན་བཅོས་ལ་གོ་མི་རུང་སྟེ། གང་ཟག་དང་ཆོས་ཀྱི་བདག་མེད་ཅེས་པས་ཙ་ར་ཀ་དང་རིགས་པ་ཅན་པ་བ་སོགས་འཇིག་རྟེན་བྱེད་པོ་དང་གང་ཟག་བདེན་གྲུབ་ཏུ་འདོད་པའི་བསྟན་བཅོས་དེ་དག་ཚད་མའི་བསྟན་བཅོས་ཡིན་པར་བཀག་པ་དང་། རིགས་པས་ལེགས་པར་གཏན་ལ་ཕབ་ཅེས་པས་དབྱིག་གཉེན་གྱི་《དབུས་འཇུག་སྨྲ་བ།》སོགས་ནང་བའི་བསྟན་བཅོས་འདི་དག་ཀྱང་ཚུལ་གསུམ་སོགས་རིགས་པ་ཡང་དག་པའི་ལམ་ནས་བདག་མེད་གཉིས་དང་སྐྱེ་བ་སྔ་ཕྱི། ལས་རྒྱུ་འབྲས། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སོགས་ངོ་བོ་ཕྲ་ཞིང་ཕྲ་བ་ཇི་བཞིན་གནས་པ་དེ་བཞིན་རྟོགས་ནས་རྣམ་གཞག་ཏུ་གཏན་ལ་ཕབ་པ་མེད་པས་ནང་རིག་པའི་ཚད་མའི་བསྟན་བཅོས་རང་བཙན་པར་མ་བསྟན་ལ། ཐ་ན་སློབ་དཔོན་ཕྱོགས་གླང་ཉིད་ཀྱིས་མཛད་པའི་བསྟན་བཅོས་སྔ་མར་མཚན་ཉིད་ཚུལ་གསུམ་དུ་ཐག་མ་ཆོད་པ་དག་ཀྱང་ནང་བའི་ཚད་མའི་བསྟན་བཅོས་རང་བཙན་པའི་ཐོག་མ་མིན་པའི་དགོངས་པ་བསྟན་པར་སྙམ། འདིའི་སྐོར་ལ་སློབ་དཔོན་ཕྱོགས་ཀྱི་གླང་པོ་རང་ཉིད་ཀྱིས་ཀྱང་ཚད་མའི་བསྟན་བཅོས་ཐོར་བུ་བརྒྱ་རྩ་མཛད་པ་རྣམས་སུ་ཚད་མའི་བསྟན་བཅོས་ཤིག་ལ་ཚང་དགོས་པའི་མཚན་ཉིད་མ་རྫོགས་པར་དགོངས་ནས་《ཚད་མ་ཀུན་བཏུས།》མཛད་པར་གསུངས་པ་ལས་ཀྱང་རགས་ཙམ་གོ་ཐུབ་པར་བསམ། མདོར་ན། 《བུ་སྟོན་ཆོས་འབྱུང་ལས།》 “དེ་ནས་སློབ་དཔོན་གྱིས་འགྲོ་བ་རྣམས་ཀྱི་སྡུག་བསྔལ་གྱི་རྒྱུ་ཡང་དག་པའི་དོན་མ་རིག་པ་ཡིན་པས་དེ་སྤང་བའི་ཕྱིར་དང་། གཉེན་པོ་ཤེས་རབ་བསྐྱེད་པའི་ཕྱིར་མཛོད་ཀྱི་འགྲེལ་བ་དང་། ཡོན་ཏན་མཐའ་ཡས་པར་བསྟོད་པའི་འགྲེལ་བ་དང་། དམིགས་པ་བརྟག་པ་ལ་སོགས་པ་བསྟན་བཅོས་ཐོར་བུ་བརྒྱ་རྩ་བརྩམས་མོ། །”ཞེས་སློབ་དཔོན་འདིས་མ་རིག་པའི་རྨོངས་པའི་དབང་གིས་འཁོར་བར་ཡང་ཡང་འཁྱམ་པའི་འགྲོ་བ་རྣམས་ཀྱི་སྡུག་བསྔལ་སེལ་འདོད་ཀྱི་སྙིང་རྗེ་ཆེས་ཆེར་གཡོས་ཏེ་དེ་དག་བསྐྱབ་འདོད་ཀྱི་ཀུན་སློང་རྣམ་པར་དག་པས་རྣམ་རིག་པའི་བསྟན་བཅོས་ཐོར་བུ་བརྒྱ་རྩ་བརྒྱད་འགྲོ་དོན་དུ་རེ་ཞིག་བརྩམས་ཟིན་ཀྱང་། ཐོར་བུར་བཞུགས་པའི་གཞུང་དེ་དག་གི་སྙིང་བོ་ཕྱོགས་གཅིག་ཏུ་བསྡུས་པ་《ཚད་མ་ཀུན་བཏུས།》བརྩམས་ཏེ། སྟོན་པ་དང་བསྟན་པ་སྐྱོན་མེད་པར་བསྒྲུབས་པ་ལས་འཕྲོས་ནང་བའི་བདེན་པ་བཞི་དང་བདག་མེད་གཉིས་ཀྱི་རྣམ་གཞག་སོགས་སངས་རྒྱས་པའི་ཆོས་ཀྱི་བརྗོད་བྱ་རི་བོ་གཏོས་དང་མཉམ་པ་དག་ཚད་མའི་རིགས་པ་ཐུན་མོང་མ་ཡིན་པའི་ལམ་ནས་འཆད་ཉན་འོང་བའི་ཐུགས་བསྐྱེད་སྨོན་ལམ་དྲི་མ་མེད་པ་ལ་ཚད་མའི་བསྟན་བཅོས་རང་བཙན་པའི་ཐོག་མ་《ཚད་མ་ཀུན་བཏུས།》བརྩམས་པར་སེམས་སོ།  །

གཉིས་པ།  དཔལ་ལྡན་ཆོས་ཀྱི་གྲགས་པ་དང་ཚད་མ་རྣམ་འགྲེལ།

གཅིག  དཔལ་ལྡན་ཆོས་ཀྱི་གྲགས་པ།

འཇམ་དཔལ་རྩ་རྒྱུད་ལས།“ཡི་གེ་དྷ་ཞེས་སྡོམ་བརྩོམ་མཆོག །ལྷོ་ཡི་ཕྱོགས་སུ་རྣམ་པར་གྲགས། །རྒོལ་བ་ངན་པ་ཟློག་བྱེད་ཅིང་། །སྡོམ་བརྩོན་སྔགས་ཀྱང་འགྲུབ་པར་བྱེད། །”ཅེས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་ལྟར། དཔལ་ལྡན་ཆོས་ཀྱི་གྲགས་པ་ནི་རྒྱ་གར་ལྷོ་ཕྱོགས་ཏྲི་མ་ལ་ཡའི་བྲམ་ཟེའི་ཁྱིམ་རྒྱུད་ཅིག་ཏུ་འཁྲུངས། ཆུང་དུས་ནས་རིག་པ་རྣོ་བས་བཟོའི་གནས་དང་རིག་བྱེད། སྨན་དཔྱད། བརྡ་སྤྲོད། མུ་སྟེགས་གྲུབ་མཐའ་སོགས་གང་སྦྱངས་པ་རྣམས་རིང་བོར་མ་ཐོགས་པར་ཐུགས་ཆུ་ཆུད། ཕྱོགས་ཀྱི་གླང་པོའི་དངོས་སློབ་དབང་ཕྱུག་སྡེ་ལས་《ཚད་མ་ཀུན་བཏུས།》སྔ་ཕྱིར་ཐེངས་གསུམ་གསན་པས་དབང་ཕྱུག་སྡེས་ཀྱང་སློབ་དཔོན་ཕྱོགས་གླང་གི་དགོངས་པ་ཇི་བཞིན་མ་ལོན་པ་ཐམས་ཅད་ཀྱང་ལོན་པར་གྱུར། ན་ལེནྡྲར་ཕེབས་ནས་མཁན་པོ་ཆོས་སྐྱོང་ལས་རབ་ཏུ་བྱུང་ནས་སངས་རྒྱས་པའི་གསུང་རབ་མཐའ་དག་ལ་མཁས་པར་སྦྱངས།  དབང་ཕྱུག་སྡེའི་གནང་བ་ཐོབ་པ་ལྟར་《ཚད་མ་རྣམ་འགྲེལ།》སོགས་བསྟན་བཅོས་མང་པོ་བརྩམས། མུ་སྟེགས་པའི་གྲུབ་མཐའི་གསང་ཚིག་ཐམས་ཅད་ཁོང་དུ་བརྡོལ་བས་ན་ལེནྡར་འོངས་པའི་མུ་སྟེགས་པའི་རྒོལ་བ་ངན་པ་ཐམས་ཅད་ཚར་བཅད་དེ་ནང་བའི་བསྟན་པར་བཅུག རྒྱ་གར་ཤར་ལྷོའི་རྒྱུད་དུ་ཕེབས་ནས་མུ་སྟེགས་པ་མང་པོ་བཏུལ་ཞིང་ལྷ་ཁང་དང་ཆོས་གཞི་བརྒྱ་ལྷག་བཙུགས་ཏེ་སངས་རྒྱས་ཆོས་ལུགས་དར་སྤེལ་མཛད། མདོར་ན། ཨུ་རུ་སུའི་ཚད་མ་རིག་པའི་མཁས་པ་ཧྲེའར་པཱ་ཚེ་ཀིས། “དཔལ་ལྡན་ཆོས་གྲགས་ཀྱི་སྐུ་ཚེའི་ལྷག་མ་ཧྲིལ་པོར་བསྟན་བཅོས་ཆེན་མོ་བརྩམས་པ་དང་། སློབ་མ་སྐྱོང་བ། རྩོད་པ་མཛད་པ། ཆོས་ལུགས་དར་སྤེལ་བཅས་ཀྱིས་ཕྱིས་སུ་ཀ་ལིང་ཀར(陵玉伽Kalinga)   རང་ཉིད་ཀྱིས་བཞེངས་པའི་དགོན་པ་ཞིག་གི་ནང་དུ་ཆོས་གྲགས་སྐུ་གཤེགས་པ་དང་འདས་ཁར་མཐའ་བསྐོར་དུ་སློབ་མས་ཁེངས་སོ།  །” ཞེས་གསུངས་པ་ལྟར། སློབ་དཔོན་ཆོས་ཀྱི་གྲགས་པ་འདིས་མི་ཚེ་གང་བོར་ཕྱི་ནང་གི་མཁས་པའི་མདུན་སར་དང་པོར་སློབ་གཉེར་རྒྱ་ཆེན་གནངས་པས་དེ་དག་གི་གཞུང་ལུགས་མཐའ་དག་བྱང་ཆུབ་པར་བྱས་ཤིང་། བར་དུ་མུ་སྟེགས་པའི་མཁས་པ་གྲགས་ཅན་མང་པོ་དང་སྔ་ཕྱིར་བརྩད་པས་རེ་རེ་ནས་ཕམ་པར་མཛད་དེ་ནང་བ་སངས་རྒྱས་པར་བཙུད་པ་དང་ཆབས་ཅིག 《ཚད་མ་རྣམ་འགྲེལ།》དང་《ཚད་མ་རྣམ་ངེས།》《ཚད་མ་རིགས་ཐིགས།》སོགས་བསྟན་བཅོས་མང་པོ་བརྩམས་ཏེ་ཕྱོགས་ཀྱི་གླང་པོའི་དགོངས་པ་དྲི་མ་མེད་པ་ཉི་མ་བཞིན་གསལ་བར་བྱས། མཐའ་མར་སློབ་འཁོར་ཁྲི་ཕྲག་བསྐྱངས་ཏེ་ཚད་མའི་འཆད་ཉན་རྒྱ་ཆེར་སྤེལ་བ་སོགས་མཛད་འཕྲིན་བློ་ཡུལ་ལས་འགོངས་པ་བཅས་ཁོང་བཞུགས་རིང་དུ་ནང་བའི་ཚད་མ་རིག་པ་སྒོ་ཐམས་ཅད་ནས་འཕེལ་རྒྱས་ཀྱི་རྩེ་མོར་སོན་ཅིང་སྐབས་དེ་དག་ཙ་ན་ཕྱི་རོལ་མུ་སྟེགས་པའི་ཚུར་རྒོལ་ལན་རེ་ཙམ་ཡང་མ་བྱུང་བར་གྲགས་པར་མ་ཟད།  ཁོང་གི་ཞལ་ནས། གལ་ཏེ་ཆོས་ཀྱི་གྲགས་པ་ཡི། །སྨྲ་བའི་ཉི་མ་ནུབ་པ་ན། །ཆོས་རྣམས་གཉིད་ལོག་ཡང་ན་ཤི །ཆོས་མ་ཡིན་པ་རྣམས་ད་གདོད་ལོངས། ། ཞེས་རང་ཉིད་སྐུ་གཤེགས་རྗེས་མུ་སྟེགས་པའི་རྒོལ་བ་བྱུང་ན་འགོག་ཐུབ་མིན་གྱི་ཐུགས་ཁྲེལ་ཆེན་པོ་གནང་བ་དེས་ཀྱང་ང་ཚོས་དཔོག་ཐུབ་པ་ནི་སློབ་དཔོན་འདིའི་རྣམ་དཔྱོད་ནི་ཅི་འདྲའི་ཟླ་དང་བྲལ་བ་ཞིག་ཡིན་པ་དེའོ། །

གཉིས།  ཚད་མ་སྡེ་བདུན་པོ་ཇི་ལྟར་བརྩམས་པའི་ཚུལ།

བོད་རྒྱལ་སྲོང་བཙན་སྒམ་པོ་དང་དུས་མཉམ་པའི་རྒྱ་གར་གྱི་ཚད་མའི་སློབ་དཔོན་ཆེན་མོ་ཆོས་ཀྱི་གྲགས་པ་འདི་བས་དབང་ཕྱུག་སྡེས་ཀྱང་ཕྱོགས་གླང་གི་དགོངས་དོན་ཇི་བཞིན་མ་རྟོགས་པའམ་བློ་གྲོས་ཀྱིས་མ་ཆུན་པ་སྟེ་དཔེར་ན་“ཕྱོགས་ཆོས་དང་མཐུན་ཕྱོགས་ལ་མཐོང་བ་ཙམ་གྱིས་རྗེས་འགྲོ”ཞེས་ཕྱོགས་ཀྱི་གླང་པོའི་དགོངས་དོན་ལས་རིང་དུ་སོང་བའི་གཏན་ཚིགས་ཚུལ་དྲུག་ཏུ་འདོད་པ་ཁས་བླངས་ཤིང་། དེ་ལྟར་ཚུལ་དྲུག་ཏུ་མ་མཛད་པས་རྟགས་ཡང་དག་གི་མཚན་ཉིད་ཇི་བཞིན་མ་རྫོགས་པར་དགོངས་པའི་གོ་ནོར་དང་ནོངས་པ་ཇི་སྙེད་ཅིག་མཆིས་པ་རྣམས། ཁོང་གིས་དབང་ཕྱུག་སྡེའི་གནང་བ་ཐོབ་པའི་འོག་དེ་དག་ཐམས་ཅད་ཕྱོགས་སྔར་བླངས་ཏེ་སུན་དབྱུང་ཡང་དག་པར་བསལ་ཕྱིར་དང་། ཡང་ན“རང་ཉིད་ཀྱིས་རྟོགས་ནས་གཞལ་བྱའི་གནས་དེ་གདུལ་བྱ་གཞན་ལ་འདོམས་པའི་ཐབས་སྒྲུབ་ངག་དང་སུན་འབྱིན་ཡང་དག་དང་ལྟར་སྣང་གཉིས་རེ་བཅས་རྟོག་གེའི་ཚིག་དོན་བརྒྱད་སྟོན་པའི་ཚད་མ་མདོའི་ཚིག་དོན་གཉིས་ཀའི་ཆ་འཕྲོས་དང་བཅས་པ་གཏན་ལ་འབེབས།”ཞེས་བློ་རབ་འབྲིང་རྟུལ་བོའི་ངོར་སྟེ། མི་རང་རང་བློ་གྲོས་ཆེ་ཆུང་། དགའ་ཁ་འཁྱེར་ཕྱོགས། བསམ་བླའི་འཆར་ཚུལ་ཐ་དད་དུ་ངེས་པ་ལྟར། འདིར་ཡང་གདུལ་བྱ་འགའ་ཞིག་《ཚད་མ་རྣམ་འགྲེལ།》ལ་མོས་པ་དང་ཡང་འགའ་ཞིག་《ཚད་མ་རྣམ་ངེས།》དང་《ཚད་མ་རིགས་ཐིགས།》སོགས་མོས་པར་མ་ཟད་རང་གི་བློ་གྲོས་ཀྱིས་ཀྱང་བསྟན་བཅོས་དེ་ཉིད་ཆུན་པའམ་རྟོགས་ཐུབ་པ་བཅས་རང་རང་གི་ཆེད་དུ་བྱ་བའི་གདུལ་བྱ་དེའི་ངོར་ཚད་མ་ཀུན་ལས་བཏུས་པ་ཀྱི་ཚིག་དོན་གཉིས་ཀའི་ཆ་འཕྲོས་པ་རྒྱ་ཆེར་དང་བཅས་ཏེ་རྒྱས་པར་གཏན་ལ་འབེབས་པ་《ཚད་མ་རྣམ་འགྲེལ།》དང་། རྣམ་འགྲེལ་ལས་ཚིག་དོན་གྱི་ཆ་ལྟོས་བཅས་ཀྱི་རགས་རིམ་ཞིག་རིགས་པའི་རྣམ་གྲངས་ཀྱིས་ཞིབ་པར་འགྲེལ་བ་《ཚད་མ་རྣམ་ངེས།》དང་། དེ་ནས་གཞན་ལུགས་དགག་པ་དང་རང་ལུགས་འཐད་ལྡན་དུ་སྒྲུབ་པ་ལྟ་བུའི་སྤྲོས་པ་རྒྱས་པ་དོར་ཏེ་དོན་གཙོ་བོ་དག་གི་རྣམ་གྲངས་དང་། མཚན་ཉིད་དང་། དབྱེ་བ་དང་། དཔེར་བརྗོད་པ་ཙམ་གཙོར་སྟོན་པ་《ཚད་མ་རིགས་ཐིགས།》ཏེ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ། དེའི་རྗེས་སུ་《ཚད་མ་རྣམ་འགྲེལ།》གྱི་ལེའུ་དང་པོ་རང་དོན་ལེའུའི་སྐབས་ལས་འཕྲོས་པའི་རྟོགས་དཀའ་བ་གཏན་ཚིགས་ཀྱི་མཚན་ཉིད་བྱེ་བྲག་ཏུ་གཏན་ལ་འབེབས་པར་བྱེད་པ་《གཏན་ཚིགས་ཐིགས་པ།》དང་། ཡང་གཞུང་དེའི་རང་དོན་ལེའུའི་སྐབས་ཀྱི་རྟགས་ཆོས་ཀྱི་འབྲེལ་བ་སྟོན་པ་ཉིད་ལས་འཕྲོས་པའི་འབྲེལ་བ་གཉིས་ཀ་དོན་དམ་པར་མ་གྲུབ་ཅིང་། ཀུན་རྫོབ་ཏུ་རྣམ་པར་འཇོག་པའི་ཚུལ་བྱེ་བྲག་ཏུ་གཏན་ལ་འབེབས་པར་བྱེད་པ་《འབྲེལ་བ་བརྟག་པ།》དང་། 《ཚད་མ་རྣམ་འགྲེལ།》གྱི་ལེའུ་བཞི་པ་མངོན་སུམ་ལེའུའི་སྐབས་སུ་གཟུགས་སོགས་རྣམ་རིག་ཙམ་དུ་གཏན་ལ་ཕབ་པ་ལ་རྒོལ་བ་རང་ཉིད་ལ་སྣང་བ་རང་གི་སེམས་ཀྱི་བདག་ཉིད་ཡིན་པའི་ཕྱིར་སྒྲུབ་ངག་འགོད་པའི་ཡུལ་གང་ཟག་གཞན་གྱི་རྒྱུད་ཡོད་པར་ཇི་ལྟར་འཐད་ཅེས་སྨྲ་བའི་གླན་ཀ་བསལ་ཏེ། སྣང་མཁན་ཤེས་པ་ལས་རྫས་གཞན་དུ་གྱུར་བའི་གཟུགས་སོགས་མེད་ཀྱང་རྒོལ་བ་རང་ཉིད་ལས་རྒྱུད་གཞན་དུ་གྱུར་བའི་གང་ཟག་འཐད་པའི་ཚུལ་སྟོན་པ་རྒྱུད་གཞན་གྲུབ་པ་དང་། གཞན་དོན་ལེའུའི་སྐབས་ལས་འཕྲོས་ཏེ། སྒྲུབ་ངག་དང་། སྒྲུབ་ངག་གི་ལམ་སྦྱོངས་སྟོན་པའི་སྔ་རྒོལ་དང་ཕྱི་རྒོལ་དང་དབང་པོ་དག་གི་མཚན་ཉིད་དང་། དེ་དག་གི་རྩོད་པ་ཇི་ལྟར་བྱ་བའི་ཚུལ་དང་། རྩོད་པའི་ངོ་བོ་སུན་འབྱིན་དང་། ཐལ་འགྱུར་གྱི་རྣམ་པར་གཞག་པ་དང་། དེའི་གོལ་ས་ལྟག་ཆོད་ཀྱི་རབ་དབྱེ་དང་བཅས་པ་བྱེ་བྲག་ཏུ་གཏན་ལ་འབེབས་པར་བྱེད་པ་《རྩོད་པའི་རིགས་པ།》སྟེ་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་བཅས་བརྗོད་བྱ་དང་རྗོད་བྱེད་རྒྱས་བསྡུས་བར་མ་ཅི་རིགས་ཀྱི་སྒོ་ནས་ཚད་མའི་བསྟན་བཅོས་ཆེན་མོ་བརྒྱད་མཛད་པར་གྲགས་སོ། །

གསུམ།  གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་ལས་ཚད་མ་རྣམ་འགྲེལ།ཇི་ལྟར་བརྩམས་པའི་ཚུལ།

མི་ཞིག་ལ་མཚོན་ན་ལག་པ་དང་རྐང་བ་དང་མགོ་བོ་ལ་སོགས་པ་ལས་གཟུགས་གཞི་གཙོ་བོ་ཡིན་པའི་དཔེ་ལྟར། ལྷག་པར་སྡེ་བདུན་དང་བཅས་པ་ཐམས་ཅད་ཀྱི་སྲོག་ཤིང་ལྟ་བུར་གྱུར་པའི་《ཚད་མ་རྣམ་འགྲེལ།》ནི་“རང་ཉིད་ཀྱིས་གཞལ་བྱའི་གནས་ཕྱིན་ཅི་མ་ལོག་པར་རྟོགས་ནས། དེ་གཞན་ལ་འདོམས་པའི་ཐབས་རྟོག་གེའི་ཚིག་དོན་བརྒྱད་ཚད་མ་མདོའི་ཚིག་གི་ཆ་དང་སྦྱར་ནས་སྟོན་པ”ཞེས་གསུངས་པ་ཇི་བཞིན། གནས་སྐབས་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་ཀྱི་རྣམ་གཞག་རགས་པ་དང་། མཐར་ཐུག་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པ་ལ་ལམ་གྱི་རིམ་པ་མཐའ་དག་ཚུལ་གསུམ་ཚད་མས་གཏན་ལ་ཕབ་སྟེ་དེ་ལ་ལོག་པར་རྟོག་པ་རྣམས་ཡང་དག་པར་བསལ་བས་ཇི་བཞིན་རྙེད་ཅིང་། རྙེད་པ་དེའང་རང་དགར་མ་བསྐྱུར་བར་སོ་སོར་མངོན་སུམ་ཡང་དག་ལྟར་སྣང་གཉིས་དང་རྗེས་དཔག་ཡང་དག་ལྟར་སྣང་གཉིས། སྒྲུབ་ངག་ཡང་དག་ལྟར་སྣང་གཉིས། སུན་འབྱིན་ཡང་དག་ལྟར་སྣང་གཉིས་བཅས་རྟོག་གེའི་ཚིག་དོན་བརྒྱད་པོ་ཚད་མ་མདོའམ་ཀུན་བཏུས་ཀྱི་ཚིག་གི་ཆ་དང་སྦྱར་ནས་གཞན་ལ་འདོམས་པའི་ཐབས་ལམ་བསམ་གྱིས་མི་ཁྱབ་པ་མངའ་བ་སོགས་བསྟན་བཅོས་བྱིན་རླབས་ཅན་ཞིག་ཏུ་རྒྱ་བོད་མཁས་པ་ཀུན་གྱི་ཚད་མར་འཛིན་པར་བྱེད་པ་བཞིན་ནོ། ། ཡང་ལ་ལས་སློབ་དཔོན་ཕྱོགས་གླང་གི་《ཚད་མ་ཀུན་བཏུས།》འདི་ཚད་གཞུང་སྐྱོན་ཅན་དུ་འདོད་པ་སྟེ། འདིའི་གཞུང་ཚིག་ཤིན་ཏུ་བརླིང་བའམ་གོ་དཀའ་བ་སོགས་ཀྱིས་རང་བློས་མ་དཔོགས་པ་རྒྱུ་མཚན་དུ་བྱས་ཏེ་འདི་ལ་སྡིགས་མོ་དང་འཁང་ར་བྱས་པའང་ཡོད་པར་གསུངས་ཏེ། 《ཚད་མ་རིགས་མཛོད།》ལས།“སྐྱེ་བོ་ཕལ་ཆེར་འཇིག་རྟེན་གྱི་བྱ་བའམ་། གྲུབ་མཐའ་ཕལ་བ་ལ་ཆགས་པའི་ཕྱིར་དང་ཤེས་རབ་ཀྱི་རྩལ་མེད་པའི་ཕྱིར།”ཞེས་དང་། “སྐྱེ་བོ་ཕལ་ཆེར་རྒྱུ་མཚན་གཉིས་ཀྱིས་སློབ་དཔོན་གྱི་ལེགས་བཤད་དོན་དུ་མི་གཉེར་བ་དང་། དེར་མ་ཟད་སློབ་དཔོན་དང་དེའི་ལེགས་བཤད་ལའང་སྡང་བར་ཡང་གྱུར་ཏོ། ། དེ་ནི་དུ་ཁའི་རྒྱུ་ཡིན་པས། དེ་ལས་བཟློག་པར་འདོད་པའི་སྙིང་རྗེ་དང་སེམས་པ་གཉིས་ཀྱིས་དེའི་འགྲེལ་བར་བྱེད།”ཅེས་སྐབས་དེ་དག་ཙ་ན་བསྟན་བཅོས་འདི་ལ་གདེངས་འཇོག་དེ་ཙམ་མ་ཐོབ་པར་དམོད་བོར་བའི་ལོ་རྒྱུས་ཀྱང་ཡོད་པར་གཞིགས་ཚེ། དཔལ་ལྡན་ཆོས་ཀྱི་གྲགས་ཀྱིས་《ཚད་མ་རྣམ་འགྲེལ།》རྩོམ་དགོས་པའི་དགོས་པ་གཙོ་བོ་གཞན་ཞིག་ཀྱང་《ཚད་མ་ཀུན་བཏུས།》འདི་གོ་དཀའ་བའི་རྒྱུ་མཚན་གྱིས་དེའི་འཕྲིན་ལས་རེ་ཞིག་མ་རྒྱས་པ་རྒྱས་པར་སྤེལ་ཆད་ཡིན་པའང་གསལ་བོར་གོ་ཐུབ་པར་བསམ། སློབ་དཔོན་ཆོས་གྲགས་ཀྱིས་《ཚད་མ་རྣམ་འགྲེལ།》ལེའུ་དང་པོར་རང་འགྲེལ་མཛད་ཅིང་ཁ་སྐོང་ཚུལ་དུ་ཕྱི་མ་གསུམ་ལྷ་དབང་བློ་ལ་རྩོམ་པར་བསྐུལ་ཡང་ལྷ་དབང་བློའི་འགྲེལ་བ་སློབ་དཔོན་གྱི་ཐུགས་ལ་མ་བབས་ཏེ། 《རྒྱ་གར་ཆོས་འབྱུང་།》 ལས། “རང་འགྲེལ་གྱི་འགྲོས་ལྷ་དབང་བློ་ལ་རྩོམ་པར་བསྐུལ། ལན་ཅིག་བརྩམས་ཏེ་གཟིགས་ཕུལ་བས་ཆུས་བཀྲུས། ཡང་བརྩམས་པ་མེས་བསྲེག སླར་ཡང་བརྩམས་ཏེ། ཕལ་ཆེར་བསྐལ་བ་མེད་ཉིད་དང་། །དུས་ལའང་སྡོད་པ་མེད་པའི་ཕྱིར། །གོམས་པའི་ཕྱིར་ནི་མདོར་བསྡུས་ནས། །དཀའ་འགྲེལ་འདི་ནི་འདིར་བྱས་སོ། །”ཞེས་འཕྲོས་དང་ཚིག་གི་ཟུར་གྱིས་མཚོན་པའི་དོན་རྣམས་མ་བྱུང་བར་འདུག་སྟེ། ཚིག་གིས་དངོས་སུ་བསྟན་པའི་དོན་རྣམས་བྱུང་བར་འདུག་ཅེས་གསུངས་ཤིང་། རང་གི་སློབ་བུས་ཀྱང་ངའི་རིགས་པའི་གསང་ཚིག་རིན་ཐང་བྲལ་བ་དག་གཏིང་ཟབ་པར་གོ་མི་ནུས་ན་ད་ནི་འདི་སུས་གོ་བར་འདུག་ཨང་ཅེས་ཐུགས་སྐྱོ་བའི་ཚུལ་མཛད་པ་རྣམ་འགྲེལ་གྱི་མཇུག་ཏུ། རྒྱ་མཚོ་ལ་ནི་ཆུ་བོ་བཞིན་དུ་རང་གི་ལུས་ལ་འཐིམས་ཤིང་ནུབ་པ་ཉིད་དུ་འགྱུར་ཅེས་གསུངས། མདོར་ན་བསྟན་བཅོས་འདིའི་བརྗོད་བྱ་གཙོ་བོ་ནི། མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་བཅས་པ་བདག་རིག་ཕྱིར། །སྒྲུབ་པ་དང་ནི་སུན་འབྱིན་ངག །ལྟར་སྣང་དང་བཅས་པ་གཞན་རྟོགས་ཕྱིར། ། ཞེས་རྟོག་གེའི་ཚིག་དོན་བརྒྱད་དེ། ཆོས་གང་ཡང་རུང་བ་ཞིག་ཡང་དག་པར་གཏན་ལ་འབེབ་པ་ལ་བློ་ཡང་དག་ཅིག་ངེས་ཅན་དུ་དགོས་ཤིང་། དེ་ཡང་དབང་བོ་མིག་སོགས་ཀྱིས་མངོན་སུམ་དུ་མྱོང་མི་ཐུབ་པའི་ལྐོག་གྱུར་གྱི་ཆོས་ལ་བརྟག་དཔྱད་གཏོང་དུས་བློ་སྐྱོན་མེད་རྗེས་དཔག་ཚད་མ་དང་། མངོན་སུམ་དུ་མྱོང་ཐུབ་པའི་ཆོས་ལ་བློ་སྐྱོན་མེད་མངོན་སུམ་ཚད་མ་གསུངས་ལ། བློ་ཡང་དག་མ་ཡིན་པ་གཞན་གྱི་རྗེས་སུ་འབྲངས་ན་སླུ་བར་འགྱུར་བའི་གོལ་ས་གཅོད་བྱེད་དུ་དེ་འབྲེལ་ལྟར་སྣང་གསུངས་པ་བཞིན་གཞུང་ལུགས་འདིའི་ཁོངས་སུ་ཉལ་བའི་རིགས་པའམ་རྒྱུ་མཚན་རྣམས་ཧ་ཅང་རྣོ་ཞིང་བཙན་པས་སྐབས་དེ་དག་ཏུ་ནང་བའི་མཚན་ཉིད་སློབ་གཉེར་ཐད་ལྟ་ཅི། ཕྱི་རོལ་རྟོག་གེའི་སྨྲ་བའི་སྡེ་ལའང་《ཚད་མ་རྣམ་འགྲེལ།》སོགས་ཀྱི་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་དེ།“རྒྱ་གར་དུ་ཚུལ་གསུམ་གྱི་རྣམ་གཞག་མི་འདོད་མཁན་མེད།”ཅེས་དང་། “དུས་རབས་བདུན་པར་བྱོན་པའི་རྒྱལ་བ་པའི་སློབ་དཔོན་སིདྷཱ་སེ་ན་དེ་ཝ་ཀ་ར་ཡིས་རིགས་པ་ལ་འཇུག་པར་ཕྱོགས་གླང་དང་ཆོས་གྲགས་ཀྱི་ལེགས་ཆ་མང་པོ་བླངས”ཞེས་ཕྱི་ནང་གཉིས་ཀས་ཁས་ལེན་པ་ཞིག་ཏུ་ཆགས་ཡོད་པར་མཐོང་།

བཞི།  བསྟན་བཅོས་ཚད་མ་རྣམ་འགྲེལ།གྱི་ལེའུའི་གྲངས་དང་དེ་ལྟར་སྒྲིག་དགོས་པའི་རྒྱུ་མཚན།

ལེའུའི་གྲངས་ཀྱི་དབང་དུ་བྱས་པས་《ཚད་མ་རྣམ་འགྲེལ།》འདིར་རང་དོན་རྗེས་དཔག་གི་ལེའུ་དང་ཚད་མ་གྲུབ་པའི་ལེའུ། མངོན་སུམ་གྱི་ལེའུ། གཞན་དོན་རྗེས་དཔག་གི་ལེའུ་བཅས་ལེའུ་བཞིའི་བདག་ཉིད་ཅན་དུ་གྲུབ་ཅིང་། གང་གི་འགྲེལ་དུ་སོང་བའི་བསྟན་བཅོས་《ཚད་མ་ཀུན་བཏུས།》ཀྱི་ལེའུ་ལས་ལེའུ་གཉིས་ཀྱི་ཉུང་བར་སྣང་། ལེའུ་གོ་རིམ་སྒྲིག་ཚུལ་གྱི་དབང་དུ་བཏང་ན། གཞུང་འདིར་དང་པོར་རང་དོན་རྗེས་དཔག་གི་ལེའུ་ནས་རིམ་བཞིན་ཚད་མ་གྲུབ་པའི་ལེའུ། མངོན་སུམ་གྱི་ལེའུ་དང་། གཞན་དོན་གྱི་ལེའུ་བཅས་གོ་རིམ་ངེས་ཅན་དུ་བྱས་ཏེ་《ཚད་མ་ཀུན་བཏུས།》དང་ཅུང་མི་མཐུན་པར་འདུག་པ་ལ་མཁས་གྲུབ་རིན་པོ་ཆེས། “འོ་ན་ཀུན་བཏུས་སུ་ལེའུ་དྲུག་གསུངས་པ་ཇི་ལྟར་ཡིན་ཞེ་ན། དཔེ་བརྟག་པ་དང་། སེལ་བ་བརྟག་པ་གཉིས། རང་དོན་རྗེས་དཔག་གི་ལེའུར་འདུས་ལ། ལྟག་ཆོད་བརྟག་པ་གཞན་དོན་རྗེས་དཔག་གི་ལེའུར་འདུས་སོ། །” ཞེས་དང་། ཡང་ཁོང་གི་《རྣམ་འགྲེལ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ།》ལས།“ཀུན་ལས་བཏུས་ཀྱི་དཔེ་བརྟག་པ་དང་། སེལ་བ་བརྟག་པའི་ལེའུ་གཉིས། རང་དོན་རྗེས་དཔག་གི་ལེའུར་འདུས་ལ། འདིར་རང་དོན་རྗེས་དཔག་གི་ལེའུའི་ནང་དུ་བསྡུས་ནས་གཏན་ལ་ཕབ་པ་ཡིན་ཅིང་། ལྟག་ཆོད་བརྟག་པ་གཞན་དོན་རྗེས་དཔག་གི་ལེའུར་འདུས་ཀྱང་དེ་ཉིད་རྩོད་རིགས་སུ་རྒྱས་པར་གཏན་ལ་ཕབ་པས་འདིར་དངོས་སུ་མ་བསྟན་ལ། གཏན་ལ་དབབ་བྱའི་གཙོ་བོ་ཐར་བ་དང་ཐམས་ཅད་མཁྱེན་པ་ལམ་དང་བཅས་པ་ཉིད་ཀུན་ལས་བཏུས་སུ་མཆོད་བརྗོད་ཀྱི་ཚིགས་སུ་བཅད་པས་བསྟན་ནས་ལེའུ་དྲུག་པོ་དག་གིས་དེ་ཉིད་རང་གིས་རྟོགས་པར་བྱེད་པའི་ཐབས་དང་། གཞན་ལ་སྟོན་པར་བྱེད་པའི་ཚུལ་ཡན་ལག་དང་བཅས་པ་འཆད་པར་བྱེད་པ་ཡིན་ནའང་། འདིར་བསྟན་ལ་དབབ་བྱའི་གཙོ་བོ་ཐར་བ་དང་ཐམས་ཅད་མཁྱེན་པ་ལམ་དང་བཅས་པ་ཉིད་རྒྱས་པར་གཏན་ལ་ཕབ་པའི་སྒོ་ནས། ཀུན་ལས་བཏུས་ཀྱི་མཆོད་བརྗོད་ཀྱི་ཚིགས་སུ་བཅད་པ་ཕྱེད་པོ་དེ་ཉིད་འགྲེལ་བ་ལ་ཚད་མ་གྲུབ་པའི་ལེའུ་ལོགས་སུ་མཛད་པས་ལེའུ་བཞིར་གྱུར་པ་ཡིན་ནོ། །”ཞེས་གསུངས། འདི་ལས་ང་ཚོས་དཔོགས་ཐུབ་པ་ནི་དཔེ་དང་དཔེ་ལྟར་སྣང་བརྟག་པའི་ལེའུ་དང་སེལ་བ་བརྟག་པའི་ལེའུ་གཉིས་བརྗོད་བྱ་མཐུན་པ་རྒྱུ་མཚན་དུ་བྱས་ཏེ་སློབ་དཔོན་ཆོས་གྲགས་ལགས་ཀྱིས་རྣམ་འགྲེལ་ལེའུ་དང་པོ་རང་དོན་རྗེས་དཔག་གི་ཁོངས་སུ་བསྡུ་བ་དང་། ལེའུ་དྲུག་པ་ལྟག་ཆོད་བརྟག་པ་དེ་ཡང་ལེའུ་གསུམ་པའི་ཁོངས་སུ་དེ་བཞིན་དུ་བསྡུས། མངོན་སུམ་ལེའུ་སོར་བཞག་བྱས། དེ་སྟེང་ཀུན་ལས་བཏུས་ཀྱི་མཆོད་བརྗོད་ཀྱི་ཚིགས་སུ་བཅད་པ་ཕྱེད་པོ་དེ་ཉིད་འགྲེལ་བ་ལ་ཚད་མ་གྲུབ་པའི་ལེའུ་ཞེས་ལོགས་སུ་ལེའུ་གཞན་ཞིག་ཟུར་དུ་མཛད་ནས་རྣམ་འགྲེལ་རང་ལ་བསྡོམས་པས་ལེའུ་བཞིར་མཛད། འོ་ན་རིམ་པ་དེ་ལྟར་འགོད་པ་ལའང་“བསྟན་བཅོས་འདིར་དགོས་པ་ལ་ལྟོས་པའི་རིམ་པའི་དབང་དུ་བྱས་ནས”ཞེས་དགོས་པ་ཞིག་ལ་ལྟོས་པར་བཤད་ཅིང་། དགོས་པ་དེའང་“མདོ་དོན་བདེ་བླག་ཏུ་རྟོགས་པ་ལ”ཞེས་《ཚད་མ་ཀུན་བཏུས།》ཀྱི་དགོངས་པ་བདེ་བླག་ཏུ་རྙེད་ཆེད་ཡིན་ཅེས་གསུངས་པ་ལྟར་ཞིབ་པར་འོག་ཏུ་འཆད་འདོད། ཡང་ཅིག་བཤད་ན་གོང་དུ་ཀུན་བཏུས་ཀྱི་ལེའུ་ཇི་ལྟར་མཛད་པ་ནི་རང་གི་ཆེད་དུ་བྱ་བའི་གདུལ་བྱའི་ཁམས་དང་མོས་བའི་ངོར་དམིགས་པར་བརྗོད་པ་ལྟར་འདིར་ཡང་དེ་བཞིན་དུ་རྣམ་འགྲེལ་གྱི་ཆེད་དུ་བྱ་བའི་གདུལ་བྱའི་ངོར་དེ་ལྟར་མཛད་པར་གོ་ཆོག་སྙམ་མོ། །

ལྔ། བསྟན་བཅོས་ཚད་མ་རྣམ་འགྲེལ།འདི་ཚད་མ་ཀུན་བཏུས།ཀྱི་འགྲེལ་བ་ཇི་ལྟར་ཡིན་ཚུལ།

ཡོངས་གྲགས་སུ་དཔལ་ལྡན་ཆོས་ཀྱི་གྲགས་པའི་《ཚད་མ་རྣམ་འགྲེལ།》འདི་ཁོང་གི་བརྒྱུད་པའི་སློབ་དཔོན་ཕྱོགས་ཀྱི་གླང་པོའི་《ཚད་མ་ཀུན་བཏུས།》ཀྱི་འགྲེལ་བ་ཡིན་པ་ལ་ཐམས་ཅད་རྩོད་གླེང་མེད་ཀྱང་། ཡིན་ནའང་ཁུངས་མེད་གྲགས་པའི་རྗེས་སུ་ཡིད་ཆེས་པའང་ཞིབ་འཇུག་གི་ལས་སུ་མི་ཆེ་བས། འོ་ན་བསྟན་བཅོས་དེ་གཉིས་གཞུང་དང་གཞུང་འགྲེལ་ཡིན་པ་རྒྱུ་མཚན་གང་གིས་འགྲུབ་ཅེ་ན་གཤམ་གྱི་ཕྱོགས་འགས་མངོན་ཐུབ་ཏེ། དང་པོ། སློབ་དཔོན་ཕྱོགས་ཀྱི་གླང་པོའི་གོང་རོལ་དུ་ཚུལ་གསུམ་གཏན་ཚིགས་རིགས་པ་ཡོད་པར་བསྟན་བཅོས་གང་གིས་ཀྱང་ར་སྤྲོད་ཐབས་དཀའ་ལ། 《ཚད་མ་ཀུན་བཏུས།》ལས། “རྗེས་དཔག་རྣམ་གཉིས་རང་དོན་ནི། ། ཚུལ་གསུམ་རྟགས་ལས་དོན་མཐོང་བའོ།  །”ཞེས་གསུངས་པ་ལྟར། ཚུལ་གསུམ་འདི་སློབ་དཔོན་ཕྱོགས་གླང་གིས་ཡུན་རིང་དཔྱད་པ་ལས་རིམ་པར་ཐོན་པའི་འབྲས་རྟགས་ཡིན་པར་སྙམ་སྟེ། ཁོང་གི་བསྟན་བཅོས་གོང་མ་དག་ལས་དབང་ཕྱུག་སྡེ་ཡིས་སློབ་དཔོན་གྱི་དགོངས་པར་འདོད་པའི་ཚུལ་དྲུག་ལྟ་བུ་ཁས་ལེན་མཛད་པ་ཅི་ཡང་མི་གསལ་ཡང་། གང་ལྟར་ཚུལ་གསུམ་གྱི་རིགས་པ་གསལ་བོ་ཞིག་བསྟན་མེད་པར་བཤད་དེ།“སློབ་དཔོན་ཕྱོགས་གླང་གི་ཐོག་མའི་དགོངས་པའམ་བསྟན་བཅོས་ནང་དུ“གཏན་ཚིགས་ཚུལ་གསུམ”དེ་ཆ་ཚང་བ་ཞིག་མེད་པ་དང་། དེའང་དཔེར་ན《ཚད་མ་རིགས་སྒོ》རུ་གཏན་ཚིགས་ཀྱི་ཚུལ་གསུམ་གཞུང་ལུགས་ཀྱི་ནང་དོན་གསལ་བོ་ཞིག་བརྗོད་མེད་པ། ལྷག་པར་དུ་ཁོ་བོའི་གོ་བ་ལྟར་ན་བསྟན་བཅོས་དེའི་ནང“ཚུལ་གསུམ་གྱི་གཏན་ཚིགས” ཞེས་སོགས་ཀྱི་ཚིག་དེ་ལྟར་ཐོན་མེད་པ་རེད། དེ་ནི་སློབ་དཔོན་ཕྱོགས་གླང་གི་ཕྱིས་སུ་མཛད་པའི་བསྟན་བཅོས་དང་མི་འདྲ་བ་ཡིན། དེར་བརྟེན་སློབ་དཔོན་དབང་ཕྱུག་སྡེ་ནི་སློབ་དཔོན་ཕྱོགས་གླང་གི་ཐོག་མའི་སློབ་མའི་གྲས་ཤིག་ཡིན་སྲིད་པ་དང་ཐ་ན་དབང་ཕྱུག་སྡེས་ཀྱང་སློབ་དཔོན་ཕྱོགས་གླང་གི་ཕྱིས་ཀྱི་དགོངས་པའམ་བསྟན་བཅོས 《ཚད་མ་ཀུན་བཏུས།》ལ་སོགས་པ་རྟོགས་མེད་པའམ་མཇལ་མེད་པར་སྲིད།”ཅེས་གསུངས་པ་ལྟར་རྒྱུ་མཚན་ངེས་ཅན་ལྡན་པས་དཔྱད་བྱར་ཆེ། གང་ལྟར་སློབ་དཔོན་ཕྱོགས་གླང་གིས་ཚུལ་གསུམ་རིགས་པ་ནི་ནང་བའི་བདག་མེད་གཉིས་སོགས་ཆོས་ཐམས་ཅད་ལེགས་པར་གཏན་ལ་འབེབ་བྱེད་ཀྱི་རིགས་པ་ཡང་དག་ཅིག་ཏུ་འདོད་པ་གོང་བཀོད“ཚུལ་གསུམ་རྟགས་ལས་དོན་མཐོང་བའོ། །” ཞེས་པ་ལྟ་བུའི་གསུང་གི་ཟུར་ལས་ཀྱང་ཤེས་ཐུབ་པར་མངོན། ཡིན་ནའང་ཁོང་གི་དངོས་སློབ་དབང་ཕྱུག་སྡེས་སློབ་དཔོན་གྱི་དགོངས་པ་མ་ལོན་པར། ཕྱོགས་ཆོས་དང་མཐུན་ཕྱོགས་ལ་མཐོང་བ་ཙམ་གྱིས་རྗེས་འགྲོ་དང་། མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་པ་དང་། དམ་བཅའ་ལ་ཚད་མས་གནོད་པ་མེད་པའི་ཡུལ་ཅན་དང་། ལོག་ཕྱོགས་སྒྲུབ་བྱེད་ཀྱི་ཚད་མ་མེད་པའི་བརྗོད་པར་འདོད་པའི་གྲངས་གཅིག་པ་དང་། ལྔ་པོ་དེ་བློ་ཡུལ་དུ་ངེས་པའི་ཤེས་པ་ཉིད་དེ་རྟགས་ཡང་དག་གི་མཚན་ཉིད་ཚུལ་དྲུག་ཏུ་བཀྲལ་པ་ལ་དབང་ཕྱུག་སྡེའི་དངོས་སློབ་ཆོས་གྲགས་ཀྱིས་དེ་སློབ་དཔོན་ཕྱོགས་གླང་གི་དགོངས་པ་དངོས་མིན་པར་སྐྱོན་མང་པོ་བསྟན་ནས་འགལ་དྲུག་གི་དགག་པ་མཛད་ཅིང་། ཁོང་གིས།“ཕྱོགས་ཆོས་དེའི་ཆས་ཁྱབ་པ་ཡི། ། གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །མེད་ན་མི་འབྱུང་ངེས་ཕྱིར་དང་། །གཏན་ཚིགས་ལྟར་སྣང་དེ་ལས་གཞན། །”ཞེས་རྣམ་འགྲེལ་གྱི་ཐོག་མར་སློབ་དཔོན་ཕྱོགས་གླང་གི་ཚུལ་གསུམ་གྱི་མཚན་ཉིད་སོགས་ཕྱོགས་ཐམས་ཅད་ནས་རིགས་པས་རྩལ་དུ་བཏོན་ཏེ་གཏིང་ཟབ་པའི་སྒོ་ནས་འགྲེལ་བརྗོད་བགྱིས་ཡོད་པ་ལས་ཤེས་ཐུབ། གཉིས་པ། རྗེ་དགེ་འདུན་གྲུབ་ཀྱིས།“རང་ཉིད་ཀྱིས་གཞལ་བྱའི་གནས་ཕྱིན་ཅི་མ་ལོག་པར་རྟོགས་ནས། དེ་གཞན་ལ་འདོམས་པའི་ཐབས་རྟོག་གེའི་ཚིག་དོན་བརྒྱད་ཚད་མ་མདོའི་ཚིག་གི་ཆ་དང་སྦྱར་ནས་སྟོན་པ”ཞེས་དང་། པཎ་ཆེན་བསོད་ནམས་གྲགས་པས“བརྗོད་བྱ་དོན་གྱི་ཚད་མ་བདེན་གཉིས་ལ་གསར་དུ་མི་སླུ་བའི་ཤེས་པ་བརྗོད་བྱར་བྱེད་པའི་ཐུབ་པའི་གསུང་རབ་དང་། ཚད་མ་ཀུན་བཏུས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་བ”ཞེས་དང་། གཞན་ཡང་ཕྱིའི་མཁས་པ་ཧྲེའར་པཱ་ཚེ་ཀིས“སློབ་དཔོན་གྱིས་ཀྱང་མ་རྟོགས་པའི་སློབ་དཔོན་ཕྱོགས་གླང་གི་དགོངས་པ་ཟབ་མོ་རྣམས་མཁྱེན་པས་ན་སློབ་དཔོན་དབང་ཕྱུག་སྡེའི་གནང་བ་ཐོབ་པའི་འོག་དཔལ་ལྡན་ཆོས་གྲགས་ཀྱིས་ཚིགས་སུ་བཅད་པའི་རྣམ་པ་དང་ལྡན་པའི་ཚད་མའི་བསྟན་བཅོས་ཆེན་པོ་བརྩམས་མགོ་ཚུགས། དེའི་ནང་དུ་སློབ་དཔོན་ཕྱོགས་གླང་གི་གཙོ་བོའི་བསྟན་བཅོས་ཀུན་ལས་བཏུས་པའི་ཟབ་ཅིང་ཞིབ་པའི་འགྲེལ་བ་བྱ་བ་ཚུད་ཡོད།”ཅེས་མཁས་པ་སྔ་ཕྱིའི་གསུང་གོ་བསྡུར་བས་ཀྱང་གོ་ཐུབ་པ་ནི་སློབ་དཔོན་ཆོས་ཀྱི་གྲགས་པས་《ཚད་མ་རྣམ་འགྲེལ།》བརྩམས་པའང་སློབ་དཔོན་ཕྱོགས་གླང་གི་《ཚད་མ་ཀུན་བཏུས།》ཀྱི་ཟབ་ཅིང་ཞིབ་པའི་ཆ་སྟེ། ཁོང་གི་དངོས་སློབ་དབང་ཕྱུག་སྡེ་བས་ཀྱང་རྟོགས་པར་མ་གྱུར་པའམ་མཁྱེན་པར་མ་གྱུར་བའི་གཏན་ཚིགས་ཚུལ་གསུམ་དུ་འདུ་བ་སོགས་གནད་དག་གསལ་བོར་བྱེད་ཆེད་ཀྱི་འགྲེལ་བ་ཡིན་པ་ཤེས་ཐུབ། གསུམ་པ། རྣམ་འགྲེལ་གྱི་མགོར་རྩོམ་པར་དམ་བཅའ་བའི་ཚིག་ཏུ།“སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། །དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་། །ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད། །སེམས་ནི་ཡུན་རིང་ལེགས་བཤད་གོམས་པ་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས། །”ཞེས་ཞལ་བཞེས་མཛད་པ་ལྟར། ཁོང་གིས་བསྟན་བཅོས་《ཚད་མ་རྣམ་འགྲེལ།》རྩོམ་པའི་དགོས་པ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོའི་དགོངས་པ་མ་ལོན་པར་དེ་ལ་དགག་པ་སྤྲོས་པ་དང་། ཅུང་ཙམ་གོ་ཡང་དེའི་དགོངས་དོན་ལོག་པར་རྟོག་པ། གཞན་ཡང་སློབ་དཔོན་གྱི་རིགས་པ་བསམ་གྱིས་མི་ཁྱབ་པ་ཡིན་པར་ཤེས་བཞིན་དེ་ལ་ཕྲག་དོག་གི་བློ་སྐྱེས་པ་དག་གི་ངོར་《ཚད་མ་ཀུན་བཏུས།》ཀྱི་བརྗོད་བྱ་རྗོད་བྱེད་གཉིས་ཆར་ལྐོག་ཏུ་མ་གྱུར་པར་བློ་གྲོས་རིང་ནས་འདྲིས་པ་དཔལ་ལྡན་ཆོས་གྲགས་ངས་འགྲེལ་རྒྱུ་ཡིན་ཞེས་དམ་བཅས་པ་འདིས་ཀྱང་《ཚད་མ་ཀུན་བཏུས།》དང་《ཚད་མ་རྣམ་འགྲེལ།》རྩ་འགྲེལ་གྱི་འབྲེལ་བ་གྲུབ་པ་བདེ་བླག་ངང་རྟོགས་ཐུབ་བོ། །

གསུམ་པ། གཞུང་དང་གཞུང་འགྲེལ་གཉིས་ཀྱི་ཡིག་གྲངས་དང་ཤོ་ལོ་ཀ ལེའུ་བཅས་ཀྱི་ཞིབ་བསྡུར།

གཞུང་དངགཞུང་འགྲེལ་གཉིས་ཀྱི་ཡིག་གྲངས་མང་ཉུང་ཐད་བསྟན་བཅོས་ཀྱི་མཚན་བྱང་དང་མཆོད་བརྗོད། གཞུང་དངོས་གཞི་སོགས་ཁ་ཚང་བསྡོམས་པས་《ཚད་མ་ཀུན་བཏུས།》ལ་ཡིག་འབྲུ་ཚེག་ཁྱིམ་སྟོང་བདུན་དང་དགུ་བརྒྱ་བཅུ་མེད་གསུམ་མཆིས་ཤིང་། 《ཚད་མ་རྣམ་འགྲེལ།》ལ་ཡིག་འབྲུ་ཚེག་ཁྱིམ་ཁྲི་བཞི་དང་སྟོང་གཅིག་བརྒྱ་མེད་དྲུག་ཅུ་མཆིས་པས། རྩ་བ་《ཚད་མ་ཀུན་བཏུས།》དང་བསྡུར་ན་འགྲེལ་བ་《ཚད་མ་རྣམ་འགྲེལ།》འདིར་ཡིག་འབྲུ་ཚེག་ཁྱིམ་ཁྲི་གསུམ་དང་སྟོང་གསུམ་བརྒྱ་དང་ལྔ་བཅུ་ང་བདུན་གྱིས་མང་བ་དང་། ཤོ་ལོ་ཀའི་གྲངས་ལའང་《ཚད་མ་ཀུན་བཏུས།》ལ་མཚོན་ན་ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ་སོགས་ཚེག་བར་དགུ་མའི་མཆོད་བརྗོད་ཤོ་ལོ་ཀ་གཅིག་དང་། གཞུང་དངོས་ལ་ཚེག་བར་བདུན་མའི་ཤོ་ལོ་ཀ་ཉིས་བརྒྱ་ཞེ་དགུ་ལ་ཚིག་རྐང་གཅིག་གིས་མ་ལོངས་པ་ཙམ། གཞན་ཡང་མཇུག་བྱང་ལ་ཚེག་བར་བཅུ་གཅིག་མའི་ཤོ་ལོ་ཀ་གཉིས་བཅས་བསྡོམས་པས་ཤོ་ལོ་ཀ་ང་གཉིས་མཆིས་ཤིང་། རྣམ་འགྲེལ་ལ་མཚོན་ན་རྟོག་པའི་དྲ་བ་རྣམས་བསལ་ཅིང་སོགས་ཚེག་བར་བདུན་མའི་མཆོད་བརྗོད་ཤོ་ལོ་ཀ་གཅིག་དང་། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་སོགས་ཚེག་བར་བཅུ་བདུན་མའི་རྩོམ་པར་དམ་བཅའ་བའི་ཤོ་ལོ་ཀ་གཅིག  གཞུང་དངོས་ལ་ཚེག་བར་བདུན་མའི་ཤོ་ལོ་ཀ་སྟོང་གཅིག་དང་བཞི་བརྒྱ་ང་གཉིས། མཇུག་བྱང་ལ་སོ་སོར་ཚེག་བར་བཅོ་ལྔ་མའི་ཤོ་ལོ་ཀ་གཅིག་དང་ཚེག་བར་བཅུ་དགུ་མའི་ཤོ་ལོ་ཀ་གཉིས་བཅས་བསྡོམས་པས་ཤོ་ལོ་ཀ་སྟོང་གཅིག་དང་བཞི་བརྒྱ་ང་དྲུག་མཆིས་པས།《ཚད་མ་རྣམ་འགྲེལ།》ནི་《ཚད་མ་ཀུན་བཏུས།》དང་བསྡུར་ན་གཞུང་ཚད་ཤོ་ལོ་ཀ་སྟོང་གཅིག་དང་ཉིས་བརྒྱ་བཞིའི་མང་བར་སྣང་ལ་དེ་ལྟར་ཁྱད་པར་བྱུང་བའང་བསྟན་བཅོས་རང་རང་གི་དགོས་མཁོ་ཡིན་ཤས་ཆེའང་ཟུར་གཞན་ཞིག་ནས་བལྟས་ན་སྤྱིར་གཞུང་ལས་འགྲེལ་བ་ལྟོས་བཅས་ཀྱི་ཡིག་ཚོགས་ཆེ་ཞིང་བརྗོད་བྱའི་ངོ་བོ་ཇེ་གསལ་དུ་འགྲོ་བའི་རྒྱུ་མཚན་གྱིས་ཅི་ལ་མིན། དེ་བཞིན་ལེའུའི་གྲངས་ལ་སློབ་དཔོན་ཕྱོགས་གླང་གི་《ཚད་མ་ཀུན་བཏུས།》ལ་མངོན་སུམ་གྱི་ལེའུ་དང་། རང་དོན་རྗེས་དཔག་གི་ལེའུ། གཞན་དོན་རྗེས་དཔག་གི་ལེའུ། དཔེ་དང་དཔེ་ལྟར་སྣང་བ་བརྟག་པའི་ལེའུ། གཞན་སེལ་བརྟག་པའི་ལེའུ། ལྟག་ཆོད་བརྟག་པའི་ལེའུ་བཅས་ལེའུ་དྲུག་གི་བདག་ཉིད་ཅན་དང་། ཆོས་ཀྱི་གྲགས་པའི་《ཚད་མ་རྣམ་འགྲེལ།》ལ་རང་དོན་རྗེས་དཔག་གི་ལེའུ་དང་། ཚད་མ་གྲུབ་པའི་ལེའུ། མངོན་སུམ་གྱི་ལེའུ་དང་། གཞན་དོན་གྱི་ལེའུ་བཅས་ཁྱོན་ལེའུ་བཅས་བཞིས་གྲུབ། 《ཚད་མ་ཀུན་བཏུས།》ལེའུ་དྲུག་དང་། 《ཚད་མ་རྣམ་འགྲེལ།》ལེའུ་བཞི་སོགས་མཛད་ཡོད་ནའང་གང་ལྟར་ཡང་ཚད་མའི་བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པ་ནི་མངོན་སུམ་གྱི་ལེའུ་དང་། རང་དོན་རྗེས་དཔག་གི་ལེའུ། གཞན་དོན་རྗེས་དཔག་གི་ལེའུ་གསུམ་དུ་མ་འདུས་པ་མེད་པར་མཁས་གྲུབ་རིན་པོ་ཆེས་གསུངས་པ་ལྟར་རོ། །འོ་ན་《ཚད་མ་རྣམ་འགྲེལ།》ནི་ཚད་མ་མདོའམ་ཀུན་བཏུས་ཀྱི་དཀའ་འགྲེལ་དུ་ངེས་ཀྱང་། ཀུན་བཏུས་ནང་བཞིན་དང་པོར་མངོན་སུམ་གྱི་ལེའུ་དང་། གཉིས་པར་རང་དོན་རྗེས་དཔག་གི་ལེའུ། གསུམ་པར་གཞན་དོན་རྗེས་དཔག་གི་ལེའུ་སོགས་རིམ་བཞིན་བཀོད་པའི་གོ་རིམ་དང་མི་མཐུན་པར་རང་དོན་རྗེས་དཔག་དང་པོར་གསུངས་པས་གང་འགྲེལ་བའི་བསྟན་བཅོས་དེའི་དགོངས་དོན་དང་ཅུང་འགལ་བའམ་གཞུང་དེར་བཤད་ཟིན་པས་ཟློས་པའི་སྐྱོན་དུ་འགྱུར་རོ་སྙམ་ན་འདི་ལ་ཅུང་དཔྱད་པར་བྱ་སྟེ། རྒྱན་མཁན་པོ་ཤེས་རབ་འབྱུང་གནས་ཀྱིས་ལྷ་དབང་བློ་ནོར་བ་བྱུང་བར་འདོད་དེ། དཔལ་ལྡན་ཆོས་གྲགས་རང་ནས་ལེའུ་དང་པོ་རང་དོན་རྗེས་དཔག་ལ་འགྲེལ་བ་བརྩམས་པ་དེར་ལྷ་དབང་བློས་གང་ལ་འགྲེལ་བ་བརྩམས་པའི་ལེའུ་དེ་ནས་མགོ་རྩོམ་དགོས་པར་དགོངས་ནས་འཁྲུལ་བ་བྱུང་བར་འདོད་པ་དང་། ཡང་ཁ་ཅིག་གིས་རང་དོན་རྗེས་དཔག་འདི་མངོན་སུམ་གྱི་ལེའུ་སོགས་དང་བསྡུར་ན་ཅུང་གོ་དཀའ་བས་དབུར་བཞག་པར་གསུངས་པ་སོགས་མཁས་པ་སོ་སོར་འདོད་ཚུལ་མི་མཐུན་པ་འབྱུང་ཡང་། འདིའི་ལན་དུ་དཔལ་ལྡན་ཆོས་གྲགས་ཁོང་རང་ཉིད་ཀྱི《རྣམ་འགྲེལ་རང་འགྲེལ།》ལས།“དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པ་ཡིན་པའི་ཕྱིར་ལ། དེ་ལ་ལོག་པར་རྟོག་པས་དེ་རྣམ་པར་གཞག་པའི་ཕྱིར།”ཞེས་གསུངས་ཏེ། རང་དོན་རྗེས་དཔག་དེ་ལེའུ་དང་པོར་བཞག་པ་ནི་དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་རྗེས་དཔག་ལ་རག་ལས་པ་དང་། རྗེས་དཔག་གི་རིགས་པ་དེ་ཉིད་ཀྱང་ལེའུ་དང་པོ་ཉིད་ཀྱིས་རྩལ་དུ་བཏོན་པས་ན་དེ་ལྟར་བཞག་པར་གསུངས། འོ་ན། སྐབས་འདིའི་དོན་དང་དོན་མ་ཡིན་པ་ཞེས་པའི་དོན་ཅི་ཡིན་ཞེ་ན། ཤཱཀྱ་བློ་སོགས་ཀྱིས་སློབ་དཔོན་ཕྱོགས་གླང་གིས་བསྟན་པའི་ཚད་མའི་མཚན་ཉིད་དང་ངོ་བོ། དབྱེ་བ་སོགས་ནི་ཡང་དག་ཏུ་སོང་བས་དོན་དང་ལྡན་པ་དང་། མུ་སྟེགས་ཙ་ར་ཀའི་ཚིག་དོན་ཞེ་བཞི་དང་། རིགས་པ་ཅན་པའི་སྟོན་པ་གོ་ཏ་མས་བརྩམས་པའི་《རིགས་པའི་མདོ།》དང་བྱེ་བྲག་པའི་སློབ་དཔོན་ཀ་ཎཱ་དས་བརྩམས་པའི་《བྱེ་བྲག་པའི་མདོ།》ལ་སོགས་པའི་ནང་ཚད་མའི་མཚན་ཉིད་དང་དབྱེ་བ་སོགས་མཛད་པ་ནི་དོན་མ་ཡིན་པ་སྟེ་ཡང་དག་པར་མ་མཐོང་ཕྱིར་དེ་དག་རྣམ་པར་དབྱེ་ཕྱིར་རྗེས་དཔག་དང་པོར་འཆད་པའི་དགོངས་པ་འཛིན་པ་ཁ་ཅིག་དང་། བྲམ་ཟེ་ཆེན་པོ་སོགས་ཀྱིས་དོན་ནི་དོན་དམ་དུ་མེད་པའི་ཆོས་ཐམས་ཅད་ཀྱི་ངོ་བོ་གདོད་ནས་མ་གྲུབ་པའི་ཆོས་ཉིད་མཐར་ཐུག་སྟེ། དཔེར་ན་བུམ་པའི་ཡན་ལག་སོ་སོར་བསལ་བ་ན་བུམ་པ་ཞེས་མིང་གི་གདགས་གཞི་མེད་པར་ཚོགས་པའི་སྤྱི་ཙམ་ལ་བུམ་པ་ཞེས་ཐ་སྙད་སྦྱར་བའི་བྱ་བྱེད་རྟེན་འབྱུང་གི་སྐོར་དང་། ཀུན་རྫོབ་ཏུ་ཡོད་པའི་སྤྱི་གཙོ་བོ་དང་། དབང་ཕྱུག ཁྱབ་འཇུག་སོགས་ནི་དོན་མ་ཡིན་སྟེ་དེ་གཉིས་སོ་སོར་རྣམ་པར་འབྱེད་པ་ལ་རྗེས་དཔག་དང་པོར་གསུངས་པའི་དགོངས་འཛིན་པ་ཁ་ཅིག གཞན་ཡང་དོན་ནི་ཐར་བ་མྱ་ངན་ལས་འདས་པ་ཡིན་ལ། དོན་མ་ཡིན་པ་ནི་གནོད་པའི་བདག་ཉིད་ངན་སོང་གི་སྡུག་བསྔལ་སོགས་སུ་ལྟ་བ་ཁ་ཅིག དོན་ནི་ཕན་པ་དང་དོན་མ་ཡིན་པ་ནི་མི་ཕན་པའི་དགོངས་པར་འགྲེལ་བ་ཁ་ཅིག་སོགས་འགྲེལ་ཚུལ་ཤིན་ཏུ་མང་ཡང་། ཞིབ་ཏུ་དཔྱད་ན་《རྣམ་འགྲེལ་གྱི་རྣམ་བཤད་ཀུན་ཏུ་བཟང་པོའི་འོད་ཟེར།》ལས།“དགོས་པའི་དབང་གིས་རང་དོན་དང་པོར་འཆད་དོ། །དགོས་པ་གང་ཞེ་ན། བཅོམ་ལྡན་འདས་ཚད་མའི་སྐྱེས་བུ་ཡིན་པ་ནི་དོན་ཡིན་ཏེ། བསྟན་བཅོས་འདིའི་བསྒྲུབ་བྱ་མཐར་ཐུག་ཡིན་པའི་ཕྱིར། དེ་ལས་བཟློག་པ་ནི་དོན་མ་ཡིན་པ་ཡིན་ཏེ། བསྟན་བཅོས་འདིའི་དགག་བྱ་མཐར་ཐུག་ཡིན་པའི་ཕྱིར། དེ་རྣམ་པར་འབྱེད་པ་ནི་ངོ་བོ་ལ་ལོག་པར་རྟོག་པ་ཚད་མའི་སྐྱེས་བུ་མེད་པར་འདོད་པ་བཀག་ནས་དགོས་པའི་དོན་ཀུན་མཁྱེན་པའི་ཐམས་ཅད་མཁྱེན་པ་བསྒྲུབ་པ་དང་། སྒྲུབ་བྱེད་ལ་ལོག་པར་རྟོག་པ་སྒྲུབ་བྱེད་མེད་པ་དང་། དེ་ལ་ནན་ཏན་བྱེད་པ་མེད་པར་འདོད་པ་བཀག་ནས་སྒྲུབ་བྱེད་བཞི་ལུགས་འབྱུང་དུ་བཤད་པས་སྒྲུབ་བྱེད་ཡོད་པ་དང་། ལུགས་བཟློག་ཏུ་བཤད་པས་སྒྲུབ་བྱེད་ཀྱི་ཐབས་ལ་ནན་ཏན་བྱས་པར་བསྒྲུབ་པ་རྣམས་ཡིན་ལ། དེ་དག་དངོས་སྟོབས་རྗེས་དཔག་ལ་བརྟེན་པའི་ཕྱིར་ན་ཚད་མ་གྲུབ་པར་དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པའི་སྔོན་དུ་རང་དོན་རྗེས་དཔག་འཆད་ཅེས་པ་སྟེ། དེ་ལྟར་བྱས་ན་ཀུན་བཏུས་དང་། རྣམ་ངེས་ལས། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པའི་ལེའུ་མེད་པས་མངོན་སུམ་དང་པོར་འཆད་ཅིང་། འདིར་རང་དོན་དང་པོར་འཆད་པའི་ཁྱད་པར་ཐུན་མོང་མ་ཡིན་པ་ཡང་རྟོགས་པར་འགྱུར་ཏེ། རྩོམ་པ་པོའི་དགོངས་པའོ། །”ཞེས་དང་། 《རྣམ་འགྲེལ་ཐར་ལམ་གསལ་བྱེད།》ལས།“དེས་ན་རང་དོན་རྗེས་དཔག་དང་པོར་འཆད་པའི་རྒྱུ་མཚན་བརྗོད་དགོས་སོ་ཞེ་ན་བཤད་པར་བྱ་སྟེ། བསྟན་བཅོས་འདིར་ནི་བསྟན་པ་དང་སྟོན་པ་ཚད་མར་སྒྲུབ་པའི་སྒོ་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་འབྲས་བུ་དང་བཅས་པ་ཕྱིན་ཅི་མ་ལོག་པར་གསལ་བར་བྱེད་པ་ཡིན་ལ། དེ་དག་ཀྱང་རྗེས་སུ་དཔག་པ་ཉིད་ཀྱིས་དངོས་སུ་ངེས་པར་བྱེད་པ”ཞེས་དང་། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས། “ཚད་མ་མདོའི་དོན་བདེ་བླག་ཏུ་རྟོགས་པའི་ཕྱིར་དུ་རང་དོན་རྗེས་དཔག་དང་པོར་འཆད་པ་ལ་དགོས་པ་ཡོད་དེ། མདོ་དོན་བདེ་བླག་ཏུ་རྟོགས་པ་ལ་དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་དགོས། ཚུར་མཐོང་རྣམས་ཀྱིས་དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་རྗེས་དཔག་ལ་རག་ལས་ཕྱིར།”ཞེས་གསུངས་པ་ལྟར། རྣམ་འགྲེལ་འདིའི་མཐར་ཐུག་གི་བརྗོད་བྱ་གཙོ་བོ་ནི་སྟོན་པ་བཅོམ་ལྡན་འདས་ཉག་གཅིག་ཚད་མའི་སྐྱེས་བུར་བསྒྲུབ་རྒྱུ་སྟེ།“རྟོགས་པའི་བསྟན་པ་ནི་ཐེག་པ་གསུམ་གྱི་ལམ་འབྲས་བུ་དང་བཅས་པ་ངོ་བོ་ངེས་པ་གྲངས་ངེས་པ་གོ་རིམ་ངེས་པའི་སྒོ་ནས་སྐྱོན་མེད་དུ་ལེགས་པར་བསྒྲུབས་ནས། དེའི་རྟགས་ཀྱིས་སྟོན་པ་ཉག་གཅིག་ཚད་མའི་སྐྱེས་བུ་མཐར་ཐུག་ཏུ་གྲུབ”ཅེས་རྗེས་དཔག་ཚད་མས་སྟོན་པ་དེ་ཚད་མའི་སྐྱེས་བུར་ངེས་པ་ན་ཞོར་དུ་དེས་བསྟན་པའི་ཆོས་ཀྱང་འཁྲུལ་བྲལ་ཡིན་པ་དང་། དེ་ཉམས་སུ་ལེན་པའི་དགེ་འདུན་ཡང་སྐྱོན་མེད་ཡིན་པ་ཤུགས་ཀྱིས་གོ་འོང་བས་སྐྱེ་བོ་གང་དང་གང་གིས་བཅོམ་ལྡན་འདས་ཀྱིས་ལམ་གྱི་རིམ་པ་ཁ་ཚང་གསུངས་པ་དག་ཉམས་སུ་བླངས་ཚེ་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་འཐོབ་པ་ལ་བསླུ་བ་མེད་ཚུལ་ཇི་ལྟར་ཡིན་པ་གོ་ཐུབ་པ་བཞིན། མདོར་ན་དོན་དང་དོན་མ་ཡིན་པ་ཞེས་པའི་སྐབས་ཀྱི་དོན་ནི་སྟོན་པ་ཚད་མའི་སྐྱེས་བུར་ངེས་རྒྱུ་དང་དོན་མ་ཡིན་པ་ནི་ཁྱད་ཆོས་དེ་ལྡན་གྱི་སྟོན་པ་དེ་ལ་ལོག་པར་རྟོག་པ་དང་། འཁྲུར་བར་རྟོགས་པ་དང་། ཐེ་ཚོམ་དང་མ་དད་པ་སོགས་ལ་གོ་བ་ལས་གཞན་ཅི། དེ་ལྟར་གོ་བ་ལའང་འདི་ནི་བུམ་པའོ་འདི་ནི་ཀ་བའོ་ཞེས་དངོས་ཡོད་མངོན་སུམ་དུ་སྟོན་ཆོག་པ་ལྟ་བུ་ཞིག་གཏན་མ་ཡིན་པར་རྗེས་དཔག་གི་རྟེན་དུ་གྱུར་པའི་གཏན་ཚིགས་ཡང་དག་དེ་མེད་དུ་མི་རུང་བའི་གནད་ཀྱི་དང་། གཞན་ཡང་རྣམ་འགྲེལ་རང་གི་ལེའུ་གཉིས་པ་ཚད་མ་གྲུབ་པ་ལ་ངེས་པ་གཏིང་ཚུགས་ཐོན་ཕྱིར་རྗེས་དཔག་གི་རིགས་པ་རྩལ་དུ་བཏོན་ནས་འཆད་དགོས་པའི་དགོས་པ་ཁྱད་པར་ཅན་གྱི་དབང་གིས་ཀྱང་རང་དོན་རྗེས་དཔག་ལེའུ་དང་པོར་བཞག་པ་ཡིན་ཅེས་བཤད་ནའང་ལུང་རིགས་ཀྱིས་གནོད་པ་མི་འབབ་པར་སྙམ་མོ། །

འདིའི་སྐོར་ལ་ད་དུང་ཕྱིའི་མཁས་པ་སྐུ་ཞབས་ཨེ་ཝོ་སི་ཐཱ་རིའི་ཁཱ་ཕུའི་དཔྱད་པ་ཅིག་མཆིས་པ་ཨུ་རུ་སུའི་ཞིབ་འཇུག་པ་ཧྲེའར་པཱ་ཚེ་ཀིའི་དཔྱད་རྩོམ་ཅིག་ཏུ་བཀོད་པ་ལྟར་ན།“བསྟན་བཅོས་འདི་གའི་གོ་རིམ་ལྟར་འདོད་པ་བྱེད་མཁན་གྱི་རྒྱུ་མཚན་ནི་སྤྱིར་ཆོས་གྲགས་ཀྱི་དངོས་སློབ་ལྷ་དབང་བློས་གོ་རིམ་དེར་རྒྱབ་སྐྱོར་བྱས་ལ་དཔལ་ལྡན་ཆོས་གྲགས་ཉིད་ནས་ཀྱང་རང་དོན་རྗེས་སུ་དཔག་པའི་ལེའུའི་འགྲེལ་བ་ལས་གཞན་བརྩམས་མེད་པས་ཁོང་གི་འགྲེལ་བ་དེ་ལེའུ་དང་པོ་ནས་མགོ་འཛུགས་རྒྱུ་སྨོས་མེད་ཡིན་ལ་དེ་ནས་སློབ་དཔོན་དགོངས་པ་གཤེགས་ནས་འགྲེལ་བ་ཡང་མཚམས་ཆད་པ་ཡིན” ཞེས་གཅིག་ནས་ལྷ་དབང་བློས་གོ་རིམ་དེ་ལྟར་མཛད་པ་ལ་རྒྱབ་སྐྱོར་བྱས་པ་དང་། གཉིས་ནས་དཔལ་ལྡན་ཆོས་གྲགས་ཀྱིས་《ཚད་མ་རྣམ་འགྲེལ།》ལ་རང་འགྲེལ་རྩོམ་པའི་གོ་རིམ་ཁྲོད་རང་དོན་རྗེས་དཔག་ནས་བཟུང་མགོ་འཛུགས་པ་དེས་ཀྱང་མཁས་པ་གཞན་གྱིས་རྗེས་ནས་དེ་ལྟར་བཅོས་པ་མ་ཡིན་པར་རྩོམ་པ་པོ་དཔལ་ལྡན་ཆོས་གྲགས་ཁོ་རང་ཉིད་ཀྱི་དགོངས་པ་དངོས་ཡིན་པ་ལྟ་བུ་ཞིག་བཤད་འདུག གང་ལྟར་གོང་དུ་བརྗོད་པ་བཞིན་ང་ཚོས་《ཚད་མ་ཀུན་བཏུས།》སུ་རྒྱུད་ལ་སྐྱེ་བའི་རིམ་པའི་དབང་དུ་བྱས་ནས་མངོན་སུམ་དང་པོར་བཤད་པ་དང་། 《ཚད་མ་རྣམ་འགྲེལ།》འདིར་དགོས་པ་ལ་ལྟོས་པའི་རིམ་པའི་དབང་དུ་བྱས་ནས་རང་དོན་རྗེས་དཔག་དང་པོར་བཤད་པར་ཁས་བླངས་ན་འཐད་པར་སེམས་སོ། །

བཞི་པ། ཚད་མ་ཀུན་བཏུས།དང་ཚད་མ་རྣམ་འགྲེལ།གཉིས་ཀྱི་ཁྱད་ཆོས་གཙོ་བོ།

རྩོམ་པ་པོ་སོ་སོའི་བསམ་བློ་དང་མི་གཤིས། འཚོ་གནས་ཀྱི་ཁོར་ཡུག་སོགས་མི་འདྲ་བས་གང་གིས་བརྩམས་པའི་བསྟན་བཅོས་ཀྱི་བརྗོད་བྱ་རྗོད་བྱེད་ལའང་ཁྱད་པར་རེ་ཐོན་ངེས་ཤིང་། ཐ་ན་གྲུབ་མཐའ་དང་སློབ་བརྒྱུད་གཅིག་གི་མི་ཡིན་ཀྱང་སོ་སོའི་རིག་གནས་ཆུ་ཚད་དང་། མི་གཤིས། སྐབས་ཀྱི་དགོས་མཁོ་སོགས་མི་འདྲ་བའི་དབང་གིས་རྩོམ་གཤིས་སོགས་ལའང་ཁྱད་པར་ཐོན་པ་གདོན་མི་ཟ། དཔེར་ན། 《ཚད་མ་ཀུན་བཏུས།》དང་《ཚད་མ་རྣམ་འགྲེལ།》གཉིས་ནི་ནང་བའི་ཚད་མའི་བསྟན་བཅོས་ཡིན་པ་ལ་ཕན་ཚུན་གཞུང་འགྲེལ་གྱི་འབྲེལ་བ་གྲུབ་པར་མ་ཟད། རྩོམ་པ་པོ་གཉིས་ཀའང་བརྒྱུད་འབྲེལ་དགེ་སློབ་ཡིན་པའི་ནང་བའི་ཚད་མ་རིག་པའི་སློབ་དཔོན་ཆེན་པོ་གཉིས་ཡིན་ཀྱང་། ཁོང་གཉིས་ཀྱི་བརྩམས་ཆོས་ཐད་རང་རང་གི་དམིགས་བསལ་ཁྱད་ཆོས་རེ་ཡོད་དེ། ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས།“ཚད་མ་ཀུན་ལས་བཏུས་པ་ནི་གདུལ་བྱ་དབང་པོ་རྣོན་པོ་མདོར་བསྡུས་ལ་དགའ་བ་མགོ་སྨྲོས་པའི་གོ་བ་དག་གི་དབང་དུ་བྱས་པ་ཡིན་པས་དངོས་སུ་མ་བཤད་པ་དེ་དག་ཀྱང་དངོས་སུ་བསྟན་པ་དག་གི་ཚིག་གི་ནུས་པ་དང་། སྐབས་ཐོབ་དང་། ཚིག་ཟུར་དང་། དོན་གྱིས་ཐོབ་པ་ཅི་རིགས་པའི་སྒོ་ནས་འཕངས་པ་ཤ་སྟག་ཡིན་པའི་ཕྱིར་སྐྱོན་མེད་ལ”ཞེས་གསུངས་པ་ལྟར། 《ཚད་མ་ཀུན་བཏུས།》ནི་སྤྱིར་མིའི་དབང་བོ་ལ་རབ་འབྲིང་ཐ་གསུམ་དུ་དབྱེ་བའི་དབང་བོ་རྣོན་པོའི་རིགས་ཀྱི་ངོར་བརྩམས་པས་བརྗོད་དོན་རེ་འགའ་ཚིག་ཟིན་ལ་དངོས་སུ་མ་ཐོན་པར་ཚིག་ཟུར་དང་སྐབས་ཐོབ་སོགས་ཤུགས་སུ་སྦས་པའི་ཚུལ་དུ་གནས་ཤིང་། རྗོད་བྱེད་ཚིག་ཀྱང་ལྷུག་པོར་གྲོལ་ཏེ་དཔྱད་ལུང་རྒྱ་ཆེར་སྤྲོས་པ་མེད་པར་སྡུད་ཆེ་བ་དང་བརྗིད་ཆེ་བ་སོགས་ཀྱིས་བློ་ཤིན་ཏུ་རྣོ་བའི་རིགས་ལ་མ་གཏོགས་ཕལ་བས་གོ་དཀའ་བའི་ཁྱད་ཆོས་ལྡན། ཡིན་ནའང་ལྟོས་བཅས་ཀྱི་《ཚད་མ་རྣམ་འགྲེལ།》ནི་དེ་ལས་ཅུང་གོ་སླ་བར་སྣང་སྟེ། ཇི་སྐད་དུ། “དེ་ལྟ་ན་ཡང་དེ་ཉིད་ཕྱིས་ཀྱི་གདུལ་བྱ་དབང་པོ་བརྟུལ་པོ་ཕལ་ཆེ་བས་མ་རྟོགས་པ་རྟོགས་པར་བྱ་བའི་ཕྱིར་དུ་དེ་ཉིད་ཀྱི་དོན་ཁོང་ན་གནས་པ་སོགས་གསལ་བར་ཕྱུང་ཞིང་། དོན་གྱིས་ཐོབ་པ་དག་ཁ་བསྐངས་ནས་གསལ་བར་འགྲེལ་བའི་བསྟན་བཅོས་འདི་ཉིད་མཛད་པ་ཡིན་ནོ།  །” ཞེས་《ཚད་མ་ཀུན་བཏུས།》ཀྱི་བརྗོད་དོན་གོ་དཀའ་བ་དང་། ཚིག་ཟིན་ལ་དངོས་སུ་ཐོན་མེད་པའི་ཤུགས་བསྟན་མང་པོ་བློ་གྲོས་ཕལ་བས་ཇི་བཞིན་རྟོགས་དཀའ་བའམ་བསྟན་དོན་ལོན་མི་ཐུབ་པའི་སྐོར་དཔལ་ལྡན་ཆོས་ཀྱི་གྲགས་པས་ད་གཟོད《ཚད་མ་རྣམ་འགྲེལ།》ནང་ཁ་བསྐང་དགོས་པ་ལ་ཁ་བསྐངས། གོ་དཀའ་བ་དག་གོ་བདེར་གསལ་བོར་འགྲེལ་བའི་ཁྱད་ཆོས་འདུག་པ་བཞིན་མདོར་ན་བསྟན་བཅོས་ཆེན་པོ་འདི་གཉིས་ནི་རང་རང་གི་ཆེད་དུ་བྱ་བའི་གདུལ་བྱའི་ངོར་བརྩམས་པ་ཡིན་པས་རྗོད་བྱེད་ཀྱི་ཚིག་དང་རྩོམ་པའི་ཉམས། རིག་པའི་རྩལ་འདོན་སྟངས་སོགས་ཕྱོགས་ཐམས་ཅད་ནས་ཁྱད་པར་རེ་འོང་བ་སྨོས་མ་དགོས་སོ། །

ལྔ་བ།  མཇུག་བསྡུ་བའི་གཏམ

སློབ་དཔོན་ཕྱོགས་ཀྱི་གླང་པོས་སྔོན་རྒྱ་གར་གྱི་རྟོག་གེའི་གཏན་ཚིགས་སྤྱི་དང་། བྱེ་བྲག་རང་ཉིད་ཀྱིས་བརྩམས་པའི་ཚད་མའི་བསྟན་བཅོས་ཐོར་བུ་བརྒྱ་རྩ་བརྒྱད་བཞུགས་པའི་སྙིང་བོ་ཡོངས་སུ་བསྡུས་པ་《ཚད་མ་ཀུན་བཏུས།》བརྩམས་པ་ནས་རིགས་པ་འདི་བསྟན་པའི་རིག་གཞུང་བསྲུང་བའི་ལྕགས་རིར་དོན་དམ་པར་གྱུར་མགོ་ཚུགས་ཤིང་། རྒྱུད་འཛིན་མཁས་པ་དབང་ཕྱུག་སྡེ་དང་། ལྷག་པར་དཔལ་ལྡན་ཆོས་གྲགས་སོགས་ཀྱིས་དཀའ་འགྲེལ་བརྩམས་པ་སོགས་འཆད་ཉན་གྱི་རྒྱུན་བསྐྱངས་པའི་བཀའ་དྲིན་ལས་རྒྱ་བོད་ཀུན་ཏུ་དར་རྒྱས་ཆེན་པོ་བྱུང་། 《ཚད་མ་རྣམ་འགྲེལ།》ནི་ཀུན་བཏུས་ཀྱི་དཀའ་འགྲེལ་དུ་ངེས་ཀྱང་ལེའུའི་མང་ཉུང་དང་སྒྲིག་རིམ་ཐད་གཞུང་རྩ་དང་ཇི་བཞིན་མ་སོང་བ་ཙམ་ལས། རྣམ་འགྲེལ་གྱི་བཀའ་དྲིན་ལས་ཕྱོགས་ཀྱི་གླང་པོའི་དགོངས་དོན་རྨ་མེད་པ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པ་ལ་མཐུན་རྐྱེན་རྒྱ་ཆེན་པོར་འཕེལ་ཞིང་། སློབ་དཔོན་ལྷ་དབང་བློ་དང་ཤཱཀྱ་བློ་སོགས་ཕྱིས་ཀྱི་མཁས་པ་མང་པོས་ཚད་མ་སྟོང་ཕྲག་བཅུ་གཉིས་ཀྱིས་མཚོན་པའི་ཚད་མའི་འགྲེལ་ཆེན་དང་ཡང་འགྲེལ་སོགས་རྒྱ་གར་མཁས་པའི་གསུང་བོད་ལ་ད་སྔ་འགྱུར་ཕྱིན་པ་གཞུང་གྲངས་དྲུག་ཅུ་ལྷག་དང་། བོད་རང་གི་མཁས་པས་བརྩམས་པའི་འགྲེལ་རྩོམ་རྣམ་ངེས་དཀའ་རྣམ།》 དང་། 《ཚད་མ་རིགས་གཏེར།》    《ཚད་མ་རིགས་མཛོད།》 《རྣམ་འགྲེལ་ཐར་ལམ་གསལ་བྱེད།》 《རྣམ་འགྲེལ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ།》སོགས་བརྒྱ་ཕྲག་མང་པོ་ཡོད་པ་འདི་བཞིན་འཆད་ཉན་ཡང་ད་ལྟའི་བར་རྒྱ་ཆེར་དར་ཡོད་པ་འདི་ལ་ཐོས་བསམ་དང་ཞིབ་འཇུག་བྱེད་རྒྱུའི་སྐལ་བ་ནམ་ཞར་མི་འཛད་པའི་སྨོན་པ་དང་བཅས་སོ། ། 

 གོང་བཀོད《ཚད་མ་རྣམ་འགྲེལ་གྱི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ།》ཤོག་ངོས40སྟེང་གསལ། 

རྩོམ་སྒྲིག་པ། བྱང་ཆུབ་རྒྱ་མཚོ།

བརྒྱུད་འགོད།
0