ལུང་འགལ་ཐལ་བ་དྲུག་ལ་དཔྱད་པ།

སྤེལ་དུས།  2017-12-16   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  ཁོ་ཚེ་ཚེ་རིང་དོན་གྲུབ།   ཀློག་གྲངས།  

ནང་དོན་གནད་བསྡུས།དེ་ཡང་ཚད་མ་རྣམ་འགྲེལ་གྱི་ལེའུ་དང་པོའི་ས་བཅད་མཚན་གཞི་ལ་མཚན་ཉིད་ངེས་བྱེད་ཀྱི་ཚད་མ་རྒྱས་པར་བཤད་པའི་ནང་གསེས་ལུང་འགལ་སྐོར་ནས་ལུང་འགལ་གྱི་དོན་དང་ཐལ་བ་དྲུག་ངོས་འཛིན་ཚུལ་ལ་འགྲེལ་བྱེད་དག་མི་མཐུན་ཞིང་། ཁྱད་པར་ལུང་འགལ་ཐལ་བ་དྲུག་ནི་ལྡོག་ཁྱབ་ངེས་པ་འབྲེལ་བ་ལ་ལྟོས་མི་ལྟོས་དང་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་མི་འགྲུབ་ཀྱི་དཀའ་གནས་གལ་ཆེ་ཤོས་ཤིག་ཡིན་པས་འདིར་ཁོ་བོས་དེའི་ཕྱོགས་ལ་ཏོག་ཙམ་དཔྱད་ཡོད།

གནད་ཚིགལུང་འགལ་དྲུག  རིགས་སྒོ། ཀུན་བཏུས་རང་འགྲེལ།  རླུང་གི་རབ་བྱེད།

དང་པོ། ལུང་འགལ་ཐལ་བ་ཞེས་པའི་གོ་དོན།

ལུང་འགལ་ཞེས་པའི་ལུང་ནི་སློབ་དཔོན་ཕྱོགས་གླང་གི་ལུང་སྟེ་ཡོངས་གྲགས་སུ་རིགས་སྒོ་དང་ཀུན་བཏུས་རང་འགྲེལ། རླུང་གི་རབ་བྱེད་གསུམ་ཡིན་ཏེ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ལེའུ་དང་པོའི་མཐའ་དཔྱོད་ལས།ལུང་འགལ་དྲུག་པོ་དེ་ཡང་བསྡུ་ན་གསུམ་དུ་འདུ་བ་ཡིན་ཏེ།རིགས་སྒོ་དང་འགལ་ཚུལ། ཀུན་བཏུས་ཀྱི་རང་འགྲེལ་དང་འགལ་ཚུལ།རླུང་གི་རབ་བྱེད་དང་འགལ་ཚུལ་གསུམ་དུ་འདུ་བའི་ཕྱིར།ཞེས་དང་། བློ་གླིང་མཁན་ཟུར་པདྨ་རྒྱལ་མཚན་གྱི་རྣམ་འགྲེལ་འགྲེལ་བར།རིགས་སྒོ་དང་འགལ་བ་གཅིག ཀུན་བཏུས་དང་འགལ་བ་བཞི། རླུང་གི་རབ་དབྱེ་དང་འགལ་བ་གཅིག་སྟེ་དྲུག་ཡོད་པའི་ཕྱིར།ཞེས་དང་རྟ་ནག་རྣམ་འགྲེལ་ལས། རིགས་སྒོ་དང་འགལ་ཚུལ་དང་།ཀུན་བཏུས་ཀྱི་རང་འགྲེལ་འགལ་ཚུལ།རླུང་གི་རབ་དབྱེ་དང་འགལ་ཚུལ་གསུམ་དུ་འདུ་བ་ཡིན་པའི་ཕྱིར།ཞེས་བཤད་ལ་འདིའི་ཀུན་བཏུས་དང་འགལ་བ་ཞེས་པའི་ཀུན་བཏུས་ནི་ཀུན་བཏུས་རང་འགྲེལ་ཡིན་ཏེ་ལུང་དྲངས་པའི་ཚེ་ན་རང་འགྲེལ་གྱི་ཚིག་ཁོ་ན་དྲངས་པའི་ཕྱིར་རོ། །ཐལ་བ་ནི་དྲུག་སྟེ་རིགས་སྒོའི་ངག་ཉམས་པར་ཐལ་བ་དང་།ལྷག་ལྡན་འཁྲུལ་བ་ཅན་དུ་གསུངས་པ་མི་འཐད་པར་ཐལ་བ།ལྡོག་པ་ཅན་ཙམ་དུ་བཤད་པ་རྟགས་སུ་ཐལ་བ།ལྡོག་པ་ལ་ཐེ་ཚོམ་ཟ་བ་རྟགས་ཡིན་པ་མ་ལོག་པར་ཐལ་བ།ཁྱད་པར་མཉན་བྱ་རྟགས་སུ་ཐལ་བ།སློབ་དཔོན་གྱིས་བྱེ་བྲག་པའི་སྦྱོར་བ་བཀག་པ་མི་རིགས་པར་ཐལ་བ་བཅས་ཡིན་ལ་དེ་ཉིད་འདོད་ན་ལུང་དང་འགལ་བར་འགྱུར་ཞེས་པ་སྟེ་ལུང་དང་འགལ་ཚུལ་ལ་སློབ་དཔོན་རང་ཉིད་རང་གི་ལུང་དང་འགལ་ཚུལ་དང་སློབ་དཔོན་དབང་ཕྱུག་སྡེ་སོགས་རང་སྡེ་རྣམས་སློབ་དཔོན་གྱི་ལུང་ཚད་མར་ཁས་བླངས་པ་དང་འགལ་བར་འདོད་ཚུལ་གཉིས་ཡོད་དེ།དང་བོ་ནི་ཊིཀ་ཆེན་རིགས་པའི་རྒྱ་མཚོ་ལས།དེ་ལྟར་བཞེད་ན་སློབ་དཔོན་རང་གི་ལུང་དང་འགལ་བ་བསྟན་པའོ། །ཞེས་དང་། རྗེ་བཙུན་རེད་མདའ་བའི་རྣམ་འགྲེལ་རྣམ་བཤད་རིགས་པའི་འདོད་འཇོ་ལས།གལ་ཏེ་སློབ་དཔོན་གྱིས་རྟགས་ཆོས་འབྲེལ་བ་མེད་པར་རྟགས་ཡང་དག་རང་གི་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་མེད་ངེས་ཀྱི་ལྡོག་ཁྱབ་འགྲུབ་པར་བཞེད་ན།སློབ་དཔོན་ཕྱོགས་ཀྱི་གླང་བོ་ཆོས་ཅན།ཁྱོད་ཀྱི་ལུགས་ལ་ཁྱབ་པ་འཁྲུལ་བ་ཅན་མ་ངེས་པའི་རྟགས་ཀྱི་གཉེན་པོར་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་བརྗོད་པ་གང་ཡིན་པ་དེ་དོན་མེད་པར་ཐལ།དེ་འདྲའི་སྒྲུབ་ངག་དེས་རྟགས་ཆོས་ཀྱི་འབྲེལ་བ་མ་བརྗོད་པའི་ཕྱིར་རོ། །འདོད་ན།རིགས་སྒོ་ལས་རེ་ཤིག་འགལ་བ་དང་མ་ངེས་པའི་གཉེན་པོར་གཉིས་ཀ་བརྗོད་པ་གང་ཡིན་པ་འདི་ནི་རིགས་སོ་ཞེས་པ་དང་འགལ།ཞེས་གསུངས་ལ།གཉིས་པ་ནི།སྨོན་ཊིཀ་ལས།ལུང་ཚད་མར་ཁས་བླངས་པ་དང་འགལ་ལོ།ཞེས་དང་། ཤནྟི་བའི་རྣམ་འགྲེལ་འགྲེལ་བ་ལུང་རིགས་གཏེར་མཛོད་ལས།སློབ་དཔོན་གྱི་ལུང་ལུང་ཚད་མར་ཁས་བླངས་པའི་སློབ་དཔོན་དབང་ཕྱུག་སྡེ་ལ་ལུང་འགལ་སྟོན་པ་ལ།ཞེས་གསུངས་པ་ལྟར་ཡིན་ལ་འཆད་ཚུལ་སྔ་མ་ཉིད་ལེགས་པར་འདོད་དེ་དངོས་སྟོབས་རྗེས་དཔག་གི་སྐབས་སུ་ལུང་གནོད་སྒྲུབ་ཏུ་མི་རུང་བའི་ཕྱིར་རོ། །འོ་ན་ལུང་དང་འགལ་ཚུལ་ཅི་ལྟར་ཡིན་ཞེ་ན།སློབ་དཔོན་རང་ཉིད་རང་གི་ལུང་དང་འགལ་བར་རང་སྡེས་ཁས་མི་ལེན་པས་རང་གཞུང་དང་འགལ་བར་ཐལ་བ་འཕངས་པ་སྟེ།རྣམ་འགྲེལ་གྱི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར་ལས།རེ་ཞིག་ཞེས་པ་ནས་རིགས་སོ་ཞེས་བརྗོད་དགོས་པ་དང་ནང་འགལ་ལོ། །ཞེས་དང་།སློབ་དཔོན་གྱིས་ཕྱོགས་ཆོས་ཞེས་པ་ནས་ཐེ་ཚོམ་ཟ་ནས་མ་གྲུབ་པ་གསུམ་སྦྱར་བ་དང་ནང་འགལ་ལོ། །ཞེས་དང་།སློབ་དཔོན་གྱིས་དེ་གཉིས་ཀ་ཐུན་མོང་མིན་པའི་མ་ངེས་པར་གསུངས་དང་ནང་འགལ་དུ་འགྱུར་རོ། །ཞེས་དང་།སློབ་དཔོན་གྱིས་རླུང་གི་རབ་བྱེད་ལས།གལ་ཏེ་མ་མཐོང་ཙམ་གྱིས་ཞེས་པ་ནས་རིགས་པ་མིན་ཏེ་ཞེས་གསུངས་པ་དང་ནང་འགལ་ལོ། །ཞེས་གསུངས་པ་ལྟར་ལུང་རེ་རེའི་མཇུག་ཏུ་ནང་འགལ་ཞེས་སྦྱར་བས་ཤེས་ནུས་སོ། །

གཉིས་པ། ལུང་འགལ་ཐལ་བ་དྲུག་ངོས་འཛིན་པ།

༡ ལུང་དྲུག་ངོས་འཛིན་པ། སྤྱིར་ལུང་དྲུག་ངོས་འཛིན་ཚུལ་ལ་མཁས་པ་སོ་སོ་མི་འདྲ་སྟེ།རྣམ་འགྲེལ་རང་འགྲེལ་ལས།རེ་ཞིག་འགལ་བ་དང་མ་ངེས་པའི་གཉེན་པོར་གཉི་ག་བརྗོད་པར་བྱ་བ་གང་ཡིན་པ་དེ་ནི་རིགས་སོ། །ཞེསདང་།གལ་ཏེ་མ་མཐོང་བ་ཙམ་གྱིས་མཐོང་བ་ལ་ལས་འགོག་པར་བྱེད་ན།དེ་ནི་རིགས་པ་མ་ཡིན་ནོ། །ཞེས་དང་།(ལུང་གཉིས་མ་གཏོགས་མེད་ལ་དེ་གཉིས་ཀྱི་ལུང་ཁུངས་སྨོས་མེད་མོད་ཕྱིས་ཀྱི་འགྲེལ་བྱེད་རྣམས་ཀྱིས་དྲངས་པ་ལྟར་ན་སྔ་མ་རིགས་སྒོའི་ལུང་དང་། ཕྱི་མ་རླུང་གི་རབ་བྱེད་ཀྱི་ལུང་ངོ་། །﹞

མཁྱེན་རབ་ཆོས་ཀྱི་འོད་ཟེར་གྱི་རྣམ་འགྲེལ་ལས།རིགས་སྒོར།རེ་ཞིག་འགལ་བ་དང་མ་ངེས་པའི་གཉེན་པོ་གཉིས་ཀ་བརྗོད་པ་གང་ཡིན་པ་དེ་ནི་རིགས་སོ།ཞེས་ལུང་འགལ་དང་པོའི་ལུང་དང་།ཀུན་བཏུས་ལས་རིགས་པ་ཅན་པའི་ལྷག་ལྡན་འགོག་པའི་སྐབས་སུ་གཟུགས་མཚུངས་པས་རོ་ལ་སོགས་པ་གདོན་མི་ཟ་བ་མཚུངས་པ་མིན་ནོ་ཞེས་གསུངས་ཞེས་ལུང་འགལ་གཉིས་པའི་ལུང་སྟེ་གཉིས་མ་གཏོགས་དྲངས་མེད་དོ། །ཡང་།རྣམ་འགྲེལ་འགྲེལ་བ་ལེགས་པར་བཤད་པའི་སྙིང་བོ་ལས།རིགས་སྒོར།རེ་ཞིག་འགལ་བ་དང་མ་ངེས་པའི་གཉེན་པོར་གཉིས་ཀ་བརྗོད་པར་བྱ་བ་གང་ཡིན་པ་འདི་ནི་རིགས་སོ་ཞེས་སོ། །ཞེས་དང་འདོད་ན་ཀུན་ལས་བཏུས་ཀྱི་འགྲེལ་པར།འདི་ཡང་འཁྲུལ་བའི་ཕྱིར་ཚད་མ་མ་ཡིན་ཏེ།གཟུགས་མཚུངས་པས་རོ་ལ་སོགས་པ་གདོན་མི་ཟ་བར་མཚུངས་པར་འགྱུར་བ་ནི་མིན་ནོ། །ཞེས་དང་།སློབ་དཔོན་གྱིས་རིགས་པ་བརྟག་པའི་བསྟན་འཆོས་ལས་དེ་བདག་ལོག་པས་མི་ལྡོག་པར་བསྟན་པའི་ཕྱིར་རོ། །ཞེས་དང་།མདོ་ལས།ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ངེས་པར་གཟུང་ངོ་ཞེས་པས།ཞེས་དང་།སྤྱི་དང་ཁྱད་པར་གྱི་ཆོས་དག་ནི་རྣམ་པར་གཅོད་པར་བྱེད་པའི་གཏན་ཚིགས་མིན་པའི་ཕྱིར་ཞེས་མདོ་འགྲེལ་ལས་སོ། །ཞེས་དང་།ཀུན་ལས་བཏུས་ཀྱི་རླུང་གི་རབ་ཏུ་བྱེད་པ་ལས།གལ་ཏེ་མ་མཐོང་བ་ཙམ་གྱིས་མཐོང་བ་དག་ལ་འགོག་པར་བྱེད་ན་དེ་ཡང་རིགས་པ་མིན་ནོ་ཞེས་སོ། །ཞེས་གསུངས་པ་དང་།བཙུན་པ་སྟོན་གཞོན་གྱིས།འདོད་ན་སློབ་དཔོན་གྱིས་ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་ངེས་པར་གཟུང་ངོ་། །དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་དང་།མེད་པ་ལ་སོགས་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །ཞེས་ལུང་འགལ་བཞི་བའི་ལུང་གཅིག་པུ་མ་གཏོགས་དྲངས་མེད་དོ། །ཡང་།རྣམ་བཤད་རིགས་པའི་འདོད་འཇོ་ལས།

རིགས་སྒོར།རེ་ཞིག་འགལ་བ་དང་མ་ངེས་པའི་གཉེན་པོ་གཉིས་ཀ་བརྗོད་པ་གང་ཡིན་པ་དེ་ནི་རིགས་སོ།ཞེས་པ་དང་འགལ།ཞེས་དང་།ཀུན་བཏུས་སུ་རིགས་པ་ཅན་གྱི་ལྷག་ལྡན་འགོག་པའི་སྐབས་སུ་གཟུགས་མཚུངས་པས་རོ་ལ་སོགས་པ་གདོན་མི་ཟ་བ་མཚུངས་པ་མིན་ནོ་ཞེས་དང་འགལ་ལོ།ཞེས་དང་།བསྟན་བཅོས་རིགས་པའི་སྒོ་ལས་བདག་སོགས་སྲོག་སོགས་དེ་དེ་སྒྲུབ་ཀྱི་ལྡོག་ཁྱབ་འཁྲུལ་བ་ཅན་དུ་བཤད་པ་དང་འགལ་ལོ། །ཞེས་དང་།རྣམ་འགྲེལ་ངེས་ཀྱི་རང་འགྲེལ་དུ་དྲངས་ཏེ།སློབ་དཔོན་གྱིས་ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་ངེས་པར་གཟུང་ངོ་། །དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་དང་།མེད་པ་ལ་སོགས་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ་ཞེས་པ་དང་འགལ་ལོ། །ཞེས་དང་།དུལ་བ་ལྷའི་གཏན་ཚིགས་ཐིགས་པའི་འགྲེལ་བར་དྲངས་པ།སློབ་དཔོན་གྱིས་མཉན་པར་བྱ་བ་ཉིད་ནི་ཇི་ལྟར་ཡང་རྣམ་པར་དཔྱོད་པའི་གཏན་ཚིགས་མ་ཡིན་ནོ་ཞེས་དང་འགལ་ལོ། །ཞེས་དང་།རླུང་གི་རབ་ཏུ་བྱེད་པ་ལས།གང་ཡང་གལ་ཏེ་མ་མཐོང་བ་ཙམ་གྱིས་མཐོང་བ་དག་ལ་འགོག་པར་བྱེད་ན་དེ་ཡང་རིགས་པ་མིན་ནོ་ཞེས་པ་དང་འགལ་ལོ། །ཞེས་གསུངས་པ་དང་།འུ་ཡུག་པ་རིགས་པའི་སེང་གེས།རིགས་པའི་སྒོར་འཁྲུལ་བ་ཅན་ཏེ་མ་ངེས་པའི་གཉེན་པོར་ཆོས་མི་མཐུན་པ་བརྗོད་དགོས་སོ་ཞེས་དམ་བཅས་པ་དེ་དོན་མེད་དུ་འགྱུར་ཏེ།ཞེས་ལུང་འགལ་དང་པོའི་ལུང་དངོས་སུ་མ་སྨོས་ལ་ལུང་འགལ་བཞི་བར་སློབ་དཔོན་གྱི་གཞུང་དུ་སྟེ། སློབ་དཔོན་གྱིས་ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་ངེས་པར་གཟུང་ངོ་། །དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་དང་།མེད་པ་ལ་སོགས་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ།ཞེསལུང་གཅིག་མ་གཏོགས་བཀོད་མེད་དོ། །ཡང་།སློབ་དཔོན་སྨོན་ལམ་དཔལ་བས།རེ་ཞིག་འགལ་བ་དང་མ་ངེས་པའི་གཉེན་པོ་གཉིས་ཀ་བརྗོད་པ་གང་ཡིན་པ་དེ་ནི་རིགས་སོ།ཞེས་པའི་ལུང་ལུང་ཚད་མར་ཁས་བླངས་པ་དང་འགལ་ལོ། །ཞེས་དང་། ཅི་སྟེ་གཟུགས་ལ་སོགས་པ་མཚུངས་པས་རོ་ལ་སོགས་པ་གདོན་མི་ཟ་བ་མཚུངས་པ་དེ་ནི་རིགས་པ་མིན་ནོ་ཞེས་པའི་ལུང་ལུང་ཚད་མར་ཁས་བླངས་པ་དང་འགལ་ལོ། །ཞེས་དང་།ལྷག་མ་ལྔ་བོ་དག་ནི།གཏན་ཚིགས་སམ་འགལ་བ་ཉིད་དུ་མ་ངེས་ཏེ།ཐེ་ཚོམ་གྱི་རྒྱུའོ།ཞེས་པའི་ལུང་ཚད་མར་ཁས་བླངས་པ་དང་འགལ་ལོ། །ཞེས་དང་། ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་ངེས་པར་གཟུང་ངོ་། །དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་དང་།མེད་པ་ལ་སོགས་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ་ཞེས་པའི་ལུང་ལུང་ཚད་མར་ཁས་བླངས་པ་དང་འགལ་ལོ། །ཞེས་དང་།ཀུན་ལས་བཏུས་ཀྱི་རང་འགྲེལ་ལས།ཁྱད་པར་རྣམ་པར་གཅོད་པའི་གཏན་ཚིགས་མ་ཡིན་ནོ། །ཞེས་དང་།ཕྱོགས་ཆོས་འཁོར་ལོ་ལས།དབུས་ན་ཐུན་མོང་མིན་པའོ། །ཞེས་པའི་ལུང་ལུང་ཚད་མར་ཁས་བླངས་པ་དང་འགལ་ལོ། །ཞེས་དང་།རླུང་གི་རབ་བྱེད་ལས།གལ་ཏེ་མ་མཐོང་བ་ཙམ་གྱིས་མཐོང་བ་དག་ལ་འགོག་པར་བྱེད་ན་དེ་ཡང་རིགས་པ་མིན་ནོ་ཞེས་དང་།ཀུན་བཏུས་རྣམ་ངེས་སུ་དྲངས་པ་ལས་ཀྱང་།གང་ཡང་གལ་ཏེ་མ་མཐོང་བ་ཙམ་གྱིས་མི་སྣང་བ་དག་ལ་འགོག་པར་བྱེད་ན་དེ་ཡང་རིགས་པ་མིན་ནོ། །ཞེས་པའི་ལུང་དང་འགལ་ལོ། །ཞེས་གསུངས་ལ།ཀརྨ་ཆོས་གྲགས་རྒྱ་མཚོའི་ཚད་མ་རིགས་གཞུང་རྒྱ་མཚོ་རུ་བཀོད་པ་ནི་གོང་གི་སྨོན་ཊཱིཀ་གི་ལུང་དང་གཅིག་ཡིན་པས་བསྐྱར་དུ་བཀོད་པའི་ངལ་བ་མ་བྱས་སོ། །ཐར་ལམ་གསལ་བྱེད་དུ།སློབ་དཔོན་གྱིས་རླུང་གི་རབ་ཏུ་བྱེད་པ་ལས།གལ་ཏེ་མ་མཐོང་བ་ཙམ་གྱིས་མཐོང་བ་དག་ལ་འགོག་པར་བྱེད་ན་དེ་ཡང་རིགས་པ་མ་ཡིན་ནོ། །ཞེས་ལུང་འགལ་དྲུག་པའི་ལུང་མ་གཏོགས་བཀོད་མེད་དོ། །ཊཱིཀ་ཆེན་རིགས་པའི་རྒྱ་མཚོར།ལུང་འགལ་དང་བོ་དང་གསུམ་པའི་ལུང་དྲངས་མེད་ལ་ལྷག་མ་བཞི་ལས།ལུང་འགལ་གཉིས་པ་ནི།ཀུན་ལས་བཏུས་སུ།རིགས་པ་ཅན་པའི་ལྷག་ལྡན་འགོག་པའི་སྐབས་སུ་གཟུགས་ལ་སོགས་པ་མཚུངས་པས་རོ་ལ་སོགས་པ་གདོན་མི་ཟ་བ་མཚུངས་པར་འགྱུར་བ་ནི་མ་ཡིན་ནོ། །ཞེས་པས་སོ། །ཞེས་དང་།ལུང་འགལ་བཞི་བ་ནི།ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་ངེས་པར་གཟུང་ངོ་། །དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་དང་།མེད་པ་ལ་སོགས་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོཞེས་དང་།ལུང་འགལ་ལྔ་བ་ནི།སློབ་དཔོན་གྱིས་མཉན་པར་བྱ་བ་ཉིད་ནི་ཅི་ལྟར་ཡང་རྣམ་པར་གཅོད་པའི་གཏན་ཚིགས་མ་ཡིན་པའི་ཕྱིར།ཞེས་གསུངས་པ་དང་འགལ་ལོ། །ཞེས་དང་།ལུང་འགལ་དྲུག་པ་ནི།སློབ་དཔོན་གྱིས་མ་མཐོང་བ་ཙམ་གྱིས་ལྡོག་པ་དག་ལ་འགོག་པར་བྱེད་ན་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་གསུངས་པ་དང་འགལ་ལོ། །ཞེས་གསུངས་སོ། །འདིར་དྲངས་པ་དག་ནི་དྲངས་ཚུལ་མི་གཅིག་པ་དག་དམིགས་ཀྱིས་བསལ་ནས་དྲངས་པ་ལས་འགྲེལ་བྱེད་ཡོད་དོ་ཅོག་གི་ལུང་ཡོད་ཚད་དྲངས་པའི་ངལ་བ་མ་བསྟེན་ལ་འདི་དག་སློབ་དཔོན་ཕྱོགས་གླང་གི་ལུང་ཡིན་པ་ལ་ནི་མི་མཐུན་པ་མེད་ཅིང་།ངོས་འཛིན་ཚུལ་མ་འདྲ་བ་ནི་ལུང་ཁུངས་མ་འདྲ་བའི་གནད་ཀྱིས་ཏེ་ལ་ལས་རིགས་སྒོ་ནས་དྲངས་ཤིང་ཁ་ཅིག་རང་འགྲེལ་སོགས་སློབ་དཔོན་གྱི་བསྟན་བཅོས་གཞན་དག་ལས་དྲངས་པས་སོ། །འོ་ན་དེ་ལྟར་དྲངས་པ་ལ་འགལ་བ་ཡོད་དམ་ཞེ་ན།འགལ་བ་མེད་དེ།ཐལ་བ་འཕངས་པ་དེ་ལྟར་དུ་འདོད་ན་ཐལ་བ་ལ་གནོད་པའི་རིགས་པ་དང་སློབ་དཔོན་གྱི་ལུང་གང་རུང་ཞིག་གིས་གནོད་བྱེད་འཕངས་པ་སྟེ་དེ་ཉིད་དཔལ་ལྡན་ཆོས་གྲགས་ཀྱིས་གཙོ་བོ་རིགས་པས་སུན་ཕྱུང་ཞིང་འགྲེལ་བྱེད་ལ་ལས་ལུང་གི་ནང་འགལ་བསྟན་ནས་དགག་པ་ཡིན་ཏེ།རྗེ་བཙུན་རེད་མདའ་བས།དེ་དག་གི་རང་གི་སྡེ་པས་སློབ་དཔོན་དེ་ལྟར་བཞེད་པར་འདོད་པ་ལ་ལུང་གི་སྒོ་ནས་གནོད་བྱེད་བརྗོད་ནསཞེས་དང་།འུ་ཡུག་པ་རིགས་པའི་སེང་གེས།ཐལ་བ་འདི་འདོད་མི་རིགས་ཏེ་ལུང་རིགས་དང་འགལ་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ལགས་ལ་དེས་ན་རྣམ་འགྲེལ་རང་འགྲེལ་དང་རྒྱ་འགྲེལ་རྣམས་ཀྱིས་ལུང་རེ་རེ་བཞིན་ངོས་མ་བཟུང་ལ་ཕྱིས་ཀྱི་བོད་འགྲེལ་མང་ཆེ་བས་ལུང་གིས་ནང་འགལ་སྟོན་ཆེན་དུ་ལུང་ངོས་བཟུང་བས་ལུང་དང་ལུང་ཁུངས་མི་གཅིག་པའང་དེའི་གནད་ཀྱིས་སོ། །

༢ ཐལ་བ་ངོས་འཛིན་པ། ཐལ་བ་འཕེན་མཁན་ནི་དཔལ་ལྡན་ཆོས་ཀྱི་གྲགས་པ་ཡིན་ལ་དེ་ཡང་།རྣམ་འགྲེལ་རྩ་བར།འཁྲུལ་བ་ཅན་གྱི་གཉེན་པོར་ནི། །མི་མཐུན་ཆོས་བརྗོད་གང་ཡིན་པ། །གལ་ཏེ་མ་མཐོང་འབྲས་ཅན་དེ། །དེ་མ་སྨོས་ཀྱང་རྟོགས་པར་འགྱུར། །མེད་ཅེས་བྱ་བའི་ཚིག་གིས་ཀྱང་། ། དེ་མེད་ཁོ་ན་མིན་གལ་ཏེ། ། ཇི་ལྟར་མེད་རིགས་དེ་བརྗོད་ན། ། དེ་ཚེ་མེད་ཅེས་བྱ་བར་རྟོགས། ། ཞེས་པས་བསྟན་པའི་ཐལ་བ་དང་པོ་དང་། གལ་ཏེ་མ་མཐོང་བས་ལྡོག་འགྱུར། །ཅི་སྟེ་ལྷག་ལྡན་འཁྲུལ་ཅན་ཡིན། ། ཞེས་པས་ཐལ་བ་གཉིས་པ་དང་། ལྡོག་པ་ཅན་ཡང་གཏན་ཚིགས་འགྱུར། ། ཞེས་པས་ཐལ་བ་གསུམ་པ་དང་།མ་གྲུབ་སྦྱར་བ་བརྗོད་བྱ་མིན། །ཞེས་པས་ཐལ་བ་བཞི་བ།ཁྱད་པར་རྣམ་པར་གཅོད་པ་ཡིས། ། གཏན་ཚིགས་སུ་འགྱུར་མ་མཐོང་ཕྱིར། །ཚད་མ་གཞན་གྱིས་གནོད་ཅེ་ན། ། དེ་ནི་མ་མཐོང་ལས་མེད་མིན། ། དེ་བཞིན་དུ་ནི་གཞན་ལ་ཡང་། ། ཚད་མ་གཞན་གྱིས་གནོད་པ་སྲིད། ། ཅེས་པས་ལུང་འགལ་ལྔ་བ་དང་།མ་མཐོང་ཕྱིར་རེག་མཐོང་བ་ལ། ། མི་ལྡན་འཁྲུལ་བ་མེད་པ་ཅན། །ཞེས་པས་ཐལ་བ་དྲུག་པ་བསྟན་ལ་ཐལ་བ་དེ་དག་གི་མིང་འདོགས་སྟངས་མཁས་པ་སོ་སོ་མི་འདྲ་སྟེ། འུ་ཡུག་པའི་རིགས་མཛོད་ལས། ཆོས་མི་མཐུན་པ་སྨོས་པ་དོན་མེད་དུ་ཐལ་བ་དང་། ལྷག་ལྡན་འཁྲུལ་བ་མིན་པར་ཐལ་བ་དང་།ལྡོག་པ་ཅན་རྟགས་སུ་ཐལ་བ་དང་།ཐེ་ཚོམ་ཟ་བ་རྟགས་ཡིན་པ་མ་བཟློག་པར་ཐལ་བ་དང་།ཐུན་མོང་མ་ཡིན་པ་གཉིས་ཀ་འགོག་པའི་རྟགས་སུ་ཐལ་བ་དང་།མི་སྣང་བ་མ་དམིགས་པས་དགག་པ་འགོག་པ་རིགས་པར་ཐལ་བའོ། །ཞེས་དང་།མཁྱེན་རབ་ཆོས་ཀྱི་འོད་ཟེར་གྱི་རྣམ་འགྲེལ་མཆན་ལས།ལྡོག་ཁྱབ་བརྗོད་བྱ་མིན་པར་ཐལ་བ།ལྷག་ལྡན་འཁྲུལ་བ་མིན་པར་ཐལ་བ། སྲོག་ལྡན་གོ་བྱེད་ཡིན་པར་ཐལ་བ།ཐེ་ཚོམ་ཟ་བ་རྟགས་སུ་ཐལ་བ།མཉན་བྱས་གཉིས་ཀ་ཁེགས་པར་ཐལ་བ། རེག་པ་འགོག་པ་རིགས་པར་ཐལ་བོ། །ཞེས་དང་།ཐར་ལམ་གསལ་བྱེད་ལས།རིགས་སྒོའི་ངག་ཉམས་པར་ཐལ་བ།ལྷག་ལྡན་འཁྲུལ་བ་ཅན་དུ་གསུངས་པ་མི་འཐད་པར་ཐལ་བ། ལྡོག་པ་ཅན་ཙམ་དུ་བཤད་པ་རྟགས་སུ་ཐལ་བ། ལྡོག་པ་ལ་ཐེ་ཚོམ་ཟ་བ་རྟགས་ཡིན་པ་མ་ལོག་པར་ཐལ་བ།ཁྱད་པར་མཉན་བྱ་རྟགས་སུ་རིགས་པར་ཐལ་བ། སློབ་དཔོན་གྱིས་བྱེ་བྲག་པའི་སྦྱོར་བ་བཀག་པ་མི་རིགས་པར་ཐལ་བ།ཞེས་དང་། འཇུ་མི་ཕམ་པའི་འགྲེལ་བ་ལེགས་བཤད་སྣང་བའི་གཏེར་དུ།ཆོས་མི་མཐུན་པའི་སྦྱོར་ངག་སྨོས་པ་དོན་མེད་དུ་ཐལ་བ།ལྷག་ལྡན་ཀྱང་འཁྲུལ་བ་མེད་པར་ཐལ་བ།སྲོག་ལྡན་གོ་བྱེད་ཡིན་པར་ཐལ་བ། ལྡོག་ཁྱབ་ལ་ཐེ་ཚོམ་ཟ་བའང་རྟགས་སུ་ཐལ་བ།མཉན་བྱས་ཕྱོགས་གཉིས་ཁེགས་པར་ཐལ་བ། རེག་བྱ་འགོག་པ་རིགས་པ་ཐལ་བཞེས་གསུངས་པ་ལྟར་རོ། །འདིའི་ཐལ་བ་འཕེན་ཡུལ་ནི་གཙོ་བོ་སློབ་དཔོན་དབང་ཕྱུག་སྡེ་ཡིན་ཏེ་སྡེ་བདུན་རྒྱ་མཚོར་འཇུག་པའི་གྲུ་གཟིངས་ལས། སློབ་དཔོན་དབང་ཕྱུག་སྡེས།རྟགས་མཐུན་ཕྱོགས་ལ་མཐོང་ཙམ་གྱིས་རྗེས་ཁྱབ་དང་། མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པར་བཞེད་དེ། རྣམ་འགྲེལ་རང་འགྲེལ་ལས། དེ་ལྟར་ན་སློབ་དཔོན་ལ་མ་དམིགས་པ་མེད་པར་སྨྲ་བ་འགའ་ཞིག་གིས་ཀླན་ཀ་བཙལ་བ་ཡིན་ནོ་ཞེས་དང་། ཤཱཀྱ་བློའི་འགྲེལ་བཤད་ལས།སློབ་དཔོན་ལ་སློབ་དཔོན་གྱི་སློབ་མ་སློབ་དཔོན་གྱི་གཞུང་མངོན་པར་མི་ཤེས་པ་མ་དམིགས་པ་མེད་པར་སྨྲ་བ་འགའ་ཞིག་གིས་དེ་ལྟར་བཤད་མ་ཐག་པའི་འཐད་པ་དག་གིས་ཀླན་ཀ་བཙལ་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར། སློབ་དཔོན་དབང་ཕྱུག་སྡེས། རྟགས་མཐུན་ཕྱོགས་ལ་མཐོང་ཙམ་གྱིས་རྗེས་ཁྱབ་དང་།མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་འགྲུབ་པར་བཞེད་པ་ན་ལུང་འགལ་དྲུག་གི་སྒོ་ནས་བཀག་པསཞེས་བཤད་པས་སོ། །

གསུམ་པ། ལུང་འགལ་ཐལ་བ་དྲུག་འཕེན་ཚུལ་དང་འཕངས་པའི་དགོས་པ།

སྤྱིར་ཐལ་འགྱུར་ཞེས་པ་ནི་རྟགས་དང་ཁྱབ་པ་ཕ་རོལ་བོའི་བློ་ངོར་གྲུབ་ཅིང་དམ་བཅའ་ལ་བསལ་བ་འབབ་པའི་རྟགས་སྟོན་པའི་ངགཅིག་ལ་ཟེར་ཞིང་དེ་ཡང་འདོད་པ་རྟགས་སུ་བཀོད་ནས་མི་འདོད་པ་ཐལ་བར་འཕེན་པ་ཞིག་ཡིན་ལ་འདིར་ཡང་སྔ་རྒོལ་སློབ་དཔོན་ཆོས་གྲགས་ཀྱིས་ཕྱི་རྒོལ་སློབ་དཔོན་དབང་ཕྱུག་སྡེ་ལ་རྟགས་མཐུན་ཕྱོགས་ལ་མཐོང་ཙམ་གྱིས་རྗེས་ཁྱབ་དང་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པ་སློབ་དཔོན་ཕྱོགས་གླང་གི་བཞེད་པར་འདོད་ན།འགལ་རྟགས་དང་འཁྲུལ་བ་ཅན་མ་ངེས་པའི་རྟགས་ཀྱི་གཉེན་པོར་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་དང་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་བརྗོད་དགོས་པ་རིགས་སྒོར་གསུངས་པ་མི་རིགས་པར་ཐལ།རྟགས་མཐུན་ཕྱོགས་ལ་མཐོང་ཙམ་གྱིས་རྗེས་ཁྱབ་དང་།མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་ཁྱབ་གྲུབ་པའི་ཕྱིར།ཞེས་དང་།ཤིང་ཕུང་གཅིག་ལས་སྐྱེས་པའི་ཤིང་ཏོག་ལྷག་མ་རྣམས་ཆོས་ཅན།རོ་མངར་དང་ལྡན་ཏེ།སྔར་ཟོས་པའི་ཤིང་ཏོག་དང་གཟུགས་མཚུངས་པ་དང་།ཤིང་ཕུང་གཅིག་ལས་སྐྱེས་པའི་ཕྱིར།སྔར་ཟོས་པའི་ཤིང་ཏོག་བཞིན་ཞེས་པའི་རྟགས་ལྷག་ལྡན་འཁྲུལ་བ་ཅན་དུ་གསུངས་པ་མི་རིགས་པར་ཐལ།རྟགས་མཐུན་ཕྱོགས་ལ་མཐོང་ཙམ་གྱིས་རྗེས་ཁྱབ་དང་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པའི་ཕྱིར།ཞེས་དང་།མ་མཐོང་བ་ཙམ་ལ་ལྡོག་པ་ཅན་དུ་བཏགས་པའི་སྲོག་ལྡན་ཡང་ཆོས་ཅན།གསོན་ལུས་བདག་བཅས་སུ་བསྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ།དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པའི་ཕྱིར།ཞེས་དང་།ལྡོག་ཁྱབ་ལ་ཐེ་ཚོམ་ཟ་བའི་རྟགས་སོགས་རྟགས་ལྟར་སྣང་དུ་བརྗོད་པ་མ་ཡིན་པར་ཐལ།རྟགས་མཐུན་ཕྱོགས་ལ་མཐོང་ཙམ་གྱིས་རྗེས་ཁྱབ་དང་།མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པའི་ཕྱིར།ཞེས་དང་།མཉན་བྱ་ཆོས་ཅན།སྒྲ་ལ་རྟག་པ་དང་མི་རྟག་པ་གཉིས་ཀ་རྣམ་པར་གཅོད་པའི་གཏན་ཚིགས་ཡང་དག་ཡིན་པར་ཐལ།དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པའི་ཕྱིར།ཞེས་དང་།མཐོང་བའི་རྫས་ས་ཆུ་མེ་གསུམ་ལ་ཆོས་ཅན།གྲང་མིན་དྲོ་མིན་གྱི་རེག་བྱ་བཏང་སྙོམས་པ་མི་ལྡན་ཏེ། གྲང་མིན་དྲོ་མིན་གྱི་རེག་བྱ་མ་མཐོང་བའི་ཕྱིར་ཞེས་པའི་རྟགས་དེའི་ལྡོག་ཁྱབ་གྲུབ་པར་ཐལ།རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་ཡོད་པའི་ཕྱིར།ཞེས་པའི་རྟགས་རེ་རེ་བཞིན་བཀོད་ནས་རྟགས་དང་ཁྱབ་པ་ཁས་བླངས་ཀྱིས་གྲུབ་ནས་དམ་བཅའ་ལ་ཚད་མས་བསལ་བ་འབབ་ཞིང་འདོད་ན་སློབ་དཔོན་རང་གི་ལུང་དང་འགལ་བར་འགྱུར་རོ་ཞེས་ཐལ་བ་འཕངས་པའི་སྒོ་ནས་རྟགས་ཡང་དག་གི་མཚན་ཉིད་ལ་ལོག་རྟོག་བསལ་ཏེ་ཚུལ་གསུམ་ཚང་བ་རྟགས་ཡང་དག་གི་མཚན་ཉིད་དུ་རྟོགས་པར་འགྱུར་བ་ནི་ཐལ་འགྱུར་འདི་དག་གི་དགོས་པའོ། །

མཇུག་གི་གཏམ།

མདོར་ན་ལུང་འགལ་ཐལ་བ་དྲུག་ཞེས་པ་ནི་ཚད་མ་རྣམ་འགྲེལ་གྱི་ལེའུ་དང་པོ་རང་དོན་རྗེས་དཔག་གི་ལེའུའི་ནང་གསེས་ལྡོག་ཁྱབ་ངེས་པར་རྟགས་ཆོས་མེད་ན་མི་འབྱུང་བའི་འབྲེལ་བ་ངེས་པ་ལ་བལྟོས་མི་དགོས་པར་འདོད་པའི་འདོད་པ་དགག་པ་ལས་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པ་སློབ་དཔོན་གྱི་ལུགས་ཡིན་པར་འདོད་པའི་རང་སྡེ་དབང་ཕྱུག་སྡེ་ལ་ཐལ་བ་མི་འདྲ་བ་དྲུག་འཕངས་སྟེ་ཐལ་བ་འཕངས་པ་དེ་དག་འདོད་ན་སློབ་དཔོན་གྱི་ལུང་དང་འགལ་བར་འགྱུར་ཞེས་གནོད་བྱེད་བསྟན་པ་དེ་ཉིད་ཀྱི་སྐོར་ནས་ཚད་མ་རྣམ་འགྲེལ་གྱི་འགྲེལ་བྱེད་མང་བོ་ལ་ཁུངས་གཏུགས་ཏེ་ལུང་རིགས་གཉིས་ཀྱི་སྒོ་ནས་ཐལ་བའི་གོ་དོན་དང་ལུང་གི་ངོས་འཛིན།ཐལ་བ་འཕེན་ཚུལ་དང་འཕངས་པའི་དགོས་པ་བཅས་ལ་རང་བློས་ལྕོགས་ཚོད་ཀྱིས་དཔྱད་ཁུལ་བྱས་པ་འདི་ལ་ནོངས་པ་ཅི་མཆིས་མཐོལ་ཞིང་འཆགས་ལ་དགེ་རྩ་ཅི་ཡོད་ཚད་མ་རིག་པ་འཕེལ་བའི་རྒྱུ་རུ་བསྔོས་པའོ། །

 ཚེ་དབང་།སྡེ་བདུན་རྒྱ་མཚོར་འཇུག་པའི་གྲུ་གཟིངས།ལན་གྲུ་ཞིན་ཧྭ་དཔེ་སྐྲུན་ཁང་།༢༠༠༥ལོའི་ཟླ༩བར་དཔར།ཤོག་ངོས༤༣དུ་གསལ།

 རྗེ་དགེ་འདུན་གྲུབ།ཚད་མ་རིགས་རྒྱན།སེར་གཙུག་དཔེ་རྙིང་འཚོལ་སྡུད་ཕྱོགས་སྒྲིག་ཁང་།ཤོག་ངོས༢༩༧དུ་གསལ།

རྩོམ་སྒྲིག་པ།  བྱང་ཆུབ་རྒྱ་མཚོ།

བརྒྱུད་འགོད།
0