རིགས་པ་བཞིའི་རྣམ་གཞག་ལས་གཏན་ཚིགས་གྲུབ་པའི་རིགས་པའི་དགོངས་དོན་གླེང་བ། -------《བཀའ་ཡང་དག་པའི་ཚད་མ་

སྤེལ་དུས།  2017-12-16   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  མགོན་པོ་ཚེ་རིང་།   ཀློག་གྲངས།  

ནང་དོན་གནད་བསྡུས།རྩོམ་ཡིག་འདིར་རིགས་པ་བཞིའི་ཡ་གྱལ་གཏན་ཚིགས་གྲུབ་པའི་རིགས་པའི་དོན་བརྗོད་པར། 《བཀའ་ཡང་དག་པའི་ཚད་མ།》གཞིར་བཟུང་ཞིང་། 《འཕགས་པ་དགོངས་པ་ངེས་འགྲེལ་གྱི་མདོ།》དང་《ཉན་ས།》 《མངོན་པ་ཀུན་བཏུས།》 《བྱང་ཆུབ་ལམ་རིམ་ཆེན་མོ།》བཅས་གཤིབ་བསྡུར་གྱི་རྣམ་པའི་ཐོག་ནས་བཀོད་པ་དང་སྦྲགས། བསྡུས་གཞུང་ཁག་ནས་བསྟན་པའི་རྒོལ་ཕྱི་རྒོལ་དཔང་པོ་གསུམ་དང་ལན་འདེབས་ཚུལ་གྱི་རྣམ་གཞག་དང་འབྲེལ་ཏེ་མདོ་ཙམ་གླེང་ཡོད།

བརྡ་ཆད་གཙོ་བོ།རིགས་པ་བཞི། གཏན་ཚིགས་གྲུབ་པའི་རིགས་པ། བཀའ་ཡང་དག་པའི་ཚད་མ།

གླེང་གཞི།

དེ་ཡང་རྗེ་བདག་ཉིད་ཆེན་པོས། “ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས། །ཉིན་དང་མཚན་དུ་ཚུལ་བཞིན་རབ་བརྟགས་ནས། །བསམ་བྱའི་གནས་ལ་བསལ་ལས་བྱུང་བ་ཡི། །རྣམ་དཔྱོད་བློ་ཡིས་ཐེ་ཚོམ་ཆོད་པར་ཤོག །”ཅེས་གསུངས་པ་ལྟར། ཆོས་དང་འཇིག་རྟེན་གང་གི་ཆ་ནས་བརྗོད་ཀྱང་རྣམ་དཔྱོད་ཀྱི་ཤེས་རབ་ནི་ཉེ་བར་མཁོ་བ་ཞིག་ཡིན་ཞིང་། རྣམ་དཔྱོད་ཀྱི་རྩལ་སྟོན་པའི་ཐབས་ཇི་ཉིད་ཅིག་ཡོད་པ་ལས་འདིར་ནང་པའི་གཞུང་ཁག་ནས་བསྟན་པའི་ཐབས་བྱེད་བྲག་པ་རིགས་པ་བཞི་ནི་སྤྱིར་ཤེས་བྱ་ཐམས་ཅད་དང་། སྒོས་སུ་རྒྱལ་བའི་བཀའ་རིན་པོ་ཆེ་ཉམས་ལེན་གྱི་ཐབས་རྨད་དུ་བྱུང་བ་ཞིག་ཡིན་པ་ནི། ཀུན་མཁྱེན་འཇམ་དབྱངས་བཞད་པས། “དྲང་ངེས་རྟོན་རིགས་དགོངས་ལྡེམ་བཞི་བཞི་འབྱེད།”ཅེས་སངས་རྒྱས་ཀྱི་གསུང་རབ་ལ་ཚིག་དོན་གཉིས་ཀྱི་ཆ་ནས་དྲང་ངེས་ཁྱད་པར་འབྱེད་དགོས་ཤིང་དྲང་ངེས་ཀྱི་རྣམ་གཞག་ཀྱང་རྟོན་པ་བཞི་དང་རིགས་པ་བཞིི་སོགས་ཀྱི་ལམ་ནས་ཡང་དག་པར་གཏན་ལ་འབེབས་དགོས་པར་གསུངས། རིགས་པ་བཞི་ཆེས་ཐོག་མར་སྟོན་པའི་གཞུང་ནི་《འཕགས་པ་དགོངས་པ་ངེས་འགྲེལ་གྱི་མདོ》ཡིན་ཞིང་། དེ་ཉིད་ལས། “རིགས་པ་བཞི་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པ་སྒྲུབ་པའི་རིགས་པ་དང། ཆོས་ཉིད་ཀྱི་རིགས་པའོ། དེ་ལ་ལྟོས་པའི་རིགས་པ་ནི་འདུ་བྱེད་རྣམས་འབྱུང་བ་དང་། རྗེས་སུ་ཐད་སྙད་གདགས་པའི་རྒྱུ་གང་དག་ཡིན་པ་དང་། རྐྱེན་གང་དག་ཡིན་པ། དེ་ནི་ལྟོས་པའི་རིགས་པ་ཡིན་ནོ། །ཆོས་རྣམས་འཐོབ་པའམ། འགྲུབ་པའམ། སྐྱེས་པ་རྣམས་ལས་བྱེད་པར་འགྱུར་བའི་རྒྱུ་གང་དག་ཡིན་པ་དང་། རྐྱེན་གང་དག་ཡིན་པ་དེ་ནི་བྱ་བ་བྱེད་པའི་རིགས་པ་ཡིན་ནོ། སོ་སོ་ཤེས་པ་དང་། བཤད་པ་དང་། སྨྲས་པའི་དོན་སྒྲུབ་པ་དང་། ལེགས་པར་ཁོང་དུ་ཆུད་པར་བྱ་བའི་རྒྱུ་གང་དག་ཡིན་པ་དང་། རྐྱེན་གང་དག་ཡིན་པ་དེ་ནི་བྱ་བ་བྱེད་པའི་རིགས་པ་ཡིན་ནོ། སོ་སོ་ཤེས་པ་དང་། བཤད་པ་དང་། སྨྲས་པའི་དོན་སྒྲུབ་པ་དང་། ལེགས་པར་ཁོང་དུ་ཆུད་པའི་བྱ་བའི་རྒྱུ་གང་དག་ཡིན་པ་དང་། རྐྱེན་གང་དག་ཡིན་པ་དེ་ནི་འཐད་པས་སྒྲུབ་པའི་རིགས་པ་ཡིན་ནོ། དེ་ལ་དེ་བཞིན་གཤེགས་པ་བྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ། ཆོས་གནས་པར་བྱ་བའི་ཕྱིར་ཆོས་ཉིད་དབྱིངས་གནས་པ་ཉིད་གང་ཡིན་པ་དེ་ནི་ཆོས་ཉིད་ཀྱི་རིགས་པ་ཡིན་ནོ། །”ཞེས་འབྱུང་། །

བོད་རང་གི་མཁས་པའི་ཁྲོད་རིགས་པ་བཞིའི་དགོངས་དོན་ཐོག་མར་གླེང་མཁན་ནི་བོད་རྒྱལ་སོ་བརྒྱད་པ་ཆོས་རྗེ་ཁྲི་སྲོང་ལྡེ་བཙན་ཡིན་ཞིང་། ཁོང་ཉིད་ཀྱིས་མཛད་པའི《བཀའ་ཡང་དག་པའི་ཚད་མ》ཞེས་པའི་བསྟན་བཅོས་ནང་རིགས་པ་བཞིའི་རྣམ་གཞག་དཔེ་གཞི་དང་སྦྲགས་ནས་ཞིབ་ཕྲའི་རྒྱས་བཤད་མཛད་ཅིང་། ཕྱིས་སུ་ས་དགེ་རྙིང་གསུམ་རིས་སུ་མ་ཕྱེ་བར་ཆོས་བརྒྱུད་དག་གི་བསྟན་བཅོས་རྣམ་དག་རྣམས་སུ་རིགས་པ་བཞིའི་དགོངས་དོན་དངོས་ཤུགས་ཅི་རིགས་ཀྱིས་གླེང་ཡོད་པ་ཡིན། །

དེ་ཡང་རིགས་པ་བཞི་ལས་གཏན་ཚིགས་གྲུབ་པའི་རིགས་པ་ཞེས་ལོགས་སུ་བཀར་ནས་གླེང་དོན་ནི་《བཀའ་ཡང་དག་པའི་ཚད་མ》ལས། “གཏན་ཚིགས་སྒྲུབ་པའི་རིགས་པ་ཞེས་བྱ་བ་ནི་ཀུན་དུ་འགྲོ་བ་ཡིན་ཏེ། གང་དང་གང་བསྒྲུབ་པའི་ཚད་མའི་མཚན་ཉིད་བསྟན་པའོ། །”ཞེས་ལྟོས་པའི་རིགས་པ་དང་བྱ་བ་བྱེད་པའི་རིགས་པ། ཆོས་ཉིད་རིགས་པ་བཅས་ཀུན་ལ་ཐུན་མོང་དུ་འགྲོ་ཞིང་། རང་གི་ལྟ་བ་ཡང་དག་པའམ་ཚད་མར་སྒྲུབ་པའི་སྒྲུབ་བྱེད་དམ་རྒྱུ་མཚན་བཀོད་པའི་ཐབས་སམ་རིགས་ལམ་ཞིག་ཡིན་པའི་ཆ་ནས་དེའི་དོན་མདོ་ཙམ་གླེང་བར་བྱ་བའོ། །

གཅིག  གཏན་ཚིགས་སྒྲུབ་པའི་རིགས་པ་སྤྱིར་བཤད་པ།


འཕགས་པ་དགོངས་པ་ངེས་འགྲེལ་ལས་སྟོན་ཚུལ།

ཉན་ས་ལས་སྟོན་ཚུལ།

བཀའ་ཡང་དག་པའི་ཚད་མ་ལས་སྟོན་ཚུལ།

ལམ་རིམ་ཆེན་མོ་དང་མངོན་པ་ཀུན་བཏུས་ལས་སྟོན་ཚུལ།

མཚན་ཉིད།

“སོ་སོ་ཤེས་པ་དང་། བཤད་པ་དང་། སྨྲས་པའི་དོན་སྒྲུབ་པ་དང་། ལེགས་པར་ཁོང་དུ་ཆུང་པར་བྱ་བའི་རྒྱུ་གང་དག་ཡིན་པ་དང་། རྐྱེན་གང་དག་ཡིན་པ་དེ་ནི་འཐད་པས་སྒྲུབ་པའི་རིགས་པ་ཡིན་ནོ། །”

“ཕུང་པོ་རྣམས་མི་རྟག་པ་ཉིད་དམ། རྟེན་ཅིང་འབྲེལ་བར་བྱུང་བ་ཉིད་དམ། སྡུག་བསྔལ་ཉིད་དམ། སྟོང་པ་ཉིད་དམ། བདག་མེད་པ་ཉིད་དུ་རྣམ་པར་འཇོག་པར་བྱེད་ཅིང་། སྒྲུབ་པར་བྱེད་པ་ཡིན་ཏེ། དེའི་འཐད་པ་སྒྲུབ་པའི་རིགས་པ་ཞེས་བྱའོ། །”

“གཏན་ཚིགས་སྒྲུབ་པའི་རིགས་པའི་མཚན་ཉིད་ལ་དམ་བཅས་ཤིང་བསྟན་ཏེ།སྨྲས་པའི་དོན་སྒྲུབ་པ་དང་ཡང་དག་པར་ཤེས་པར་བྱ་བའི་ཕྱིར་རྒྱུར་གྱུར་པ་དང་རྐྱེན་དུ་གྱུར་བ་དེ་དག་ནི་གཏན་ཚིགས་སྒྲུབ་པའི་རིགས་པ་ཞེས་གསུངས་པ་བཤད་དོ། །”

“འཐད་པས་སྒྲུབ་པའི་རིགས་པ་ནི་ཚད་མ་དང་མི་འགལ་བར་དོན་སྒྲུབ་པའོ། །” “གཏན་ཚིགས་བསྒྲུབ་པའི་རིགས་པ་གང་ཞེ་ན། གང་བསྒྲུབ་པའི་དོན་ཚད་མ་དང་མི་འགལ་བར་སྟོན་པའོ། །”

དབྱེ་བ།

“དེ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ།  ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པའོ། །”

མཚན་ཉིད་ལས་ལོགས་སུ་མ་གསུངས།

“གཏན་ཚིགས་སྒྲུབ་པའི་རིགས་པ་དེ་ཡང་རྣམ་པ་གཉིས་ཏེ། ཡོངས་སུ་དག་པ་དང་མ་དག་པའོ།”

“འདི་ཡང་། ཅི་འདི་ལ་མངོན་སུམ་དང་རྗེས་དཔག་དང་ཡིད་ཆེས་པའི་ལུང་གི་ཚད་མ་གསུམ་པོ་ཡོད་དོ།”

 གོང་གི་གཞུང་དག་ལས།  གཏན་ཚིགས་སྒྲུབ་པའི་རིགས་པའམ་འཐད་པ་སྒྲུབ་པའི་རིགས་པ་ཞེས་ཐ་སྙད་ཐ་དད་པ་གཉིས་འབྱུང་ཞིང་། 《འཕགས་པ་དགོངས་པ་ངེས་འགྲེལ》དང་《ཉན་ས》《ལམ་རིམ་ཆེན་མོ》སོགས་མཐུན་པར་འཐད་པ་སྒྲུབ་པའི་རིགས་པ་ཞེས་གསུངས་ལ། 《མངོན་པ་ཀུན་བཏུས》དང་《བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ》གཉིས་མཐུན་པར་གཏན་ཚིགས་སྒྲུབ་པའི་རིགས་པ་ཞེས་གསུངས།  འོན་ཀྱང་མཚན་ཉིད་ལ་མཚོན་ན་《བཀའ་ཡང་དག་པའི་ཚད་མའི》ཁུངས་《འཕགས་པ་དགོངས་པ་ངེས་འགྲེལ》ལ་གཏུགས་པས་གཞུང་འདི་གཉིས་ཀྱི་ཚིག་ཟིན་མཐུན་ལ།  《མངོན་པ་ཀུན་བཏུས》དང་《ལམ་རིམ་ཆེན་མོ》གཉིས་ཀྱི་ཚིག་ཟིན་མཐུན་པ་ལྟར་ན།  བཀའ་ཡང་དག་པའི་ཚད་མ་ལས་བསྟན་པའི་མཚན་ཉིད་འདི་གཏན་ཚིགས་སྒྲུབ་པའི་རིགས་པ་དང་འཐད་པ་སྒྲུབ་པའི་རིགས་པ་གཉིས་ཀའི་མཚན་ཉིད་དུ་འོས་པས་ན་གཏན་ཚིགས་སྒྲུབ་པའི་རིགས་པ་དང་འཐད་པ་སྒྲུབ་པའི་རིགས་པ་གཉིས་ཚིག་ཐ་དད་ཙམ་ལས་དོན་ལ་ཐ་དད་དུ་མེད་པར་སྣང་ངོ་། ། གཤམ་ནས་འཐད་པ་སྒྲུབ་པའི་རིགས་པ་དང་གཏན་ཚིགས་སྒྲུབ་པའི་རིགས་པ་གཉིས་དོན་གཅིག་གི་ཐོག་ནས་གཏན་ཚིགས་སྒྲུབ་པའི་རིགས་པ་གཅིག་པུའི་ཆ་ནས་མཚོན་པར་བྱའོ། །

“སྤྱིར་རྟགས་དང་རྒྱུ་མཚན། གཏན་ཚིགས་གསུམ་དོན་གཅིག”ཅེས་ཀློང་རྡོལ་བླ་མ་རིན་པོ་ཆེས་གསུངས་ཤིང་། འདིར་ཡང་གཏན་ཚིགས་སྒྲུབ་པའི་རིགས་པའི་དོན་ནི་《བཀའ་ཡང་དག་པའི་ཚད་མ》ལས། “གཏན་ཚིགས་སྒྲུབ་པའི་རིགས་པ་ཞེས་བྱ་བ་ནི་ཀུན་དུ་འགྲོ་བ་ཡིན་ཏེ། གང་དང་གང་བསྒྲུབ་པའི་ཚད་མའི་མཚན་ཉིད་བསྟན་པའོ། །”ཞེས་གོང་དུ་བརྗོད་པའི་ལྟོས་པའི་རིགས་པ་དང་བྱ་བ་བྱེད་པའི་རིགས་པ། ཆོས་ཉིད་རིགས་པ་བཅས་ཀུན་ལ་ཐུན་མོང་དུ་འགྲོ་ཞིང་། རང་གི་ལྟ་བ་གང་དང་གང་ཡང་དག་པའམ་ཚད་མར་སྒྲུབ་པའི་སྒྲུབ་བྱེད་དམ་རྒྱུ་མཚན་བཀོད་པའི་ཐབས་སམ་རིགས་ལམ་ཞིག་ཏུ་གོ་དགོས་པར་སྣང་སྟེ། །《མངོན་པ་ཀུན་བཏུས་》ལས“གཏན་ཚིགས་བསྒྲུབ་པའི་རིགས་པ་གང་ཞེ་ན། གང་བསྒྲུབ་པའི་དོན་ཚད་མ་དང་མི་འགལ་བར་སྟོན་པའོ། །”ཞེས་གསུངས་པས་གསལ་ལོ། །

དེ་ལྟར་གཏན་ཚིགས་བཀོད་པའི་རྣམ་གཞག་ལ། གཏན་ཚིགས་བཀོད་པའི་གང་ཟག་དང་། གཏན་ཚིགས་བཀོད་པའི་དུས།  གཏན་ཚིགས་བཀོད་པའི་གནས། གཏན་ཚིགས་བཀོད་པའི་ཚུལ། གཏན་ཚིགས་བཀོད་པའི་འབས་བུ་བཅས་སུ་བསྟན་ཏེ། དང་པོ་གཏན་ཚིགས་བཀོད་པའི་གང་ཟག་ལ། 《བཀའ་ཡང་དག་པའི་ཚད་མ》ལས། ཡོན་ཡོད་པ་དང་། ཁྲིན་ཅན་དང་། བར་མ་དོ་བ་གསུམ་གསུངས་ཤིང་། དེ་དག་གི་མཚན་ཉིད་རྒྱས་པར་འོག་ཏུ་བརྗོད་པར་བྱའོ། གཉིས་པ་གཏན་ཚིགས་བཀོད་པའི་དུས་ནི། དེ་ཉིད་ལས།  “ཕས་དྲི་བ་ལ་ལན་གདབ་པ་ཡིན་ཏེ།”ཞེས་ཕ་རོལ་པོ་ཤེས་འདོད་དང་བཅས་ཤིང་ཀུན་སློང་རྣམ་དག་ཡིན་པའི་སྐབས་ལས་གཞན་ཤེས་འདོད་མེད་ཅིང་གཏན་ཚིགས་བཀོད་པ་པོ་རང་ཉིད་གང་འདོད་དུ་བཀོད་པ་ཡིན་དུས་མ་ཡིན་པར་བསྟན་ཏོ། །  གཏན་ཚིགས་བཀོད་པའི་གནས་དང་གཏན་ཚིགས་བཀོད་པའི་ཚུལ་ལ་དེ་ལས། “ཇི་ལྟར་རྩོད་པའི་ཚུལ་ནི། ཁོང་དུ་མ་ཆུད་པ་རྣམས་ལ་ཁོང་དུ་གཞུག་པ་ཡིན་ཏེ། གཏན་ལ་ཕབ་པའི་ཡན་ལག་རྣམ་པ་བདུན་དང་ལྡན་པར་བསྟན་པའོ། །བདུན་གང་ཞེ་ན། གླེང་བསླང་བ་དང་། མཐུན་པ་དང་། མི་མཐུན་པའམ། འགལ་བ་དང་གྲུབ་པའི་མཐའ་རྫོགས་པར་བྱ་བ་དང་། མཚན་ཉིད་གསུམ་གྱི་དོན་དང་འདྲ་བ་དང་། ལུང་བསྟན་པ་དང་། རྟགས་ཡོད་པའོ་ཞེས་ཡན་ལག་བདུན་གྱི་སྒོ་ནས་བསྟན་ཏོ། །

གཏན་ཚིགས་བཀོད་པའི་གནས་ནི་གླེང་བསླང་བ་དང་མཐུན་པ་དང་མི་མཐུན་པ། གྲུབ་པའི་མཐའ་རྫོགས་པ་སྟེ། གླེང་བསླང་བ་ནི་དེ་ཉིད་ལས། གླེང་བསླང་བ་ནི་ཕབ་མི་འདྲི་བ་ཡང་ཚུར་བསྐུལ་བ་ཡིན་ཏེ།  ཕ་རོལ་གྱི་ཚུར་རྟོགས་ནས་ཉན་ཐོས་ཀྱི་ཐེག་པའམ། ཐེག་པ་ཆེན་པོ་ཕྱོགས་གང་འོས་པ་ཞིག་ལས་གླེང་བའི་གཞི་བཅའོ་བའོ། །མཐུན་པ་དང་མི་མཐུན་པ་གང་ཞེ་ན། གང་ལས་གླེང་བསླང་བའི་གཞིར་བཅས་པ་དེ་དང་མུ་སྟེག་ཅན་གང་ལ་བསྟན་པ་དེའི་གཙུག་ལག་ཏུ་མཐུན་པར་བསྒྲུབ་པའི་མཐའ་འགྲོ་བ་ལས་འབྱུང་བ་བཞིན་དུ་བསྟན་པའམ། གཞན་དུ་ཆོས་བཟང་ངན་གྱི་ཁྱད་ཞུགས་པ་དང་། རྒྱ་ཆེ་ཆུང་མི་འདྲ་བར་བསྟན་པ་ཡིན་ཏེ། གྲུབ་པའི་མཐའ་རྫོགས་པ་གང་ཞེ་ན། སོ་སོའི་ཕྱོགས་བཟུང་སྟེ། ཡང་དག་པ་གང་ཡིན་པའི་ཡུལ་བསྟོད་ན་གྲུབ་པའི་མཐའ་ཕྱོགས་འགའ་ཙམ་གྱིས་མི་བརྩད་པར་གཙུག་ལག་འབྱུང་བའི་མདོ་ཆེ་གེ་ཐོག་ཐག་ཏུ་སྐྲུན་ཏེ། བརྩད་ཀྱི་རོ་སྙིས་དྲག་གམ། སྨྲ་བདེ་མི་བདེའམ། ཚིག་དོན་མི་དོར་ཙམ་གྱི་ཡུས་སུ་མི་འབྱུང་ངོ་། །མཚན་ཉིད་གསུམ་གྱི་དོན་དང་ལྡན་པ་གང་ཞེ་ན། ཀུན་བཏགས་པ་དང་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའོ། །”ཞེས་གསུངས་པ་ལྟར། ཐོག་མར་ཕ་རོལ་གྱིས་དྲིས་པའི་དོན་ལ་གཞི་བྱེད་དགོས་པ་དང་གཅིག  གཉིས་ནས། གཞི་དེ་རང་གི་དོན་ལ་གཏན་ཚིགས་བཀོད་པ་ལས་འབྲེལ་མེད་དོན་གཞན་བཀོད་མི་ཉན་དང་གཉིས། གསུམ་ནས། བཀོད་པའི་དོན་འདི་ཡང་རང་སྣང་གང་འདོད་ལྟར་བརྗོད་པ་མིན་པར་ཁུངས་རྣམ་དག་ཡོད་དགོས་པ། དཔེར་ན། གཙུག་ལག་འབྱུང་བའི་མདོ་ཆེ་གེ་ཐོག་ཐག་ཏུ་སྐྲུན་ཏེ། ཞེས་པ་དང་། ཁུངས་གཏུག་ཡུལ་གྱི་བསྟན་བཅོས་འདི་ཡང་མཚན་ཉིད་གསུམ་གྱི་རྣམ་གཞག་ཡང་དག་པར་བསྟན་པ་ཞིག་ཡིན་དགོས་པ་རྣམས་ནི་གཏན་ཚིགས་བཀོད་པའི་གནས་སུ་སེམས་ལ། གཏན་ཚིགས་བཀོད་པའི་ཚུལ་ཇི་ལྟ་བུའི་སྒོ་ནས་བཀོད་ཅེ་ན།  ལུང་བསྟན་པ་དང་རྟགས་ཡོད་པའོ་ཞེས་གཉིས་ཀྱི་བསྟན་ཅིང་། དེ་ཡང་དེ་ཉིད་ལས“ལུང་བསྟན་པ་གང་ཞེ་ན། ཕས་དྲི་བ་ལ་ལན་གདབ་པ་ཡིན་ཏེ། མགོ་གཅིག་ཏུ་ལུང་བསྟན་པ་དང་། རྣམ་པར་ཕྱེ་སྟེ་ལུང་བསྟན་པ་དང་། ཕྱིར་དྲི་བ་དང་མི་བསྟན་པ་དང་བཞིའོ། །”ཞེས་བསྟན་པ་ལྟར་དང་། རྟགས་ཡོད་པ་གང་ཞེ་ན། དེ་ཉིད་ལས། “དེ་ལྟ་བས་ན་དངོས་པོ་མེད་པ་ལས་ཡོད་པར་འཛིན་པར་བཟློག་པར་བྱ་ན་ཡང་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དོ་ཞེས་མི་བྱ་བར་ཡོད་པར་འདོད་པ་དེ་རྐྱེན་གང་ལས་གྱུར་པའི་དངོས་པོ་གཞན་ཡོད་པར་བསྒྲུབས་ལ་དེའི་གཏན་ཚིགས་ཀྱིས་བསྟན་ཏོ། །”ཞེས་གཏན་ཚིགས་བཀོད་པའི་དུས་སུ། སྐབས་བབས་ཀྱི་རྒོལ་བར་དམིགས་ནས་ལན་འདེབས་ཚུལ་ལམ་གཏན་ཚིགས་བཀོད་སྟངས་མི་འདྲ་མགོ་གཅིག་པ་དང་། རྣམ་པར་ཕྱེ་བ་སོགས་གོང་དུ་ཞུས་པ་ལས་གསལ་ལོ། །གཏན་ཚིགས་བཀོད་པའི་འབྲས་བུར་དེ་ཉིད་ལས། “འབྲས་བུ་གང་ཞེ་ན། གང་གིས་ཡུལ་གཟུགས་འཁྲ་བར་བྱ་བ་ཡིན་ཏེ། ཇི་ལྟར་དམ་བཅས་མ་གྲུབ་ན་ཕ་ལོགས་ཀྱི་སྐྱབས་སུ་འགྲོ་བ་དང་། དེའི་བསྟན་པ་ལ་རབ་ཏུ་འབྱུང་ཞིང་ཚུལ་ཁྲིམས་བསྲུང་བ་དང་། བསམ་གཏན་ལ་མཉམ་པར་བཞག་པ་དང་ཤེས་རབ་སྒོམ་པའོ། འདི་ལྟ་བུ་ལ་སོགས་པ་སེམས་ཅན་གྱི་དོན་དུ་འགྱུར་བས་ཡལ་གཟུགས་འཁྲ་བར་བྱའི་ལྷ་ཁང་གཞིག་པ་དང་ཡུལ་གྲུ་དབྲོག་པ་དང་སྲོག་གི་བར་ཆད་དང་། ལུས་ཀྱི་སྡུག་བསྔལ་དུ་འགྱུར་བ་ལ་སོགས་པ་སྡིག་ཏོ་མི་དགེ་བའི་ཡལ་གཟུགས་མི་བཅའོ། ། ”ཞེས་དང་། “དེ་ལྟ་བས་ན་མཚན་ཉིད་ཀྱི་ཡོན་ཏན་དང་བྱེ་བྲག་ཤེས་པ་ནི་བདག་ཀྱང་ཡང་དག་པའི་ལྟ་བ་ལ་གནས་ཤིང་གཞན་ཡང་ཡང་དག་པའི་ལྟ་བ་ལ་འཇོག་སྟེ། སྡིག་པའི་གྲོགས་པོའི་ལག་ཏུ་མི་ལྟུང་བ་ཤེས་བཞིན་དུ་སྤྱོད་དོ། །”ཞེས་པ་ནི་གཏན་ཚིགས་བཀོད་པའི་དམིགས་ཡུལ་ལམ་འབྲས་བུའོ། །

 དེར་དབྱེ་ན་གཉིས་ཏེ། དེ་ལས། “གཏན་ཚིགས་སྒྲུབ་པའི་རིགས་པ་དེ་ཡང་རྣམ་པ་གཉིས་ཏེ། ཡོངས་སུ་དག་པ་དང་མ་དག་པའོ།”ཞེས་གསུངས། དེར་ཡོངས་སུ་དག་པའི་མཚན་ཉིད་ལ་དེ་ལས། “ཡོངས་སུ་དག་པའི་མཚན་ཉིད་ལྔ་རྣམས་གང་ཞེ་ན། དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་། དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་། རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་དང་། ཡོངས་སུ་གྲགས་པའི་མཚན་ཉིད་དང་། ཤིན་ཏུ་རྣམ་པར་དག་པའི་ལུང་གཏན་ལ་ཕབ་པར་བསྟན་པའི་མཚན་ཉིད་དོ། །”ཞེས་གསུངས།ཡོངས་སུ་མ་དག་པའི་མཚན་ཉིད་ལ། དེ་ལས། “དེ་ལ་ཡོངས་སུ་མ་དག་པའི་མཚན་ཉིད་བདུན་གང་ཞེ་ན། དེ་ལས་གཞན་དང་མཐུན་པའི་བར་དམིགས་པའི་མཚན་ཉིད་དང་། དེ་ལས་གཞན་དང་མི་མཐུན་པར་དམིགས་པའི་མཚན་ཉིད་དང་། ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་དང་། ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་དང་། ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་དང་། རང་བཞིན་གྱི་རིགས་དང་མཐུན་པའི་དཔེའི་མཚན་ཉིད་དང་། ཡོངས་སུ་གྲེགས༼གྲགས༽པའི་མཚན་ཉིད་དང་། ལུས་རྣམ་པར་མ་དག་པ་བསྟན་པའི་མཚན་ཉིད་དོ”ཞེས་གསུངས་སོ། །

གཉིས། རྒོལ་ཕྱི་རྒོལ་དཔང་པོ་གསུམ་དང་ལན་འདེབས་ཚུལ་གྱི་རྣམ་གཞག་དང་འབྲེལ་ཏེ་གླེང་བ།

ས་དགེ་རྙིང་གསུམ་རིས་སུ་མ་མཆིས་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་ལ་མཚོན་ན་རྩོད་པ་ནི་མདོ་སྔགས་གཞུང་ལུགས་གང་དུའང་བཀོལ་རུང་བའི་སློབ་གཉེར་གྱི་ཐབས་ལམ་ཞིག་དང་། ཡང་སྒོས་ཚད་མ་རིག་པར་མཚོན་ན་མེད་ཐབས་མེད་པའི་སློབ་གཉེར་གྱི་གྲུབ་ཆ་ཞིག་ཡིན་གཤིས། དེར་རི་བོ་དགེ་ལུགས་པའི་ཆོས་གྲྭ་ཁག་ན་ཚད་མ་རིག་པས་གཙོས་གཞུང་ཆེན་གཞན་ཁག་རྩོད་པའི་ལམ་ནས་སློབ་གཉེར་བྱེད་པའི་ལམ་ལུགས་དམིགས་སུ་བཟུང་ནས།  རྒོལ་ཕྱི་རྒོལ་དཔང་པོ་གསུམ་གྱི་རྣམ་གཞག་དང་འབྲེལ་ནས་རགས་ཙམ་གླེང་ངོ་། །

༡རྒོལ་ཕྱི་རྒོལ་དཔང་པོ་གསུམ་གྱི་རྣམ་གཞག་རང་མཚན་པ་དང་འབྲེལ་ཏེ་གླེང་བ། 

 རྒོལ་ཕྱི་རྒོལ་དཔང་པོ་གསུམ་གྱི་རྣམ་གཞག་རང་མཚན་པ་ངོས་བཟུང་བ།

རྩོད་པའི་བྱེད་པའི་བརྒྱུད་རིམ་ཁྲོད་བརྩད་བྱའི་ནང་དོན་དང་། རྩོད་པའི་གོ་རིམ་ལ་སོགས་ཆོས་བརྒྱུད་སོ་སོ་དང་ཆོས་གྲྭ་སོ་སོ་ཅུང་མི་གཅིག་པ་ཡོད་ཀྱང་། རྒོལ་ཕྱི་རྒོལ་དཔང་པོ་གསུམ་ནི་ཐུན་མོང་གི་གྲུབ་ཆར་སྣང་བས། དེར་རྒོལ་ཕྱི་རྒོལ་དཔང་པོ་གསུམ་གྱི་རྣམ་གཞག་མདོ་ཙམ་གླེང་ན། དེ་ཡང་《ཚད་མ་རིགས་རྒྱན》ལས། “སྔ་རྒོལ་གྱི་མཚན་ཉིད་ནི། སྒྲུབ་བྱེད་འགོད་པའི་ཁས་ལེན་པའི་གང་ཟག །དེ་ལ་དབྱེ་ན། ཡང་དག་དང་། ལྟར་སྣང་གཉིས། ཕྱི་རྒོལ་གྱི་མཚན་ཉིད། སུན་བྱིན་བརྗོད་པར་ཁས་ལེན་པའི་གང་ཟག །དབྱེ་ན། ཡང་དག་དང་ལྟར་སྣང་གཉིས་སོ། དཔང་པོའི་མཚན་ཉིད། རྒོལ་ཕྱི་རྒོལ་རྒྱལ་ཕམ་ཤན་འབྱེད་པའི་གྲྭར་ཞུགས་པའི་གང་ཟག དེ་ལ་དབྱེ་ན། ཤན་འབྱེད་པའི་དཔང་པོ། རྗེས་སུ་བརྗོད་པའི་དཔང་པོ། ཚར་གཅོད་པའི་དཔང་པོའོ”ཞེས་གསུངས། །

ཁ རྒོལ་ཕྱི་རྒོལ་དཔང་པོ་གསུམ་གྱི་རྣམ་གཞག་དང་གཏན་ཚིགས་སྒྲུབ་པའི་རིགས་པའི་མཐུན་ཆོས་འགའ་གླེང་བ།

དེར་རྒོལ་ཕྱི་རྒོལ་དཔང་པོ་གསུམ་གྱི་རྣམ་གཞག་བརྗོད་པའི་དགོས་པ་ནི། 《བཀའ་ཡང་དག་པའི་ཚད་མ》ལས་བསྟན་པའི། ཡོན་ཡོད་པ་དང་། ཁྲིན་ཅན་དང་། བར་མ་དོ་བ་གསུམ་བསྟན་པ་དང་འབྲེལ་དུ་ཡོད་དེ།  ཡོན་ཡོད་པ་དང་སྔ་རྒོལ་ཡང་དག་གཉིས་དོན་འཇོག་ཚུལ་མཐུན་པར་སྣང་སྟེ། རྒོལ་བ་གཉིས་ཀ་རྩོད་པ་འགོད་མཁན་ཡིན་པ་དང་གཅིག རང་གིས་འགོད་པའི་སྒྲུབ་བྱེད་ཀྱིས་ཕ་རོལ་པོའི་ཡང་མ་དག་པའི་ལྟ་བ་སུན་འབྱིན་ནུས་པ་དང་གཉིས་ནི་འདི་གཉིས་ཀྱི་མཚུངས་ཆོས་ཡིན་ཏེ། 《བཀའ་ཡང་དག་པའི་ཚད་མ》ལས། ཡོན་ཡོད་པའི་མཚན་ཉིད་དུ་“མཚན་ཉིད་ཀྱི་ཡོངས་སུ་དག་པའི་ཚད་མས་གྲུབ་ན་ཡོན་ཡོད་པ་ཞེས་བྱ་སྟེ།”ཞེས་དང་སྔ་རྒོལ་ཡང་དག་གི་མཚན་ཉིད་དུ་《ཚད་མ་རིགས་རྒྱན》ལས། “ སྔ་རྒོལ་ཡང་དག་གི་མཚན་ཉིད། སྔ་རྒོལ་གང་ཞིག །རང་གིས་སྒྲུ་བྱེད་འགོད་པར་ཁས་བླངས་པའི་དོན་དེ་གཞན་གྱིས་སུན་འབྱིན་མི་ནུས་པ་” ཞེས་གསུངས་ཤིང་། གཞུང་འདི་གཉིས་ཚིག་ཙམ་ལས་མཐུན་པར་སྣང་སྟེ། རང་ཉིད་ཀྱི་ལྟ་བ་ཡང་དག་ཏུ་ཚད་མར་བརྟེན་ནས་སྒྲུབ་དགོས་པ་གཞུང་གོང་འོག་གཉིས་ཀ་མཐུན་པའི་ཕྱིར་ཏེ། དོན་ལ་རང་གི་ལྟ་བ་ཡང་དག་ཅིང་གཞན་གྱིས་སུན་འབྱིན་མི་ནུས་པ་ཞིག་དགོས་ན་ངེས་པར་ཏུ་མཚན་ཉིད་ཡོངས་སུ་དག་པའི་ཚད་མའི་སྒྲུབ་བྱེད་ལ་བརྟེན་དགོས་པའི་ཕྱིར།

ཡང་གཞུང་གོང་མའི་ཁྲི་ཅན་དང་འོག་མའི་སྔ་རྒོལ་ལྟར་སྣང་གཉིས་དོན་གྱི་གོ་བ་གཅིག་ཏུ་སྣང་སྟེ། ཁྲི་ཅན་གྱི་མཚན་ཉིད་དུ།《བཀའ་ཡང་དག་པའི་ཚད་མ》ལས་“རྒྱལ་པོ་མཚན་ཉིད་ཀྱིས་ཡོངས་སུ་དག་པའི་ཚད་མས་སུན་ཕྱུང་བ་ཁྲི་ཅན་ཞེས་བྱ་སྟེ་ཕམ་པའོ། །”ཞེས་དང་སྔོ་རྒོལ་ལྟར་སྣང་གི་མཚན་ཉིད་དུ། 《ཚད་མ་རིགས་རྒྱན》ལས།  “སྔ་རྒོལ་གང་ཞིག །རང་གིས་སྒྲུབ་བྱེད་འགོད་པར་ཁས་བླངས་པའི་དོན་དེ་གཞན་གྱིས་སུན་བྱིན་ནུས་པ།” ཞེས་གསུངས་ཤིང་། ཁྲི་ཅན་དང་སྔ་རྒོལ་ལྟར་སྣང་གཉིས་ཀས་ཁས་བླངས་པའི་ལྟ་བ་ཡང་དག་མིན་པར་ཕྱི་རྒོལ་གྱིས་ལུང་རིག་གང་རུང་སྒོ་ནས་སུན་འབྱིན་ཞིང་ཕམ་པར་བཏང་བའི་རྒོལ་བར་གོ་བ་ནི་དོན་མཚུངས་པ་ཡིན་ནོ། །

གཞུང་གོང་མ་སྟེ། 《བཀའ་ཡང་དག་པའི་ཚད་མ》ལས་བསྟན་པའི་བར་མ་དོ་བ་དང་གཞུང་འོག་མ་《ཚད་མ་རིགས་རྒྱན》ལས་བསྟན་པའི་དཔང་པོ་གཉིས་དོན་འདྲ་བར་སྣང་སྟེ། བར་མ་དོ་བའི་དོན་དུ་《བཀའ་ཡང་དག་པའི་ཚད་མ》ལས། “མཚན་ཉིད་བཞིའམ་ལྔས་ཡོངས་སུ་མ་དག་པའི་ཚད་མས་གྲུབ་ཅེས་ཟེར་ཡང་རུང་། སུན་བྱུང་ཞེས་ཟེར་ཡང་རུང་། ཚད་དང་མ་སྦྱར་གར་ཆེ་གེ་མོ་ཞིག་གི་ཕྱིར་རོ་ཞེའམ། གང་ཆེ་གེ་མོ་ཞིག་ཏུ་འགྱུར་རོ་ཞེའང་། འདི་ལྟ་བུ་ལ་སོགས་ཏེ་ཚིག་རྐྱལ་པ་སྨྲས་པ་ནི་བར་མ་དོ་ཞེས་བྱ་སྟེ། གྲུབ་པ་སུན་འབྱིན་པ་གཉིས་ཀ་ལ་མ་གཏོགས་ཀྱིས་སླར་བསྐྱར་བའི་གཏན་ཚིགས་ཤིག་ཡོད་ན་མཚན་ཉིད་ཀྱིས་ཡོངས་སུ་དག་པའི་ཚད་མ་དང་སྦྱར་ཞིང་གཏན་ལ་དབབ་པའོ། །”ཞེས་དང་། དཔང་པོའི་དོན་དུ་《ཚད་མ་རིགས་རྒྱན》ལས། “རྒོལ་བ་ཕྱི་རྒོལ་རྒྱལ་ཕམ་ཤན་འབྱེད་པའི་གྲྭར་ཞུགས་པའི་གང་ཟག །དེ་ལ་དབྱེ་ན། ཤན་འབྱེད་པའི་དཔང་པོ། རྗེས་སུ་བརྗོད་པའི་དཔང་པོ། ཚར་གཅོད་པའི་དཔང་པོའོ། །”ཞེས་གསུངས་སོ། དེས་ན་སྔ་མར།《བཀའ་ཡང་དག་པའི་ཚད་མ》ལས་“ཚད་དང་མ་སྦྱར་གར་ཆེ་གེ་མོ་ཞིག་གི་ཕྱིར་རོ་ཞེའམ། གང་ཆེ་གེ་མོ་ཞིག་ཏུ་འགྱུར་རོ་ཞེའང་། འདི་ལྟ་བུ་ལ་སོགས་ཏེ་ཚིག་རྐྱལ་པ་སྨྲས་པ། ”ཞེས་དང་། རྗེས་མར་《ཚད་མ་རིགས་རྒྱན》ལས“རྗེས་སུ་བརྗོད་པའི་དཔང་པོའི་དོན་བློ་གཟུ་པོར་གནས་པའི་སྒོ་ནས་ལེགས་ཉེས་ཤན་འབྱེད་པར་དེ་དག་མ་འཁྲུགས་པར་སོ་སོར་བརྗོད་པ”ཞེས་པ་གཉིས་ཀྱི་དོན་མཐུན་ཏེ། གཉིས་ཀའི་དོན་རྒོལ་སྔ་རྒོལ་ཕྱི་རྒོལ་གཉིས་ཀྱི་ཕྱོགས་སུ་མ་ལྷུང་བར་རྒྱལ་ཕམ་དབྱེ་འབྱེད་བྱེད་མཁན་ལ་གོ་བར་མཐུན་ནོ། །

༢  རྩོད་པའི་རྣམ་གཞག་ལས་ལེན་འདེབས་ཚུལ་དང་འབྲེལ་ཏེ་གླེང་བ།

ཀ རྩོད་ལན་འདེབས་ཚུལ་ངོས་བཟུང་། 

དེ་ཡང་རྩོད་པའི་རྣམ་གཞག་ལ། རྩོད་པའི་གང་ཟག་དང་། གང་དུ་རྩོད་པའི་དུས་དང་། གང་ལ་རྩོད་པའི་གནས་དང་། ཇི་ལྟར་རྩོད་ཚུལ་དང་། རྩོད་པ་བྱས་པའི་འབྲས་བུ་སོགས་མང་དུ་ཡོད་པས་རེ་རེ་བཞིན་བཀོད་ན་མང་བར་དོགས་ནས་རྩོད་ལན་འདེབས་ཚུལ་ཙམ་ཞིག་དཔེ་མཚོན་གྱི་ཚུལ་དུ་ཞུས་ན།  རྩོད་ལན་འདེབས་ཚུལ་རྒྱ་བོད་མཁས་པའི་བསྟན་བཅོས་དག་ན་མང་དུ་གསུངས་ཏེ། དཔེར་ན། སློབ་དཔོན་དབྱིག་གཉེན་གྱི་ཆོས་《མངོན་པ་མཛོད》ལས། “མགོ་གཅིག་དང་ནི་རྣམ་ཕྱེ་དང་། །དྲི་དང་གཞག་པར་ལུང་བསྟན་པ། །”ཞེས་དང་། དེ་དང་མཐུན་པར་《ཚད་མ་རིགས་རྒྱན》ལས། “མགོ་གཅིག་པ་དང་། རྣམ་པར་ཕྱེ་བ་དང་། བཏང་སྙོམས་སུ་བཞག་པར་བྱའོ། །”ཞེས་དང་། གཞན་ཡང་། 《ཚད་མ་རིགས་གཏེར》ལས། “དེས་ན་མཁས་པས་ཐལ་འགྱུར་ལན། །རྣམ་པར་ཐར་པའི་སྒོ་བཞིས་གདབ། །ཞེས་མཁས་པས་ཐལ་འགྱུར་གྱི་ལན་ནི་འགལ། མ་ངེས། མ་གྲུབ། འདོད་པ་སྟེ་རྣམ་པར་ཐར་པའི་སྒོ་བཞིས་གདབ་བོ། །”ཞེས་གསུངས།  དེ་དག་ལས། ད་བར་བོད་གངས་ཅན་ལྗོངས་ན་ཡོངས་གྲགས་སུ་སྤྱོད་པ་ནི། རིགས་གཏེར་ལས་གསུངས་པ་འདི་གཞིར་བྱས་ཤིང་། གདན་ས་ཁག་དང་གྲྭ་ཚད་སོ་སོ་ན་ལན་འདེབས་ཚུལ་མི་བ་ཅུང་ཟད་རེ་ཡོད་པ་དཔེར་ན། སྡོམ་རྟགས་མ་གྲུབ།  ཁྱབ་ལོག་འདྲ། ཐེ་ཚོམ་ཟ་སོགས་ཡོད། གཤམ་དུ། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དཔེ་བྱས་ནས་རགས་ཙམ་ཞུས་ན།

ཆོས་ཅན།

གསལ་བ།

རྟགས།

དམ་བཅའ།

ཆོས་ལོག

རྟགས་ལོག

སྒྲ།

མ་བྱས་པ།

རྟག་པ།

སྒྲ་མ་བྱས་པ།

བྱས་པ།

མི་རྟག་པ།

ལན་འདེབས་ཚུལ་ཁག་གི་དོན་ནི། ༼གོང་གི་མཚན་གཞི་གཞིར་བྱས།༽

༡འདོད།

ཆོས་ཅན་དེ་གསལ་བ་དེ་ཡིན་པར་ཁས་ལེན་པ།

སྒྲ་མི་རྟག་པ་འདོད།

༢ཅིའི་ཕྱིར།

རྒྱུ་མཚན་གང་ཡིན་ཞེས་དེ་ཞིག་འདྲི་བའི་ཚིག

སྒྲ་མི་རྟག་པའི་རྒྱུ་མཚན་ཅི།

༣རྟགས་མ་གྲུབ།

ཆོས་ཅན་དེ་རྟགས་དེ་ཡིན་པར་ཁས་མི་ལེན་པ།

སྒྲ་བྱས་པར་ཁས་མི་ལེན་པ།

༤ཁྱབ་པ་མ་བྱུང་།

རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་མ་ཁྱབ་པ།

བྱས་ན་མི་རྟག་པས་མ་ཁྱབ།

༥འགལ་ཁྱབ།

རྟགས་དེ་ཡིན་ན་གསལ་བ་དེ་མ་ཡིན་པས་ཁྱབ་པ།

བྱས་ན་མི་རྟག་པ་མ་ཡིན་པས་ཁྱབ་པ།

༦ཐེ་ཚོམ་ཟ།

དམ་བཅའ་དང་རྟགས་སོགས་ཐེ་ཚོམ་ཟ་བ།

སྒྲ་མི་རྟག་པ་དང་སྒྲ་བྱས་པ་སོགས་ཡིན་པར་ཐེ་ཚོམ་ཟ་བ།

ཁ ལན་འདེབས་ཚུལ་ཁག་གི་མཚུངས་ཆོས་གླེང་བ།

ད་ནི་《བཀའ་ཡང་དག་པའི་ཚད་མ》ལས་བསྟན་པའི་ལུང་བསྟན་པའམ་ཕས་དྲི་བ་ལ་ལན་འདེབས་ཚུལ་དང་། དེང་གི་རྩོད་གྲྭ་ཁག་ན་ལན་འདེབས་ཚུལ་གཉིས་ཀྱི་ཁྱད་པར་གླེང་བར་བྱ་སྟེ། 《བཀའ་ཡང་དག་པའི་ཚད་མ》ལས།  “ལུང་བསྟན་པ་གང་ཞེ་ན། ཕས་དྲི་བ་ལ་ལན་གདབ་པ་ཡིན་ཏེ། མགོ་གཅིག་ཏུ་ལུང་བསྟན་པ་དང་། རྣམ་པར་ཕྱེ་སྟེ་ལུང་བསྟན་པ་དང་། ཕྱིར་དྲི་བ་དང་མི་བསྟན་པ་དང་བཞིའོ། །”ཞེས་གསུངས་པ་དང་《ཚད་མ་རིགས་རྒྱན》《མངོན་པ་མཛོད》《བཀའ་ཡང་དག་པའི་ཚད་མ》སོགས་ནས་བསྟན་པའི་ལེན་འདེབས་ཚུལ་རྣམས་ཚིགས་ཟིན་མཐུན་ལ། དེ་རྣམས་ནི་སྔོན་རྒྱ་གར་འཕགས་པའི་ཡུལ་གྱི་དྲི་ལན་འདེབས་ཚུལ་དུ་སྣང་ངོ་། ། 《ཚད་མ་རིགས་གཏེར》དུ་བསྟན་པའི་ལན་འདེབས་ཚུལ་ཁག་ནི།  ཕྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་བཀའ་གདམས་པའི་སློབ་དཔོན་ཚད་མ་རིགས་པའི་གནས་ལ་ཤིན་ཏུ་མཁས་པ་རིགས་པའི་དབང་ཕྱུག་ཕྱྭ་པ་ཆོས་ཀྱི་སེང་གེས་གཞུང་《ཚད་མ་བསྡུས་པ་ཡིད་ཀྱི་མུན་སེལ》རྩ་འགྲེལ་དང་། 《ཚད་མ་ཡིད་ཀྱི་མུན་སེལ》རྣམས་བརྩམས་ཏེ་བོད་རང་གི་ཚད་མའི་སྲོལ་ཐུན་མོང་མ་ཡིན་པ་ཞིག་གཏོད་པ་ལས་རིམ་བཞིན་འཕེལ་རྒྱས་འབྱུང་བར་སེམས། །

དྲི་བ་དང་རྩོད་པ་གང་གི་ཁྲོད་དུའང་ལན་འདེབས་ཚུལ་ལ་ཐུན་མོང་གི་ཆ་མང་དུ་ཡོད་པ་ནི། རྒྱ་བོད་གཞུང་དག་ཏུ་མ་ཟད་མི་རིགས་གཞན་གྱི་རིག་ཚན་ཁྲོད་དུའང་རིགས་འདྲའི་མཚན་གཞི་མང་དུ་ཡོད་ཀྱང་། སྐབས་ཐོག་གི་བརྗོད་གཞིར་མ་འབབ་པས་རེ་ཞིག་འཇོག་གོ །དེས་ན་རྒྱ་བོད་གཉིས་ཀྱི་རྩོད་ལན་འདེབས་ཚུལ་དག་ཇི་ལྟར་འབྲེལ་ཞེས་ན། འབྲེལ་དུ་ཡོད་དེ།

མགོ་གཅིག་པ།

རྣམ་པར་ཕྱེ་བ།

ཕྱིར་དྲི་བ།

མི་བསྟན་པ།

འདོད།

འགལ་ཁྱབ་།

རྟགས་མ་གྲུབ།

ཁྱབ་པ་མ་བྱུང་།

ཅིའི་ཕྱིར།

ཐེ་ཚོམ།

༡ འདོད་དང་། འགལ་ཁྱབ། རྟགས་མ་གྲུབ་རྣམས་མགོ་གཅིག་པའི་ཁོངས་སུ་བསྡུ་དགོས་པའི་རྒྱུ་མཚན་ནི། མགོ་གཅིག་གམ་ཐུན་མོང་ལ་གཏན་འཁེལ་བའི་ལན་འདེབས་ཚུལ་ཡིན་པར་མཚུངས་པས་འདིར་འཇོག་པ་ཡིན་ཏེ། འདོད་དང་། འགལ་ཁྱབ། རྟགས་མ་གྲུབ་གསུམ་པོ་ལན་གང་འདེབས་ཀྱང་། གཅིག་ནས་སྔ་རྒོལ་ལ་རྒྱུ་མཚན་ཕྱིར་མི་དྲི་བ་དང་། གཉིས་ནས་རང་ཉིད་ཀྱིས་བཏབ་པའི་ལན་ལ་ཁག་གཉིས་སུ་མི་དབྱེ་བར་ཐུན་མོང་ལ་གཏན་འཁེལ་ནས་ཁས་ལེན་པས་ན་མགོ་གཅིག་པའི་དོན་དུ་སྣང་ངོ་། དེ་ཡང་མགོ་གཅིག་པའི་དོན་དུ། 《བཀའ་ཡང་དག་པའི་ཚད་མ》“ལས་ཐུན་མོང་གི་ཆོས་ལས་ཕྱོགས་གཅིག་གི་ཚུལ་དུ་དྲི་བ་ལ་མགོ་གཅིག་ཏུ་ལུང་སྟོན་ཏོ། །”ཞེས་གསུངས་ཤིང་། དེའི་མཚན་གཞིར། དེ་ལས། “སེམས་ཅན་ཐམས་ཅད་འཆིའམ་མི་འཆི་ཞེས་འདྲི་ན་འཆིའོ་ཞེས་བྱ་བ་ལ་སོགས་པ་ཏེ།” ཞེས་གསུངས་པ་ལྟར། བསྡུས་གྲྭའི་རྩོད་ལན་ཐོག་ནས་འདེབས་ན། སེམས་ཅན་ཐམས་ཅད་འཆི་བར་ཐལ། ཟེར་ན། འདོད་ཅེས་དང་། ཡང་ན། ཤེས་བྱ་ཆོས་ཅན། མི་འཆི་བར་ཐལ། སེམས་ཅན་ཡིན་པའི་ཕྱིར། ཟེར་ན། འགལ་ཁྱབ། ཡང་། སེམས་ཅན་ཐམས་ཅད་ཆོས་ཅན། སངས་རྒྱས་པར་ཐལ། འཆི་རྒྱུ་མེད་པའི་ཕྱིར། ཟེར་ན། རྟགས་མ་གྲུབ་ཅེས་ལན་འདེབས་ན། སེམས་ཅན་ཐུན་མོང་ཀུན་ལ་དབྱེ་བ་མེད་པར་འཆི་བའི་ཆོས་ཉིད་ཡོད་པ་གོ་ནུས་ཤིང་། དེ་དང་འདྲ་བར་སྒྲ་ཆོས་ཅན། རྟག་པར་ཐལ།  མ་བྱས་པའི་ཕྱིར། ཞེས་པ་རྣམས་ཀྱང་རིགས་བསྒྲེ་ན་གོ་སླ། །

༢ ཁྱབ་མེད་ཀྱི་ལན་རྣམ་པར་ཕྱེ་བའི་ཁོངས་གཏོགས་པའི་རྒྱུ་མཚན་ནི། དཔེར་ན། སྒྲ་ཆོས་ཅན། རྟག་པར་ཐལ། ཤེས་བྱ་ཡིན་པའི་ཕྱིར་ལྟ་བུ་ལ། ཁྱབ་མེད་ཀྱི་ལན་འདེབས་ནུས་ཤིང་། དེ་ཡང་། ཤེས་བྱ་ཡིན་ན་རྟག་པ་ཡིན་པས་ཀྱང་མ་ཁྱབ་དངོས་པོ་གཞི་གྲུབ་པའི་ཕྱིར་དང་།  ཤེས་བྱ་ཡིན་ན་རྟག་པ་མ་ཡིན་པས་ཀྱང་མ་ཁྱབ་རྟག་པ་ཁོ་རང་གཞི་གྲུབ་པའི་ཕྱིར། ཞེས་པ་ལྟ་བུ་མཐའ་གཅིག་ཏུ་ལན་མ་འདེབས་པར་ཁག་སོ་སོར་དབྱེ་ནས་བརྗོད་པར་རྣམ་པར་ཕྱེ་བའི་དོན་དུ་སྣང་སྟེ། 《བཀའ་ཡང་དག་པའི་ཚད་མ》ལས། “སོ་སོའི་མཚན་ཉིད་ལས་སྤྱིའི་མཚན་ཉིད་དུ་འདྲི་བ་ལ་རྣམ་པར་ཕྱེ་སྟེ་བསྟན་ཏོ། །”ཞེས་དང་དེའི་མཚན་གཞིར་དེ་ལས།“ཆོས་ཐམས་ཅད་རྟག་གམ་མི་རྟག་ཅེས་འདྲི་ན། འདུས་བྱས་ཆོས་ནི་མི་རྟག །འདུས་མ་བྱས་ཀྱི་ཆོས་རྣམས་རྟག་གོ་ཞེས་བྱ་དང་། ”ཞེས་ཐུན་མོང་སྤྱི་གཅིག་ལ་ཐུན་མིན་གྱི་ཁྱད་ཆོས་དུ་མ་ཡོད་པ་སོ་སོར་དབྱེ་ནས་བརྗོད་པར་འདི་གཉིས་ཀྱི་དོན་མཐུན་པ་ཡིན་ནོ། །

༣ ཅི་ཕྱིར་ཞེས་པ་སྔ་རྒོལ་ལ་རྒྱུ་མཚན་དྲི་བའི་ཆ་ནས་《ཚད་མ་རིགས་གཏེར》སོགས་སུ་ལན་འདེབས་ཚུལ་གྱི་ཁོངས་སུ་འཇོག་གནང་མཛད་མེད་ཀྱང་།  ཕ་རོལ་པོ་ལ་རྒྱུ་མཚན་དྲི་བ་ཡང་ལན་འདེབས་པའི་ཡ་གྱལ་ཞིག་ཏུ་རིགས་ཚན་གཞན་ན་མང་དུ་གསུངས་པས། དེར་ཅི་ཕྱིར་ཞེས་པ་ཕྱིར་དྲི་པའི་ལན་འདེབས་ཚུལ་གྱི་ཁོངས་སུ་བསྡུ་དོན་ནི། གཉིས་ཀས་ཕ་རོལ་པོས་དྲིས་པའི་དྲི་བར་རྒྱུ་མཚན་དང་གནས་ལུགས་གཞན་དྲི་བའི་སྒོ་ནས་ལན་གྱི་རྣམ་གྲངས་སུ་གཏོགས་ཏེ། 《བཀའ་ཡང་དག་པའི་ཚད་མ》ལས། “ཉེས་པའི་ཀླན་ཀ་ཚོལ་བ་ལ་སྐུངས་གཞར་བར་ཕྱིར་དྲིས་ཏེ་བསྟན་ཏོ། །”ཞེས་དང་། དེའི་མཚན་གཞིར།“དེ་བཞིན་གཤེགས་པའི་མཚན་ཐོས་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་ལྡོག་གམ་མི་ལྡོག་ཅེས་འདྲི་ན། ཤིང་གི་ས་བོན་ཞིག་ས་བོན་གྱི་ཉེས་པ་ཐམས་ཅད་མེད་ན། རྐྱེན་རྣམས་སུ་ལྡན་པ་དང་མི་ལྡན་པ་ལ་མྱུ་གུ་ནས་རྫོགས་པའི་བར་དུ་ཇི་ལྟར་འགྱུར་ཞེས་ཕྱིར་དྲི་བ་དང་།”ཞེས་གསུངས་པ་ལྟར། ཕྱིར་དྲིས་པའི་དྲི་བར་ལན་འདེབས་ན་ཚུར་དྲིས་པའི་ལན་ཡང་རང་བཞིན་གྱིས་ཐེབས་པ་ཡིན་ནོ། །

༤ ཐེ་ཚོམ་ལུང་དུ་མ་བསྟན་པའི་ཁོངས་སུ་ཇི་ལྟར་གཏོགས་ཞེ་ན། སྤྱིར་ལུང་དུ་མ་བསྟན་པ་ནི་སངས་རྒྱས་ཀྱིས་ཆོས་གང་རུང་ཞིག་དགེ་མི་དགེ་གང་དུའང་མ་གསུངས་པའི་དོན་དང་། སངས་རྒྱས་ལ་དྲིས་པ་ལས་ལན་མ་གསུངས་པར་བཞུགས་པ་སྟེ། དཔེར་ན་ལུང་མ་བསྟན་གྱི་ཆོས་བཅུ་བཞི་སོགས་ཀྱིས་མཚོན་ནོ། །དེས་ན། ཐེ་ཚོམ་ནི། སྔ་རྒོལ་གྱི་དྲི་བར། ཐེ་ཚོམ་ཞེས་པ་ལས་གཞན་ཡིན་མིན་དང་ཡོད་མེད་ཀྱི་གསལ་ཁ་མ་ཕྱེ་བ་དཔེར་ན། གང་ཟག་གང་རུང་ཞིག་གི་ངོར།  ཤ་ཟ་དམིགས་བྱེད་ཀྱི་ཚད་མ་ཡོད་པ་ཐལ། ཞེས་དྲིས་ན། ཐེ་ཚོམ་ཞེས་ལན་འདེབས་པ་ལས། ཡོད་མེད་ཀྱི་ཐག་གཅོད་ཐབས་མེད་དེ།  ཆོས་ཅན་གང་ཟག་འདི་ཤ་ཟ་བསྐལ་དོན་དུ་སོང་མ་སོང་གང་ཡིན་མ་ཤེས་པའི་ཕྱིར། དེ་དང་འདྲ་བར། ལུང་དུ་མ་བསྟན་པའི་དོན་ཡང་། 《བཀའ་ཡང་དག་པའི་ཚད་མ》ལས། “ལུང་མི་བསྟན་པ་ནི་མཁན་པོའི་དཔེ་མཁྱུད་བྱ་བ་མ་ཡིན་གྱི་ཚུལ་གྱིས་གོ་བར་རུང་སྟེ།”ཞེས་དང་། དེའི་མཚན་གཞིར་དེ་ལས། བདག་ཅེས་བྱ་བ་རྟག་གམ་མི་རྟག་ཅེས་འདྲི་ན། བདག་ཉིད་ཀྱང་མེད་པས་ན། རྟག་པ་དང་མི་རྟག་པ་བརྗོད་དུ་མེད་དེ་ལན་མི་གླན་པ། ཞེས་པ་གཉིས་ལན་འདེབས་ཚུལ་གྱི་ངོས་ན། ཡོད་མིན་ཡོད་མེད་གང་གྱི་གསལ་ཁ་མ་འབྱེད་པར་བཏང་སྙོམས་སུ་འཇོག་པར་མཚུངས་སོ། །

  ཞེས་སྤྱིར་རིགས་པ་བཞི་དང་སྒོས་སུ་གཏན་ཚིགས་གྲུབ་པའི་རིགས་པའི་དགོངས་དོན་ལ་རང་ཉིད་ཀྱི་འདོད་ཚུལ་ཅུང་ཟད་གླེང་ཁུལ་བྱས་ཀྱང་།  རང་གི་ཁ་སྟབས་ལ་བསམ་ན་རྒྱལ་བའི་བཀའ་རིན་པོ་ཆེར་རྨོངས་འཆར་དེ་ཙམ་གླེང་བས།  ཆོས་སྤོང་གི་ལས་ཁམ་པོ་ཆེ་མ་བསགས་པའི་ངེས་པ་མ་མཆིས་ཤིང་། དོན་གྱི་མཁས་པས་གཟིགས་ན་ཐུགས་ཁྲེལ་བའི་རྒྱུ་ལས་མ་འདས་ན། འདིར་ཁོ་བོས་ཆེད་དུ་བཟོད་སོལ་ཞུ་བར་བྱ་ལ།  དེའི་ཐད་ཀྱི་རྩ་ཆེའི་དགོངས་འཆར་དང་རིན་བྲལ་གྱི་བཀའ་སློབ་ནི་ལས་དང་པོ་བ་ཁོ་བོ་ལྟ་བུར་མཚོན་ན་ཅི་ནས་ཀྱང་མཁོ་ཆེ་བས་མ་གསང་ལྷུག་པོར་སྩོལ་རྒྱུའི་རེ་བ་ཡང་དང་ཡང་ནས་ཞུ་རྒྱུ་ཡིན།

《བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ།》དེབ་བརྒྱ་དང་བཅོ་ལྔ་པ། སྣ་ཚོགས།༼ཅོ།༽ བསྟན་འགྱུར་༼དཔེ་བསྡུར་མ།༽ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན། སྤྱི་ལོ་2004 ལོའི་ཟླ་12པའི་པར་ཐེངས་དང་པོ།  p484

《བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ།》དེབ་བརྒྱ་དང་བཅོ་ལྔ་པ། སྣ་ཚོགས།༼ཅོ།༽ བསྟན་འགྱུར་༼དཔེ་བསྡུར་མ།༽ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན། སྤྱི་ལོ་2004 ལོའི་ཟླ་12པའི་པར་ཐེངས་དང་པོ།  p484

《བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ།》དེབ་བརྒྱ་དང་བཅོ་ལྔ་པ། སྣ་ཚོགས།༼ཅོ།༽ བསྟན་འགྱུར་༼དཔེ་བསྡུར་མ།༽ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན། སྤྱི་ལོ་2004 ལོའི་ཟླ་12པའི་པར་ཐེངས་དང་པོ།  p485

 《བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ།》དེབ་བརྒྱ་དང་བཅོ་ལྔ་པ། སྣ་ཚོགས།༼ཅོ།༽ བསྟན་འགྱུར་༼དཔེ་བསྡུར་མ།༽ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན། སྤྱི་ལོ་2004 ལོའི་ཟླ་12པའི་པར་ཐེངས་དང་པོ།   p485

《བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ།》དེབ་བརྒྱ་དང་བཅོ་ལྔ་པ། སྣ་ཚོགས།༼ཅོ།༽ བསྟན་འགྱུར་༼དཔེ་བསྡུར་མ།༽ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན། སྤྱི་ལོ་2004 ལོའི་ཟླ་12པའི་པར་ཐེངས་དང་པོ།  p 485

རྩོམ་སྒྲིག་པ། བྱང་ཆུབ་རྒྱ་མཚོ།

བརྒྱུད་འགོད།
0