བློ་རིག་ལས་བསྟན་པའི་ཁོང་ཁྲོ་ཚོད་འཛིན་ལས་འཆམ་མཐུན་སྤྱི་ཚོགས་ལ་ཐོན་པའི་དགེ་མཚན་གླེང་བ།

སྤེལ་དུས།  2017-12-16   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  མ་ཅིག་སྐྱབས།   ཀློག་གྲངས།  

ནང་དོན་གནད་བསྡུས།དངོས་ཡོད་མྱོང་རྟོག་དང་འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་གཞིགས་ན།  ཁོང་ཁྲོ་ཞེས་པ་དེ་སྤྱི་ཚོགས་ཁྲོད་ཀྱི་འགལ་རྐྱེན་དང་ཟིང་འཁྲུག་མང་པོ་ཞིག་གི་འབྱུང་རྐྱེན་དུ་གྱུར་ཡོད་པ་ཤེས་ཐུབ།  བྱ་དངོས་གང་ཞིག་གི་འཇུག་ལྡོག་ནི་ཁོ་རང་གི་རྒྱུ་རྐྱེན་ལ་རག་ལས་ཡོད་པས།  འགལ་རྐྱེན་ཟིང་འཁྲུག་དེ་དག་མི་འབྱུང་བར་བྱེད་པ་ལ་ཁོང་ཁྲོ་ཞི་བར་བྱེད་དགོས། དེས་ན་འདིར་ཁོང་ཁྲོའི་ངོ་བོ་དང་། འབྱུང་རྐྱེན། འཇུག་འབྲས་བཅས་ལས་ཁོང་ཁྲོས་འཆམ་མཐུན་གྱི་སྤྱི་ཚོགས་ཡོང་བར་གནོད་སྐྱོན་ཐེབས་པ་དང་ཁོང་ཁྲོ་ཚོད་འཛིན་བྱས་ན་འདྲ་མཉམ་འཆམ་མཐུན་གྱི་སྤྱི་ཚོགས་ཡོང་བར་དགེ་མཚན་ཐོན་ཚུལ་སྐོར་གླེང་ཡོད།

བརྡ་ཆད་གཙོ་བོ ཁོང་ཁྲོ། བཟོད་པ། འཆམ་མཐུན།

བདེ་སྐྱིད་ཅེས་པ་འགྲོ་བ་སེམས་ཅན་སྤྱིའི་གཅིག་མཐུན་གྱི་ལོངས་སྤྱོད་ཅིག་སྟེ་ང་ཚོའི་སེམས་ཀྱི་ཆེས་གཙིགས་ཆེན་གྱི་འཐོབ་བྱ་ཁོ་ན་དེ་ཡིན།  ཡིན་ན་ཡང་ང་ཚོས་དམིགས་པ་ཤར་ན་ཡོད་ཀྱང་མདའ་ནུབ་ལ་འཕང་བ་ལྟ་བུའི་ནོར་འཆུག་གིས་སྡུག་བསྔལ་གྱི་རྒྱུ་རྐྱེན་སྒྲུབ་ཅིང་བདེ་སྐྱིད་ཀྱི་གཉེན་པོ་སྒྲུབ་པས།  འཆམ་མཐུན་སྤྱི་ཚོགས་དང་འདྲ་མཉམ་གྱི་འཚོ་བའི་ལོངས་སྤྱོད་མེད་པ།  བདེ་སྐྱིད་ཅེས་ཀུན་ཀྱིས་ཕར་འཚོལ་ཡང་ཡི་མུག་པའི་སྡུག་བསྔལ་གྱི་བྱ་བ་མང་བོ་ཞིག་མི་འདོད་བཞིན་དང་ལེན་བྱེད་དགོས་ལ་ཐུག་ཡོད།  མི་འདོད་པའི་སྡུག་བསྔལ་དེ་དག་ཀྱང་སེམས་དང་བསམ་པའི་འཕྲོ་འདུ་ལས་བྱུང་བ་རང་ཡིན་པས་འདི་དག་ལ་ཞིབ་འཇུག་བྱེད་པར།  ཆོས་ལུགས་ཞེས་བསླབ་བྱ་བྲག་པ་ཞིག་དང་ཡང་ན་སྐྱེས་བུ་གོང་མ་ཞིག་གི་བཀའ་ཡིན་པ་ལྟ་བུ་རྒྱུ་མཚན་དུ་མ་བཟུང་བར་མི་ལོ་སྟོང་ཕྲག་ཏུ་འཇིག་རྟེན་ཁམས་ཀྱི་ཚད་མ་རིག་པ་བ། སེམས་ཁམས་རིག་པ་བ་ཚོས་རྒྱུ་མཚན་རིག་འདེད་ཀྱིས་མིའི་སེམས་ཀྱི་འཆར་སྒོ་སྣ་ཚོགས་ལ་དབྱེ་ཞིབ་བྱས་ཡོད་པར་གཞི་བཅོལ་འོས་པ་ཞིག་ཏུ་སེམས།  དེ་ལྟར་ཡིན་ཏེ་ཚད་མ་རིག་པ་ཞེས་པ་སྒྲ་དོག་འཇུག་གི་དབང་དུ་བྱས་ན། ཕྱི་རོལ་མུ་སྟེགས་ཀྱི་ལྟ་ངན་སུན་ཕྱུང་ཞིང་། བདེན་བཞིའི་རྣམ་གཞག་དང་། གང་ཟག་དང་ཆོས་ཀྱི་བདག་མེད་སོགས་རིགས་པས་གཏན་ལ་ཕབ་སྟེ་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པའི་ནང་རིག་པའི་ཡན་ལག་ཏུ་གྱུར་པའི་རིག་གནས་ཐུན་མོང་མ་ཡིན་པ་ཞིག་གོ་མོད།  སྒྲ་ཡངས་འཇུག་ནི་རྒྱུ་མཚན་རིག་པ་ལ་གོ་ཆོག་གོ །  ཕྱི་རོལ་བའི་གཞུང་དུ་ནང་སེམས་ཀྱི་ཞིབ་འཇུག་གནས་བབ་ག་འདྲ་ཡིན་པ་བཤད་ཁག་པོར་གྱུར་མོད། ནང་པ་བ་རང་ལ་མཚོན་ན་《མདོ་དྲན་པ་ཉེར་བཞག་》ལས་བྱུང་བའི་སྡེ་ཚན་དང་ཐོར་བུར་གསུངས་པའི་སེམས་བྱུང་དགུ་བཅུ་ལྷག  འཕགས་པ་གནས་བརྟན་པའི་ལུགས་ཀྱི་སེམས་བྱུང་ང་གཉིས།  དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་《དབུ་མ་རིན་ཆེན་ཕྲེང་བ་》ལས་གསུངས་པའི་ཉེས་པ་འབྱུང་བའི་གཞི་ང་བདུན་དང་། 《ཆོས་ཡང་དག་པར་སྡུད་པ་》ལས་གསུངས་པའི་སེམས་བྱུང་བཞི་བཅུ།  འཕགས་པ་ཐོགས་མེད་ཀྱི་ཕུང་བོ་ལྔའི་རབ་བྱེད་ལས་གསུངས་པའི་དབྱེ་བ་དང་བཅས་པའི་སེམས་བྱུང་བརྒྱ་ལྷག  ཡང་འཕགས་པ་མེད་ཀྱིས་གསུངས་པའི་《ཆོས་མངོན་པ་ཀུན་བཏུས》ནི་བློ་རིག་ཅུང་ཆ་ཚང་ཞིང་ཞིབ་ཚགས་པའི་སྒོ་ནས་བསྟན་བཅོས་ཟུར་དུ་འཁོད་པ། ནང་སེམས་ཀྱི་འཇིག་རྟེན་ལ་ཞིབ་འཇུག་བྱས་པའི་སྡོམ་ལྟ་བུ་གཙོས་ནང་སེམས་བཟང་སྒྱུར་གྱི་ཐབས་ལ་ཚད་མ་རིག་པའི་འགྲོས་བཀབ་ཅིང་། བློ་རིག་དང་རྟགས་རིགས་ཞེས་བསྡུས་ཚན་དུ་བཞག་ནས་ཧ་ཅང་ཟབ་རྒྱས་སུ་སོང་ཡོད་དོ། ། 

དང་པོ། ཉོན་མོངས་ཀྱི་ངོ་བོ།

སྤྱིར་ཉོན་མོངས་ཞེས་པ་《ཆོས་མངོན་པ་ཀུན་བཏུས》 “ཆོས་གང་འབྱུང་ན་རབ་ཏུ་མ་ཞི་བའི་མཚན་ཉིད་དུ་འབྱུང་སྟེ།  དེ་བྱུང་བའི་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་འབྱུང་བ་དེ་ཉོན་མོངས་པའི་མཚན་ཉིད”[1]ཅེས་གནས་བབ་དངོས་གནས་ལས་བརྒལ་བའི་སེམས་ཀྱི་འཛིན་སྟངས་སམ་འཕྲོ་འདུ་ཞིག་ལ་ངོས་འཛིན་གྱིན་འདུག  དཔེར་ན་འདོད་རྔམ་ཆེན་པོས་ཚད་ལས་བརྒལ་བའི་རང་བྱུང་ཐོན་དངོས་ཕྱིར་འདོན་བྱས་པས་འབྱུང་བཞིའི་གོད་ཆགས་ལོ་རེར་ནས་ཟླ་རེར་ཉེན་ཚབས་ཇེ་ཆེར་འགྲོ་བཞིན་པ་དང་།  ཧམ་པ་ཚ་བོས་གཞན་གྱི་བདག་ཐོབ་ཀྱི་ས་དང་དངོས་པོ་ཧམ་འཕྲོག་བྱས་པས་སྡེ་བ་དང་སྡེ་བའི་བར། རྒྱལ་ཁབ་དང་རྒྱལ་ཁབ་བར་སོགས་ན་འཁྲུག་རྩོད་འབྱུང་བཞིན་ང་ཚོས་ཉིན་རེའི་གསར་འགྱུར་ལས་ཀྱང་གསལ་བོར་ཤེས་ཐུབ། མིའི་སེམས་ཀྱི་འདོད་ཆགས་དང་ཁོང་ཁྲོ་སོགས་སྡུག་བསྔལ་གྱི་འཆར་སྒོ་སྣ་ཚོགས་བཅོས་ཐབས་མ་བྱས་ན་མི་ཕན་ཚུན་བར་ལ་སེམས་ཁྲལ་དང་དོ་ཁུར་གྱི་བསམ་པ་མེད་ལ། ཐ་ན་མི་གཅིག་གི་ཁོང་ཁྲོ་སྟོབས་ཆེན་གྱིས་དུས་ཚོད་ཐུང་བའི་ནང་མི་མང་པོའི་ཚེ་སྲོག་འཕྲོག་པའང་ཡོད།   དཔེར་ན་འདོད་ཆགས་ལྟ་བུའི་སེམས་ཀྱི་འཛིན་ཚུལ་ལོག་པ་དེས་ཡུལ་དངོས་པོའི་གནས་ཚུལ་ངོ་མ་མ་མཐོང་ཞིང་འཚོ་བར་བདེ་སྐྱིད་ཀྱི་ངོ་བོ་ཁོ་ནར་བཟུང་བས། དཀའ་སྡུག་བྱུང་དུས་བཟོད་མི་ནུས་པའི་གནས་སུ་གྱུར་ནས་དྲིན་ཕ་མས་གནང་པའི་རང་ལ་འཇིག་རྟེན་འདིར་ཆེས་རྩ་ཆེ་བའི་རང་གི་ཚེ་སྲོག་ཀྱང་རང་གིས་གཅོད་པའི་བྱ་བའང་མི་ཉུང་བ་འབྱུང་བཞིན་ཡོད། ཉོན་མོངས་ལ་ཡང་དབྱེ་ཚུལ་སྣ་ཚོགས་ཤིག་ཡོད་དེ་ཉེ་བའི་ཉོན་མོངས་རྣམས་འབྱུང་བའི་རྩ་བར་གྱུར་པའི་རྩ་ཉོན་དྲུག་གམ་བདུན།  ཡང་ན་བཅུ། རང་ཉིད་གང་གི་ཆར་གཏོགས་པའི་རྩ་ཉོན་དེ་དང་ཉེ་ཞིང་སེམས་ཉོན་མོངས་པར་བྱེད་པའི་ཉེ་ཉོན་ཉི་ཤུ།  རང་རྒྱུད་དང་མཉམ་འགྲོགས་ཀྱི་ཚུལ་དུ་ཡོད་ཀྱང་མི་མངོན་པའི་རྣམ་པར་ཡོད་སྟབས་ཕྲ་བ་དང་དམིགས་མཚུངས་སོགས་ཀྱིས་རྒྱས་པས་ན་ཕྲ་རྒྱས་སུ་བཏགས་ནས་དེ་ལ་དྲུག་དང་ཡང་ན་བཅུ།  ཁམས་ཀྱི་སྒོ་ནས་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་དུ་དབྱེ་བ། སྤང་བྱ་རིས་དང་།  མཚུངས་ལྡན་གྲོགས།  འབྱུང་བ་རྟེན་གསུམ་གྱིས་ཉོན་མོངས་ཆེན་པོའི་ས་བ་དྲུག ཉོན་མོངས་ཆུང་བའི་ས་བ་བཅུ།  《འདུལ་བ་གཞི་ཕྲན་ཚེགས་》ལས་བྱུང་བའི་ཉེ་ཉོན་ཉེར་བཞི་རྣམས་སུ་ཡོད།  མདོར་ན་ཉོན་མོངས་སམ་ཕྲ་རྒྱས་ཞེས་པ་ནི་རྣམ་པར་གཡེང་བ་དང།  ཕྱིན་ཅི་ལོག་རྒོད་པ།  རྨུགས་པ།  བག་མེད་པ།  འཛེམ་པ་མེད་པས་རབ་ཏུ་མ་ཞི་བའི་ཤེས་པ་ཞིག་སྟེ་དེ་འབྱུང་བའི་རྒྱུ་གཙོ་བོ་ནི།  རྟེན་དང་། དམིགས་པ་དང་།  འདུ་འཛི་དང་།  བཤད་པ་དང་།  གོམས་པ་དང་།  ཡིད་ལ་བྱེད་པ་སྟེ་དྲུག   ཡང་ན་《ཆོས་མངོན་པ་ཀུན་བཏུས》ལས་“ཉོན་མོངས་པའི་བག་ལ་ཉལ་མ་སྤངས་པར་གྱུར་པ་དང་།  ཉོན་མོངས་པའི་གནས་ཀྱི་ཆོས་ཀྱང་སྣང་བར་གྱུར་པ་དང་། དེ་ལ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཉེ་བར་གནས་པ་ཡིན་ཏེ།  དེ་ལྟ་བུ་ལས་ཉོན་མོངས་པ་འབྱུང་བར་འགྱུར་”[2]བས་ན་གསུམ་དུ་ཡོད།  ཉོན་མོངས་པའི་བྱེད་ལས་ནི་《མཛོད་འགྲེལ་མངོན་པའི་རྒྱན་》ལས་“སྐྱེ་བའི་ཤིང་རྟ་སྐྱེ་བོ་བྱིས་པ་ཡིས། །  ཞོན་ཞིང་ཉོན་མོངས་ལས་ཀྱི་འཕང་ལོ་ཅན། །  འདི་ན་ཉོན་མོངས་འཕང་ལོ་གཅིག་ཉམས་ན། །  ལས་ཀྱི་འཕང་ལོ་གཅིག་པུ་འཁོར་མ་ཡིན་ཞེས་”[3]པའོ། །  གལ་ཏེ་ལས་སྣ་ཚོགས་བསགས་ཡོད་ཀྱང་བརླན་དང་ས་ལ་སོགས་པའི་རྐྱེན་ལྟ་བུའི་ཉོན་མོངས་ཀྱི་གྲོགས་མེད་ན་མྱུ་གུ་མི་འགྲུབ་ཅིང་ཉོན་མོངས་ཡོད་ན་ལས་སྔར་བསགས་མེད་ཀྱང་དེ་མ་ཐག་གསར་དུ་གསོག་པའི་ནུས་པ་མཐུ་ཅན་ཡོད་དོ། །

གཉིས་པ།  ཁོང་ཁྲོའི་མཚན་ཉིད་སྐོར་གྱི་དཔྱད་པ།

སློབ་དཔོན་ཀླུ་སྒྲུབ་གོང་རོལ་ནས་བཟུང་དབྱུག་གཉེན་ལ་ཐུག་པའི་བར་ནང་པའི་ཚད་མ་རིག་པ་སྔ་དར་ལ་གཞི་བཅོལ་ན།  《ཆོས་མངོན་པ་ཀུན་བཏུས་》ལས་“ཁོང་ཁྲོ་གང་ཞེ་ན། སེམས་ཅན་རྣམས་དང།  སྡུག་བསྔལ་དང་།  སྡུག་བསྔལ་གྱི་གནས་ཀྱི་ཆོས་རྣམས་ལ་ཀུན་ནས་མནར་སེམས་པ་སྟེ། རེག་པར་མི་གནས་པ་དང་། ཉེས་པར་སྤྱོད་པའི་རྟེན་བྱེད་པའི་ལས་ཅན་ནོ་”[4]ཞེས་ཁོང་ཁྲོའི་འཇོག་བྱེད་ལ་དེ་ལྟར་གསུངས་ཤིང་།  དེ་ལ་བརྟེན་ནས་ཕྱིས་བྱུང་མཁས་དབང་མང་པོ་ཞིག་གིས་ཁོང་ཁྲོའི་མཚན་ཉིད་ལ་ཀུན་བཏུས་ཀྱི་ཚིག་དེ་ག་རང་བཞག་ཅིང་དེའི་སྟེང་དུ་རྩོད་པ་དང་དོགས་སློང་ཡང་བྱེད་བཞིན་ཡོད།  དེ་ལ་འདིར་རང་གི་བློས་ཆིམ་ཚོད་ཀྱིས་དཔྱད་པ་ཞིག་བཏང་ན། གཅིག  ཚད་མ་རིགས་གཏེར་ལས་“མ་ཁྱབ་ཁྱབ་ཆེ་མི་སྲིད་གསུམ། །  མཚན་ཉིད་ཀྱི་ནི་སྤྱི་སྐྱོན་ཡིན། །”[5]ཞེས་པའམ་ཡང་ན་མཚན་མཚོན་ཁྱབ་པ་སྒོ་བརྒྱད་དམ་མཚན་ཉིད་སྤྱིའི་ཁྱད་ཆོས་ལས་བསམ་བློ་བཏང་ན་མཚད་ཉིད་དངོས་ལ་ནི་འགྲོ་དཀའ་བར་སྣང་།  གལ་ཏེ་མངོན་པ་ཀུན་བཏུས་ལས་གསུངས་པ་དེ་ཁོང་ཁྲོའི་མཚན་ཉིད་དངོས་གནས་པ་ཡིན་ཟེར་ན་ནི།  འོ་ན་ཁོང་ཁྲོ་དང་མཚུངས་ལྡན་དུ་གྱུར་བའི་སེམས་བྱུང་སེམས་པ་དེ་ཁོང་ཁྲོ་ཡིན་པར་ཐལ།  མཚན་ཉིད་དེའི་ཟུར་རེ་རེ་ནས་ཚང་བའི་ཕྱིར་ཏེ།  དེས་དམིགས་པ་སེམས་ཅན་རྣམས་དང་། སྡུག་བསྔལ་དང་སྡུག་བསྔལ་གྱི་གནས་གྱི་ཆོས་ལ་དམིགས་པ་གང་ཞིག   རྣམ་པ་ཀུན་ནས་མནར་སེམས་པ།  བདེ་བ་ལ་རེག་པར་མི་གནས་པ།  ཉེས་སྤྱོད་ཀྱི་རྟེན་བྱེད་པའི་ཕྱིར་ཏེ།  ཁྱོད་ཁོང་ཁྲོ་དང་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཡིན་པའི་ཕྱིར།  དེ་བཞིན་དུ་ཁོང་ཁྲོ་དང་མཚུངས་ལྡན་དུ་གྱུར་པའི་ཀུན་འགྲོའི་སེམས་བྱུང་གཞན་བཞི་དང་མ་རིག་པ་ལྟ་བུའང་ཁོང་ཁྲོར་འགྱུར་པས་ན་མཚན་ཉིད་ཀྱི་སྐྱོན་གསུམ་ལས་ཁྱབ་ཆེ་བའི་སྐྱོན་དེ་འཇུག་སྙམ།

 གཉིས།  སློབ་དཔོན་ཐོགས་མེད་ཀྱི་མངོན་པ་ཀུན་བཏུས་གཞུང་རང་ནའང་ཁོང་ཁྲོ་གང་ཞེ་ན་ཞེས་ཁོང་ཁྲོའི་འཇོག་བྱེད་དམ་རྣམ་པའི་སྒོ་ནས་གསུངས་པ་ལས་མཚན་ཉིད་ཅེས་ཟུར་ཙམ་ཡང་བྱུང་མེད།

 གསུམ་པ།  མདོ་དང་མཛོད་འགྲེལ་དག་ནའང་ཀུན་ནས་མནར་སེམས་པའམ་ཡང་ན་སེམས་ཅན་དང་སེམས་ཅན་མ་ཡིན་པ་ལ་ཀུན་ནས་མནར་སེམས་པ་ཙམ་ཁོང་ཁྲོར་བཞག་པ་ལས་མཚན་ཉིད་དུ་གསུངས་མི་འདུག་གོ ། །

འོ་ན་ཁྱོད་ཀྱིས་འདིར་ཕྱིས་བྱུང་མཁས་དབང་དག་གིས་མངོན་པ་ཀུན་བཏུས་ཀྱི་ཚིག་དེར་གཞིར་བཅོལ་ཏེ་“སྡུག་བསྔལ་གྱི་གནས་ཀྱི་ཆོས་ལ་དམིགས་ནས་ཀུན་ནས་མནར་སེམས་པའི་རྣམ་པ་ཅན་གྱི་སེམས་བྱུང་དང་”། “སྡུག་བསྔལ་གྱི་གནས་ཀྱི་ཆོས་ལ་དམིགས་ནས་ཀུན་ནས་མནར་སེམས་པའི་རྣམ་པ་ཅན།  བྱེད་ལས་བདེ་བ་ལ་རེག་པར་མི་གནས་པ།  ཉེས་སྤྱོད་ཀྱི་རྟེན་བྱེད་པའི་སེམས་བྱུང་དེ་”ཞེས་ཚིག་མི་འདྲ་བ་སྣ་ཚོགས་ཀྱི་སྒོ་ནས་ཁོང་ཁྲོའི་མཚན་ཉིད་བཞག་ཡོད་པར་ཅི་ལྟར་བསམ་ཞེ་ན། དེ་ནི་སྤྱིར་མཚན་ཉིད་ལ་དངོས་བཏགས་པ་བ་གཉིས་སུ་དབྱེ་ཆོག་པ་ཞིག་སྟེ། གསར་སློབ་རྣམས་ལ་ངེས་སླ་དང་། བློར་འཛིན་བདེ་བ། རིག་པ་འཕེལ་བའི་ཕྱིར་རྩོད་པའི་སྒོ་ལ་དམིགས་ནས་ཁོང་ཁྲོའི་མཚན་ཉིད་དུ་བཏགས་པ་ཙམ་ལས་མཚན་ཉིད་དངོས་གནས་པར་འདོད་པ་ནི་དགོངས་གཞི་དངོས་མ་ཡིན་པར་སྙམ།  རྗེས་སུ་ཆོས་གྲྭའི་ངག་རྒྱུན་ལ་སེམས་ཅན་རྣམས་དང་།  སྡུག་བསྔལ་དང་།  སྡུག་བསྔལ་གྱི་གནས་ཀྱི་ཆོས་ལ་དམིགས་ནས་ཀུན་ནས་མནར་སེམས་པ།  བདེ་བ་ལ་རེག་པར་མི་གནས་པ།  ཉེས་སྤྱོད་ཀྱི་རྟེན་བྱེད་པའི་ཆ་ནས་བཞག་པའི་སེམས་བྱུང་དེའམ་རབ་ཏུ་ཕྱེ་བའི་སེམས་བྱུང་དེ་ཁོང་ཁྲོའི་མཚན་ཉིད་ཅེས་ཆ་བཞག་དང་ཡང་ན་རབ་ཏུ་ཕྱེ་བའི་ཚིག་ཅིག་བསྣན་ནས་ཁོང་ཁྲོའི་མཚན་ཉིད་དུ་བཞག་པ་དེ། ད་གཟོད་མཚན་ཉིད་དངོས་གནས་པར་བཞག་ཆོག་སྟེ།   ཆ་བཞག་གམ་རབ་ཏུ་ཕྱེ་བའི་ཚིག་གང་རུང་སྦྱར་ན་དེས་ཁོང་ཁྲོས་གྲོགས་བྱས་པའི་སྟོབས་ཀྱིས་ཁོང་ཁྲོ་དང་དམིགས་རྣམ་སོགས་མཚུངས་པར་གྱུར་བའི་སེམས་བྱུང་དག་ཁོང་ཁྲོ་མཚན་ཉིད་པ་ཡིན་གཅོད་པར་བྱེད་ལ།  དེ་ལྟ་བུའི་ཚིག་གི་ཞིབ་ཆ་དག་ནི་ཆོས་གྲྭའི་ངག་རྒྱུན་ལས་ཐོན་ཡིན་པས། རྡོ་བཅལ་སྐམ་པོའི་སྟེང་གི་རིགས་པ་རློན་པའི་ཡོང་སྒོའི་དཔེ་ལྟར་སློབ་སྦྱོང་བྱ་འོས་པའི་གནད་ཅིག་ཏུ་སེམས་སོ། །

གསུམ་པ།  ཁོང་ཁྲོའི་རྒྱུའི་ཆ་ནས་འཆམ་མཐུན་བསམ་བློ་དང་འགལ་ཚུལ།

ཞེ་སྡང་སྐྱེ་བའི་རྒྱུ་ལ་དམིགས་ཡུལ་གྱི་སྒོ་ནས་བསྡུས་ན་གསུམ་དུ་ངེས་སྟེ། སེམས་ཅན་དང་། སྡུག་བསྔལ། སྡུག་བསྔལ་གྱི་གནས་ཀྱི་ཆོས་ཏེ་དམིགས་ཡུལ་གསུམ་ཡིན་ལ།  དེ་ལ་དབྱེ་ཞིབ་བྱས་ན་བྱེ་བྲག་ཏུ་ཀུན་ནས་མནར་སེམས་སྐྱེ་བའི་རྒྱུ་ལ་མཐའ་ཡས་ཀྱང་ང་ཚོ་སེམས་ཅན་སུ་དང་སུ་ཡིན་ཡང་ཞེ་སྡང་འབྱུང་ཉེ་བའི་གཞི་དགུ་ནི་《མདོ་དཀོན་བརྩེགས》ལས་“ཀྱེ་མའོ་སེམས་ཅན་ཞེ་སྡང་སྟེ། །  གཅིག་ལ་གཅིག་ནི་ཕན་ཚུན་དུ། །  ཀུན་ནས་མནར་སེམས་དངོས་པོ་བཅུས། །  ཀུན་ལ་ཀུན་ནས་མནར་སེམས་གྱུར། །  བདག་དང་བདག་གི་ཉེ་དུ་ལ། །  གནོད་པ་བྱས་དང་བྱེད་པ་དང་། ། གནོད་པ་བྱེད་པར་འགྱུར་རོ་ཞེས། །  དེ་ཡི་ཀུན་ནས་མནར་སེམས་སྐྱེ། ། གང་རྣམས་བདག་དང་མི་མཛའ་བ། ། དེ་དག་གི་ནི་དོན་བྱས་དང་། ། བྱེད་དོ་བྱེད་པར་འགྱུར་རོ་ཞེས། ། དེ་ཡི་ཀུན་ནས་མནར་སེམས་སྐྱེ། །  གནོད་པའི་སྡང་བའི་བཅུ་ཡིན་ཏེ། །”[6] ཞེས་གནོད་པའི་སྡང་བ་དེ་གོང་གི་བདག་དང་བདག་གི་གཉེན།  དགྲ་བཅས་ལ་དུས་གསུམ་དང་འབྲེལ་ཏེ་སྦྱར་བས་གཞི་དགུ་ཡིན་ལ།  སྤྱིར་འགྲོ་བ་སེམས་ཅན་སྤྱིའི་ཆེ་བ་རྒྱལ་ཁབ་ནས་ཆུང་བ་ཁྱིམ་ཚང་བར་གྱི་གནད་དོན་ཐམས་ཅད་དུ་ང་དང་ངའི་ཞེས་པའི་སེམས་དེས་རང་དང་རང་ལ་འབྲེལ་བ་ལ་ཡུལ་དངོས་པོའི་གནས་ཚུལ་ལས་བརྒལ་བའི་ཆགས་ཞེན་ཆེས་ཆེར་བསྐྱེད་པ་ན། ང་དང་ངའི་གཉེན་ལ་གནོད་པ་བྱས་སོ། །  བྱེད་དོ། །  བྱེད་པར་འགྱུར་རོ་སྙམ་པ་ལས་ཁོང་ཁྲོ་འབྱུང་བ་རྒྱུན་ལྡན་དུ་གནས་ཤིང་སྐྱེ་སླ་བ།  བདག་དང་བདག་གི་བ་ལ་ཞེན་ཆགས་ཚད་བརྒལ་བྱས་པ་དེས་བསམ་པའི་ཁོར་ཡུག་རྒྱ་ཆུང་དུ་སོང་ནས་གཞན་དང་གཞན་འབྲེལ་གྱི་བྱ་བ་སྣང་མེད་དུ་བཞག་པས་དགྲ་ཞེས་ཡུལ་དངོས་ཀྱི་གནས་ཚུལ་ལས་ལྷག་པའི་མི་མཛའ་བའི་རྣམ་པར་སྣང་ཞིང་།  གཞན་གྱིས་དེ་ལ་ཕན་བཏགས་སོ། །  འདོགས་པར་བྱེད་དོ། །  གདགས་པར་འགྱུར་རོ་སྙམ་པ་ནི་ཁོང་ཁྲོའི་རྒྱུ་རྐྱེན་གཙོ་བོར་གྱུར་ཞིང་དེ་དག་ལས་ཁོང་ཁྲོ་སྐྱེ་བ་རྒྱུན་ལྡན་དུ་སྣང་ཞིང་འབྱུང་སླ་བའི་རྒྱུ་མཚན་གྱིས་དེ་ལྟར་དེ་དགུར་བསྡུས་པར་འདོད།  ཡང་《བཀའ་གདམས་ཀྱི་མན་ངག་བེའུ་བུམ་སྔོན་པོའི་རྩ་འགྲེལ》ལས “བཟོད་པའི་མི་མཐུན་ཕྱོགས་ནི་ཞེ་སྡང་། །  དེ་ཡི་རྟས་བྱེད་ཡིད་མི་བདེ་བ། །  དེ་ཡི་རྐྱེན་ནི་འཇིག་རྟེན་ཆོས་བརྒྱད། །”[7] ཅེས་བདག་དང་བདག་གི་གྲོགས་ལ་མ་གཞན་ལས་ཅ་དངོས་ཕོན་ཆེན་པོ་དང་རྩ་ཆེན་མ་ཐོབ་ལྷག་ཏུ་མ་ཐོབ་པ་དང་།  གཞན་ལས་བསྟོད་བསྔགས་དང་མིང་གྲགས་ཀྱི་མཚན་སྙན་ལ་སོགས་པ་མ་ཐོབ་པར་བསམ། །  ངའམ་ངའི་གཉེན་ལ་གཞན་དག་ལས་སྨད་པ་དང་མི་བདེ་བ་མི་སྐྱིད་པར་གནས་སོ་བསམ་དང་།  དགྲ་ལ་དེ་ལས་ལྡོག་པའི་རྙེད་པ། སྙན་པ། བསྟོད་པ། བདེ་བ་དག་ཐོབ་སོང་སྙམ་པའི་འཇིག་རྟེན་ཆོས་བརྒྱད་ཞེ་སྡང་གི་རྒྱུར་གསུངས་པའང་། དེ་དག་ནི་ང་ཚོར་ནམ་རྒྱུན་ཁོང་ཁྲོ་སྐྱེ་ཆོག་ཆོག་གི་རྒྱུ་གཙོ་བོར་གྱུར་བས་དེ་ལྟར་གསུངས་སོ། དང་འདི་དག་ཚང་མ་“ རྒྱུ་དང་རྐྱེན་དུ་ངེས་པའི་ཚོགས་པ་ལ་ལྟོས་ཤིང་འབྱུང་བའི་” [8]ལྟོས་པའི་རིགས་པའམ་གཏན་ཚིགས་རིགས་པས་འགྲོས་བཀབ་ནས་“ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །  ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང་”[9] གཏན་ལ་ཕབ་ཡོད་པ་ཞིག་གོ། །   ཡང་《མི་ཆོས་གནད་ཀྱི་ཕྲེང་བ་ལས་》“གནས་དང་ཕྱོགས་རྣམས་གང་དུ་འགྲོ་ཡང་རུང་། ། གཞི་དང་གནས་མལ་གང་དུ་བྱེད་ཀྱང་རུང་། ། གྲོགས་དང་འགྲོགས་ལུགས་སུ་ལ་འཚོལ་ཡང་རུང་། ། གཞན་དང་བསྟུན་པ་མི་ཆོས་རྩ་བ་ཡིན། ། ”[10]ཞེས་སྤྱིར་འདྲ་མཉམ་དང་འཆམ་མཐུན་གྱི་བསམ་བློ་ཞེས་པ་ནི་དངོས་བརྒྱུད་འཚོ་བའི་ནང་ཉེ་འཁོར་དང་འབྲེལ་འདྲིས་ཡག་པོ་བྱས་པ་ལས་བྱུང་བ་ཞིག་སྟེ།  མི་དང་མིའི་བར། ཁྱིམ་མཚེས་བར།  སྡེ་བའི་བར། རྒྱལ་ཁབ་སོ་སོའི་བར། དབུལ་ཕྱུག་གི་ཁྱད་པར། བཙན་གཉོམ་གྱི་ཁྱད་པར། མཐོ་དམའི་ཁྱད་པར་སོགས་མེད་པར་འདྲ་མཉམ་འགྲིག་མཐུན་གྱི་བསམ་བློ་ཞིག་ལ་ངོས་འཛིན་འོས།  དེས་ན་ཁོང་ཁྲོའི་རྒྱུ་གཙོ་བོར་གྱུར་བའི་བདག་དང་བདག་གི་ཉེ་དུར་འཛིན་པའི་བསམ་ཚུལ་དེས་བདག་བདེ་འབའ་ཞིག་ལ་དམིགས་ཏེ་ཕུན་ཚོགས་ཇི་སྙེད་པ་ཐོབ་ན་སྙམ་ཞིང་།  རང་ལ་དགའ་བ་དང་རང་ལ་གཅེས་པ་དག་ལ་དགའ་ཞེན་ཆེས་ཆེར་བྱས་པས་རང་དང་བསམ་ཚུལ་མི་གཅིག་པ་དག་ལ་ཁོར་ཡུག་གཅིག་ཏུ་གནས་ཀྱང་གཞན་ཞེས་རིང་དུ་བཀྱེད། རང་གི་འགྲོ་འདུག་ལས་གཞན་དེ་དག་ལ་གནོད་པ་དང་སྡུག་བསྔལ་བྱུང་ན་ཡང་བསྟུན་ཤེས་དང་མཉམ་མྱོང་གི་བསམ་པ་མེད་པར་ཅི་ཡང་མི་སྙམ་པར་སྣང་མེད་དུ་བཞག་ཅིང་།  ད་དུང་གཞན་ལ་རང་ལས་ལྷག་པའི་ཡོན་ཏན་ཐོབ་ན་འགྲན་སེམས་ཀྱིས་མི་བཟོད་ཅིང་མི་དགའ་བར་འགྱུར།   དེ་བཞིན་གཞན་ལ་ཡང་དེ་ལྟ་བུའི་ཕྲག་དོག་དང་འགྲན་སེམས་བསླངས་པས་ཁོང་ཁྲོ་འབྱུང་རྐྱེན་དུ་གྱུར་བའི་བདག་གཞན་རིས་སུ་གཅོད་པའི་བསམ་བློ་དེ་འཆམ་མཐུན་བསམ་བློ་དང་འགལ་བར་སོང་ཡོད་པ་ཤེས་ནུས་སོ། །  

བཞི་བ།  ཁོང་ཁྲོས་འཆམ་མཐུན་བསམ་བློ་རྨེག་མེད་དུ་གཏོང་ཚུལ། །

《མཛོད་འགྲེལ་མངོན་པའི་རྒྱན་》ལས་“ཞེ་སྡང་ནི་སྐྱོ་བའི་རྣམ་པར་འཇུག་པས་འདོད་ཆགས་བདེ་བ་དག་དང་མཚུངས་པར་ལྡན་པ་ལས་བཟློག་པ་སྡུག་བསྔལ་དང་ཡིད་མི་བདེ་བ་དང་མཚུངས་པར་ལྡན་པ་”[11] ཞེས་གང་བྱུང་ན་བྲལ་བར་འདོད་པའི་ཚོར་བ་སྡུག་བསྔལ།  རང་ཡུལ་མི་སྡུག་པའི་མཚན་མར་འཛིན་པའི་འདུ་ཤེས།  རང་ཡུལ་མི་སྡུག་པ་ལ་གཡོ་ཞིང་སྐུལ་བར་བྱེད་པའི་སེམས་པ། དེ་བཞིན་གཞན་རེག་པ་དང་ཡིད་བྱེད་གཉིས་ལའང་རིགས་བསྒྲེ་བས་ཁོང་ཁྲོས་བྱ་བ་རྫོགས་པར་བྱེད་པའི་ཀུན་འགྲོ་ལྔ།  ཉོན་མོངས་པ་ཅན་གྱི་སེམས་ཐམས་ཅད་ཀྱི་འཁོར་དུ་འགྲོ་བའི་རྨོངས་པ་ལ་སོགས་པའི་ཉོན་མོངས་ཆེན་པོའི་ས་བ་དྲུག   མི་དགེ་བའི་སེམས་ཀུན་ཀྱི་འཁོར་དུ་འགྲོ་བའི་ངོ་ཚ་མེད་པ་དང་ཁྲེལ་མེད་གཉིས།  ཆོས་རྣམས་ལོག་པར་ངེས་པའི་མ་རིག་པ་བཅས་པ་ཁོང་ཁྲོ་དང་མཚུངས་ལྡན་ཡིན་ལ།  མངོན་པ་ཀུན་བཏུས་ལུགས་ལ་ཁོང་ཁྲོ་དང་མཚུངས་ལྡན་དུ་གྱུར་བའི་ཕྲག་དོགས་ཀྱང་བཞེད།  ཁོང་ཁྲོ་ནི་རང་གི་མཚན་ཉིད་པས་ཉོན་མོངས་པ་ཡིན་པ་དང་ངོ་བོ་ཉིད་ཀྱིས་མི་དགེ་བ་ཡིན་ཏེ། ཡུལ་མི་སྡུག་པ་ཁོ་ནར་གནས་པས་ཁོང་ཁྲོ་སྐྱེས་པའི་གནས་སྐབས་ན་བདེ་བ་དང་དེའི་མཇུག་ཐོག་ཏུ་དེའི་ལག་རྗེས་ལྟ་བུའི་བདེ་བ་ཞིག་གཏན་ནས་ཡོང་ཐུབ་བྲལ་བ་ནི་མཚན་ཉིད་ཀྱི་ཟུར་དུ་རེག་པར་མི་གནས་པ་དང་ཉེས་སྤྱོད་ཀྱི་རྟེན་བྱེད་པ་ཞེས་པས་ཀྱང་ཤེས་ཐུབ།  དཔེར་ན་ཉེ་ལམ་སོ་མ་ལི་ཡ (索马利亚) དང་དབྱིན་ཇི། ཨ་རིའི་རྒྱལ་ཁོངས་སོགས་སུ་མི་གཅིག་གིས་མི་བརྒྱ་ཕྲག་གི་ཚེ་སྲོག་འཕྲོག་ཅིང་ཁྱིམ་ཚང་མང་བོའི་བདེ་སྐྱིད་ལ་གོད་ཆགས་འབྱུང་བཞིན་པ། དེ་བཞིན་རོང་འབྲོག་ས་ཁུལ་དག་ཏུ་ས་ཆུའི་རྩོད་པ་དང་། ཁྱིམ་མཚེའི་ཆུ་རྐ་བརྩད་པའི་ཁོང་ཁྲོ་ལས་ཀྱང་མི་སྲོག་ཤོར་བའི་དོན་རྐྱེན་དང་ཟིང་འཁྲུག་བསླངས་པའང་མང་ངོ་། ། 《འཕགས་པ་དམ་པའི་ཆོས་དྲན་པ་ཉེར་བཞག》 “ཁྲོ་བ་ཉིད་སྐྱེ་བར་གྱུར་ན་དེ་སྲིད་དུ་སྐྱེས་བུ་རང་ཉིད་ཀྱི་རྟེན་སྲེག་པར་བྱེད་དོ། །  ཁྲག་རྣམས་ངོ་ལྡོག་པར་བྱད་དོ། །  གཞན་ལ་བག་མེད་པ་གོ་བར་བྱེད་དོ། །  འཇིག་རྟེན་པ་འཇིགས་པ་སྐྱེད་པར་བྱེད་དོ། །  ཡུལ་ལྗོངས་པ་རྣམས་ཐམས་ཅད་དང་ཡང་མི་མཐུན་པ་དང་།  ཡིད་དུ་མི་འོང་པ་དང་།  སྨེ་བར་ཡང་བྱེད་པར་འགྱུར་བས་”[12]ཞེས་པ་ལྟར།  སྤྱིར་བཏང་ང་ཚོའི་མཐོང་ཆོས་སུའང་ཁོང་ཁྲོ་སྐྱེས་པའི་མི་དེའི་བཞིན་གྱི་མདོག་མི་མཛེས་ཤིང་གཞན་གྱིས་མཐོང་ན་རང་གང་དྲན་གྱི་རྣམ་པར་སྣང་བ། ཉེ་འཁོར་དང་མི་མཐུན་ཞིང་སྐྱེས་པོ་ཀུན་ཀྱི་ཡིད་དུ་མི་འོང་པ།  གྲོགས་སུ་ཀྱང་མཐུན་པོ་བྱེད་དཀའ་བ།  སྤྲོ་དགའི་འཚོ་བ་ཉམས་སུ་མྱོང་མི་ཐུབ་པ།  གཉིད་མི་བདེ་བ་ཞིང་ལུས་ཕུང་གི་བདེ་ཐང་ལ་གནོད་པ།  རང་ལ་ཕན་བཏགས་པ་རྣམས་ཀྱི་བཀའ་དྲིན་ཤེས་པ་ཤིང་། སྦྱིན་པ་བཏང་ནས་ཕན་ན་བསམ་ཡང་མི་དགའ་བས་ཁོང་ཁྲོར་གནས་བའི་མི་དེས་རང་ཉིད་ལས་འགོ་བརྩམས་ཏེ་སྤྲོ་བ་དང་བྲལ་བའི་ཁོར་ཡུག་རྫོབ་པོ་ཞིག་བསྐྲུན་སྲིད། མ་ཟད་《སྤྱོད་འཇུག་རྩ་འགྲེལ་》ལས་“ ཁོང་ཁྲོས་སྡོམ་པ་གཅོད་པར་བཤད་པ་ནི།  ཁོང་ཁྲོ་སྟོབས་ཅན་གྱིས་དགེ་རྩ་བཅད་པ་ལ་བཞེད་པ་གསལ་ལོ། །”[13]ཞེས་གསུངས།  དེ་བཞིན་དུ་ཉོན་མོངས་པའི་ཤེས་པ་ཀུན་ནས་མནར་སེམས་ཀྱི་ཁྲོ་བ། གཞན་གྱི་ཕུན་ཚོགས་ལ་སེམས་འཁྲུགས་ནས་མི་བཟོད་པའི་ཕྲག་དོག   མཐོ་མཚམ་པར་བྱེད་པའི་རྣམ་པར་འཚེ་བ། གནོད་པ་གནོད་ལན་བྱ་འདོད་ཀྱི་འཁོན་འཛིན་བཅས་པའང་ཞེ་སྡང་གིས་བསླངས་ཤིང་།  འཚིག་པ་ཡང་ཁྲོ་བ་དང་འཁོན་དུ་འཛིན་པ་སྔོན་དུ་འགྲོ་བའི་སེམས་ཀྱིས་ཀུན་ནས་མནར་སེམས་པ་ཡིན་པས་འཚིག་པའི་རྒྱུར་ཡང་སོང་བ་ཤེས་ཐུབ་བོ། ། 

ལྔ་བ། ཁོང་ཁྲོ་ཞི་བ་ལས་འདྲ་མཉམ་འཆམ་མཐུན་གྱི་བསམ་བློ་སྐྱེ་ཚུལ།

སྤྱིར་ཁོང་ཁྲོའི་གཉེན་པོ་བཟོད་པ་ཡིན་པ།  བཟོད་པ་ལ་ཡང་སྡུག་བསྔལ་དང་ལེན་གྱི་བཟོད་པ།  ཆོས་ལ་ངེས་པར་སེམས་པའི་བཟོད་པ།  གནོད་པ་ལ་ཅི་མི་སྙམ་པའི་བཟོད་པ་གསུམ་ཡོད་དེ། གཉེན་པོ་དང་སྤང་བྱ་ནི་ཕན་ཚུན་རྒྱུན་གཅད་བྱ་གཅོད་བྱེད་དམ་ལྷན་ཅིག་མི་གནས་འགལ་གྱི་རིག་པས་འགྲོས་བཀབ་ན། སྤང་བྱ་ཁོང་ཁྲོ་དང་གཉེན་པོ་བཟོད་པ་གཡུལ་འགྱེད་པའི་ཚེ་ན་སྡུག་བསྔལ་གྱི་གནོད་པ་མང་ཡང་ཁྱད་དུ་བསད་ནས་སྡུག་བསྔལ་གྱིས་མི་ཚུགས་པར་བྱ་བ་ནི་སྡུག་བསྔལ་དང་ལེན་གྱི་བཟོད་པ་ལྟ་བུ།  འཇིག་རྟེན་པ་དག་ཚུར་ཁྲོ་ཡང་ཉོན་མོངས་པས་བསྐུལ་བ་ལས་ཁོ་ལ་རང་དབང་མེད་པས་ཕྱིར་ཁྲོ་ན་སྡུག་བསྔལ་གྱི་སྣོན་མ་ལས་མེད་པ་ཤེས་ནས་བཟོད་པར་སེམས་པས་ཉེ་འཁོར་རང་ལ་དགའ་ཞིང་སྤྲོ་དགའི་ཁོར་ཡུག་བསྐྲུན་པ་ལྟ་བུ་ནི་ཆོས་ལ་ངེས་པར་སེམས་པའི་བཟོད་པ།  གཞན་གྱི་བརྙས་སྨོད་དང་ཚིག་རྩུབ་ལ་སོགས་པས་རང་གི་ལུས་ལ་ཅུང་ཟད་ཀྱང་གནོད་པ་བྱེད་མི་ནུས་ན་ཅིའི་ཕྱིར་རང་གི་དགའ་བའི་ཡིད་ནི་དཀྲུག་པར་བྱ་སྙམས་ནས་སེམས་སྲུང་བ་ལྟ་བུ་གནོད་པ་ལ་ཅི་མི་སྙམ་པའི་བཟོད་པའོ། །  དེ་བཞིན་དུ་ཞེ་མི་སྡང་བ་ཡང་ཞེ་སྡང་གི་གཉེན་པོ་སོང་བ་ན་སེམས་ཅན་ལ་ཕན་འདོགས་པའི་རྣམ་པར་ཞུགས་པའི་བྱམས་པ་དང་།  སེམས་ཅན་ལ་བརྡེག་པ་དང་བཅང་བ་ལ་སོགས་པས་གནོད་པར་མི་བྱེད་པ།  རྣམ་པར་མི་འཚེ་བའི་ངོ་བོ་སྙིང་རྗེ་ཡང་ཞེ་སྡང་གི་གཉེན་པོར་སོང་སྟེ། 《དབུ་མ་འཇུག་པའི་རང་འགྲེལ་》ལས “གཏོང་བ་སྦྱིན་པའི་ཕ་རོལ་ཕྱིན། ། ཚུལ་ཁྲིམས་གདུང་མེད་མཚན་ཉིད་བཟོད། །  ཁྲོ་མེད་མཚན་ཉིད་”[14] ཞེས་དང་།  བྱམས་པ་ནི་ཁོང་ཁྲོ་མེད་པའི་ངོ་བོ་དང་སྙིང་རྗེ་ནི་མི་འཚེ་བའི་ངོ་བོ་ཅན་ཡིན་པས།  གཉེན་པོ་སྟོན་པའི་དགག་སྒྲའམ་འགལ་ཟླ་སྟོན་པའི་དགག་སྒྲའི་སྒོ་ནས་བསམ་བློ་བཏང་ན་བཟོད་པ་ཁོང་ཁྲོའི་གཉེན་པོ་སོང་བ་བཞིན་“བྱམས་པ་ནི་ཞེ་སྡང་མེད་པའི་རང་བཞིན་ནོ། །  སྙིང་རྗེ་ཡང་དེ་དང་འདྲའོ། །”[15] ཡང་ང་ཚོའི་མིག་མཐོང་ལག་ཟིན་གྱི་དངོས་བརྒྱུད་འཚོ་བ་ལས་དཔེར་བཞག་ན་ཉིས་སྟོང་བཅུ་བཞི་ལོའི་ཟླ་བཞི་བའི་ཚེས་བཅུ་བདུན་ཉིན་དབྱི་སི་ལན་(伊朗)གྱི་ཁྲིམས་རར་མི་གསོད་ལག་དམར་ཞིག་ལ་སྲོག་ཁྲིམས་གཅོད་སྐབས་འདས་པོའི་ཨ་མས་ཁོའི་མགོ་ནས་ལྕེབ་ཐག་བླངས་ནས་གུ་ཡངས་བཏང་ཞིང་། མོས་ལབ་རྒྱུར་བུ་བསད་པའི་ཨ་མ་ཞིག་གི་སྡུག་བསྔལ་ངས་མྱང་ཟིན་པས་གཞན་དེ་ལྟར་སྡུག་ལ་སྦྱོར་མི་འདོད་ལབ་སོང་།  ཡང་ཉེ་ལམ་ཨ་རིར་སྡོད་པའི་བོད་རིགས་ཕ་མ་གཉིས་ཀྱིས་རང་ལོ་གཉིས་ལ་སོན་པའི་བྱིས་པ་རླང་འཁོར་དོན་རྐྱེན་བྱུང་བ་ནས་ཚེ་ལས་འདས་པ་ན།  ཁ་ལོ་བར་གུ་ཡངས་དང་མྱ་ངན་མཉམ་དུ་ཞུ་བར་རེ་བ་བཏོན་ལྟ་བུ།  དེ་ལྟར་བཟོད་པ་དང་བྱམས་བརྩེ། སྙིང་རྗེས་ཁོང་ཁྲོ་ཞི་བར་བྱས་ན་འཆམ་མཐུན་ཞི་གནས་གྱི་ཁོར་ཡུག་ཅིག་བསྐྲུན་ཐུབ་པར་གདོན་མི་ཟ།  གལ་ཏེ་ཁོ་ཚོས་སེམས་སུ་རང་ཉིད་གཅིག་བུ་ལས་གཞན་གྱི་བདེ་སྡུག་ལ་བསམ་བློ་མི་གཏོང་བ་ཞིག་ཡིན་ན།  ལག་དམར་དང་ཁོའི་ཉེ་འབྲེལ་ལ་ཐད་ཀར་གདོང་གཏད་ཀྱིས་ལག་དམར་གྱི་ཚེ་སྲོག་འཕྲོག་པའི་སྦྱོར་བ་རྩོམ་ངེས་ཡིན་ལ། དེའི་མཇུག་འབྲས་སུ་ཕན་ཚུན་ལ་འཁོན་སེམས་ངང་གནས་དགོས་པ་དང་གཅིག་བྱས་ན་དེ་ལས་ཀྱང་གནས་སྟངས་སྡུག་པོར་འགྲོ་སྲིད། འོན་ཀྱང་ཁོ་ཚོའི་གཞན་གྱི་བདེ་སྡུག་ལ་དོ་ཁུར་བྱེད་པའི་བསམ་པ་བཟོད་སྒོམ་དང་གུ་ཡངས་ཀྱིས་འཆམ་མཐུན་གྱི་གནས་ཤིག་བསྐྲུན་ནོ། །  ཡང་ཞིང་རྩྭའི་མགོ་བོ་བྲེག་པ་ན་ཞིང་རྩྭ་སྐྱེ་འཕེལ་འབྱུང་བར་གནོད་པས་ཞིང་རྩྭ་སྐྱེ་བའི་གཉེན་པོར་སོང་མོད་རྒྱུ་རྐྱེན་ས་བོན་ལ་མ་གནོད་པས་སླར་མི་འབྱུང་བའི་ངེས་པ་མེད་པ་བཞིན་བཟོད་པ་དང་།  བྱམས་པ།  སྙིང་རྗེ་ལྟ་བུ་ཐབས་ཀྱི་ཆ་རྣམས་ཀྱིས་ཀྱང་ཁོང་ཁྲོའི་མགོ་གནོན་པར་བྱེད་མོད། 《ཁྱད་པར་དུ་འཕགས་པའི་བསྟོད་པའི་རྒྱ་ཆེར་བཤད་པ་》 ལས་“བཅོམ་ལྡན་འདས་ཀྱིས་དགེ་སློང་དག་བྱམས་པ་བསྒོམས་ཤིག བྱམས་པ་བསྟེན་པ་དང་།  བསྒོམ་པ་དང་།  མང་དུ་བྱེད་པ་ནི་ཞེ་སྡང་སྤོང་བ་ལ་འཇུག་པ་ར་འགྱུར་རོ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན།  དེ་ལྟ་མོད་ཀྱི།  བྱམས་པས་རྩེ་གཞིལ་བ་ཙམ་དུ་འགྱུར་གྱི། ཡེ་ཤེས་ཀྱིས་རྩ་བ་ནས་འབྱིན་པར་འགྱུར་བས་ན་འདིར་ཡེ་ཤེས་སྨོས་པ་ཡིན་ནོ། །”[16] ཞེས་དང་ཡང་“ཁྱེད་ཀྱི་ཡེ་ཤེས་མེས་སོ། །  རྩར་བཅས་བྱ་བ་ནི་ཐོབ་པར་བྱ་བའི་ལྷག་མ་མེད་པ་སྟེ།  བག་ཆགས་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །  བསྲེགས་ནས་བཏོན་ཞེས་བྱ་བ་ནི།  ཇི་ལྟར་ན་སླར་ཡང་སྐྱེ་བར་མི་འགྱུར་བ་དེ་ལྟ་བའི་ཚུལ་གྱིས་རྣམ་པར་བསལ་བས”[17]ཁོང་ཁྲོ་དང་འདོད་ཆགས་ལྟ་བུ་རྩད་ནས་སྤོང་བ་ལ་ཤེས་རབ་ཀྱི་རྟོགས་རིགས་སུ་གྱུར་བའི་ཡེ་ཤེས་དགོས་པ་གསལ་ལོ། །

 ཁོང་ཁྲོའི་རྒྱུ་དང་བཅས་པའི་ཕྱོགས་གང་ནས་དཔགས་ཀྱང་འཆམ་མཐུན་དང་འདྲ་མཉམ་གྱི་བསམ་བློ་ལས་ལྡོག་སྟེ།  ཁོང་ཁྲོའི་རྒྱུའི་ཆ་ནས་ཆོས་ལུགས་བར་གྱི་འཐེན་འཁྱེར་དང་འཐབ་འཛིང་། མི་དམངས་དང་སྲིད་གཞུང་བར་ཁྲིམས་འགལ་དང་ལྐོག་ཟ། གཞན་དོན་འཐུས་ཤོར་ལ་སོགས་པའི་དོན་རྐྱེན་ཁོ་ནས་འབྱུང་རྐྱེན་དུ་གྱུར་ཡོད་དང་། ཁོང་ཁྲོའི་ངོ་བོའི་ཆ་ནས་རྒྱལ་ཁབ་དང་རྒྱལ་ཁབ་བར་དམག་འཁྲུག   མི་དང་མིའི་བར་ཁྱད་གསོད་དང་ཐུབ་ཚོད། བྲན་གཡོག་དང་བཀོལ་སྤྱོད་ལ་སོགས་པའི་སྡུག་བསྔལ་གྱི་རང་བཞིན་ཁོ་ན་ཡིན་པ། ཁོང་ཁྲོའི་འབྲས་བུའི་ཆ་ནས་ཀྱང་ཡིད་མི་བདེ་བ་སྡུག་བསྔལ་ལས་ཅི་ཡང་མེད་པས། ཁོང་ཁྲོ་ཞེས་པའི་སེམས་ཀྱི་འཛིན་སྟངས་ལོག་པ་དེ་ཅི་ལྟར་ཚོད་འཛིན་དང་། འདྲ་མཉམ་འཆམ་མཐུན་གྱི་བསམ་བློ་ཅི་ལྟར་ཡོང་པར་ལེགས་པར་ཤེས་ཤིང་།  སེམས་ཀྱི་འཁྱེར་སོའམ་འཆར་སྣང་བདེ་བའི་ལས་སུ་རུང་བར་བསྒྱུར་རྒྱུ་ན་རང་གཞན་ཀུན་ཀྱིས་སྨོན་པའི་འཆམ་མཐུན་སྤྱི་ཚོགས་ཀྱི་གཞི་མར་ངེས་ནས་རང་སེམས་རང་གིས་འདུལ་བ་གཙིགས་སུ་འཛིན་འོས་སོ། །

རྩོམ་སྒྲིག་པ། བྱང་ཆུབ་རྒྱ་མཚོ།

བརྒྱུད་འགོད།
0