ཚད་མ་རིགས་གཏེར་གྱི་རིག་གཞུང་རིན་ཐང་དང་ཕྱིས་བྱུང་མཁས་པས་འགྲེལ་བ་ཅི་ཙམ་མཛད་ཡོད་ཚུལ་སྐོར་གླེང་བ།

སྤེལ་དུས།  2017-12-16   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  སངས་རྒྱས་དོན་གྲུབ།   ཀློག་གྲངས།  

ནང་དོན་གནད་བསྡུས།དཔྱད་རྩོམ་འདིར་ས་པཎ་གྱིས་ཚད་མ་རིགས་གཏེར་ཇི་ལྟར་མཛད་ཚུལ་དང་བོད་ཀྱི་ཚད་མ་རིག་པའི་ལོ་རྒྱུས་ཁྲོད་རིག་གཞུང་ཞིབ་འཇུག་གི་རིན་ཐང་ག་འདྲ་ལྡན་པ། བོད་ཀྱི་ཕྱིས་བྱུང་མཁས་པ་རྣམས་ཀྱིས་བསྟན་བཅོས་འདི་ལ་འགྲེལ་བ་ཅི་ཙམ་མཛད་ཡོད་ཚུལ་སྐོར་གླེང་ཡོད། 

བརྡ་ཆད་གཙོ་བོ།  ཚད་མ་རིགས་གཏེར། རིག་གཞུང་རིན་ཐང་། ཚད་མའི་འཆད་རྒྱུན། འགྲེལ་བ། 

ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ཚད་མ་རིགས་གཏེར་ནི་རྒྱ་གཞུང་ལ་མ་བསྟེན་པར་བོད་རང་རྐང་གི་བསམ་བློས་བརྩམས་པའི་ཚད་མའི་བསྟན་བཅོས་ཐུན་མོང་མ་ཡིན་པ་ཞིག་ཡིན་ལ། བསྟན་བཅོས་འདི་བརྩམས་རྗེས་དེའི་སློབ་རྒྱུད་འཛིན་པ་མང་དུ་བྱུང་ནས་བོད་ཀྱི་ཚད་མ་རིག་པ་འཕེལ་རྒྱས་འགྲོ་བར་གལ་ཆེའི་ནུས་པ་ཐོན་ཡོད་པས། འགོས་ལོ་གཞོན་ནུ་དཔལ་དང་དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་བོད་དུ་དེང་སང་གི་བར་རྣམ་འགྲེལ་དར་བ་ས་པཎ་དང་འུ་ཡུག་པ་རྣམ་གཉིས་ཀྱི་དྲིན་ཡིན་ཞེས་གདེང་འཇོག་གནང་ཡོད་པ་ལྟར། བསྟན་བཅོས་འདི་ལ་རིག་གཞུང་ཞིབ་འཇུག་གི་དགོས་པ་དང་རིན་ཐང་ཆེར་ལྡན་ཡང་། རང་རེའི་སྤྱི་ཚོགས་སུ་བསྟན་བཅོས་འདིའི་སྐོར་གྱི་དཔྱད་རྩོམ་བྲིས་པ་ཧ་ཅང་ཉུང་བས། ཐེངས་འདིར་ཚད་མའི་བསྟན་བཅོས་འདིའི་ཞིབ་འཇུག་གི་རིག་གཞུང་རིན་ཐང་དང་འགྲེལ་བའི་སྐོར་གླེང་ཡོད། 

དང་པོ། ས་སྐྱ་པཎ་ཆེན་གྱིས་ཚད་མ་རིགས་གཏེར་ཇི་ལྟར་མཛད་ཚུལ་བཤད་པ། 

གཅིག ས་སྐྱ་པཎ་ཆེན་གྱིས་ཚད་མ་རིག་པར་ཐོས་བསམ་མཛད་ཚུལ། 

1.1 བོད་ཀྱི་མཁས་པ་དག་ལས་ཚད་མ་རིག་པར་ཐོས་བསམ་མཛད་ཚུལ། 

《ས་སྐྱ་པཎྜི་ཏའི་རྣམ་ཐར་འབྲིང་པོ་》ནང་“བཅུ་དགུ་པ་ལ་འཕྲང་ཞེས་བྱ་བ་ཡི། ། དགེ་བའི་བཤེས་

གཉེན་ཆེན་པོ་ཞུ་སྟོན་ལ། ། རྗེ་བཙུན་བྱམས་པས་གསུངས་པའི་ཆོས་སྡེ་ལྔ། ། ཚད་མ་ཀུན་བཏུས་ལ་སོགས་ཆོས་འགའ་གསན། །”ཞེས་ས་པཎ་དགུང་ལོ་བཅུ་དགུ་པར་ཞུ་སྟོན་རྡོ་རྗེ་སྐྱབས་ལས་ཚད་མ་ཀུན་བཏུས་གསན་པས། མཁས་པ་འགའ་ཤས་ཀྱིས་འདི་ནི་ས་པཎ་གྱི་ཚད་མ་གསན་ཡུལ་ཐོག་མ་ཡིན་ཞེས་བཤད་པ་མི་འཐད་དེ། 《ཚད་མའི་མདོ་དང་བསྟན་བཅོས་ཀྱི་ཤིང་རྟའི་སྲོལ་རྣམས་ཇི་ལྟར་བྱུང་བའི་ཚུལ་གཏམ་དུ་བྱ་བ་》རུ་“རང་ལོ་བཅུ་བདུན་པ་ཙམ་ནས་རྣམ་ངེས་བསྡུས་པ་བཅས་པ་ལ་གསན་སྦྱོང་དཔྱིས་ཕྱིན་མཛད་”ཅེས་དགུང་ལོ་ཆུང་དུས་ནས་ཁུ་བོའི་དྲུང་དུ་ཚད་མ་རིག་པར་ཐོས་བསམ་མཛད་པ་གསལ་བས། ཚད་མ་རིག་པར་ཐོས་བསམ་མཛད་ཡུལ་ཐོག་མ་ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་ཡིན་པ་ཁུངས་བཙུན་དུ་མཐོང་། གཞན་《དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་》དུ་“བདག་ཉིད་ཆེན་པོ་ཕྱྭ་པ་ཆོས་སེང་གི་གསུང་རབ་ཀྱི་སྒྲོས་འཛིན་པ་ཕྱྭ་དབང་ཕྱུག་སེང་གེ་ཞེས་བྱ་བའི་ཐད་དུ་དབུ་ཚད་དང་བྱམས་ཆོས་སོགས་ལ་ལེགས་པར་གཏུགས་ནས་མཁས་པར་སྦྱངས་ཏེ་གཞན་ལ་སྟོན་པར་མཛད་”ཅེས་དང་《དཔལ་ས་སྐྱ་པཎྜི་ཏའི་རྣམ་ཐར་གསུང་སྒྲོས་མ》དུ་“དགུང་ལོ་ཉི་ཤུ་པའི་དུས་ཉང་སྟོད་རྐྱང་འདུལ་དུ་དགེ་བཤེས་མཚུར་གཞོན་ནུ་སེང་གེའི་དྲུང་དུ་ཚད་མ་གསན་དུ་བྱོན་”ཞེས་ས་པཎ་གྱིས་མཚུར་གཞོན་ནུ་སེང་གེ་ལ་ཚད་མ་རྣམ་ངེས་མཐའ་ཆོད་པར་གསན་པ་བཅས་ས་པཎ་གྱིས་ཐོག་མར་བོད་ཀྱི་མཁས་པ་དག་དང་སྒོས་སུ་གསང་ཕུར་བརྒྱུད་པའི་ཚད་མ་རྣམ་ངེས་ཀྱི་ཁྲིད་རྒྱུན་གཙོས་གསན་ཡོད་པ་ཤེས་ཐུབ།

1.2 རྒྱ་གར་མཁས་པ་དག་ལས་ཚད་མ་རིག་པར་ཐོས་བསམ་མཛད་ཚུལ།

བོད་ཀྱི་ལོ་རྒྱུས་སྟེང་ས་པཎ་དགུང་ལོ་ག་ཙམ་སྟེང་ཁ་ཆེ་པཎ་ཆེན་དང་མཇལ་བར་བཞེད་པ་མི་མཐུན་པ་ཡོད་ཀྱང་། དགུང་ལོ་ཉེར་བདུན་ཐོག་ཁ་ཆེ་པཎ་ཆེན་དང་མཇལ་བ་ཁོངས་བཙུན་དུ་མཐོང་སྟེ། 《ཚད་མ་རིག་པའི་བྱུང་བ་ཉིན་མོར་བྱེད་པའི་སྣང་བ་》རུ། “རང་ལོ་ཉེར་བདུན་པ་ཙམ་ལ་ཁ་ཆེ་པ྇ཎ་ཆེན་དང་མཇལ། ཐོག་མར་ཚད་མ་ཆོས་མཆོག་གསན་པ་ནས་བཟུང་སྡེ་བདུན་ལ་བོད་ཀྱི་བཤད་པའི་ལྷད་མ་ཞུགས་པར་པཎྜི་ཏ་གཞན་ལས་ཀྱང་གསན་”ཞེས་ས་པཎ་གྱིས་ཁ་ཆེ་པཎ་ཆེན་ལས་ཚད་མ་གསན་དུས་དགུང་ལོ་ཉེར་བདུན་ཡིན་པ་གསལ། 《ལམ་འབྲས་སློབ་བཤད་ལས་བླ་མ་འཕགས་བོད་ཀྱི་ལོ་རྒྱུས་》ལས། “བྲམ་ཟེའི་སློབ་དཔོན་ཆེན་མོ་སུ་ག་ཏ་ཤྲཱི་ཞེས་བྱ་བ་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བྱོན་པས་དེ་ལས་གསན་པའི་རིམ་པ་ནི་”ཞེས་ས་པཎ་གྱིས་སུ་ག་ཏ་ཤྲཱི་ས་སྐྱར་གདན་དྲངས་ནས་ལོ་གཉིས་རིང་ཚད་མ་སྡེ་བདུན་སོགས་ཚད་མའི་བསྟན་བཅོས་མང་པོ་གསན་ནས་བསྒྱུར་བ་མ་ཟད། སྐབས་དེར་ཚད་མ་རྣམ་འགྲེལ་ལ་འགྱུར་བཅོས་མཛད་པར་གསལ། གཞན་“མཁས་པ་ཆེན་པོ་པཎྜི་ཏ་སཾ་གྷ་ཤྲཱི་ཞེས་བྱ་བ་ལས་སྒྲ་དང་ཚད་མ་ལ་སོགས་གང་ཞིག་གསན་པ་དེ་གསལ་བོར་བརྗོད་ན་”ཞེས་དང་“ཤར་ཕྱོགས་བྷ་ར་རནྟའི་པཎྜི་ཏ་དཱ་ན་ཤཱི་ལ་ཞེས་བྱ་བ་ལས་ཚད་མ་ལ་འགྲེལ་བ་བརྟག་པ་རྩ་འགྲེལ་དང་རྩོད་པའི་རིགས་པ་འགྲེལ་པ་བཅས་གསན་”ཞེས་ས་སྐྱ་པཎ་ཆེན་གྱིས་ཁ་ཆེ་པཎ་ཆེན་དང་པཎྜི་ཏ་སཾ་གྷ་ཤྲཱི། སུ་ག་ཏ་ཤྲཱི། དཱ་ན་ཤཱི་ལ་རྣམས་ལས་ཚད་མ་རྣམ་འགྲེལ་གཙོ་བྱས་ཚད་མ་སྡེ་བདུན་དང་དེའི་འགྲེལ་བ་རྣམས་ལ་ཐོས་བསམ་རྒྱ་ཆེར་མཛད་པ་མཐོང་ཐུབ།

ས་པཎ་གྱིས་སྔ་ཕྱིར་འཕགས་བོད་ཀྱི་མཁས་པ་བརྒྱད་ལས་ཚད་མ་རིག་པའི་བསྟན་བཅོས་སུམ་ཅུ་ལྷག་གསན་འདུག་པར་མ་ཟད། ཐོས་བསམ་གྱི་གཞུང་ལ་བོད་ཀྱི་མཁས་པ་དག་ལས་གཙོ་ཆེར་ཚད་མ་རྣམ་ངེས་དང་རྒྱ་གར་པཎ་ཆེན་དག་ལས་ཚད་མ་རྣམ་འགྲེལ་གསན་པ་གསལ། རྒྱ་གར་གྱི་པཎ་ཆེན་དག་ལས་ཚད་མར་གསན་དུས་རྒྱ་གར་བསྟན་བཅོས་མང་པོ་ཞིག་གསན་ནས་བསྒྱུར་ཅིང་ཞུས་པ་ནི་ས་པཎ་གྱི་ཐོས་བསམ་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་མཐོང་། རྒྱ་གར་གྱི་པཎ་ཆེན་དག་ལས་ཚད་མ་གསན་པ་ནི་ས་པཎ་གྱིས་ཚད་མ་རིག་པར་ཐོས་བསམ་རྒྱ་ཆེར་མཛད་པའི་དུས་སྐབས་གལ་ཆེན་ཞིག་ཡིན་པར་མ་ཟད། ས་པཎ་གྱིས་ཁ་ཆེ་པཎ་ཆེན་ལས་ཚད་མ་གསན་ཏེ་སྒྲོ་འདོགས་མང་པོ་ཞིག་བཅད་ཅེས་རྣམ་ཐར་དུ་གསལ་བ་ལྟར་ས་པཎ་གྱི་སློབ་གཉེར་ལ་མཐུན་རྐྱེན་ཆེན་པོ་བསྐྲུན། 

གཉིས། ས་པཎ་གྱིས་དུས་ནམ་ཞིག་ལ་ཚད་མ་རིགས་གཏེར་མཛད་པ།

ས་སྐྱ་པཎ་ཆེན་གྱིས་ཚད་མ་རིགས་གཏེར་མཛད་པའི་ལོ་ཚིགས་ལ་ཁ་ཅིག་གིས་དགུང་ལོ་ཉེར་བདུན་(༡༢༠༩ལོ)ཡིན་པར་བཞེད་ཀྱང་། ཚད་མ་རིགས་གཏེར་གྱི་མཛད་བྱང་དུ་ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་སྦྱར་ཞེས་བཀོད་འདུག་པ་ལས་བསྟན་བཅོས་འདི་མཛད་དུས་རྟེན་དགེ་སློང་སྟེ་དགུང་ལོ་ཉེར་བདུན་སྟེང་ཁ་ཆེ་པཎ་ཆེན་ལས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་རྗེས་ཡིན་པར་མ་ཟད། མཛད་པའི་གནས་ནི་དཔལ་ས་སྐྱའི་གཙུག་ལག་ཁང་ཡིན་པ་གསལ་བོར་རྟོགས་ཐུབ། ས་པཎ་གྱི་དངོས་སློབ་ལྷོ་པ་རིན་ཆེན་དཔལ་གྱིས་མཛད་པའི་རྣམ་ཐར་ལས་ཀྱང་ཤཱཀྱའི་རྒྱལ་བོ་དེའི་བཀའ་དྲིན་མི་འདོར་བར་དགོངས་ནས་སྡོམ་བརྩོན་དམ་པ་དེ་ལ་གསོལ་བ་བཏབ་སྟེ། ལོ་སྟོན་རྡོ་རྗེ་དབང་ཕྱུག་གིས་བཞེངས་པ་ཉང་སྨད་རྒྱན་གོང་ཞེས་བྱ་བའི་གཙུག་ལག་ཁང་དུ། རྒྱ་མཚོ་ལྟ་བུའི་དགེ་འདུན་གྱི་དབུས་སུ་བསྙེན་པར་རྫོགས་ནས་ཁ་ཆེ་པཎ་ཆེན་ལས་མདོ་རྒྱུད་ཀྱི་བསྟན་བཅོས་མང་པོ་གསན་ཞེས་བྱུང་བ་སོགས་ལ་བརྟག་ན། ས་པཎ་གྱིས་དགུང་ལོ་ཉེར་བདུན་ལ་བསྙེན་རྫོགས་ཞུས་ཟིན་ཡང་ས་སྐྱའི་གཙུག་ལག་ཁང་དུ་རྒྱུན་བཞུགས་གནང་མེད་ཅིང་། རིགས་གཏེར་གྱི་གཞུང་དངོས་སུ་སྡེ་བདུན་མདོ་དང་དེའི་འགྲེལ་བ་རྣམས་མཐའ་ཆོད་པར་གསན་ནས་མཛད་པ་ཡིན་ཞེས་དངོས་སུ་གསུངས་ཡོད་པ་ལས། ས་སྐྱ་པཎ་ཆེན་དགུང་ལོ་ཉེར་བདུན་སྟེང་རྒྱ་གར་གྱི་ཁ་ཆེ་པཎ་ཆེན་དང་མཇལ་ནས་ཚད་མ་རིག་པར་ཐོས་བསམ་མཛད་ཀྱིན་པའི་སྐབས་ཡིན་པས། སྐབས་དེར་ཚད་མ་རིག་པའི་གཞུང་ཆེན་འདི་བརྩམས་ནས་འཆད་ཉན་སྤེལ་མེད་པ་རྟོགས་སླ།

དེར་བརྟེན། དུས་ནམ་ཞིག་ལ་ས་སྐྱ་པཎ་ཆེན་གྱིས་《ཚད་མ་རིགས་གཏེར་》མཛད་པ་ཡིན་ཞེ་ན། 《བསྟན་རྩིས་གསལ་བའི་ཉིན་བྱེད་》དུ། “སོ་བརྒྱད་པ་ཙམ་གྱི་ཚེ། རྒྱ་བོད་ཀྱི་ངན་རྟོག་གི་བྲག་རི་འཇོམས་པར་བྱེད་པའི་ཚད་མའི་བསྟན་བཅོས་རིགས་པའི་གཏེར་ཞེས་གྲགས་པ་དེ་བརྩམས”ཞེས་པ་དང་《ས་སྐྱ་གོང་མ་རྣམ་ལྔའི་གསུང་རབ་དཀར་ཆག་》ཏུ། “དགུང་ལོ་སོ་བརྒྱད་པ་ལ་རྒྱ་བོད་ཀྱི་ངན་རྟོག་གི་མུན་པ་རྣམ་པར་འཇོམས་པའི་བསྟན་བཅོས་ཀྱི་ཉི་མ་ཚད་མ་རིགས་པའི་གཏེར་བརྩམས་”ཞེས་གསུངས་ཡོད་པར་མ་ཟད། ཀུན་མཁྱེན་འཇིགས་མེད་དབང་པོ་དང་འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་བོད་ཀྱི་མཁས་པ་མང་པོ་ཞིག་གིས་དེ་ལྟར་གསུངས་ཡོད་པས། རང་ལུགས་ལ་མཁས་པ་འདི་དག་གི་རྗེས་སུ་འབྲངས་ནས་ས་པཎ་དགུང་ལོ་སོ་བརྒྱད་(༡༢༢༠ལོ)སྟེང་ཚད་མ་རིག་གཏེར་བརྩམས་ཞེས་བཤད་ན་ལུང་དང་རིགས་པའི་འགལ་བ་མེད་སྙམ། 

གསུམ། ཚད་མ་རིགས་གཏེར་མཛད་དུས་ཀྱི་བོད་ཀྱི་ཚད་མའི་འཆད་ཉན་གནས་བབ།

《ཚད་མ་རིག་པའི་བྱུང་བ་ཉིན་མོར་བྱེད་པའི་སྣང་བ་》ལས། “གནས་སྐབས་ཁ་ཅིག་ཏུ། མཚན་ཉིད་པར་གྲགས་པ་ལ་ལ་དག་གིས། བསྡུས་པའི་ཆོས་སྐད་དེ་གཞུང་ལ་ལྟོས་མི་དགོས་པར་ཤེས་ནས་བསྡུས་པ་རྐྱང་བའི་ཆོས་སྐད་དེ་བཟུང་ནས་གྲྭ་ས་བསྐོར་བའི་སྟོན་པ་བཟང་ངན་དུ་བྱེད་པ་དག་བྱུང་”ཞེས་པ་དང་《རིགས་གཏེར་ལ་ཉེ་བར་མཁོ་བ་མཐའ་གཉིས་གསལ་བྱེད་》ལས། “མདོ་དང་སྡེ་བདུན་སྨྲ་བའི་གཞུང་དེ་དག། གངས་ཅན་སྐྱེས་བུའི་རྒྱན་དུ་སྔོན་བྱུང་བ། ། ཕལ་ཆེར་འགྲེལ་བཤད་བྱེད་པའི་སློབ་དཔོན་དང་། ། མི་མཐུན་རང་གི་རྣམ་དཔྱོད་གཙོར་བྱས་ཏེ། ། གཞུང་དོན་འབྱེད་པའི་སྤོབས་པ་ཐོབ་པ་མང་། ། ལུགས་དེ་དག་ཀྱང་ཁུངས་དང་མ་འབྲེལ་ཞིང་། ། ཀུན་རྟོག་རང་བཟོར་བཅས་པ་མང་བས་ན། ། བོད་ཡུལ་རྒན་པོ་དག་གི་ལུགས་དོར་ནས། ། སྨྲ་བའི་ཉི་མ་ཆོས་རྗེ་པཎྜི་ཏས། ། རིགས་གཏེར་རིགས་པའི་འོད་སྣང་ཀུན་ལ་བཤད། །”ཅེས་སྐབས་དེར་བོད་ཀྱི་དགོན་སྡེ་ལ་ལར་དགེ་སློང་ཚོས་ཚད་མའི་གཞུང་ལུགས་ལ་ཐོས་བསམ་ཆེར་མི་མཛད་པར། གང་སྦྱང་བྱའི་བསྡུས་དོན་ཙམ་བློ་ངོར་སྐྱོར་ནས་གྲྭ་སྐོར་བྱེད་པའི་སྣང་ཚུལ་དང་། 《ཚད་མ་རིགས་གཏེར་》རང་གཞུང་དུ་“གངས་རིའི་ཁྲོད་འདིར་མཁས་པའི་རྒྱུ་སྐར་བྱེ་བ་བརྒྱས། ། དཔལ་ལྡན་གྲགས་པའི་གསུང་རབ་པདྨོ་ཁ་ཕྱེ་མོད། ། གང་བློའི་ཉི་འོད་སྣང་བས་མ་ཁྱབ་དེ་སྲིད་དུ། ། གཞུང་ལུགས་དགོངས་དོན་གེ་སར་སྙིང་བོ་གསལ་མ་ནུས། །”ཞེས་བོད་སྔ་རབས་པ་རྣམས་ཀྱིས་ཚད་མ་སྡེ་བདུན་གྱི་དགོངས་པ་ཡོངས་སུ་ལོན་མེད་ཚུལ་གསུངས་འདུག་ལ། 《ཚད་མ་རིག་པའི་བྱུང་བ་ཉིན་མོར་བྱེད་པའི་སྣང་བ་》རུ་“ཚད་བསྡུས་ཀྱི་བཤད་པ་སྔར་བྱུང་བ་རྣམས་གཞུང་དང་མི་མཐུན་པར་གཟིགས་ནས་མདོ་སེམས་ཀྱི་གཞུང་ཐད་སོར་བཞག་ནས་བསྡུས་པའི་སྲོལ་ཐོག་མར་ཕྱེ་བ་ནི་ཚད་མ་རིགས་པའི་གཏེར་རང་འགྲེལ་དང་བཅས་པ་མཛད་”ཅེས་གསུངས་པ་ལྟར། ས་སྐྱ་པཎ་ཆེན་གྱིས་ཚད་མ་མདོ་དང་ཚད་མ་སྡེ་བདུན། ལེའུ་དང་པོའི་རང་འགྲེལ་རྣམ་ངེས་ཀྱི་རང་འགྲེལ་རྣམས་བརྗོད་བྱ་གཞུང་གོང་འོག་སྣ་ཚོགས་སུ་སིལ་བུ་ཡོད་པ་རྣམས་རིགས་མཐུན་ཕྱོགས་གཅིག་ཏུ་བསྡེབས་ནས་ཚད་མ་རིགས་གཏེར་རབ་བྱེད་བཅུ་གཅིག་རང་འགྲེལ་དང་བཅས་པ་བརྩམས། 《ས་སྐྱའི་གདུང་རབས་ངོ་མཚར་བར་མཛོད་》ལས། “རིགས་པའི་གཙོ་བོ་མཐའ་བྲལ་དབུ་མའི་གཞུང་ལས་འབྱུང་ཞིང་། དེ་རྟོགས་པ་ལ་ཡང་རྣམ་འགྲེལ་མཛད་པའི་གཞུང་ལ་རག་ལས་པར་དགོངས་ནས། དེ་གཞུང་གི་གཙོ་བོ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་བཤད་པ་བདག་ཉིད་ཆེན་པོ་རྔོག་བློ་ལྡན་ཤེས་རབ་ཀྱིས་ཅུད་ཟད་ཚུགས་ནའང་སྐབས་སུ་ནུབ་པ་ལ། སླར་ཡང་དར་ཞིང་རྒྱས་པར་བྱ་བའི་ཕྱིར་དང་། ཁ་ཆེ་པཎ་ཆེན་གངས་རིའི་ཁྲོད་དུ་བྱོན་པའི་བཀའ་དྲིན་གྱི་ལམ་པོ་ཆེ་དོད་པར་བྱ་བའི་ཕྱིར་”ཞེས་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་སྐབས་དེར་བོད་སྔ་རབས་མཁས་པ་རྣམས་ཀྱིས་ཚད་མ་སྡེ་བདུན་གྱི་དགོངས་པ་ཡོངས་སུ་ལོན་མེད་པ་དང་།  རྔོག་བློ་ལྡན་ཤེས་རབ་དང་ཕྱྭ་བ་ཆོས་ཀྱི་སེང་གེ་ནས་བརྒྱུད་པའི་བོད་ཀྱི་ཚད་མའི་འཆད་ཉན་འཕེལ་རྒྱས་ནས་ཉམས་རྒུད་དུ་འགྲོ་བཞིན་པའི་གནས་བབ་དེ་ལྟ་ཞིག་ཏུ། ཚད་མའི་འཆད་ཉན་ཉམས་པ་སླར་གསོ་དང་ཁ་ཆེ་པཎ་ཆེན་ནས་བརྒྱུད་པའི་ཚད་མ་རྣམ་འགྲེལ་གྱི་འཆད་ཉན་རྒྱ་ཆེར་སྤེལ་བ། ནང་སྒོས་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་དགོངས་པ་ཡང་དག་པ་དེ་བོད་དུ་ཤུགས་ཆེར་སྤེལ་བའི་ཀུན་སློང་གིས་རབ་བྱེད་བཅུ་གཅིག་གི་བདག་ཉིད་ཅན་ཚད་མ་རིགས་གཏེར་མཛད་པ་ཡིན་ཞེས་བཤད་ན་རིགས་པའི་འགལ་བ་ཅི་ཡང་མེད་སྙམ།

གཉིས་པ། ཚད་མ་རིགས་གཏེར་གྱིས་བོད་ཀྱི་ཚད་མ་རིག་པའི་ལོ་རྒྱུས་ཁྲོད་རིན་ཐང་ག་འདྲ་ཟིན་ཚུལ་བཤད་པ། 

གཅིག བོད་ཀྱི་ཚད་མའི་འཆད་ཉན་དུས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་བཏང་། 

བོད་ཀྱི་ཚད་མ་རིག་པའི་ལོ་རྒྱུས་ལྟར་ན། བོད་ཀྱི་ཚད་མའི་འཆད་ཉན་གཙོ་བོ་སློབ་རྒྱུན་གཉིས་བརྒྱུད་ནས་ད་ལྟའི་བར་རྒྱུན་འཛིན་བྱས་ཡོད་ཅེས་བཤད་ཆོག་པར་སེམས་ཏེ། གཅིག་ནི་བཀའ་གདམས་གསང་ཕུ་དགོན་ནས་བརྒྱུད་པའི་འཆད་རྒྱུན་དང་། ཅིག་ཤས་ས་སྐྱ་དགོན་ནས་བརྒྱུད་པའི་འཆད་རྒྱུན་ལས་སྐབས་ཀྱི་གླེང་བྱ་འཆད་རྒྱུན་ཕྱི་མ་སྟེ་སྤྱི་ལོ་དུས་རབས་བཅུ་གཉིས་པར། ས་སྐྱ་པཎ་ཆེན་གྱིས་ཁ་ཆེ་པཎ་ཆེན་སོགས་རྒྱ་གར་པཎ་ཆེན་དག་ལས་ཚད་མ་རྣམ་འགྲེལ་དཔྱིས་ཕྱིན་པར་བསླབས་ཏེ། རབ་བྱེད་བཅུ་གཅིག་གི་བདག་ཉིད་ཅན་ཚད་མ་རིགས་གཏེར་རང་འགྲེལ་དང་བཅས་པ་བརྩམས་ནས་འཆད་ཉན་རྒྱ་ཆེར་སྤེལ་བས། 《དེབ་ཐེར་སྔོན་པོ་》རུ། “འུ་ཡུག་པས་ས་སྐྱར་ས་པཎ་ལ་རྣམ་འགྲེལ་གསན་ནས་དེར་བཤད་པ་མཛད་པས་མཁས་པ་ཞང་མདོ་སྡེ་དཔལ་ལ་སོགས་པའི་སློབ་མ་མང་དུ་བྱུང་ཞིང་། དེང་སང་གི་བར་དུ་རྣམ་འགྲེལ་དར་བ་འདི་པཎ་ཆེན་དང་ཁོང་རྣམ་གཉིས་ཀྱི་དྲིན་ཡིན། གསང་ཕུ་རྣམས་ཀྱང་ཁོ་བོ་གཞོན་པའི་དུས་ན་རྣམ་ངེས་ཀྱི་བདག་པོ་མཛད་པས། དེང་སང་ནི་རྣམ་འགྲེལ་བར་གྱུར་ཏོ། །”ཞེས་ས་སྐྱ་པཎ་ཆེན་གྱིས་ཚད་མ་རིགས་གཏེར་བརྩམས་རྗེས། བསྟན་བཅོས་དེའི་བཤད་རྒྱུན་འཛིན་པའི་དངོས་སློབ་འུ་ཡུག་པ་རིག་པའི་སེང་གེས་ས་སྐྱར་ས་པཎ་ལས་ཚད་མ་རྣམ་འགྲེལ་གསན་ནས་བཤད་པ་མཛད་པས་མཁས་པ་ཆེན་པོ་ཞང་མདོ་སྡེ་དཔལ་དང་འཇམ་དབྱངས་སྐྱ་བོ། ཉ་དབོན་ཀུན་དགའ་དཔལ་ལ་སོགས་མང་དུ་བྱུང་ནས་འཆད་ཉན་རྒྱ་ཆེར་སྤེལ་ཏེ། དུས་ཕྱིས་གསང་ཕུ་དགོན་དུ་ས་སྐྱ་ནོར་བཟང་དང་ཉ་དབོན་ཀུན་དགའ་དཔལ་སོགས་ནས་བརྒྱུད་པའི་ཚད་མ་རྣམ་འགྲེལ་གྱི་འཆད་ཉན་དར་བ་ལ་ངོས་འཛིན་དགོས་པར་འདོད་པས། ས་སྐྱ་པཎ་ཆེན་གྱི་སྔོན་ལ་བོད་དུ་ཚད་མ་རྣམ་ངེས་ཀྱི་བཤད་པ་གཙོ་ཆེ་ནའང་དུས་ཕྱིས་ཚད་མ་རྣམ་འགྲེལ་དར་ཆེ་བ་ཆོས་འབྱུང་ལོ་རྒྱུས་སུ་གསལ་བས། ས་སྐྱ་པཎ་ཆེན་གྱིས་ཚད་མ་རིགས་གཏེར་བརྩམས་ནས་འཆད་ཉན་རྒྱ་ཆེར་སྤེལ་བར་བརྟེན་སྔོན་གསང་ཕུ་དགོན་བོད་ཀྱི་ཚད་མ་རིག་པའི་འཆད་ཉན་གྱི་ལྟེ་བ་ཡིན་པ་ཕྱིས་སུ་ས་སྐྱ་དགོན་ཚད་མའི་འཆད་ཉན་གྱི་ལྟེ་བར་ཆགས་པར་མ་ཟད། སྔོན་དབུས་སུ་ཚད་མ་རིག་པ་རྒྱ་ཆེར་དར་ནའང་དུས་ཕྱིས་གཙང་ཕྱོགས་སུ་འཆད་ཉན་རྒྱ་ཆེ་དར་བར་སྐུལ་འདེད་ཐེབས་པས། ས་སྐྱ་པཎ་ཆེན་གྱིས་ཚད་མ་རིགས་གཏེར་མཛད་པ་ནི་བོད་ཀྱི་ཚད་མའི་འཆད་ཉན་དུས་རིམ་གསར་བ་ཞིག་ཏུ་བརྒལ་བར་ཆ་རྐྱེན་བསྐྲུན་པར་མ་ཟད། བོད་ཀྱི་ཚད་མ་རིག་པ་འཕེལ་རྒྱས་འགྲོ་བར་གལ་ཆེའི་ནུས་པ་ཐོན་ཡོད་ཅེས་བཤད་ཆོག་ཆོག་རེད་སྙམ། 

གཉིས། རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་དགོངས་པ་ཡང་དག་བོད་དུ་སྤེལ།

ས་པཎ་གྱིས་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་ཚད་མའི་བསྟན་བཅོས་ཚད་མ་ཀུན་བཏུས་དང་ཚད་མ་རྣམ་འགྲེལ་དུ་བརྗོད་བྱ་སིལ་བུར་ཡོད་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཤིང་། བོད་རང་གི་བསམ་བློ་གཏོང་སྟངས་ལྟར་ཤེས་བྱ་ཡུལ་དང་དེ་ཤེས་བྱེད་ཀྱི་བློ་གཉིས་སུ་བསྡུས་ནས་ལེའུ་བཅུ་གཅིག་གི་བདག་ཉིད་ཅན་ཚད་མ་རིགས་གཏེར་བརྩམས་ཞེས་གྲགས་པ་ལྟར། 《རིགས་གཏེར་རང་འགྲེལ་》དུ་“ཡང་དག་པའི་ཤེས་པ་དག་ལ་རིགས་པར་སྨྲ་བར་ཁས་འཆེ་བ་རྣམས་ཀྱང་ལོག་པར་རྟོག་པ་དུ་མ་མཐོང་བས། དེ་ལ་སུན་དབྱུང་བ་དང་ཡང་དག་པའི་དོན་གཏན་ལ་དབབ་པའི་ཕྱིར་འདི་རྩོམ་མོ། དེ་ལ་གཉིས་ཏེ་ཤེས་བྱ་སྤྱི་ལྡོག་ནས་གཏན་ལ་དབབ་པ་དང་ཤེས་བྱེད་ཚད་མའི་རང་བཞིན་ངེས་པར་བྱ་བ་”ཞེས་བསྟན་བཅོས་འདི་རྩོམ་པའི་དགོས་པ་དང་བརྗོད་བྱ་གསལ་བར་བསྟན། 《པོད་ཆེན་དྲུག་གི་འབེལ་གཏམ་》ལས། “རང་འགྲེལ་དུ་ལུང་འདྲེན་པ་ནའང་། ཚད་མ་མདོ་དང་རྣམ་འགྲེལ། རྣམ་ངེས་ལེའུ་དང་པོའི་རང་འགྲེལ་སོགས་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་གཞུང་དྲངས་པ་མ་གཏོགས། ལྷ་རྒྱན་ཆོས་མཆོག་སོགས་ཀྱི་འགྲེལ་བའི་ཚིག་ཁུངས་ཐུབ་ཏུ་བྱས་ནས་དྲངས་པ་ཡེ་མེད། ལྷ་རྒྱན་སོགས་ལ་ལྟོས་པའི་ས་པཎ་དེ་མིན། ས་པཎ་གྱི་བློ་གྲོས་ཉི་མའི་འོད་ཀྱི་སྣང་བས་མ་ཁྱབ་པ་དེ་སྲིད་དུ་ཆོས་གྲགས་ཀྱི་དགོངས་དོན་གེ་སར་སྙིང་བོ་གསལ་མི་ནུས་པ་དེ་ཟིན་ལ་བོད་འདིར་གསུངས་ཀྱང་། འདིར་མ་ཟད་འཕགས་ཡུལ་དུའང་དེ་ལྟར་ཡིན་པ་གོར་མ་ཆག་”ཅེས་ས་པཎ་གྱིས་བསྟན་བཅོས་འདི་བརྩམས་དུས་ལུང་དང་རྒྱབ་རྟེན་ལ་ལྷ་རྒྱན་ཆོས་མཆོག་སོགས་ཏེ་ཡལ་ག་ལ་མ་བརྟེན་པར། ཐད་ཀར་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་གཉིས་རྩ་བར་གཏུགས་ཡོད་པ་བསྟན་བཅོས་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་ཞེས་བཤད་ཆོག་པར་མ་ཟད། ས་པཎ་གྱིས་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་རྣམ་གཉིས་ཀྱི་དགོངས་པ་ཡང་དག་བོད་དུ་སྤེལ་བའི་ཀུན་སློང་འདི་ནས་ཀྱང་རྟོགས་ཐུབ་ཅེས་བརྗོད་ཆོག 

ས་པཎ་གྱིས་ཚད་མ་རིག་གཏེར་མཛད་ནས་བོད་ཀྱི་ཚད་མའི་འཆད་ཉན་གྱི་མཁའ་དབུགས་གསར་བ་ཞིག་ཏུ་བསྒྱུར་ཏེ། འཕྲོག་བྱེད་དགའ་བོ་སོགས་ཕྱི་རོལ་མུ་སྟེགས་པའི་སྟོན་པ་དྲུག་བོད་དུ་རྩོད་པ་བྱེད་དུ་འོངས་པའི་གནས་ཚུལ་ལས་སྐབས་དེའི་འཕགས་བོད་ཚད་མ་རིག་པའི་འཆད་ཉན་ལ་ཐེབས་པའི་ཤུགས་རྐྱེན་ཇི་ལྟ་བུ་ཞིག་ཡིན་པ་གསལ་བོར་རྟོགས་ནུས། ལྷོ་པ་རིན་ཆེན་དཔལ་གྱིས་ཚད་མ་རིགས་གཏེར་ལ་དེ་ནི་སྡེ་བདུན་ཊཱི་ཀ་དང་བཅས་པའི་དགོངས་པ་འདི་ན་གནས་པས་“སྡེ་བདུན་སྙིང་བོ་”ཞེས་ཀྱང་བྱར་རུང་ཞེས་གདེང་འཇོག་གནང་འདུག་པ་ལྟར། ཚད་མ་རིགས་གཏེར་ནི་ས་སྐྱ་པཎྜི་ཏས་ཚད་མ་རིག་པར་ཐོས་བསམ་དཔྱིས་ཕྱིན་པར་མཛད་པའི་འབྲས་བུ་ཡིན་པས། བསྟན་བཅོས་འདི་ཉིད་བོད་དུ་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་དགོངས་པ་ཡང་དག་པ་དར་བར་ཕྱག་རྗེས་ཤིན་ཏུ་ཆེ་བ་མ་ཟད། དུས་རབས་བཅུ་གསུམ་པའི་སྐབས་གསང་ཕུའི་འཆད་ཉན་རེ་ཞིག་འཐུས་ཤོར་དང་ཉམས་རྒུད་དུ་ཕྱིན་ཡོད་པའི་གནས་ཚུལ་འོག བོད་ཀྱི་ཚད་མ་རིག་པའི་འཆད་རྒྱུན་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་བར་ནུས་ཤུགས་ཆེན་པོ་ཐོན་ཡོད་པས། ས་སྐྱ་པཎ་ཆེན་གྱིས་ཚད་མ་རིགས་གཏེར་མཛད་རྗེས་བོད་ཀྱི་ཚད་མ་རིག་པ་དེ་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཞིག་ཏུ་སླེབས་པར་མ་ཟད། ས་སྐྱ་པའི་ཚད་མ་རིག་པའི་འཆད་ཉན་དང་གཞུང་འགྲེལ་གྱི་རྒྱུན་སྲོལ་མ་ཉམས་པ་དེས། དུས་ཕྱིས་དགེ་ལུགས་པའི་ཚད་མ་རིག་པ་བྱུང་བ་དང་འཕེལ་རྒྱས་འགྲོ་བར་ཆ་རྐྱེན་བསྐྲུན་ཡོད་ཅེས་བཤད་ཆོག་ཆོག་རེད་འདོད། 

གསུམ་པ། བོད་ཀྱི་ཕྱིས་བྱུང་མཁས་པ་རྣམས་ཀྱིས་དེ་ལ་འགྲེལ་བ་ཅི་ཙམ་མཛད་ཡོད་ཚུལ།

གཅིག  ས་སྐྱ་བའི་མཁས་པ་རྣམས་ཀྱིས་འགྲེལ་བ་མཛད་ཚུལ། 

༡ འུ་ཡུག་པ་རིག་པའི་སེང་གེས་(༡༣༧༥—༡༢༥༣)《རིགས་གཏེར་གྱི་རྣམ་བཤད་ལ་རིགས་པ་གྲུབ་པ་》 ཞེས་པའི་འགྲེལ་བ་མཛད། 

༢ བོ་དོང་ཕྱོགས་ལས་རྣམ་རྒྱལ་(༡༣༧༥—༡༤༥༡)གྱིས་《རིགས་གཏེར་གྱི་ཊཱིཀྐ་ཚད་མ་བསྡུས་པ་》ཞེས་པ་མཛད། 

༣ བླ་མ་དམ་པ་བསོད་ནམས་རྒྱལ་མཚན་(༡༣༡༢—༡༣༧༥)གྱིས་《ཚད་མ་རིག་གཏེར་གྱི་དགོངས་པའི་རྒྱུད་འཛིན་མདོར་བསྡུས་》ཞེས་པའི་འགྲེལ་བ་མཛད། 

༤ གཡག་སྟོན་སངས་རྒྱས་དཔལ་གྱིས་ས་སྐྱར་གདན་ས་མཛད་དུས་《སྡེ་བདུན་གྱི་དགོངས་འགྲེལ་ཚད་མ་རིག་གཏེར་གྱི་དེ་ཁོ་ན་ཉིད་གསལ་བར་བྱེད་པ་རིགས་པའི་འོད་སྣང་འཕྲོ་བ་》ཞེས་པའི་འགྲེལ་བ་མཛད། 

༥ རོང་སྟོན་ཤེས་བྱ་ཀུན་རིག་(༡༣༦༧—༡༤༤༩)གིས་《ཚད་མ་རིགས་པའི་གཏེར་གྱི་རྣམ་བཤད་ཉི་མའི་སྙིང་པོ་》ཞེས་པའི་འགྲེལ་བ་མཛད།

༦ གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་(༡༤༢༨—༡༥༠༧)གྱིས་《ཚད་མ་རིག་གཏེར་གྱི་འགྲེལ་བ་རྟོག་གེའི་འཁྲུལ་འཇོམས་ཆེན་མོ་》དང་《ཚད་མ་རིགས་པའི་གཏེར་གྱི་རྣམ་པར་བཤད་པ་སྡེ་བདུན་ངག་གི་རོལ་མཚོ་》། 《ཚད་མ་རིགས་པའི་གཏེར་གྱི་དགོངས་རྒྱན་རིགས་པའི་འཁོར་ལོས་ལུགས་ངན་ཕམ་བྱེད་ཞེས་བྱ་བའི་བསྟན་བཅོས་》ཞེས་པའི་འགྲེལ་བ་གསུམ་མཛད། 

༧ བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་(༡༤༡༡—༡༤༨༥)གྱིས་《རིགས་གཏེར་གྱི་ཊཱིཀྐ་རིགས་པའི་མགུལ་རྒྱན་》ཞེས་བྱ་པའི་འགྲེལ་བ་མཛད། 

༨ གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེས་(༡༤༢༩—༡༤༨༩)《རིགས་གཏིེར་གྱི་དགོངས་པ་ཐུན་མོང་མ་ཡིན་པ་འགྲེལ་བའི་སྤྱི་དོན་ཆེ་བ་》དང་《སྤྱི་དོན་ཆུང་བ་རིགས་གཏེར་གསལ་བྱེད་》ཞེས་པའི་འགྲེལ་བ་གཉིས་མཛད། 

༩ པཎ་ཆེན་འབུམ་ཕྲག་གསུམ་པས་(༡༤༣༣—༡༥༠༤)གྱིས་《རིགས་གཏེར་སྤྱི་དོན་》ཞེས་པའི་འགྲེལ་བ་མཛད། 

༡༠ པཎ་ཆེན་གཞུང་བརྒྱ་པས་《རིགས་གཏེར་གྱི་ཊཱིཀྐ་》ཞེས་པའི་འགྲེལ་བ་མཛད། 

༡༡ རྒྱལ་བ་མུས་ཆེན་རབ་འབྱམས་པས་《རིགས་གཏེར་གྱི་ཊཱིཀྐ་རིགས་ལམ་གསལ་བའི་ཉི་མ་》ཞེས་པའི་འགྲེལ་བ་མཛད།

༡༢ སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་(༡༤༠༥—?)གྱིས་《རིགས་གཏེར་གྱི་ཊཱིཀ་ཆེན་》ཞེས་པའི་འགྲེལ་བ་མཛད། 

༡༣ཀློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་(༡༤༤༡—༡༥༢༥)ཀྱིས་《སྡེ་བདུན་མདོ་དང་བཅས་པའི་དགོངས་འགྲེལ་ཚད་མ་རིགས་པའི་གཏེར་གྱི་འགྲེལ་བའི་རྣམ་བཤད་རིགས་ལམ་གསལ་བའི་ཉི་མ་》ཞེས་པ་དང་། གཞུང་དེའི་གཞོགས་འདེགས་སུ་《ཚད་མ་རིགས་གཏེར་ལ་ཉེ་བར་མཁོ་བ་མཐའ་གཉིས་གསལ་བྱེད་》 ཅེས་པ་དང་།《ཚད་མ་རིགས་གཏེར་གྱི་ཕྱོགས་སྔ་མ་རྣམ་པར་བཤད་པ་རིགས་ལམ་གསལ་བྱེད་》 ཅེས་པའི་འགྲེལ་བ་མཛད། 

༡༤ མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་(༡༥༢༢—༡༥༩༦)《ཚད་མ་རིགས་གཏེར་གྱི་དཀའ་འགྲེལ་གནད་ཀྱི་སྙིང་པོ་གསལ་བྱེད་》ཅེས་པའི་འགྲེལ་བ་མཛད། 

༡༥ མཁན་ཆེན་ངག་དབང་ཆོས་གྲགས་(༡༥༧༢—༡༦༤༡)ཀྱིས་《ཚད་མ་རིགས་གཏེར་གྱི་དགོངས་དོན་གསལ་བར་བྱེད་པའི་ལེགས་བཤད་ངག་གི་དཔལ་སྟེར་》ཞེས་པའི་འགྲེལ་བ་མཛད། 

༡༦ འཇམ་དབྱངས་མཁྱེན་བརྩེ་དབང་པོས་《ཚད་མ་རིགས་པའི་གཏེར་གྱི་ཊཱིཀྐ་》ཞེས་པའི་འགྲེལ་བ་མཛད། 

༡༧ བློ་གཏེར་དབང་པོས་(༡༨༤༧—༡༩༡༤)《ཚད་མ་རིགས་གཏེར་གྱི་མཆན་འགྲེལ་སྡེ་བདུན་གསལ་བའི་སྒྲོན་མེ་》ཞེས་པའི་འགྲེལ་བ་མཛད། 

༡༨ མཁན་པོ་བློ་གྲོས་བཟང་པོས་《ཚད་མ་རིགས་གཏེར་ལེགས་བཤད་བཟང་པོ་གསུམ་ལྡན་》ཞེས་པའི་འགྲེལ་བ་མཛད། 

༡༩ མཁན་པོ་བློ་གྲོས་རྒྱལ་མཚན་(༡༣༣༢—༡༣༦༤)གྱིས་《ཚད་མ་རིགས་པའི་གཏེར་གྱི་ཊཱིཀྐ་》ཞེས་པའི་འགྲེལ་བ་མཛད། 

༢༠ དབང་ཕྱུག་དཔལ་བཟང་གིས་《ཚད་མ་རིག་གཏེར་གྱི་ཚར་བཅད་དང་ལྟག་ཆོད་བརྟག་པ་》ཞེས

་པའི་འགྲེལ་བ་མཛད། 

གཉིས། དགེ་ལུགས་པའི་མཁས་པ་རྣམས་ཀྱིས་འགྲེལ་བ་མཛད་ཚུལ། 

༡ རྒྱལ་ཚབ་དར་མ་རིན་ཆེན་(༡༣༦༤—༡༤༣༢)གྱིས་《རིགས་གཏེར་རྣམ་བཤད་སྙིང་བོ་》ཞེས་པའི་འགྲེལ་བ་མཛད། 

གསུམ། རྙིང་མ་བའི་མཁས་པ་རྣམས་ཀྱིས་འགྲེལ་བ་མཛད་ཚུལ། 

 འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་(༡༣༦༤—༡༤༣༢)《ཚད་མ་རིགས་པའི་གཏེར་གྱི་མཆན་འགྲེལ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་》ཞེས་པའི་འགྲེལ་བ་མཛད།

མཇུག་སྡུད་བ

ས་སྐྱ་པཎ་ཆེན་གྱིས་《ཚད་མ་རིགས་གཏེར་》བརྩམས་ཏེ་འཆད་ཉན་སྤེལ་ནས་བཟུང་། བོད་དུ་ཚད་མ་རྣམ་འགྲེལ་དང་རིག་གཏེར་གྱི་འཆད་ཉིན་རྒྱ་ཆེར་དར་ནས་ཚད་མའི་འཆད་རྒྱུན་དུས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་བྱུང་བས། བོད་ཀྱི་ཚད་མའི་ལོ་རྒྱུས་ཁྲོད་ཚད་མ་འཕེལ་རྒྱས་འགྲོ་བར་ནུས་པ་གལ་ཆེ་ཐོན་ཡོད་པར་མ་ཟད། བོད་ཀྱི་མཁས་པ་རྣམས་ཀྱིས་བོད་དུ་ཚད་མ་དར་བ་ལ་ཐོག་མར་བྱས་རྗེས་འཇོག་མཁན་བཀའ་གདམས་པ་ཡིན་ལ། བར་དུ་བྱས་རྗེས་འཇོག་མཁན་ས་སྐྱ་པ་ཡིན། ཐ་མར་བྱས་རྗེས་འཇོག་མཁན་རི་བོ་དགེ་ལུགས་པ་ཡིན་ཞེས་བཤད་པ་བདེན་པའི་གཏམ་དུ་འཁུམ་སྟེ། ཚད་མའི་འཆད་ཉན་ལ་འགྱུར་བ་བྱུང་བ་དང་བསྟུན་བོད་དུ་ས་སྐྱ་པ་གཙོས་གྲུབ་མཐའ་རིས་མེད་ཀྱི་མཁས་པ་རྣམས་ཀྱིས་ཚད་མ་རིགས་གཏེར་ལ་སློབ་སྦྱོང་དང་འགྲེལ་བ་མང་དུ་མཛད་པའི་འགོ་ཚུགས། གོང་དུ་དྲངས་པའི་བོད་ཀྱི་མཁས་པ་རྣམས་ཀྱིས་བསྟན་བཅོས་འདི་ལ་འགྲེལ་བ་མཛད་པའི་དཔེ་ཐོའི་མཛད་བྱང་ནི་བོད་ཀྱི་ཚད་མའི་ཆོས་འབྱུང་ཁག་གཞིར་བཟུང་ནས་བཀོད་པ་ཡིན་ལ། བསྟན་བཅོས་འདི་ལ་བོད་ཀྱི་ཕྱིས་བྱུང་མཁས་པ་རྣམས་ཀྱིས་ཁྱོན་བསྡོམས་འགྲེལ་བ་༢༢ལྷག་མཛད་ཡོད་པ་གསལ་མོད། ད་དུང་བོད་ཀྱི་མཁས་པ་གཞན་པས་བསྟན་བཅོས་འདི་ལ་འགྲེལ་བ་མཛད་ཡོད་ཀྱང་ལག་སོན་མ་བྱུང་བ་གང་མང་ཡོད་སྲིད་པས། དེ་ནི་བརྟག་དཔྱད་བྱེད་དགོས་པར་འདོད།

ཟུར་ལྟའི་དཔྱད་གཞི། 

1 བློ་གཏེར་དབང་པོ་སོགས་ཀྱིས་བསྒྲིགས། 《 ལམ་འབྲས་སློབ་བཤད་ལས་བླ་མ་འཕགས་བོད་ཀྱི་ལོ་རྒྱུས། 》 སྡེ་དགེ་པར་མ། 1983—1985

2 ཟླ་བས་བསྒྲིགས། 《བོད་ཀྱི་ཚད་མ་རིག་པའི་བསྟན་བཅོས་དཀོན་པོ་བདམས་བསྒྲིགས།》དེབ་གསུམ་པ། 

2014

3 ངོར་ཆེན་ཀུན་དགའ་བཟང་པོས་བརྩམས། 《དཔལ་ས་སྐྱ་པཎྜི་ཏའི་རྣམ་ཐར་གསུང་སྒྲོས་མ། 》སྡེ་དགེ་པར་མ། 1983—1985

4 གུ་རུ་བཀྲ་ཤིས། 《གུ་བཀྲའི་ཆོས་འབྱུང་། 》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1990

5 པཎ་ཆེན་ཤཱཀྱ་མཆོག་ལྡན། 《ཚད་མའི་མདོ་དང་བསྟན་བཅོས་ཀྱི་ཤིང་རྟའི་སྲོལ་རྣམས་ཇི་ལྟར་བྱུང་ཚུལ་གཏམ་དུ་བྱ་བ། 》 ཀ་ཏ་མན་རྡུ། 2006

6 གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། 《རིགས་གཏེར་ལ་ཉེ་བར་མཁོ་བ་མཐའ་གཉིས་གསལ་བྱེད། 》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1988

7 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 《ཚད་མ་རིགས་གཏེར།》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2005

8 ཨ་མེས་ངག་དབང་ཀུན་དགའ་བསོད་ནམས། 《ས་སྐྱའི་གདུང་རབས་ངོ་མཚར་བར་མཛོད་》 མི་རིགས་དཔེ་སྐྲུན་ཁང་། 1986

9 འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ། 》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985

10 མཁན་ཆེན་ངག་དབང་ཆོས་གྲགས། 《པོད་ཆེན་དྲུག་གི་འབེལ་གཏམ་》 དཔལ་ལྡན་འབྲུག་གཞུང་ཐིམ་ཕུ། 1979

11 ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། 《ཤེས་བྱ་ཀུན་ཁྱབ།》 མི་རིགས་དཔེ་སྐྲུན་ཁང་། 1982

12 འཇིགས་མེད་བསམ་གྲུབ། 《བོད་དར་ཚད་མ་རིག་པའི་བྱུང་འཕེལ་དང་དེའི་རིགས་ལམ་འགའ་བཤད་པ། 》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2016

13 དགྲ་འདུལ་གྱིས་གཙོ་སྒྲིག་བྱས། 《བོད་བརྒྱུད་ཚད་མ་རིག་པའི་ཞིབ་འཇུག 》དེབ་གཉིས་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015

14 བློ་བཟང་ཆོས་གྲགས། 《བཚད་མ་རིག་པའི་བྱུང་འཕེལ། 》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2017

རྩོམ་སྒྲིག་པ། བྱང་ཆུབ་རྒྱ་མཚོ།

བརྒྱུད་འགོད།
0