ཁ་དོག་དཀར་དམར་གྱི་སྐོར་ཉུང་ཙམ་བརྗོད་པ།

སྤེལ་དུས།  2017-12-16   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  བསོད་ནམས་འབུམ།   ཀློག་གྲངས།  

ནང་དོན་གནད་བསྡུསརྩོམ་ཡིག་འདིའི་ནང་དུ་ཚད་མའི་ཁ་དོག་དཀར་དམར་གི་འབྱུང་ཁུངས་དང་།  བྱེད་ནུས། རི་མོའི་ཚོས་མདོག་གི་ལག་ལེན། ལས་དང་པོར་ཚད་མ་ཁ་དོག་དཀར་དམར་ནས་སློབ་དགོས་པ་སོགས་ཅུང་གསལ་བཤད་ཀྱི་ཚུལ་དུ་བརྗོད་ཡོད། 

བརྡ་ཆད་གཙོ་བོཁ་དོག་དཀར་དམར། འབྱུང་ཁུངས། རི་མོའི་ཚོས་མདོག  བྱེད་ནུས།  ལག་ལེན། 

དང་པོ།  སྤྱི་བཤད་ཀྱི་སྐོར།  

1. དེ་ཡང་ངེད་ཅག་སྐྱེས་མ་ཐག་ནས་རང་བྱུང་གི་བྱ་དངོས་སྣ་ཚོགས་ལས་འཕོས་པའི་ཁ་དོག་དང་ལྷན་དུ་འཚོ་ཞིང་གཞེས་མོད།  འོན་ཀྱང་ཁ་དོག་གི་འབྱུང་ཁུངས་གཏིང་ཟབ་བའི་རྒྱུས་ལོན་བྱེད་རྒྱུ་ཧ་ཅང་དཀའ་པ་ཞིག་ཡིན།  ཁ་དོག་དེ་དག་དོན་དམ་གང་ནས་བྱུང་བ་ཡིན་ནམ།  དེའི་འབྱུང་ཁུངས་ནི་མིའི་རིགས་ཀྱི་ཕ་རོལ་ཏུ་སོན་པའི་དཀོན་མཆོག་ལ་ཐུག་འདུག་གམ་ཞེ་ན།  མ་ཡིན་ཏེ།  དངོས་ལུགས་རིག་པ་བས་ཚོད་ལྟ་བྱས་པ་ལྟར་ན།  འོད་དཀར་ཉི་འོད་གླིང་གསུམ་ཅན་གྱི་ཤེལ་ངོར་ཕོག་པར་བྱས་པ་ན། དེ་ཆོས་ཉིད་ངེས་ཅན་ཞིག་གི་སྒོ་ནས་བསྒྲིགས་ཡོད་པ་ནི།  དམར་པོ་དང་།  ལི་ཁྲི།  སེར་པོ།  ལྗང་ཁུ།  སྔོ་སྔོ།  སྔོན་པོ།  རྒྱ་སྨུག་བཅས་ཁ་དོག་རྣམ་པར་བཀྲ་བའི་འོད་རྒྱུད་བསྟར་མར་གྲུབ།  དེ་བཞིན་ཚན་རིག་གིས་རྟག་དཔྱད་ལས་ར་ཕྲོད་བྱུང་བ་སྟེ། འོད་ནི་ཁ་དོག་གི་འབྱུང་ཡུལ་ཡིན་ལ་འོད་ཀྱི་ནུས་པས་ཁ་དོག་སྣ་ཚོགས་བཟོས་པ་ཡིན།  ཡིན་ནའང་བྱ་དངོས་ཡོད་ཚད་ལ་མ་བརྟེན་པར་ཁོ་ན་ཁེར་རྐྱང་དུ་གྱེས་པས་ཁ་དོག་བཟོ་སྦྱོར་བྱེད་མི་ཐུབ་པ་ཡིན་ཏེ།  རང་བྱུང་ཁམས་ཀྱི་བྱ་དངོས་ཡོད་དོ་ཅོག་གིས་འོད་བསྡུ་རུབ་ཀྱི་ཤུགས་མི་འདྲ་བའི་ཆ་ནས་ཁ་དོག་སྣ་ཚོགས་བྱུང་བ་རེད།  འདི་ནི་གཅིག་ལ་གཅིག་བརྟེན་གྱི་ཤེས་རྟོག་རིག་པའི་འབྲེལ་བ་ཡིན།  འོད་ནི་ཁ་དོག་གི་འབྱུང་ཁུངས་དང་འོད་བསྡུ་ལེན་བྱེད་པའི་རང་བྱུང་བྱ་དངོས་ཀྱི་ཁྱད་ནུས་ལས་ཁ་དོག་བཟོ་སྦྱོར་བྱས་པ་ན།  ཁ་དོག་རྐྱང་པ་རེ་རེ་བཀར་ཚུལ་མིག་གི་གཟུང་བྱས་དབྱེ་འབྱེད་བྱེད་དགོས་པ་ཤིན་ཏུ་གསལ།  དགེ་འདུན་ཆོས་འཕེལ་ཀྱི་གཏམ་རྒྱུད་གསེར་ཐང་ལས།  ཁ་དོག་ཐམས་ཅད་ཀྱང་ཕྲ་རབ་ཀྱི་རྦ་ཀློང་གཡོ་ཚུལ་ཙམ་སྟེ།  དཔེར་ན།  འོད་ཀྱི་རླབས་མིག་འཛུམ་གཅིག་ལ་བརྒྱད་བརྒྱ་གཡོ་བ་དག་ལ་དམར་པོའི་སྣང་བ་འཆར་ཞིང་།  བཞི་བརྒྱ་གཡོ་བ་དག་ལ་སེར་པོའི་སྣང་བ་སོགས་འཆར་བ་ལས།  ཁ་དོག་ཙམ་གཞིའི་ཕྲ་རབ་རྣམས་ལ་ཁ་དོག་གི་ཁྱད་ནུས་ཅི་ཡང་མེད་པར་མཐོང་།  ཞེས་གསུངས་པ་ཇི་བཞིན་དུ།  མིག་འཛུམ་གཅིག་གི་ཡུན་ལ་འོད་རྡུལ་གྱི་འགུལ་སྤྱོད་དྲག་ཞན་བྱུང་བའི་ཆ་ནས་ཁ་དོག་སྣང་བ་ཤ་སྟག་ཡིན།  གལ་ཏེ་འོད་རླབས་ཉི་འོད་དེ་བྱ་དངོས་ཡན་གར་བ་ཐམས་ཅད་ཀྱིས་ལྡོག་སྤྲོས་བྱེད་པའི་ཚད་འདྲ་མཉམ་ཡིན་ན་ནི།  དཀར་ནག་ལས་ཁ་དོག་གཞན་ཅི་ཡང་མི་སྣང་བ་ནི།  དགེ་ཆོས་ཀྱིས་དཀར་པོ་ཡོད་པས་ནག་པོ་མིག་ལ་སྣང་ནུས་ཀྱི།  དཀར་པོ་ལེགས་པའི་དངོས་པོ་ཡན་གར་བ་ཅི་ཡང་འཇིག་རྟེན་ན་མི་སྲིད།  །ཅེས་བརྗོད་པ་ཡིན། 

གཉིས་པ།  ཁ་དོག་སྒྱུ་རྩལ་གྱི་འབྱུང་ཁུངས་སྐོར།

དེ་ཡང་ཁ་དོག་སྒྱུ་རྩལ་གྱི་ཁུངས་ནི།  སྒྱུ་རྩལ་སྔོན་གྱི་སྒྱུ་རྩལ་ཞེས་པའི་དཔེ་དེབ་ནང་དུ་མིའི་རིགས་ཀྱི་ཐོག་མའི་ཡོ་བྱད་དང་ཐོག་མའི་སྒྱུ་རྩལ་ཐོན་རྫས་ནི་གཅིག་གྱུར་རང་བཞིན་ཡིན།  ཞེས་སྒྱུ་རྩལ་ཐོན་རྫས་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་ངལ་རྩོལ་རྒྱུ་ཆ་ལ་གཏུག་ཡོད་པ་རེད།  ཡིན་ནའང་སྒྱུ་རྩལ་གྱི་ཕྲ་ཕུང་ནི་འདི་ལས་ཀྱང་ཆེས་སྔ་བ་ཡིན་ཏེ།  དེ་ནི་ཁ་དོག་གི་སྒྱུ་རྩལ་འབའ་ཞིག་ལ་ཐུག་འདུག   གཤམ་དུ་མིའི་རིགས་དང་རང་བྱུང་ཁམས་བར་གྱི་འབྲེལ་བའི་ཐོག་ནས་རིགས་འདེད་ཅིག་བྱ་བ་ལ།  ཁྲག--ངོས་ཟིན--ཞེན་སྣང་།  འདི་ལྟར་དཔྱད་པས་གཞི་གྲུབ་སྟེ།  ལྗོན་རྩེའི་སྤྲ་ཚོགས་ལ་མཚོན་ན་མིའི་རིགས་ཀྱི་ཐོག་མའི་ཤེས་རྒྱ་ཕྲ་ཕུང་ཁོ་ཚོའི་ཀླད་ཆེན་ནང་ཆགས་ཡོད་པ་དང་།  ཤེས་རྒྱུན་ཕྲ་ཕུང་དེར་བརྟེན་ནས་ཕྱི་ཡུལ་སེམས་ཅན་གཞན་ལས་སྔོན་ཐོན་ཡིན་ཕྱིར།  བྱ་བ་གང་འདྲ་ཞིག་བྱུང་ཚེ་རང་ཉིད་ཚེ་སྲོག་ལ་གནོད་ཚབས་ཡོད་མེད་རྟོགས་སྲིད།  དེས་ན་རང་བྱུང་བྱ་དངོས་དང་ཚེ་སྲོག་གི་འཚོ་རྟེན་ཟུངས་ཁྲག་གཉིས་ལས་ངོས་ཟིན་ཐོབ་སླ་བ་ཟུངས་ཁྲག་ཡིན་པས།  དེར་ཟབ་འཇུག་གི་ངོས་ཟིན་ཐོབ་པ་ནི།  ཁྲག་དམར་པོ་ཞེས་ཁ་དོག་གིས་མཚོན་པར་བྱས་ཤིང་།  ཁ་དོག་དམར་པོ་མཐོང་ན་ཡ་ང་ལ་ཞེད་སྣང་སྐྱེད་པར་བྱེད།  དེ་བཞིན་དུ་དུས་ཡུན་ཧ་ཅང་རིང་པོ་འགྱངས་པ་དང་།  བྲག་ངོས་རི་དྭགས་ཀྱི་གཟུགས་རིས་བརྐོས་པ། ﹙རྡོ་ཆས་རྙིང་མའི་དུས་རབས་ལ་﹚མདའ་མདུང་འཛེར་བའི་ཚུལ་དུ་རྨ་ཁ་ལས་ཟུངས་ཁྲག་བརྡོལ་བ་ལྟར་བྱས་པ་དང་།  སྲོག་ཆགས་ཀྱི་མཆེ་བའམ་རྡོ་ལེབ་ཆུང་ངུ་འཇམ་པོར་བརྡར་བ་ལ་ཁུང་བུ་བརྟོལ།  དེའི་སྟེང་ཚོས་རྩི་དམར་པོ་བྱུགས།  ﹙རྡོ་ཆས་གསར་མའི་དུས་རབས་ལ།﹚ ཤིང་སྐེ་ལ་བཏགས་ཏེ་གེགས་བར་ཆད་འགོག་པའི་སྨོན་པ་མཚོན་བྱེད་བགྱིད།  འདི་དག་ཐམས་ཅད་ཟུངས་ཁྲག་ལ་ངོས་ཟིན་ཐོབ་པའི་རྣམ་པ་ཉིད་ཡིན་ལ།  ཟུངས་ཁྲག་གི་ཁ་དོག་དམར་པོ་ལ་རིགས་བསྒྲེས་ཏེ་ཁ་དོག་གཞན་རྣམས་ཀྱང་ངོས་ཟིན་བྱུང་བ་ཡིན།  ཁྲག--ངོས་ཟིན--ཞེན་སྣང་ཞེས་པའི་ཕུགས་དོན་ནི།  ཁ་དོག--བརྩེ་གདུང་།--སྒྱུ་རྩལ་ལྟར་ལགས་ཏེ།  འདི་ལོ་ངོ་ཁྲི་ཚོ་༡༤༠༠ལས་ཆེས་ཆེར་འདས་ཤིང་ལོ་ངོ་ཁྲི་ཚོ་༣༠༠༠སྐབས་ཀྱི་ལྗོན་རྩེའི་སྤྲ་ཚོགས་སུ་ཐུག་ཡོད།  དེར་བརྟེན།  ཁ་དོག་སྒྱུ་རྩལ་ནི་སྒྱུ་རྩལ་ཀུན་གྱི་ཐོག་མར་ངོས་འཛིན་བྱེད་ཆོག་པ་དང་། ཁ་དོག་སྒྱུ་རྩལ་གྱི་འབྱུང་ཁུངས་ནི་མིའི་རིགས་ཀྱི་ཟུངས་ཁྲག་ལ་ཐུག་ཡོད་དོ།  ། 

གསུམ་པ།  ཚད་མ་ལས་ཁ་དོག་སྐོར་ཅུང་ཙམ་གླེང་བ། 

ཚད་མའི་དགོངས་འགྲེལ་གྱི་བསྟན་བཅོས་ཆེན་པོ་རྣམ་འགྲེལ་གྱི་དོན་གཅིག་ཏུ་དྲིལ་བ་བློ་རབ་འབྲིང་ཐ་མ་གསུམ་དུ་སྟོན་པ་ལེགས་བཤད་ཆེན་པོ་མཁས་པའི་མགུལ་རྒྱན་སྐལ་བཟང་རེ་བ་ཀུན་སྐོང་།  ཞེས་པའི་ཁྲོད་དུ།  ཁ་དོག་ལ་དབྱེ་ན་གཉིས་ཡོད་དེ།  རྩ་བའི་ཁ་དོག་དང་།  ཡན་ལག་གི་ཁ་དོག་གཉིས་ཡོད་པའི་ཕྱིར།  རྩ་བའི་ཁ་དོག་ལ་དབྱེ་ན་བཞི་ཡོད་དེ།  དཀར་པོ་དང་།  སེར་པོ་དང་དམར་པོ་དང་སྔོན་པོ་བཞི་ཡོད་པའི་ཕྱིར།  ཡན་ལག་གི་ཁ་དོག་ལ་དབྱེ་ན་བརྒྱད་ཡོད་དེ།  སྤྲིན་དང་དུ་བ།  རྡུལ་དང་ཁུག་སྣ།  སྣང་བ་དང་མུན་པ།  གྲིབ་མ་དང་ཉི་མའི་འོད་ཟེར་བརྒྱད་ཡོད་པའི་ཕྱིར།  ད་དུང་ཁ་དོག་དང་དབྱིབས་གཉིས་ཀ་ཡིན་མིན་གྱི་མུ་བཞི་ཡོད་དེ།  ཁ་དོག་ཡིན་ལ་དབྱིབས་མ་ཡིན་པའི་མུ་དང་།  དབྱིབས་ཡིན་ལ་ཁ་དོག་མ་ཡིན་པའི་མུ་དང་།  ཁ་དོག་དང་དབྱིབས་གཉིས་ཀ་ཡིན་པའི་མུ་དང་།  དབྱིབས་དང་ཁ་དོག་གཉིས་ཀ་གང་ཡང་མ་ཡིན་པའི་མུ་བཞི་ཡོད་པའི་ཕྱིར།  ཁ་དོག་ཡིན་ལ་དབྱིབས་མ་ཡིན་པའི་མུ་ཡོད་དེ།  རྩ་བའི་ཁ་དོག་བཞི་བོ་དེ་ཡིན་པའི་ཕྱིར།  དབྱིབས་ཡིན་ལ་ཁ་དོག་མ་ཡིན་པའི་མུ་ཡོད་དེ།  རིང་བོ་དང་ཐུང་ངུ། ལྷམ་པ་དང་ཟླུམ་པོ་བཞི་པོ་དེ་ཡིན་པའི་ཕྱིར།  ཁ་དོག་དང་དབྱིབས་གཉིས་ཀ་ཡིན་པའི་མུ་ཡོད་དེ།  སྤྲིན་དང་དུ་བ།  རྡུལ་དང་ཁུག་སྣ་བཞི་བོ་དེ་ཡིན་པའི་ཕྱིར།  དབྱིབས་དང་ཁ་དོག་གཉིས་ཀ་གང་ཡང་མ་ཡིན་པའི་མུ་ཡོད་དེ།  ས་ཆུ་མེ་རླུང་བཞི་བོ་དེ་ཡིན་པའི་ཕྱིར།  ཞེས་གསུངས་ཡོད།  འོ་ན།  ཤེས་བྱའི་རྣམ་གྲངས་བློ་གསལ་རིགས་སྒོ་ལས།  ཁ་དོག་གི་སྐོར་ལ།  ཁ་དོག་དང་དབྱིབས་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་དེ། ཁ་དོག་ཡིན་ལ་དབྱིབས་མ་ཡིན་པའི་མུ་དང་།  དབྱིབས་ཡིན་ལ་ཁ་དོག་མ་ཡིན་པའི་མུ་དང་། དབྱིབས་དང་ཁ་དོག་གཉིས་ཀ་ཡིན་པའི་མུ།  དབྱིབས་དང་ཁ་དོག་གཉིས་ཀའང་མ་ཡིན་པའི་མུ་དང་བཞི་ཡོད་པའི་ཕྱིར།  དང་པོ་ཡོད་དེ།  སྔོ་སེར།  དཀར་དམར།  གྲིབ་མ་དང་ཉི་མའི་འོད་ཟེར།  སྣང་བ་དང་མུན་པ་རྣམས་དེ་ཡིན་པའི་ཕྱིར།  གཉིས་པ་ཡོད་དེ།  དབྱིབས་བརྒྱད་པོ་དེ་ཡིན་པའི་ཕྱིར།  གསུམ་པ་ཡོད་དེ།  སྤྲིན་དང་དུ་བ།  རྡུལ་དང་ཁུག་སྣ་བཞི་བོ་དེ་ཡིན་པའི་ཕྱིར།  བཞི་བ་ཡོད་དེ།  སྒྲ་དང་དྲི་དང་རོ་དང་རེག་བྱ་དེ་ཡིན་པའི་ཕྱིར།  ཞེས་གསུངས་ཡོད་དོ།  ། བསྡུས་སྦྱོར་སྙིང་བོའི་དགོངས་དོན་གསལ་བར་བྱེད་པ་ཀུན་གསལ་མེ་ལོང་ཁྲོད་དུ།  རབ་བྱེད་ཀྱི་འགྲེལ་ལས། དེའི་ཕྱིར་ཁ་དོག་དང་དབྱིབས་ནི་མིག་གི་ཡུལ་ལོ་ཞེས་འཇིག་རྟེན་ན་གྲགས་སོ།  །ཞེས་པ་ལྟར་དབྱིབས་རང་ལྡོག་འཇོག་ཅེས་ཀྱང་ཆོག་གོ  །གཉིས་པ་ནི།  རྒྱས་པར་ཕྱེ་ན་ཉི་ཤུ་སྟེ།  །སྔོ་སེར་དམར་དང་དཀར་པོ་དང་།  །སྣང་མུན་སྤྲིན་དང་དུ་བ་དང་།  །རྡུལ་དང་ཁུག་སྣ་ཉི་མ་དང་།  །གྲིབ་མ་རིང་ཐུང་ལྷམ་པ་དང་།  །ཟླུམ་པོ་མཐོན་པོ་དམའ་བ་དང་།  །ཕྱ་ལེ་ཕྱ་ལེ་མ་ཡིན་པའོ།  །ཞེས་བྱུང་།  བསྡུས་གྲྭ་རྩོམ་འཕྲོ་ལས།  དམར་པོ་དང་སེར་པོ་གཉིས་ཀྱི་ཡན་ལག་དམར་སེར་དང་།  དུད་ཁ་སོགས་ཡིན་ལ།  དམར་པོ་དང་ནག་པོ་གཉིས་ཀྱི་ཡན་ལག་གློ་ཁའམ་དམར་སྐྱ་དང་།  དཀར་པོ་དང་ནག་པོ་གཉིས་ཀྱི་ཡན་ལག་སྔོན་པོ་དང་།  སྔོན་པོ་དང་དཀར་པོ་གཉིས་ཀྱི་ཡན་ལག་སྔོ་སྐྱ་དང་།  སེར་པོ་དང་ནག་པོ་གཉིས་ཀྱི་ཡན་ལག་ལྗང་ཁུ་ལ་སོགས་པ་ཡིན་པའི་ཕྱིར།  ཞེས་པ་ལྟར་སྔོ་སེར་དཀར་དམར་ནག་པོ་ལྔ་ལས་ཡན་ལག་གམ་ཆ་ཤས་མི་འདྲ་བ་འོངས་པས་རྩ་བའི་ཁ་དོག་ཅེས་བཤད་ལ།  རྩ་བའི་ཁ་དོག་བཞིའི་གྲངས་ལ་ནག་པོ་མི་འདྲེན་པ་མདོ་ལས།  ཁ་དོག་ཟིལ་མནོན་དང་ཟད་པར་སོགས་ཀྱི་སྐབས་སྔ་མ་བཞི་ཁོ་ན་གསུངས་པས་ཡིན་ནོ།  །བསྡུས་གྲྭའི་རྣམ་བཞག་ལེགས་བཤད་ལས།  སྔོན་པོ་མ་བགྲང་བར་ནག་པོ་དྲངས་པ་དེ་གཉིས་ཀྱི་ཡན་ལག་གམ་ཆ་ཤས་ཕལ་ཆེར་འདྲ་བ་ལ་དགོངས་སམ་དཔྱད།  ཡན་ལག་གི་ཁ་དོག་བརྒྱད་དུ་ཕྱེ་བ་ནི།  རྒྱལ་སྲས་མ་དང་ཀུན་བཏུས་འགྲེལ་བ་སོགས་ལས།  སྤྲིན་སོགས་དེ་དག་མེད་དམ་སྙམ་པའི་དོགས་པ་བཟློག་ཆེད་དུ་བརྒྱད་དུ་ཕྱེ་བར་གསུངས་པ་ལྟར་དགོས་པའི་དབང་གིས་སོ།  །བསྡུས་གཞུང་ལུང་རིགས་ཉི་མར་ཟླ་འོད་དང་སྤྲིན་དཀར་པོ་རྩ་བའི་ཁ་དོག་བཞི་བོ་གང་རུང་མིན་པར་གསུངས་ལ།  བསྡུས་གཞུང་ཤེས་བྱའི་སྒོ་འབྱེད་དུ་སྤྲིན་དཀར་པོ་ཡན་ལག་གི་ཁ་དོག་མིན་ལ་འདྲེན་ཚེ་ཡང་ཡན་ལག་གི་ཁ་དོག་འགལ་བར་འདོད་ཀྱང་། སྔར་དྲངས་པའི་རྒྱལ་སྲས་མ་དང་གང་སྤེལ་ལས།  དེ་དག་ཤས་ཆེ་བ་དང་ཤས་ཆུང་བ་དང་འབྲེལ་བའི་བྱེ་བྲག་གིས་སྤྲིན་ལ་སོགས་པ་རྣམ་པ་བརྒྱད་དོ།  །ཞེས་གསུངས་པས།  བསྡུས་གཞུང་རྩོམ་འཕྲོ་ལས།  མི་འགལ་བར་གསུངས་པ་དགོངས་པར་སོན་ནོ།  །ཉི་མའི་འོད་ཟེར་ཡན་ལག་གི་ཁ་དོག་བརྒྱད་ཀྱི་ནང་གི་སྣང་བ་མ་ཡིན་པར་གསུངས་པས་དེ་བརྒྱད་ནང་ཕན་ཚུན་འགལ་བར་གསུངས་ལ།  འདོམ་གསུམ་ཅན་གྱི་ཀ་བ་ལ་ལྟོས་ཏེ་འདོམ་ལྔ་ཅན་གྱི་ཀ་བའི་དབྱིབས་དེ་རིང་བོ་དང་མཐོ་བ་གཉིས་ཀ་ཡིན་པས་དབྱིབས་བརྒྱད་ནང་མི་འགལ་ལམ་དཔྱད།  མངོན་པ་བཏུས་ལས།  དེ་དག་གི་སྟེང་དུ།  རགས་པ་རི་བོ་སོགས་དང་།  ཕྲ་བ་ཉི་ཟེར་གྱི་རྡུལ་དང་།  རྣམ་པར་རིག་བྱེད་ལུས་དབྱིབས་དང་།  མིག་ཤེས་ལ་སྣང་བའི་མངོན་པར་སྐབས་ཡོད་དང་།  གླིང་འདིའི་ནམ་མཁའི་ཁ་དོག་ལྟ་བུ་ནམ་མཁའི་ཁ་དོག་གཅིག་པ་སྟེ་ཉེར་ལྔ་གསུངས་སོ།  །གསུངས་སོ།  །རྭ་བསྡུས་དང་བསེ་བསྡུས་རྩོམ་འཕྲོ་ལས། ཁ་མདོག་དཀར་དམར་ཡང་འདི་ལྟར་གསུངས་ཡོད་དེ། དང་པོ་ལ་སྐྱེས་བུ་གང་དག་སྐལ་བ་དང་ལྡན་པ་ཐོས་བསམ་སྒོམ་གསུམ་ལ་འཇུག་པའི་ཐོག་མར་ཆོས་ཀྱི་དུང་འབུད་པ་དང་བཀ་ཤིས་པའི་རྫས་ཡིན་པས་བཀྲ་ཤིས་པའི་རྟེན་འབྲེལ་བསྒྲིགས་པ་དང་།  བློ་ཤིན་ཏུ་གཞོན་པ་དག་ལ་ཀློག་སློབ་པའི་ཐོག་མར་ཀ་ཁ་སོགས་སློབ་པ་བཞིན་ཁ་དོག་གི་དབྱེ་བ་འདི་འཆད་པ་པོས་བརྡ་སྤྲོད་སླ་ཞིང་།  ཉན་པ་པོ་རྣམས་ཀྱི་བློ་ལ་འཆར་སླ་པའི་དབང་དུ་བྱས་ནས།  ཐོག་མར་ཁ་དོག་དཀར་དམར་འཆད་པ་ལ་ཁུངས་ནི།  རྣམ་འགྲེལ་ལས། དཀར་པོ་ལ་སོགས་ས་སོགས་པ། ཞེས་དང་། ལ་ལར་ཆད་གྱུར་དཀར་སོགས་བཞིན། །གཟུགས་སོགས་བཞིན་དུ་ངེས་མིན་ཏེ། །དེ་དག་འབྱུང་དང་དབྱེར་མེད་ཕྱིར། །ཞེས་པས་ཁ་དོག་དང་གཟུགས་དང་དབྱེ་བ་བཤད་པ་མཐའ་ཡས་མོད། དེ་ལས་གསལ་བར། མཛོད་ལས། གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ། །སྒྲ་ནི་རྣམ་པ་བརྒྱད་ཡོད་དེ། རོ་ནི་རྣམ་དྲུག་དྲི་རྣམ་བཞི། །རག་བྱ་བཅུ་གཅིག་བདག་ཉིད་དོ། །ཞེས་པ་འདི་ཡིན་ནོ། །འདིའི་མཐའ་དཔྱད་པ་ལ།  ཁ་ཅིག་གིས།  ཁ་དོག་ཡིན་ན།  དམར་པོ་ཡིན་པས་ཁྱབ་ཟེར་ན། ཆོས་དུང་དཀར་པོའི་ཁ་དོག་ཆོས་ཅན། དམར་པོ་ཡིན་པར་ཐལ།  ཁ་དོག་ཡིན་པའི་ཕྱིར། ཁྱབ་པ་ཁས།  མ་གྲུབ་ན།  ཆོས་དུང་དཀར་པོའི་ཁ་དོག་ཆོས་ཅན། ཁ་དོག་ཡིན་པར་ཐལ།  དཀར་པོ་ཡིན་པའི་ཕྱིར།  རྩ་བར་འདོད་ན།  ཆོས་དུང་དཀར་པོའི་ཁ་དོག་ཆོས་ཅན།  དམར་པོ་མ་ཡིན་པར་ཐལ། དཀར་པོ་ཡིན་པའི་ཕྱིར། མ་གྲུབ་ན། ཆོས་དུང་དཀར་པོའི་ཁ་དོག་ཆོས་ཅན། དཀར་པོ་ཡིན་པར་ཐལ། ཆོས་དུང་དཀར་པོའི་ཁ་དོག་དང་གཅིག་ཡིན་པའི་ཕྱིར།  གཞན་ཡང་སངས་རྒྱས་རིན་ཆེན་འབྱུང་ལྡན་གྱི་ཁ་དོག་ཆོས་ཅན། དམར་པོ་ཡིན་པར་ཐལ། ཁ་དོག་ཡིན་པའི་ཕྱིར། ཁྱབ་བ་ཁས། མ་གྲུབ་ན། དེ་ཆོས་ཅན། ཁ་དོག་ཡིན་པར་ཐལ། སེར་པོ་ཡིན་པའི་ཕྱིར། མ་གྲུབ་ན།  དེ་ཆོས་ཅན། སེར་པོ་ཡིན་པའི་ཕྱིར། ཡང་ཁ་ཅིག་གིས། ཁ་དོག་ཡིན་ན།  དཀར་པོ་ཡིན་པས་ཁྱབ་ཟེར་ན། པདྨ་རཱ་གའི་ཁ་དོག་ཆོས་ཅན། དཀར་པོ་ཡིན་པར་ཐལ། དམར་པོ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན།  ཁ་དོག་ཡིན་པར་ཐལ།  དམར་པོ་ཡིན་པའི་ཕྱིར།  རྩ་བར་འདོད་ན། དེ་ཆོས་ཅན།  དཀར་པོ་མ་ཡིན་པར་ཐལ། དམར་པོ་ཡིན་པའི་ཕྱིར།  མ་ཁྱབ་ན་ཁྱབ་བ་ཡོད་པར་ཐལ། དམར་པོ་དང་དཀར་པོ་གཉིས་ཀྱི་གཞི་མཐུན་མེད་པའི་ཕྱིར།  དེར་ཐལ། དམར་པོ་དང་དཀར་པོ་གཉིས་འགལ་པའི་ཕྱིར།  གཞན་ཡང་། ཨིནྡྲནཱི་ལའི་ཁ་དོག་ཆོས་ཅན། དཀར་པོ་ཡིན་པར་ཐལ།  ཁ་དོག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། ཁ་དོག་ཡིན་པར་ཐལ། སྔོན་པོ་ཡིན་པའི་ཕྱིར། རྩ་བར་འདོད་ན།  དེ་ཆོས་ཅན། དཀར་པོ་མ་ཡིན་པར་ཐལ།  སྔོན་པོ་ཡིན་པའི་ཕྱིར།  མ་གྲུབ་ན།  དེ་ཆོས་ཅན།  སྔོན་པོ་ཡིན་པར་ཐལ། ཨིནྡྲནཱི་ལའི་ཁ་དོག་ཡིན་པའི་ཕྱིར། ཡང་ཁ་ཅིག་གིས།  ཁ་དོག་ཡིན་ན། རྩ་བའི་ཁ་དོག་བཞི་བོ་གང་རུང་ཡིན་པས་ཁྱབ་ཟེར་ན། སངས་རྒྱས་དོན་ཡོན་གྲུབ་པའི་ཁ་དོག་ཆོས་ཅན།  རྩ་བའི་ཁ་དོག་བཞི་བོ་གང་རུང་ཡིན་པར་ཐལ།  ཁ་དོག་ཡིན་པའི་ཕྱིར།  ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན།  ཁ་དོག་ཡིན་པར་ཐལ།  ལྗང་གུ་ཡིན་པའི་ཕྱིར།  རྩ་བར་འདོད་ན། དེ་ཆོས་ཅན།  རྩ་བའི་ཁ་དོག་བཞི་བོ་གང་རུང་མ་ཡིན་པར་ཐལ། དཀར་པོ་མ་ཡིན་པ་གང་ཞིག  སེར་པོ་ཡང་མ་ཡིན།  དམར་པོ་ཡང་མ་ཡིན། སྔོན་པོ་ཡང་མ་ཡིན་པའི་ཕྱིར།  རྟགས་རེ་རེ་ནས་གྲུབ་སྟེ།  ལྗང་ཁུ་ཡིན་པའི་ཕྱིར། ཁ་ཅིག་གིས།  རྩ་བའི་ཁ་དོག་བཞི་འདྲེན་པའི་ཚེ་ན་ལྗང་ཁུ་གཅིག་ལ་འདྲེན་ཟེར་ན།  དེ་མི་འཐད་པར་ཐལ།  དེ་བཞི་འདྲེན་པའི་ཚེ་ན། སྔོན་པོ། སེར་པོ།  དམར་པོ། དཀར་པོ་བཞི་འདྲེན་པའི་ཕྱིར། དེར་ཐལ། མཛོད་རང་འགྲེལ་ལས། དེ་ལ་ཁ་དོག་རྣམ་པ་བཞི་སྟེ། སྔོན་པོ་ལ་སོགས་པའོ།  །ཞེས་དང་།  འདི་ལྟ་སྟེ། སྔོན་པོ་དང་སེར་པོ་དང་།  དམར་པོ་དང་། དཀར་པོའོ། །ཞེས་གསུངས་པའི་ཕྱིར།  ཡང་ཁ་ཅིག་གིས། རྩ་བའི་ཁ་དོག་ཡིན་ན། རྩ་བའི་ཁ་དོག་བཞི་བོ་གང་རུང་ཡིན་པས་ཁྱབ་ཟེར་ན། སངས་རྒྱས་ཀྱི་དབུ་སྐྲ་བུང་བ་ལྟར་ནག་གི་ཁ་དོག་ཆོས་ཅན།  རྩ་བའི་ཁ་དོག་བཞི་བོ་གང་རུང་ཡིན་པར་ཐལ།  རྩ་བའི་ཁ་དོག་ཡིན་པའི་ཕྱིར།  ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན།  རྩ་བའི་ཁ་དོག་ཡིན་པར་ཐལ།  ནག་པོ་ཡིན་པའི་ཕྱིར།  དེར་ཐལ།  བུང་བ་ལྟ་བུའི་ནག་པོ་ཡིན་པའི་ཕྱིར།  རྩ་བར་འདོད་མི་ནུས་ཏེ།  སྔོན་པོ་མ་ཡིན་པ་གང་ཞིག  གཞན་གསུམ་རེ་རེ་ནས་མ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་གྲུབ་སྟེ། ནག་པོ་ཡིན་པའི་ཕྱིར། ཡང་ཁ་ཅིག་གིས།  ཡན་ལག་གི་ཁ་དོག་བཞི་བོ་གང་རུང་མ་ཡིན་པས་ཁྱབ་ཟེར་ན། ཟླ་བའི་འོད་ཆོས་ཅན། རྩ་བའི་ཁ་དོག་བཞི་བོ་ལང་རུང་མ་ཡིན་པར་ཐལ།  ཡན་ལག་གི་ཁ་དོག་ཡིན་པའི་ཕྱིར། ཁྱབ་བ་ཁས། མ་གྲུབ་ན། ཟླ་བའི་འོད་ཆོས་ཅན། ཡན་ལག་གི་ཁ་དོག་ཡིན་པར་ཐལ།  ཡན་ལག་གི་ཁ་དོག་བརྒྱད་ཀྱི་ནང་ཚན་གྱི་སྣང་བའི་མཚན་གཞིར་ལོ་ཟླ་བ་དང་སྐར་མ་དང་སྨན་དང་ནོར་བུ་རྣམས་ཀྱི་འོད་རྣམས་འཇོག་པའི་ཕྱིར། རྩ་བར་འདོད་ན། ཟླ་བའི་འོད་ཆོས་ཅན། རྩ་བའི་ཁ་དོག་བཞི་བོ་གང་རུང་ཡིན་པར་ཐལ།  དཀར་པོ་ཡིན་པའི་ཕྱིར།  དེར་ཐལ།  ཟླ་བའི་འོད་མིང་ལ་འོད་དཀར་ཅན། ཟེར་བའི་རྒྱུ་མཚན་གྱིས་ཤེས་པའི་ཕྱིར།  གཞན་ཡང་། སྤྲིན་དཀར་པོ་ཆོས་ཅན། རྩ་བའི་ཁ་དོག་བཞི་བོ་གང་རུང་མ་ཡིན་པའི་ཐལ།  ཡན་ལག་གི་ཁ་དོག་ཡིན་པའི་ཕྱིར།  ཁྱབ་པ་ཁས།  དེར་ཐལ། སྤྲིན་ཡིན་པའི་ཕྱིར།  རྩ་བར་འདོད་ན།  སྤྲིན་དཀར་པོ་ཆོས་ཅན། རྩ་བའི་ཁ་དོག་བཞི་བོ་གང་རུང་ཡིན་པར་ཐལ།  ཁྱོད་དཀར་པོ་ཡོད་པ་གང་ཞིག   ཁྱོད་ཁ་དོག་ཡིན་པའི་ཕྱིར།  ཁ་ཅིག་ན་རེ། རྟ་དཀར་པོ་དཀར་པོ་ཡིན་པར་ཐལ།  སྤྲིན་དཀར་པོ་དཀར་པོ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། འོ་ན། རྟ་དཀར་པོ་ཁ་དོག་ཡིན་པར་ཐལ། སྤྲིན་དཀར་པོ་ཁ་དོག་ཡིན་པའི་ཕྱིར། ཁྱབ་པ་མགྲིག  རྩ་བར་འདོད་ན། རྟ་དཀར་པོ་ཆོས་ཅན།  དཀར་པོ་མ་ཡིན་པར་ཐལ།  ཁ་དོག་མ་ཡིན་པའི་ཕྱིར། མ་གྲུབ་ན། རྟ་དཀར་པོ་ཆོས་ཅན། ཁ་དོག་མ་ཡིན་པར་ཐལ། གང་ཟག་ཡིན་པའི་ཕྱིར།  ཡང་ཁ་ཅིག་གིས། ཡན་ལག་གི་ཁ་དོག་ཡིན་ན། ཡན་ལག་གི་ཁ་དོག་བརྒྱད་པོ་གང་རུང་ཡིན་པས་ཁྱབ་ཟེར་ན། ལི་ཁྲིའི་ཁ་དོག་དང་། འཇམ་དབྱངས་དམར་སེར་གྱི་ཁ་དོག་གཉིས་རེ་རེ་ནས་ཆོས་ཅན། ཡན་ལག་གི་ཁ་དོག་བརྒྱད་གང་རུང་ཡིན་པར་ཐལ། ཡན་ལག་གི་ཁ་དོག་ཡིན་པའི་ཕྱིར།  ཁྱབ་བ་ཁས།  མ་གྲུབ་ན། དེ་གཉིས་རེ་རེ་ནས་ཆོས་ཅན། ཡན་ལག་གི་ཁ་དོག་ཡིན་པར་ཐལ།  དམར་སེར་ཡིན་པའི་ཕྱིར།  ཁྱབ་སྟེ།  དམར་པོ་དང་།  སེར་པོ་གཉིས་ཀྱི་ཡན་ལག་དམར་སེར་དང་། དུད་ཁ་སོགས་ཡིན་ལ། དམར་པོ་དང་དཀར་པོ་གཉིས་ཀྱི་ཡན་ལག་གློ་ཁའམ་དམར་སྐྱ་དང་། དཀར་པོ་དང་ནག་པོ་གཉིས་ཀྱི་ཡན་ལག་སྔོན་པོ་དང་།  སྔོན་པོ་དང་དཀར་པོ་གཉིས་ཀྱི་ཡན་ལག་སྔོ་སྐྱ་དང་། སེར་པོ་དང་ནག་པོ་གཉིས་ཀྱི་ཡན་ལག་ལྗང་ཁུ་ལ་སོགས་པ་ཡིན་པའི་ཕྱིར།  རྩ་བར་འདོད་ན།  དེ་གཉིས་རེ་རེ་ཆོས་ཅན།  ཡན་ལག་གི་ཁ་དོག་བརྒྱད་པོ་གང་རུང་མ་ཡིན་པར་ཐལ།  སྤྲིན་མ་ཡིན་པ་གང་ཞིག  ཕྱི་མ་རེ་རེ་ནས་མ་ཡིན་པའི་ཕྱིར། ཞེས་པའོ།  །

བཞི་པ།  ཁ་དོག་དང་ཁ་དོག་གི་བྱེད་ནུས་སྐོར། 

དེ་ཡང་ཁ་དོག་ཐམས་ཅད་འོད་རླབས་གཡོ་བ་ཉིད་ཡིན་པས།  རྩ་བའི་ཁ་དོག་གི་འོད་རླབས་སྡེབ་སྦྱོར་གྱིས་ཡན་ལག་གི་ཁ་དོག་རྣམས་སོ་སོར་བཟོ་སྦྱོར་བྱེད་ནུས་ནི།  ཚོས་ལྡན་པར་རྒྱག་རགས་བཤད་ཅེས་པ་ལས།  འོད་དམར་པོ‘འོད་ལྗང་ཁུ།=འོད་སེར་པོ།  ཞེས་པ་དང་།  འོད་ལྗང་ཁུ།‘འོད་སྔོན་པོ།=འོད་སྔོ་སྔོ། འོད་སྔོན་པོ།‘འོད་དམར་པོ།=འོད་དམར་སྐྱ། ཞེས་བྱུང་བ་བཞིན་ཡིན་ཏེ།  དམར་པོ་དང་།  ལྗང་ཁུ།  སྔོན་པོ་གསུམ་ནི་ཁ་དོག་ཐམས་ཅད་ཀྱི་མ་རྩར་གྱུར་ཡོད་ལ།  ཁ་དོག་སེར་པོ་ནི་འོད་དམར་པོ་དང་འོད་ལྗང་ཁུ་ཟུངས་ལས་བཟོ་སྦྱོར་གྱིས་གྲུབ་ཐུབ་པ་ཞིག་ཡིན་པའི་ཕྱིར།  ཡན་ལག་གི་ཁ་དོག་ཏུ་བཞག་ན་ཤིན་ཏུ་མཐུན་ལ་ཆོས་ཉིད་ལྡན་པ་ཞིག་ཡིན།  དེར་བརྟེན།  རྩ་བའི་ཁ་དོག་ལྟ་བུ་དབྱེ་ཚུལ་ལ།  འོད་དམར་པོ།‘འོད་ལྗང་ཁུ། ﹙འོད་སེར་པོ།﹚ འོད་སྔོན་པོ།=འོད་དཀར་པོ། ཞེས་དམར་ལྗང་སྔོན་པོ་འགོད་པ་ལས་འོས་མེད་པ་དང་།  གོང་དུ་ཉི་མའི་འོད་ཟེར་ཡན་ལག་གི་ཁ་དོག་ཏུ་བཞག་པ་ནི་དངོས་པོའི་གཤིས་ལུགས་མངོན་སུམ་དུ་རྟོགས་པའི་སྐྱོན་ཚབས་ཆེན་ཞིག་ཏུ་ཤེས་དགོས། རི་མོའི་ཁྲོད་དུ་ཁ་དོག་གམ་ཚོས་མདོག་གི་སྐོར་ལས། ཚོས་མདོག་གི་བྱུང་བ་ནི་རང་བྱུང་གི་རྣམ་པའི་རིགས་ཡིན་ལ། དངོས་གཟུགས་ཡོད་ཚད་ཀྱི་སྟེང་འོད་འཕྲོ་བ་ཚོར་ཐུབ་པ་ནི་དངོས་གཟུགས་དེ་ལ་མི་མཐུན་པའི་ཁ་དོག་ཡོད་པའི་རྒྱུ་ཡིན། དངོས་པོར་ལྡོག་འོད་འཕྲོ་བ་དེས་མིག་ལམ་དུ་ཚོས་མདངས་མི་འདྲ་བ་མངོན་ཐུབ་པའི་ནུས་པ་ལྡན་དུ་བཅུག  དཔེར་ན།  ང་ཚོས་ཉི་འོད་སེར་པོ་དང་ཟླ་འོད་དཀར་པོ་ཡིན་ཞེས་བརྗོད་མོད།  ཞིབ་ཏུ་བརྟགས་ན་དམར་པོ་དང་སེར་པོ། ལྗང་ཁུ་སོགས་མདོག་སྣ་མང་པོ་རིམ་པ་ལྟར་བསྒྲིགས་ཡོད་ཟེར།  ཚོས་གཞི་ངོས་འཛིན་སྟངས་དེ་གོང་དུ་བཤད་ཟིན་ཡང་འདིར་ཁ་གསལ་གོ་བདེའི་ཚུལ་དུ་ཡང་བསྐྱར་རགས་ཙམ་བརྗོད་ན།   

 ཚོས་གཞིའི་དབྱེ་བ། ﹙1﹚མ་ཚོན་ནམ་གཞི་ཚོན་ནི་དམར་པོ་དང་སེར་པོ། སྔོན་པོ་བཅས་ཡིན། ﹙2﹚ཡན་ལག་གི་ཚོན་ནམ་བར་ཚོན་ནི་གཞི་ཚོན་གཉིས་བསྡེབས་པ་ལས་བྱུང་བའི་ལི་མདོག་དང་ལྗང་ཁུ།  སྨུག་པོའི་རིགས་ལ་ཟེར། ﹙3﹚ཉིང་ལག་གི་ཚོན་ནམ་འདྲེས་ཚོན་ནི་གཞི་ཚོན་གསུམ་ཚད་མི་མཉམ་པར་བསྡེབས་པ་ལས་བྱུང་བ་ཟེར་ཏེ་དམར་སྐྱ་དང་སེར་སྐྱ།  སྔོ་སྐྱ་སོགས་ཡིན། གཞི་རྩའི་ཚོས་གསུམ་རིམ་བཞིན་ཚད་མི་མཉམ་པར་བསྡེབས་ཏེ་ཚོན་སྣ་བཅུ་གཉིས་ཡན་བྱུང་ཐུབ། 

 ཚོས་མདོག་གི་རྒྱུ་གསུམ། ﹙1﹚ཚོས་ཁ་ནི་མདོག་གི་རྣམ་པ་ལ་ཟེར་ཞིང་།  དཔེར་ན། དམར་པོ་དང་ལི་མདོག  སེར་པོ།  ལྗང་མདོག སྔོན་པོ། སྨུག་པོ་སོགས་ཡིན། ﹙2﹚གསལ་ཆ་ནི་ཚོས་གཞིའི་དྭངས་ཚད་དུ་བརྗོད་ལ།  ཚོས་གཞི་ནག་པོ་དང་དཀར་པོ། སྐྱ་བོ་བཅས་ལ་ཚོས་ཚད་མེད་པས།  ཚོས་གཞི་འདི་དག་གཞན་དང་བསྡེབས་ན་མདངས་ཉམས་པའི་རྐྱེན་འབྱུང་། ﹙3﹚དྭངས་ཚད་ནི་ཚོས་གཞིའི་དྭངས་ལྷོད་ཀྱི་ཚད་ལ་ཟེར།  ཚོས་ཁ་རེ་རེའི་སྣང་ཚད་བས་སྡེར་སྦྱོར་བྱེད་ཚུལ་ཡང་མི་འདྲ་བ་ཡོད།  ཚོསདཀར་སྡེབ་པ་ནི་སྣང་ཚད་ཇེ་གསལ་དུ་འགྲོ་བ་དང་། ཚོས་ནག་བསྡེབས་ན་ཉམས་འགྲོ་བའི་སྐྱོན་འབྱུང་བ་ཤེས་དགོས། ད་དུང་བོད་ཀྱི་རི་མོའི་སྒྱུ་རྩལ་ཁྲོད་དུ་ཁ་དོག་ཚོས་རྒྱུའི་འབྱུང་ཁུངས་དང་འདུལ་ཐབས་ལས།  དེ་ཡང་ཚོན་རྒྱུ་མང་ཆེ་བ་ནི་གངས་ལྗོངས་ས་མཐོའི་གནས་མཆོག་འདི་རང་ནས་ཐོན་གྱི་ཡོད་ཅིང་དེ་དག་ནི་སྔོན་བྱོན་བཟོ་བོ་མཁས་པ་ཚོའི་བློ་གྲོས་ཀྱི་རྩལ་དང་ལག་ལེན་དངོས་ལས་རྙེད་ཅིང་གཏན་ལ་ཕབས་པ་ཤ་སྟག་རེད།  ཁ་དོག་ཚོན་རྒྱུའི་འབྱུང་ཁུངས་གཙོ་བོ་ནི་གཏེར་རྫས་དང་སྐྱེས་དངོས། སྲོག་ཆགས་སོགས་ཡིན་ཅིང་དེ་དག་ནས་བྱུང་བའི་ཚོན་རྒྱུ་རྣམས་ནི་ཡུན་རིང་ཚོས་གཞི་མི་འགྱུར་ལ་ཚོན་སྦྱོར་བྱེད་སྐབས་ཁ་མདོག་མི་འགྱུར་བའི་སྦྱོར་ཐབས་ཚོས་གཞི་དེ་བས་བརྟན་པའི་ཁྱད་ཆོས་ཡོད། དཀར་རག་དང་ངང་པ་ནི་ཡུལ་སྟོད་སྨད་ཅི་རིགས་ནས་ཐོན་ཞིང་། བེད་སྤྱོད་སྟངས་བདེ་རུང་རྒྱུ་དེ་རིགས་སྤྱིར་མཁྲེགས་པོ་མེད་ཅིང་སྤུས་ཚད་དེ་ཙམ་ལེགས་པོ་མེད།  དེས་ན་དངོས་བརྒྱུད་ལག་ལེན་དངོས་ལས་ཤེས་གསལ་རིན་སྤུངས་ཀྱི་དཀར་རག་དང་ཞ་ལུའི་ངང་པ་ནི་ཤིན་ཏུ་མཁྲེགས་པས་འདུལ་སྐབས་ཅུང་དཀའ་ངལ་ཆེནའང་ཐུལ་རྗེས་སྤུས་ཚད་ཤིན་ཏུ་ལེགས་པོ་ཡོད།  རྡོ་རིགས་དེ་གཉིས་ནི་དང་ཐོག་རོལ་ཙམ་བརྡུང་རྗེས་རྡོ་ཧྲུལ་རྒྱ་མ་དྲུག་ཙམ་ལ་ཆུ་རྒྱ་མ་བཅོ་ལྔ་ཙམ་རྡོའི་གཏུན་ཁུང་ཤེད་ཤུགས་ལྡན་པའི་གཉིས་ནས་ཡུན་རིང་ཆུ་བསྣུར་གཏོང་དགོས། དེ་ཡང་ཁོ་བོའི་དགེ་བའི་བཤེས་གཉེན་མཆོག་ནས།  ངང་པ་དཀར་རག་ཤེད་ཆེན་གཞོན་པས་བསྣུར།  སྤང་ཐིང་མཚལ་གསུམ་གཅོང་རྐྱེན་ནད་པས་བསྣུར།  ཞེས་སོགས་བཤད་རྒྱུན་ཡོད་པར་བཀའ་གནང་།  དེ་ལྟར་ཆུའི་ནང་རོལ་རོལ་ཅེས་པའི་སྒྲ་ཡལ་ནས་འཇམ་ཉམས་འདུག་ན་དྭངས་སྙིགས་ཕྱེས་ནས་ག་ལེར་ཆུ་བསིང་བརྒྱབ་ཆོག  དར་ཚགས་བརྒྱབ་ནས་སྙིགས་རོ་དང་ཛ་ཛོར་ཐོན་རུང་རྡོ་ཞིབ་མི་ཐོན་པས་ཆུ་བསིང་ཐེངས་འགའ་བྱས་པས་སྣོད་ཀྱི་མཐིལ་དུ་ལྷག་ནས་ཐོན་ཐུབ།  དེ་ནས་གར་སླ་ཞོ་ཆག་ཙམ་ལ་སྤང་ལེབས་སོགས་ཀྱི་སྟེང་རས་གཙང་བཏིང་ནས་དེའི་སྐྱོགས་ཆུང་གང་རེ་བཀྲམས་ཏེ་བག་ལེབ་བརྒྱབ་སྟེ་ཚོན་ལེབ་མོ་རྣམས་སྐམ་ཚེ་བག་ཞེས་ཉར་ཚགས་བྱེད་བདེ་པོ་ཡོད། ཁམས་ཕྱོགས་ནས་ཕོན་པའི་བ་ལ་ཡང་གོང་དང་མཚུངས་པ་ཡིན།  བོད་ཚོན་སྤང་ཐིང་གཉིས་ནི་སྙེ་མོ་རྫོང་ཁོངས་སོགས་ནས་ཐོན་གྱི་ཡོད་ལ་གསུང་རྒྱུན་དུ་དེ་ནི་ཟངས་ཀྱི་གཏེར་ཁ་ཡོད་སར་གནས་པས།  ཟགས་གཡའ་ཡིན་པར་གྲགས། དེས་ནས་ཟངས་གཏེར་ཡོད་རིགས་ལ་སྤང་ཐིང་སྲིད་སྙམ།  གང་ལྟར་དེ་དག་ནི་ཤིན་ཏུ་དཀོན་ཞིང་རིན་ཐང་ཧ་ཅང་ཆེ་བའི་ཚོན་རྒྱུའི་རིགས་ཤིག་ཡིན་ཏེ་འདུལ་ཐབས་ནི་ཐོག་མར་ཧྲོབ་ཙམ་བརྡུང་རྗེས་རྡོ་ཀོང་ནང་ཆུ་བསྣུར་དལ་གྱིས་གཏོང་དགོས་ལ་ཤེད་ཤུགས་ཆེ་ན་ཚོན་སྣུམ་པོ་མི་ཡོང་ཞིང་ཚོན་མདོག་སྐྱ་བོར་འགྲོ་ཉེན་ཡོད།  སྐྱ་བ་ཁ་དང་སྣུམ་པ་གཏིང་ན་ཡོད་དོ། །ཧ་ཅང་འཇམ་པོར་བསྣུར་དྲགས་ན་མདོག་ཀྱང་སྣུམ་པོ་མི་ཡོང་བས་དོ་སྣང་མཛད་རྒྱུ་དགོངས་འཇགས་འཚལ།  གོང་གསལ་གྱི་སྨན་ཚལ་ཞེས་པའི་ཚོན་རྒྱུ་ནི་དཀོན་པས་དེང་སྐབས་ཡོངས་གྲགས་སུ་བེད་སྤྱོད་བྱེད་པའི་ཅོག་ལ་ཞེས་པའི་སྨན་རྡོ།  བོད་དང་རྒྱ་དཀར་ནག་སོགས་ནས་ཐོན་པའི་ཚོན་དེ་སྣུམ་ཞིང་ཁ་མདོག་མི་འགྱུར་བ་དང་འདུལ་དུས་སྟབས་བདེ་བའི་ཁྱད་ཆོས་ཡོད། རྡོ་དེ་རིགས་སྐམ་བསྣུར་བརྒྱབ་ནས་ཕྱེ་མ་འཇམ་པོར་བཟོས་པས་ཀྱང་ཆོག་གོ།  ལི་ཁྲི་ཞེས་པའི་ཚོན་རྒྱུ་ནི་སིནྡྷུ་ལས་སྐྱེས་པའི་རང་བྱུང་ཚོན་རིགས་ཤིག་ཡིན་ཚོན་ཁ་དྭངས་ཤིང་ཧ་ཅང་ལྗིད་པོ་མེད་པ་ཞིག་ཡིན་པས་དེ་ཐབས་བྱེད་ཐུབ་ན་རབ་དང་། མ་བྱུང་ན་དེང་སྐབས་ཡོངས་གྲགས་སུ་བེད་སྤྱོད་བྱེད་བཞིན་པའི་ཁྲོམ་རྭའི་ཐོག་གི་ལི་ཁྲི་གང་ཡག་གཅིག་བེད་སྤྱོད་བྱས་ན་ཆོག  གོང་ཞུས་རྣམས་སྐུ་ཐང་དང་ལྡེབས་རིས་ཀུན་ལ་མཁོ་བའི་རྩ་བའི་ཚོན་རྒྱུ་རྣམས་ཡིན་ནོ། །

ད་ནི་ཚོན་རིགས་དེ་དག་མཇུག་སྐྱོང་སྐབས་སུ་མཁོ་བའི་རྒྱུ་ཆ་སྟེ་སྔོ་བཅད་ལ་མཁོ་བའི་རམ་རྒྱ་གར་སོགས་ནས་ཐོན་པའི་རྒྱ་རམ་སྔོ་ཤས་ཅུང་ཆེ་བ་དེ་འབྲི་སྐབས་རྒྱུག་བདེ་ལ་ལེགས།  རམ་མདངས་རྒྱག་བྱེད་ཀྱང་དེས་ཆོག་ལ་འདུལ་ཐབས་ནི་སྔོན་ལ་སྐམ་བསྣུར་དང་དེ་ནས་རློན་བསྣུར་གང་མང་བྱས་རྗེས་སྐྱིན་ཆུ་གར་ཙམ་སྦྱར་ནས་སྐམ་ཐག་ལན་གཉིས་ཙམ་གཅོད་དགོས།  དེ་ནས་སྐམ་རློན་རན་པར་རིལ་བུ་སྒྲིལ་ན་ཆོག  ད་དུང་རྒྱ་རམ་ཞེས་རྒྱ་ནག་སོགས་ནས་ཐོན་པའི་རམ་ཤིན་ཏུ་ཡག་གྲས་མདོག་སྣུམ་ཞིང་བཀྲག་མདངས་ཡོད་པ་ཧ་ཅང་མཁྲེགས་པོ་ཞིག་ཀྱང་ཡོད། དེ་དང་སང་རྒྱ་ནག་ནས་ཐོན་པའི་རམ་གསལ་དེ་ཅུང་འདྲ་ཆེ་ཡང་རམས་གསར་དེ་ཚོས་གཞི་ཇེ་ཞན་དུ་འགྲོ་བས་སྤྱོད་མི་རུང་།  གོང་གི་རྒྱ་རམ་གྱི་བེད་སྤྱོད་གཏོང་ཐབས་ནི་སྐུ་ཐང་སོགས་དངོས་སུ་འབྲི་སྐབས་སྔར་སྲོལ་ལྟར་དུང་དཀར་རམ་ཡང་ན་དཀར་ཡོལ་སྡེར་ཆུང་གཉིས་དགོས་ཤིང་གཅིག་གི་ནང་དུ་ཆུ་གཙང་མ་ཞིག་དང་གཅིག་ཤོས་ནང་རམ་ཡང་ན་ཏོག་ཙམ་བླུགས་ནས་རམ་ཡོད་སྣོད་དེ་མེ་འདབ་ཚ་ཚད་འབྲིང་ཙམ་ཞིག་ལ་བསྲོས་ལ་རང་གི་སྲིན་མཛུབ་ཀྱི་སེན་མོ་བཞར།  གཙང་མར་བཟོས་ནས་ཆུ་གཙང་དེར་སྲིན་མཛུབ་རེག་ཙམ་བྱས་ནས་ལམ་སེང་དེས་རམ་ཚ་པོར་ཆགསཔ་དེ་བསྣུར།  དེ་ལྟར་ཆུ་གཙང་དེར་རེག་ཙམ་དང་རམ་དེར་བསྣུར་ཙམ་ལན་མང་བྱས་རྗེས་རམ་བཞུར་བ་དེས་གར་བ་དང་ཆུ་གཙང་དེ་སྔོན་པོ་ཆགས་ཡོད་པས་དེས་སླ་བ་བྱས་ནས་རམ་མདངས་བརྒྱབ་པས་ཆོག་སྟེ་རམ་ཚ་སྦྱོར་བ་ཞེས་ཟེར་རོ།  ། དེ་ནས་ན་བཟའ་སོགས་དམར་སེར་རྣམས་ལ་གཞུང་བཅད་རྒྱག་བྱེད་ཀྱི་རྒྱ་ཚོས་བཟོ་ཐབས་ནི་དེའི་ཁ་མདོག་གཙོ་བོ་འདོན་པའི་རྒྱ་ཚོས་ནི་མོན་ཡུལ་དང་འབྲུག་ཡུལ་སོགས་ནགས་ཁུལ་ནས་ཐོན་པའི་ཤིང་གི་རྩིས་བཅུད་ཅིག་ཡིན་ལ་དེ་ཧྲོབ་ཙམ་བརྫོག་ཅིང་དར་རས་བཟང་བའི་ནང་བླུགས་ནས་ཤིང་ཞུན་མཁན་གྱི་ལོ་མ་དང་མཉམ་དུ་བསྐོལ་ཡང་རུང་།  ལ་ཆ་གཙང་མ་དགོས་ན་ཞུན་ཁན་ལོགས་སུ་བསྐོལ་བའི་ཁུ་བ་དང་རྒྱ་སྐྱེགས་སྦྱར་ནས་བསྐོལ་ལ།  ཚྭ་ལའི་ཝུ་བ་ཏོག་ཙམ་གཏོང་དགོས།  དེ་ཡང་འདིར་ཝུ་བ་ཞེས་པ་ནི་ཐུལ་ཟིན་པར་གོ་དགོས།  དེ་འདུལ་ཐབས་ནི་ལྕི་བའི་མེ་ཐལ་དམར་པོའི་སྟེང་ཏོག་ཙམ་བཞག་རྗེས་ཁ་ནས་ཕུ་བཏབ་དགོས།  དེ་མ་ཐག་དེ་ཝུ་བ་སྐྱ་སོལ་ཏུ་འགྲོ་བས་དེ་འཇབ་ཙེས་ལེན་དགོས།  ཚྭ་ལ་འཐུལ་མ་དེ་ནས་ཏོག་ཙམ་སྦྱར་ན་རྒྱ་ཚོས་ཁ་དོག་ཡག་པ་དང་བཀྲག་མདངས་ཆེ་བ་མ་ཟད་རྗེས་སུ་ཚོས་གཞི་མི་ཡལ་བའི་ཁྱད་ཆོས་ཡོད།  རྒྱ་སྐྱེགས་ཀྱི་ཁུ་བ་དམར་པོ་དེ་སྣོད་དཀར་ཡོལ་དང་གུ་གུ་ཤ་དཀར་གཙང་ནང་གཙང་སྦྲ་དོད་པོས་རབ་བྱུང་ན་གྲིབ་སྐམ་དང་དེ་ལྟར་མ་བྱུང་ཚེ་ཉི་སྐམ་གཏོང་དགོས་ལ།  དེའི་སྣོད་ཧ་ཡང་དང་ལྕགས་རིགས་སམ་ཡང་ན་གཡའ་ཡོད་རིགས་རྩ་བ་ནས་བྱེད་མི་ཉན།  དེ་ཉིན་ཤས་རིང་དར་གཙང་གིས་ཁ་བཀབ་ནས་ཉི་སྐམ་བཏང་ལ་ཅུང་གར་དུ་འགྲོ་བ་དང་ཆབས་ཅིག་དྭངས་སྙིགས་ཕྱེ་ནས་རིམ་པ་གསུམ་ཙམ་བཟོ་དགོས་ལ་གར་པོ་ཆགས་ནས་རིལ་བུ་སྒྲིལ་ཤེས་ཚོད་ཙམ་ལ་རིམ་བུ་སྒྲིལ་ནས། ཡག་ཤོས་དེས་སྐམ་མདངས་དང་།  འབྲིང་དེས་བཅད།  ཐ་མ་དེས་ན་རོས་བཟོ་ཆོག  གོང་བཞིན་ཉིན་ཤས་སྐམ་ལོང་མེད་པར་དགོས་མཁོ་ཆེ་ཚེ་རྒྱ་ཚོས་དེ་དཀར་ཡོལ་སོགས་ཀྱི་ནང་དུ་བཞག་ནས་ཆུའི་དྲོད་ལ་བརྟེན་ནས་སྐམ་དགོས། མེ་སོགས་ལ་སྐམ་ཚེ་ཚ་དྲགས་ནས་ཁ་མདོག་ནག་པོར་འགྱུར་འགྲོ་བས་བློ་འཇགས་འཚལ།  ཡང་ཁ་འགྱུར་ནི་གོང་གི་ཞུན་ཁན་གྱི་ཁུ་བ་གོང་བཞིན་སྐམ་ནས་རིལ་བུར་བཟོ་པས་ཆོག་ལ།  རབ་ལ་དོམ་མཁྲིས་དང་རྒྱ་གར་ནས་ཐོན་པའི་མེ་ཏོག་ག་བུར་རྐྱང་གཤོག་ཅེས་པ་དང་།  དེ་མ་བྱུང་ཚེ་སེ་བའི་དུང་དཀར་གྱི་ཁུ་བ་གོང་བཞིན་རིལ་བུར་བྱས་པས་ཆོག་གོ། ད་དུང་སྣག་ཚེའི་ཁ་དོག་བཟོ་ཚུལ་ནི་དངོས་རྒྱུར་ཐང་མ་སྒྲོན་ཤིང་ངམ།  གྲོ་ག་མ་ནག་མེ་ཏོག་སོགས་མེར་བསྲེགས་པ་དེའི་དུ་ཁུང་ལ་རྫ་ཁོག་རིམ་བརྩེགས་དྲ་བ་ཅན་ནམ་ཞབས་རྡོལ་ཁ་ཤས་བརྩེགས་པའི་དུ་ལམ་སྟེང་མ་རྣམས་ནས་བླངས་པའི་དྲེག་པའམ་སྒྲོན་ཐལ།  ཡང་ན།  ལྕི་བའི་མེ་ཏོག་བཏང་བའི་སླ་ངའི་དྲེག་པ་སོགས་ཀྱིས་ཀྱང་རྒྱུ་ཆར་རུང་།  དེ་ལ་གར་སྤྱིན་སྦྱར་ནས་མེ་ཚད་རན་པར་གང་མང་མཉེད་ལ་སྐམ་ཐག་བཅད། དེ་ནས་ཆུ་གཙང་ཅུང་ཙམ་བླུག་པ་དང་སྦྲགས་སླ་རན་འཚམས་སུ་དར་ཚགས་བྱས་རྗེས་དེས་བྲིས་ན་ཆོག གཞན་ཡང།  ཁ་དོག་སྣག་ཚ་དེར་ཀ་ཀོ་ལའི་ཆུས་སྦྱར་ནས་དགུན་མི་འཁྱགས་པ་དང་། ག་བུར་དང་།  ཏང་ཀུན། ཙནྡ་དཀར་པོ་སོགས་གང་རུང་གི་ཐབ་ཆུས་སྦྱར་ནས་དབྱར་མི་རུལ།  ད་དུང་གླ་རྩི།  གི་ཝཾ་གི་ཆུ་སྦྱར་ན་ཤིན་ཏུ་རྒྱུག་ཅིང་མི་ཆད་པ་སོགས་ཀྱི་ཁྱད་ཆོས་ཡོད་དོ། །

ལྔ་པ།  བློ་ཤིན་ཏུ་གཞོན་པ་ལ་ཐོག་མར་ཁ་དོག་ནས་སློབ་པའི་སྐོར།

དེ་ཡང་བློ་ཤིན་ཏུ་གཞོན་པ་རྣམས་ཀློག་སློབ་པའི་ཐོག་མར་ཀ་ཁ་བསླབ་དགོས་པ་ལྟར།  བཀའ་པོད་ལྔའི་བརྡ་དོན་ལ་སྦྱངས་པའི་ཐོག་མར་བསྡུས་གྲྭའི་རིགས་ལམ་དང་།  དེ་ལས་ཀྱང་ཁ་དོག་གི་དབང་བོའི་མངོན་སུམ་གྱི་ཡུལ་དུ་གྱུར་བས་ངོས་ཟིན་སླ་བས་ཐོག་མར་འདི་བཤད་དང་ཤེས་དགོས།  ད་དུང་སྐྱེས་བུ་གང་དག་སྐལ་བ་ལྡན་པ་རྣམས་ཐོས་བསམ་སྒོམ་གསུམ་ལ་འཇུག་པའི་ཐོག་མར་ཆོས་ཀྱི་དུང་འབུད་པར་འགྱུར་བའི་སྨོན་ལམ་དང་རྟེན་འབྲེལ་བསྒྲིག་པ་དང་།  དུང་དཀར་གཡས་འཁྱིལ་ནི་བཀྲ་ཤིས་པའི་རྫས་﹙རྫས་ནི།  ང་ཚོས་རྒྱུན་དུ་བཤད་བཞིན་པའི་དངོས་པོའི་དོན་ཡིན﹚ཡིན་པས་ཆོས་ལྡན་གྱི་བྱ་བཞག་མཐའ་དག་ལ་འགལ་རྐྱེན་མེད་ཅིང་མཐུན་རྐྱེན་བཀྲ་ཤིས་སྣང་བས་ཡོངས་སུ་ཁྱབ་པར་འགྱུར་བའི་རྟེན་འབྲེལ་བསྒྲིག་པའི་ཆེད་དུ་ཡིན། དཔེར་ན།  ཆོས་དུང་དཀར་པོའི་ཁ་དོག་ཆོས་ཅན།  ཞེས་པ་ལྟ་བུར་མཚོན་ན།  ཆོས་དུང་དཀར་པོའི་ཁ་དོག་ཆོས་ཅན་ཞེས་པ་ནི་རྩོད་གཞིར་བཟུང་བའི་དོན་ཡིན་པས་འདིའི་རྩོད་གཞི་ལ་ཆོས་དུང་དཀར་པོའི་ཁ་དོག་འཇོག་དགོས།  རྩོད་གཞི་དང་ལྡན་པའི་ཐལ་འགྱུར་གང་ཡིན་ཡང་ཆོས་ཅན་ཞེས་པ་དེའི་ཡན་རྩོད་གཞིར་འཇོག་དགོས་ཤིང་།  རྩོད་གཞི་ཞེས་པ་དང་ཆོས་ཅན་ཞེས་པ་གཉིས་དོན་གཅིག་ཏུ་འབབ་པ་དང་།  དཀར་པོ་ཡིན་པ་འདིའི་གསལ་བ་ཡིན་ཏེ།  ཐལ་འགྱུར་གང་དང་གང་ཡིན་ཡང་ཐལ་ཞེས་པ་དེའི་གོང་གི་ཚན་པའམ་ཚིག་དེ་གསལ་བ་ཡིན་པའི་ཕྱིར་རོ།  ། ཐལ་ཞེས་པ་ནི་འགྱུར་ཞེས་པའམ་དགོས་ཞེས་པའི་དོན་ཡིན།  དེས་ན་དཀར་པོ་ཡིན་པར་ཞེས་པ་ནི་དཀར་པོ་ཡིན་པར་འགྱུར་ཞེས་པའམ་དཀར་པོ་ཡིན་དགོས་ཞེས་པའི་དོན་ཡིན།  ཁ་དོག་ཡིན་པ་འདིའི་རྟགས་ལ་འཇོག་དགོས་ཏེ།  ཐལ་འགྱུར་དང་གང་ལ་མཚོན་ན་ཕྱིར་ཞེས་པ་དེའི་གོང་གི་ཚིག་ཚན་པ་དེ་རྟགས་ལ་འཇོག་པའི་ཕྱིར།  ཕྱིར་ཞེས་པ་ནི་རྒྱུ་མཚན་གྱིས་སམ་སྟབས་ཀྱིས་ཞེས་པའི་དོན་ཡིན།  དེས་ན་ཁ་དོག་ཡིན་པའི་ཕྱིར་ཞེས་པ་ནི་ཁ་དོག་ཡིན་པའི་སྟབས་ཀྱིས་སམ་ཡིན་པའི་རྒྱུ་མཚན་གྱིས་ཞེས་པའི་དོན་རེད།  འོ་ན།  རྟགས་ཞེས་པ་ནི་རྒྱུ་མཚན་གྱི་དོན་རེད།  ཞེས་པ་ལྟ་བུའོ། །ཁ་དོག་གི་བྱེད་ནུས་ཀྱང་འདི་ལྟར་ཡིན་ཏེ།  དཔེར་ན།  ཚོས་ལྡན་པར་རྒྱག་རགས་བཤད་ཅེས་པ་ལས།  མི་རྣམས་ཀྱིས་རང་བྱུང་ཁམས་བསྒྱུར་བཅོས་དང་ངོས་འཛིན་ཁྲོད་སེམས་པའི་གོམས་བྱང་དབང་གིས་རང་བྱུང་གི་ཚོན་མདངས་ལ་བརྩེ་བ་ངེས་ཅན་ཞིག་ཚུར་སྣང་བྱུང་ཡོད།  དེ་བས་ཚོན་མདངས་ནི་གྱ་ཚོམ་མེད་པར་སྒྱུ་རྩལ་གསར་རྩོམ་ཁྲོད་མི་རྣམས་ཀྱི་བརྩེ་གདུང་སྟོན་པའི་བཟོ་དབྱིབས་རྒྱུ་ཆ་གཙོ་གནད་ཅིག་ཏུ་གྲུབ་ཅེས་བརྗོད།  དཔེ་དེ་བཞིན་དུ་ཁ་དོག་དང་བརྩེ་གདུང་བར་ལ་བྲེལ་ཐབས་མེད་པའི་འབྲེལ་འདྲིས་ཤིག་ཆགས་ཡོད་པ་དང་། མི་ཞིག་ལ་མཚོན་ནའང་།  ཁ་དོག་གི་མཛེས་དཔྱོད་ཐད་རང་གར་བའི་ལྟ་བ་ཞིག་ཡོད་པར་མ་ཟད།  མི་རིགས་ཤིག་ལ་མཚོན་ནའང་མི་རིགས་རང་གི་ཐུན་མོང་གི་མཛེས་དཔྱད་ངེས་ཅན་ཞིག་ཆགས་འདུག་པ་སྟེ།  བོད་མི་རིགས་ནི་གདོད་མ་ནས་བཟུང་གོམས་བྱང་དབང་གིས་དཀར་པོ་དཀར་རྐྱང་གི་ཁ་དོག་ལ་དགའ་པ་དང་།  རྒྱ་མི་རིགས་ཀྱིས་དེ་ལས་ལྡོག་སྟེ་ཁ་དོག་དཀར་པོ་ནི་གཤིན་ཆོས་སྒྲུབ་དུས་ཀྱི་ཆོ་གའི་མཆོད་རྫས་སུ་བརྩི་བ་ལྟ་བུ་ཡིན། འདི་ནི་ཁ་དོག་དང་བརྩེ་གདུང་བར་གྱི་འབྲེལ་འདྲེས་ཤིག་ཡིན་ལ།  ཚོས་ལྡན་པར་རྒྱག་རགས་བཤད་ལས།  ཁ་དོག་དམར་པོས་ལྷག་བསམ་རྣམ་དག་དང་།  དགའ་སྤྲོ།  དགའ་སྣང་མཚོན་པ་དང་།   ཁ་དོག་ལྗང་ཁུས་ཚེ་སྲོག་དང་ཞི་བདེ་དང་།  རེ་སྨོན།  སྐྱེས་སྟོབས་མཚོན་པ།  ཁ་དོག་སེར་པོས་འོད་སྣང་དང་བབ་བརླིང་།  ལོ་ལེགས་བྱུང་བ།  གཟི་ཤུགས་མཚོན་པ་ཡིན།   ཁ་དོག་དཀར་པོས་དྭངས་གསལ་དང་དྭངས་གཙང་དང་།   བབ་ཆགས། མཆོག་གྱུར་མཚོན།  ཁ་དོག་སྔོན་པོས་བླ་ན་མེད་པ་དང་།  དབེན་འཇགས།  ཁ་ཁུ་སིམ་པ་མཚོན།  ཁ་དོག་ནག་པོས་གཟབ་ནན་དང་སུམ་སྣང་།  གཏིང་ཟབ།   ལྐོག་གྱུར།  འཇིགས་ཞེད་མཚོན།  ཁ་དོག་རྒྱ་མིག་གིས་ཁྱད་འཕགས་དང་དཔོག་དཀའ་བ་མཚོན་པ་ཡིན་ཞེས་བརྗོད་ཡོད་ཅིང་།  ཁ་དོག་དང་བརྩེ་གདུང་དབར་གྱི་སྤྱིར་བཏང་མ་ཡིན་པའི་འབྲེལ་འདྲིས་འདི་བརྒྱུད་དེ།  ད་གཟོད་སྒྱུ་རྩལ་བརྩམས་ཆོས་དང་ཐོན་རྫས་ལ་ཤན་ཤུགས་ཟབ་མོ་ཞིག་ཐེབས་སྲིད་དེ།  བརྩེ་གདུང་ནི་སྒྱུ་རྩལ་གྱི་རྣམ་ཤེས་ཡིན་ན་ནི།  ཁ་དོག--བརྩེ་གདུང་།--སྒྱུ་རྩལ་གྱི་འབྲེལ་བ་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་ཏུ་གནས་པ་ཡིན།  ཁ་དོག་དེ་སྒྱུ་རྩལ་ལམ་དུ་བཀོད་ཅིང་བརྩེ་གདུང་ངེས་ཅན་ཞིག་མཚོན་པར་བྱེད་པའམ།  ཡང་ན་ཁ་དོག་དེར་བརྩེ་གདུང་ངེས་ཅན་ཞིག་བཅིངས་ནས་སྒྱུ་རྩལ་གསར་རྩོམ་ངེས་ཅན་ཞིག་གསར་བཞེངས་བྱེད་པ་སོགས་ཆ་རེ་རེ་ནས་བརྟག་པས་ན།  དེ་གསུམ་གྱིས་ཕན་ཚུན་ལ་ཁྱད་ནུས་དམིགས་གསལ་བ་ཐོན་པ་ཡིན།   མདོར་ན། གོང་དུ་ཁ་དོག་གི་འབྱུང་ཁུངས་དང་།  ཁ་དོག་གི་བྱེད་ནུས།  ཚོས་མདོག་གི་ལག་ལེན། ལས་དང་པོར་ཚད་མ་ཁ་དོག་དཀར་དམར་ནས་སློབ་དགོས་པ་བཅས་ཅུང་ཙམ་གསལ་བཤད་ཀྱི་ཚུལ་དུ་བརྗོད་ཡོད་དོ།  ། 

ཟུར་ལྟའི་དཔྱད་གཞི།  

1. 《བསེ་བསྡུས་གྲྭ།》 བསེ་ངག་དབང་བཀྲ་ཤིས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

2. 《གཏམ་རྒྱུད་གསེར་ཐང་།》དགེ་འདུན་ཆོས་འཕེལ་གྱིས་བརྩམས།    

3. 《ཚད་མའི་གཞུང་ལ་ཐོག་མར་འཇུག་ཚུལ་བློ་གསལ་བྱིས་པ་དགའ་བའི་མེ་ལོང་།》 བཛྲ་ཚུལ་ཁྲིམས་རྒྱ་མཚོས་བརྩམས། 

4. 《ཤེས་བྱའི་རྣམ་གྲངས་བློ་གསལ་རིགས་སྒོ》 དམུ་དགེ་བསམ་གཏན་གྱིས་བརྩམས།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།   

5. 《བསྡུས་སྦྱོར་སྙིང་བོའི་དགོངས་དོན་གསལ་བར་བྱེད་པ་ཀུན་གསལ་མེ་ལོང་།》རྗེ་གུང་ཐང་བློ་གྲོས་རྒྱ་མཚོས་བརྩམས། 

6. 《རྭ་བསྡུས་དང་བསེ་བསྡུས་རྩོམ་འཕྲོ 》 བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་དཔར། 

7. 《བོད་ཀྱི་རི་མོའི་སྒྱུ་རྩལ་ལས་ལྷ་སྐུའི་ཐིག་རྩ་དང་ཤིང་ཚོན་སོགས་ཀྱི་རྨང་གཞིའི་ཤེས་བྱ་འགྲོ་ཕན་བློ་གསལ་དགའ་སྐྱེད》གཡང་པ་ཕུན་ཚོགས་རྡོ་རྗེས་བརྩམས།  མི་རིགས་དཔེ་སྐྲུན་ཁང་གིས་དཔར།  

རྩོམ་སྒྲིག་པ།  བྱང་ཆུབ་རྒྱ་མཚོ།

བརྒྱུད་འགོད།
0