དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་ངོ་སྤྲོད་རགས་ཙམ་བྱེད་པ།

སྤེལ་དུས།  2017-12-16   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།   འགར་ཉག་ཕྲན།(རྨ་ལྷོ)   ཀློག་གྲངས།  

རིགས་པའི་དཔའ་བོ་ཆོས་ཀྱི་གྲགས་པ་ཡིས།

ཡང་དག་རིགས་ལམ་ཕྲ་མོ་བྱེ་བ་བརྒྱས།

བསྟན་དང་དེ་ཡི་སྟོན་པ་ཚད་མ་རུ།

བསྒྲུབ་པའི་ཚུལ་ལ་དད་པའི་སྤུ་ལོང་གཡོ།

འཇིག་རྟེན་ཐོག་ཚད་མ་རིག་པའི་གཞུང་ལུགས་རང་བཙན་པའི་ཐོག་མ་ནི།ལོ་རྒྱུས་རྣམས་སུ་བཤད་པ་ལྟར་ན་རིགས་པ་ཅན་པའི་སྟོན་པ་གོ་ཏ་མས་བརྩམས་པར་གྲགས་པའི་རིགས་པའི་མདོའམ་བོད་པར་རིགས་པ་ཅན་པའི་མདོར་གྲགས་པ་འདི་ཡིན་པར་མངོན།

གཞུང་ལུགས་འདིའི་ནང་གཙོ་བོ་ཚད་མ་གཞལ་བྱ་ཐེ་ཚོམ་སོགས་རིགས་པ་ཅན་པས་འདོད་པའི་རྟོག་གེའི་ཚིག་དོན་བཅུ་དྲུག་རྒྱས་པར་བཤད་ཡོད་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཞིབ་མོ་རྣམ་འཐག་སོགས་ལས་གསལ། 《ཝཱ་ཙི་ཡཱ་ཡ་ན་ཞེས་པས་རིགས་པའི་མདོ་ཡི་འགྲེལ་བ་རིགས་པའི་འགྲེལ་བ་ཞེས་པ་ཞིག་བརྩམས་ཏེ་རིགས་པ་ཅན་པའི་འདོད་པ་འཛིན་སྤེལ་བྱས།ཝཱ་ཙི་ཡཱ་ཡ་ན་ནི་དུས་རབས་བཞི་བའི་སྔ་རྗེས་ཀྱི་མི་ཡིནདེ་ནས་རིམ་གྱིས་ཕྱི་ནང་གི་ཚད་མའི་གཞུང་ལུགས་མང་བོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་ཚུལ་དུ་བྱུང་བ་ཡིན་ལ།

ནང་བ་སངས་རྒྱས་པའི་ཚད་གཞུང་རྣམས་ཀྱི་ཐོག་མ་ནི་རྩོད་པའི་གྲུབ་པ་ཞེས་བྱ་བའི་གཏན་བཅོས་དེ་ཡིན་པར་བཤད།དེ་མཛད་པ་པོ་ནི།ཁ་ཅིག་གིས་སློབ་དཔོན་དབྱིག་གཉེན་ཡིན་ཟེར།ལ་ལས་ཚད་མ་ཀུན་བཏུས་ཀྱི་རང་འགྲེལ་དུ་དགག་པ་རྒྱ་ཆེར་མཛད་པས་གཅུང་དབྱིག་གཉེན་གྱིས་མཛད་པ་མིན་པར་གསལ་ཟེར།བོད་སྔ་མ་མང་བོས་བཙུན་པ་དབྱིག་བཤེས་སོགས་དབྱིག་གཉེན་དང་མཚན་གཅིག་པ་ཞིག་གིས་མཛད་ཟེར་བས་དཔྱད།དུས་རབས་བདུན་པའི་འགོ་ཙམ་དུ་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་རང་ལས་མཁས་པ་བཞིའི་ནང་ཚན་ཚད་མ་ལ་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་བོས་དམིགས་པ་བརྟག་པ་དང་སེལ་བ་བརྟག་པ་སོགས་བསྟན་བཅོས་ཐོར་བུ་བརྒྱ་རྩ་ལས་བརྒལ་བ་མཛད་ཅིང་།རྗེས་སུ་བསྟན་བཅོས་དེ་དག་གི་བརྗོད་དོན་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་སྟོན་པའི་བསྟན་བཅོས་བརྩམས་པར་དགོངས་ཏེ།རིགས་པ་ཅན་པས་འདོད་པའི་སྒྲུབ་ངག་ཡན་ཡག་ལྔ་ལྡན་ལེགས་པར་སུན་ཕྱུང་ནས་རང་ལུགས་སྒྲུབ་ངག་ཡན་ལག་གསུམ་ལྡན་དང་།རྟགས་ཡང་དག་གི་མཚན་ཉིད་ཚུལ་གསུམ་ཡིན་པ་དང་།ཚུལ་གསུམ་སོ་སོའི་མཚན་ཉིད་གཏན་འབེབས་མཛད་པ་སོགས་ཀྱིས་མཚོན་རྒྱ་གར་གྱི་ནང་བསྟན་གཞུང་ལུགས་ཀྱི་ཁྲོད་དུ་སྔར་མེད་ཀྱི་ཚད་མའི་ལམ་སྲོལ་གསར་བ་ཞིག་ཕྱེས་ནས།མངོན་སུམ་ལེའུ།རང་དོན་རྗེས་དཔག་གི་ལེའུ།གཞན་དོན་རྗེས་དཔག་གི་ལེའུ།དཔེ་དང་དཔེ་ལྟར་སྣང་བ་བརྟག་པའི་ལེའུ།གཞན་སེལ་བརྟག་པའི་ལེའུ།ལྟག་ཆོད་བརྟག་པའི་ལེའུ་སྟེ་ལེའུ་དྲུག་དང་ལྡན་པའི་ཚད་མ་མདོ་འམ་ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བ་དེ་ཉིད་བརྩམས་གནང་མཛད།དེའི་རྗེས་སུ་དཔལ་ལྡན་ཆོས་ཀྱི་གྲགས་པས་སློབ་དཔོན་ཕྱོགས་གླང་གིས་ཕྱེ་བའི་ཚད་མ་རིག་པའི་ལམ་སྲོལ་དེ་ཉིད་འཛིན་སྤེལ་རྒྱ་ཆེར་མཛད།

སློབ་དཔོན་ཕྱོགས་ཀྱི་གླང་བོ་ནི།རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སེངྒ་པཀྟ་ཞེས་པའི་ཀཉྩིའི་ཡུལ་དང་ཉེ་བ་ཞིག་ཏུ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས།ཕལ་ཆེར་སྤྱི་ལོའི་དུས་རབས་དྲུག་པའི་མཇུག་ཙམ་ནས་དུས་རབས་བདུན་པའི་འགོ་ཙམ་དུ་ངེས།སློབ་དཔོན་དབྱིག་གཉེན་གྱི་དངོས་སློབ་ཡིན་པར་ཀུན་གྱིས་མཐུན་པར་བཤད་འདུགཆུང་ངུའི་དུས་སུ་བྲལ་ཟེའི་རིག་བྱེད་དང་མུ་སྟེགས་པའི་གྲུབ་མཐའ་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན།རྗེས་སུ་གནས་མ་བུའི་སྡེ་བའི་མཁན་པོ་ནཱ་ག་དཏྟ་སྟེ་གླང་བོ་བྱིན་ཞེས་པ་ལས་རབ་ཏུ་བྱུང་ཞིང་མཚན་ཕྱོགས་ཀྱི་གླང་བོར་གསོལ།ཐེག་དམན་གྱི་སྡེ་སྣོད་གསུམ་ལ་བསླབས་པས་མཁས་པར་གྱུར།མཁན་པོ་གླང་བོ་བྱིན་ལ་འཁོར་བ་ལས་གྲོལ་བའི་གདམས་པ་ཞུས་པས།མཁན་པོས་ཕུང་བོ་དང་དེ་ཉིད་གཞན་གང་དུའང་བརྗོད་དུ་མེད་བའི་བདག་འཚོལ་བའི་གདམས་པ་བྱིན་ནས་བསྒོམ་དུ་བཅུག་པས་དེ་འདྲའི་བདག་དེ་ཇི་ཙམ་བཙལ་ཡང་མ་རྙེད་པས།ཐེག་པ་ཆེན་པོའི་སྡེ་སྣོད་འཚོལ་བའི་ཐུགས་འདུན་གྱིས་མཁན་པོ་དེའི་དྲུང་ལས་ཕྱིར་བྱོན་ཏེ་སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་བྱོན།དེའི་དྲུང་ནས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་གསན་སྦྱང་རྒྱ་ཆེར་མཛད་དེ་མཁས་པའི་ཕ་རོལ་ཏུ་སོན་ཞིང་།ཕྱི་རབས་པ་དག་ལ་ལེགས་བཤད་ཀྱི་བགོ་སྐལ་མང་དུ་མཛད་དེ་རྒྱལ་བའི་བསྟན་པ་ལ་ཕྱག་རྗེས་བླ་ན་མེད་པ་བཞགམཐར་ཨོ་ཊི་བི་ཤའི་བྲག་ཕུག་ཏུ་སྐུ་གཤེགས་སོ།

རིག་པའི་དབང་ཕྱུག་དཔལ་ལྡན་ཆོས་ཀྱི་གྲགས་པ་ནི།རྒྱ་གར་ལྷོ་ཕྱོགས་ཏྲི་མ་ལ་ཡའི་ཡུལ་དུ།བྲམ་ཟེའི་རིགས་ཀྱི་མུ་སྟེགས་ཀུན་ཏུ་རྒྱུ་ས་རོ་ཉ་ནནྡྲ་ཞེས་བྱ་བའི་སྲས་སུ་སྤྱི་ལོའི་དུས་རབས་བདུན་པའི་འགོ་ཙམ་ཞིག་ལ་སྐུ་འཁྲུངས།ཆུང་ངུའི་དུས་ནས་སྐྱེས་སྟོབས་ཤེས་རབ་ཀྱི་དཔལ་འབར་བ།བློ་གྲོས་ཀྱི་འཇུག་པ་ཤིན་ཏུ་མྱུར་བ་ཞིག་ཡིན་ལ།རང་གི་ཡབ་དང་མུ་སྟེགས་པའི་པཎྜི་ཏ་མ་ལས་ཐུན་མོང་བའི་རིག་གནས་དང་།མུ་སྟེགས་པའི་རིག་བྱེད་ཡན་ལག་དང་དང་བཅས་པ་ལ་སྦྱངས་བརྩོན་གནང་བས་ལོ་བཅོ་བརྒྱད་སོན་ཚེ་མུ་སྟེགས་པའི་ལྟ་གྲུབ་སོགས་ལ་ཤིན་ཏུ་མཁས་པར་གྱུར།རྗེས་སུ་སངས་རྒྱས་ཀྱི་གསུང་རབ་འགའ་རེ་གཟིགས་པས་ཕྱི་ནང་གི་བསྟན་པ་དང་སྟོན་པའི་ཁྱད་པར་ཤེས་ཏེ་མུ་སྟེགས་ཀྱི་གྲུབ་མཐའ་དོར་བས་ཕ་མ་ཞང་བོ་དང་བཅས་པས་ཁྱིམ་ནས་བསྐྲད།རྒྱ་གར་ཡུལ་དབུས་སུ་བྱོན་ནས་དེའི་སློབ་དཔོན་ཆོས་སྐྱོང་གི་དྲུང་དུ་རབ་ཏུ་བྱུང་།དེ་ནས་སངས་རྒྱས་ཆོས་ལུགས་ཀྱི་གསུང་རབ་མཐའ་དག་ལ་སྦྱངས་བརྩོན་མཛད་དེ་མཁས་པར་གྱུར།རྟོག་གེའི་བསྟན་བཅོས་མང་བོ་ལ་སྦྱངས་ཀྱང་མ་ཚིམ་པར་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་བཏུས་ལ་མཁས་པར་འདོད་ནས།ཕྱོགས་གླང་གི་སློབ་མ་སུ་བཞུགས་པ་འདྲི་ཞིབ་མཛད་པས་སློབ་དཔོན་དབང་ཕྱུག་སྡེ་བཞུགས་པར་མཁྱེན་ནས་དེའི་དྲུང་དུ་བཅར།ཚད་མ་ཀུན་བཏུས་ཀྱི་ཁྲིད་ཞུས།ཚར་གཅིག་གསན་པས་དབང་ཕྱུག་སྡེ་དང་མཉམ།ཚར་གཉིས་གསན་པས་ཕྱོགས་གླང་དང་མཉམ།ཚར་གསུམ་གསན་པ་ན་སློབ་དཔོན་དབང་ཕྱུག་སྡེས་ཀྱང་ཕྱོགས་གླང་གི་དགོངས་པ་ཇི་ལྟ་བ་བཞིན་མ་རྟོགས་པར་གཟིགས་ནས་སློབ་དཔོན་ལ་ཞུས་པས་སློབ་དཔོན་ཐུགས་རབ་ཏུ་མཉེས་ནས་ཁྱོད་ནི་ཤེས་པར་ཆེན་པོ་ཕྱོགས་ཀྱི་གླང་བོ་དང་འདྲ།ཁོ་བོས་ནི་ཕྱོགས་གླང་གི་དགོངས་པ་ཇི་བཞིན་མ་རྙེད་པ་འདུག་པས་གྲུབ་མཐའ་ནོངས་པ་ཐམས་ཅད་ཁྱོད་ཀྱིས་འཆོས་ཤིགངའི་ཁས་བླང་ལའང་ཕྱོགས་སྔར་བླངས་ཏེ་སུན་དབྱུང་ལ་ཚད་མ་ཀུན་ལས་བཏུས་ཀྱི་དོན་མ་ནོར་བར་བཀྲལ་བའི་འགྲེལ་བ་ཞིག་གྱིས་ཤིག་ཅེས་བླ་མས་གནང་བ་བསྩལ་ཏོ།

དབང་ཕྱུག་སྡེས་རྟགས་ཡང་དག་གི་མཚན་ཉིད་ལ་མཐུན་ཕྱོགས་ལ་མཐོང་ཙམ་དེ་རྗེས་ཁྱབ་དང་།མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་དེ་ལྡོག་ཁྱབ་ཀྱི་མཚན་ཉིད་དུ་འཇོག་པ་སོགས་ཚུལ་དྲུག་འདོད་པ་ལ་དགག་པ་མཛད་ཚུལ་རྣམ་འགྲེལ་ལས།འཁྲུལ་བ་ཅན་གྱི་གཉེན་པོར།།ཞེས་སོགས་ཀྱི་གཞུང་གི་སྐབས་སུ་གསལ།དེ་ནས་རྒྱ་གར་ནཱ་ལེན་དྲར་རྩོད་གླེང་དུ་འོངས་པའི་མུ་སྟེགས་པའི་མཁས་པ་གྲགས་ཅན་མང་བོ་སྔ་རྗེས་སུ་ཕམ་པར་མཛད།རྒྱ་གར་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་རྒྱུད་དུ་ཕེབས་ནས་མུ་སྟེགས་པ་མང་པོ་བཏུལ་ཞིང་སངས་རྒྱས་ཆོས་ལུགས་དར་སྤེལ་མཛད་དེ་ལྷ་ཁང་དང་ཆོས་གཞི་བརྒྱ་ལྷག་ཙམ་གསར་དུ་བཙུགས།སྐུ་ཚེའི་མཐར་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱད་དུ་བཞུགས་ནས་ཡུལ་ཀ་ལིདྐར་མྱ་ངན་ལས་འདས་སོ།

སློབ་དཔོན་ཆོས་ཀྱི་གྲགས་པ་འདི་ཉིད་ཀྱིས་སྤྱིར་བསྟན་བཅོས་མང་དུ་མཛད་ཡོད་ནའང་ཚད་མ་རིག་པའི་དགོངས་འགྲེལ་གྱི་སྐོར་ལ་ཚད་མ་སྡེ་བདུན་དང་།ཚད་མ་རྣམ་འགྲེལ་ལེའུ་དང་པོའི་རང་འགྲེལ་སོགས་མཛད་དོ།

ཚད་མ་སྡེ་བདུན་གྱི་བརྗོད་བྱའི་གཙོ་བོ་ནི་རྟོག་གེ་ཚིག་དོན་བརྒྱད་ཡིན་ལ།རྟོག་གེ་ཚིག་དོན་བརྒྱད་ནི།ཚད་མ་རིགས་སྒོ་ལས།མངོན་སུན་དང་ནི་རྗེས་སུ་དཔག།ལྟར་སྣང་བཅས་པ་བདག་རིག་ཕྱིར།།སྒྲུབ་པ་དང་ནི་སུན་འབྱིན་ངག།ལྟར་སྣང་བཅས་པ་གཞན་རིག་ཕྱིར།།ཞེས་གསུངས་པ་ལྟར།མངོན་སུམ་ཡང་དག་ལྟར་སྣང་གཉིས།རྗེས་དཔག་ཡང་དག་ལྟར་སྣང་གཉིས།སྒྲུབ་ངག་ཡང་དག་ལྟར་སྣང་གཉིས།སུམ་འབྱིན་ཡང་དག་ལྟར་སྣང་གཉིས་ཏེ་བརྒྱད་དོ།།དེ་དག་བསྟན་པའི་དགོས་པ་ནི་སྤྱིར་གཞལ་བྱ་ལ་མངོན་གྱུར་དང་ལྐོག་གྱུར་གཉིས་ལས།མངོན་གྱུར་ངེས་བྱེད་ཀྱི་བློ་མངོན་སུམ་ཚད་མ་དང་།ལྐོག་གྱུར་ངེས་བྱེད་ཀྱི་བློ་རྗེས་དཔག་ཚད་མ་སྟེ་མངོན་རྗེས་གཉིས་རང་གི་གཞལ་བྱ་ངེས་བྱེད་ཀྱི་ཐབས་སུ་བསྟན་ལ།རང་གིས་ངེས་ནས་གཞན་ལ་རྟོགས་པ་བསྐྱེད་པའི་ཆེད་དུ་སྒྲུབ་ངག་ཡང་དག་དང་སུན་འབྱིན་ཡང་དག་གཉིས་བསྟན་པའི་ཕྱིར་ཏེ།མཐའ་གཅིག་ཏུ་འཛིན་པའི་ལོག་རྟོག་གི་དཔལ་གཞོམ་པའི་ཕྱིར་དུ་སུན་འབྱིན་ཡང་དག་བསྟན་ལ།མཐའ་གཉིས་སུ་འཛིན་པའི་ཐེ་ཚོམ་བསལ་བའི་ཕྱིར་དུ་སྒྲུབ་ངག་ཡང་དག་བསྟན།དེ་དག་གི་གོལ་སའམ་ནོར་ས་ཤེས་པའི་ཆེད་དུ་ལྟར་སྣང་བཞི་བསྟན་པ་ཡིན་ནོ།

དཔལ་ཆོས་ཀྱི་གྲགས་པའི་མཛད་པའི་ཚད་མ་སྡེ་བདུན་གྱིས།བཀའི་དབང་དུ་བྱས་ན་བཀའ་མཐའ་མ་ལེགས་ཕྱེའི་ཆོས་འཁོར་གྱི་ལྟ་བའི་ཆ་གཙོ་བོར་བཀྲལ་ལ།བསྟན་བཅོས་ཀྱི་དབང་དུ་བྱས་ན་ཚད་མ་ཀུན་ལས་བཏུས་པ་དེ་ཉིད་ཀྱི་ཚིག་དོན་གཉིས་ཀའི་ཆ་འཕྲོས་དང་བཅས་ཏེ་རྒྱས་པར་གཏན་ལ་ཕབ་པའི་གཞུང་ཚད་མ་རྣམ་འགྲེལ་ཡིན།ཚད་མ་རྣམ་ངེས་ཀྱིས་ཚིག་དོན་གྱི་ཆ་རགས་རིམ་ཞིག་རིགས་པའི་རྣམ་གྲངས་ཀྱིས་བསྟན།རིགས་པའི་ཐིགས་པ་ཡིས་དགག་སྒྲུབ་ཀྱི་སྤྲོས་པ་རྒྱས་པ་དོར་དེ་དོན་གྱི་སྙིང་བོ་དག་གི་རྣམ་གྲངས་དང་།མཚན་ཉིད་དང་།དབྱེ་བ་དང་།དཔེར་བརྗོད་པ་ཙམ་བསྟན་ཅིང་།དེ་གསུམ་གྱིས་རྟོག་གེ་ཚིག་དོན་བརྒྱད་ཀ་ཚང་བར་བསྟན་པ་ཙམ་ལ་ཁྱད་པར་མེད་ལ།གདུལ་བྱ་དབང་བོ་རྟུལ་འབྲིང་རྣོན་པོ་གསུམ་གྱི་དབང་དུ་བྱས་ཏེ་རིམ་བཞིན་རྒྱས་འབྲིང་བསྡུས་གསུམ་གྱིས་བསྟན་པས་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་ཞེས་བཤད་དོ།

འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་མཛད་ཚུལ་ནི།ཚད་མ་རྣམ་འགྲེལ་གྱི་རང་དོན་ལེའུའི་སྐབས་ལས་འཕྲོས་ཏེ།རྟོག་དཀའ་བ་གཏན་ཚིགས་ཀྱི་མཚན་ཉིད་བྱེ་བྲག་ཏུ་གཏན་ལ་འབེབས་པར་བྱེད་པ་གཏན་ཚིགས་ཐིགས་པ་དང་།རང་དོན་ལེའུའི་སྐབས་ཀྱི་རྟགས་ཆོས་ཀྱི་འབྲེལ་བ་སྟོན་པ་ཉིད་ལས་འཕྲོས་ཏེ།འབྲེལ་བ་གཉིས་ཀ་དོན་དམ་པར་མ་གྲུབ་ཅིང་ཀུན་རྫོབ་ཏུ་རྣམ་པར་འཇོག་པའི་ཚུལ་བྱེ་བྲག་ཏུ་གཏན་ལ་འབེབས་པར་བྱེད་པ་འབྲེལ་བ་བརྟག་པ་དང་།མངོན་སུམ་ལེའུའི་སྐབས་སུ་གཟུགས་སོགས་རྣམ་རིག་ཙམ་དུ་གཏན་ལ་ཕབ་པ་ལ།རྒོལ་བ་རང་ཉིད་ལ་སྣང་བ་རང་གི་སེམས་ཀྱི་བདག་ཉིད་ཡིན་པའི་ཕྱིར།སྒྲུབ་ངག་འགོད་པའི་ཡུལ་གང་ཟག་གཞན་གྱི་རྒྱུད་ཡོད་པར་ཇི་ལྟར་འཐད་ཅེས་སྨྲ་བའི་ཀླན་ཀ་བསལ་ཏེ།སྣང་མཁན་ཤེས་པ་ལས་རྫས་གཞན་དུ་གྱུར་བའི་གཟུགས་སོགས་མེད་ཀྱང་།རྒོལ་བ་རང་ཉིད་ལས་རྒྱུད་གཞན་དུ་གྱུར་བའི་གང་ཟག་འཐད་པའི་ཚུལ་སྟོན་པ་རྒྱུད་གཞན་གྲུབ་པ་དང་།གཞན་དོན་ལེའུའི་སྐབས་ལས་འཕྲོས་ཏེ།སྒྲུབ་ངག་དང་།སྒྲུབ་ངག་གི་ལམ་སྦྱོངས་སྟོན་པའི་སྔ་རྒོལ་དང་དཔང་བོ་དག་གི་མཚན་ཉིད་དང་།དེ་དག་གི་རྩོད་པ་ཇི་ལྟར་བྱ་བའི་ཚུལ་དང་།རྩོད་པའི་ངོ་བོ་སུན་འབྱིན་དང་།ཐལ་འགྱུར་གྱི་རྣམ་བཞག་དང་།དེའི་གོལ་ས་ལྟག་ཆོད་ཀྱི་རབ་དབྱེ་སོགས་དང་བཅས་པ་བྱེ་བྲག་ཏུ་གཏན་ལ་འབེབས་པར་བྱེད་པ་རྩོད་པའི་རིགས་པ་སྟེ་བཞི་མཛད་པ་ཡིན་ལ།དེ་བཞི་རེ་རེ་ཡིས་རྟོག་གེ་ཚིག་དོན་བརྒྱད་ཀ་ཚང་བར་མ་བསྟན་ཞིང་།འགའ་རེ་ཙམ་བསྟན་པས་ཡན་ལག་ལྟ་བུ་ཞེས་བརྗོད་དོ།

གོང་དུ་བཤད་པའི་ཚད་མ་སྡེ་བདུན་ལས་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ནི་གནའ་དེང་གི་མཁས་པ་རྣམས་ཀྱིས་ཚད་མ་རིག་པ་ལ་ཞིབ་འཇུག་བྱེད་སྐབས་ཆེ་གལ་ཆེ་བའི་རྩ་བའམ་གཞི་འཛིགས་ས་གཙོ་བོར་བྱེད་ཀྱིན་ཡོད་ལ།དེ་ལ་རང་དོན་ལེའུ།ཚད་མ་གྲུབ་པའི་ལེའུ།མངོན་སུམ་ལེའུ།གཞན་དོན་ལེའུ་སྟེ་ལེའུ་བཞི་ཡོད་དོ།།ཚད་མ་རྣམ་འགྲེལ་འདི་ཚད་མ་ཀུན་ལས་བཏུས་ཀྱི་རྣམ་བཤད་དམ་འགྲེལ་བར་བརྩམས་པ་ཡིན་ན་ཀུན་བཏུས་དང་འདི་གཉིས་ལེའུའི་གྲངས་དང་གོ་རིམ་མི་མཐུན་པས་སྐྱོན་མེད་དམ་སྙམ་ན་སྐྱོན་མེད་དེ།ཀུན་བཏུས་ཀྱི་སེལ་བ་བརྟགས་པའི་ལེའུ་དང་དཔེ་བརྟགས་པའི་ལེའུ་གཉིས་རྣམ་འགྲེལ་གྱི་རང་དོན་ལེའུར་བསྡུས་ཤིང་།ལྟག་ཆོད་བརྟགས་པའི་ལེའུ་རྣམ་འགྲེལ་གྱི་གཞན་དོན་ལེའུར་བསྡུས་ནས་བཤད་ལ།ཀུན་བཏུས་ཀྱི་མཆོད་བརྗོད།ཚད་མར་གྱུར་བ་འགྲོ་ལ་ཕན་བཞེད་པ།།སྟོན་པ་བདེར་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ།།ཞེས་པའི་ཚིག་རྐང་གཉིས་ཀྱི་དོན་རྟོགས་དཀའ་བར་གཟིགས་ནས་དེ་འགྲེལ་བའི་ཆེད་དུ་ཚད་མ་གྲུབ་པའི་ལེའུ་ལོགས་སུ་མཛད་པ་ཡིན་ནོ།

ལེའུའི་གོ་རིམ་མི་མཐུན་པ་ལའང་སྐྱོན་མེད་དེ།སློབ་དཔོན་གྱིས་རང་འགྲེལ་ལས།དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པ་ཡིན་པའི་ཕྱིར།ཞེས་གསུངས་པ་ལྟར་ལོག་རྟོག་དགག་པ་དང་དགོས་པའི་དབང་གིས་རྣམ་འགྲེལ་འདིར་རང་དོན་རྗེས་དཔག་གི་ལེའུ་དང་པོར་བསྟན་ཅིང་།ཀུན་བཏུས་ལས་མངོན་སུམ་ལེའུ་དང་པོར་བསྟན་པ་ནི།དཔེར་ན་བུམ་པ་མི་རྟག་པར་རྟོགས་པ་ལ་སྔར་དེའི་ཁྱད་གཞི་བུམ་པ་དབང་བོ་མངོན་སུམ་གྱིས་ངེས་ནས།ཕྱིས་སུ་བུམ་པ་མི་རྟག་པར་རྟོགས་པའི་རྗེས་དཔག་སྐྱེ་དགོས་པས་འདི་ནི་རྒྱུད་ལ་སྐྱེ་རིམ་གྱི་དབང་དུ་བྱས་པའི་ཕྱིར་རོ།།འདིར་དེ་དག་གི་རྒྱུ་མཚན་རྒྱས་པར་བཤད་ན་ཡི་གེ་མང་བར་འཇིགས་ནས་དེ་ཙམ་ལས་མ་བཤད་ལ།རྒྱས་པར་ཤེས་འདོད་པ་དག་གིས་རྣམ་འགྲེལ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་སོགས་ལ་བལྟ་དགོས་སོ།།ཀུན་བཏུས་དང་རྣམ་འགྲེལ་གྱི་ཁྱད་པར་རམ་རྣམ་འགྲེལ་གྱིས་ཀུན་ལས་བཏུས་ཀྱི་དོན་རྣམ་པར་འགྲེལ་བའམ་གསལ་བར་མཛད་ཚུལ་དཔེ་མཚོན་ཚམ་ཞིག་བཤད་ན་འདི་ལྟ་སྟེ།ཀུན་བཏུས་སུ་དངོས་སུ་བཤད་ཟིན་པའི་མཚན་ཉིད་དང་དབྱེ་བ་སོགས་རྣམ་འགྲེལ་འདིར་ཚིག་ཚོགས་བསྐྱུང་བའི་ཕྱིར་དང་།རྩ་འགྲེལ་ཟློས་པའི་ཉེས་པ་སྤང་བའི་ཕྱིར།བཟློས་ཏེ་སྨྲ་བར་མི་བྱེད་ཅིང་།འོན་ཀྱང་དེར་བཤད་པའི་མཚན་ཉིད་ཀྱི་ཚིག་ཟུར་དག་གི་རྣམ་བཅད་དང་།ཡོངས་གཅོད་ཀྱི་དགོས་པ་དང་།དབྱེ་བ་དག་གི་གྲངས་ངེས་དང་།གྲངས་ངེས་དག་ལ་རྩོད་པ་སྤང་བ་སོགས་ཀུན་བཏུས་སུ་དངོས་སུ་མ་བཤད་ཅིང་།འཆད་དགོས་པ་གང་ཡིན་པ་དེ་དག་ཐམས་ཅད་གཞུང་འདིར་དངོས་སུ་འཆད་པར་བྱེད་པ་ཡིན་ཏེ།དཔེར་ན།གཞན་དོན་རྗེས་སུ་དཔག་པ་ནི།།རང་གིས་མཐོང་དོན་རབ་གསལ་བྱེད།།ཅེས་གཞན་དོན་རྗེས་དཔག་གི་མཚན་ཉིད་དངོས་སུ་བསྟན་ཟིན་པས་དེ་ཉིད་འདིར་ཟློས་ཏེ་མ་སྨྲས་པར་མཚན་ཉིད་དེའི་ཚིག་ཟུར་དག་གི་རྣམ་བཅད་དང་།ཡོངས་གཅོད་ཀྱི་དགོས་པ་དང་།དགོས་པ་དེ་དག་སྒྲུབ་པའི་རིགས་པ་སོགས་ཀུན་བཏུས་སུ་དངོས་སུ་མ་གསུངས་པ་དག་གཞུང་འདིར་རྒྱས་པར་བཤད་པ་ལྟ་བུ་དང་།ཡང་དཔེར་ན།ཀུན་བཏུས་སུ་ཚད་མའི་དབྱེ་བ་ཙམ་ཞིག་གསུངས་ནས་ཚད་མ་སྤྱིའི་མཚན་ཉིད་དངོས་སུ་མ་གསུངས་པས།གཞུང་འདིར་ཁ་བསྐངས་ཏེ།ཚད་མ་བསླུ་མེད་ཅན་ཤེས་པ།།ཞེས་བཤད་པ་ལྟ་བུའོ།།གཞན་ཡང་།ཀུན་བཏུས་སུ་དོན་དེ་ཉིད་རྒྱས་པར་བཤད་ཀྱང་འཆད་བྱེད་ཀྱི་ཚིག་བརླིང་བས་རྟོགས་པར་དཀའ་བའི་གནས་འགའ་ཞིག་ལ་ནི།མདོ་དེ་ཉིད་ཀྱི་ཚིག་དོན་རྒྱས་པར་བཤད་པའི་སྒོ་ནས་ཀྱང་འགྲེལ་བར་བྱེད་དེ།དཔེར་ན།གང་ལ་ཐུན་མོང་མ་ཡིན་ཕྱིར།རྗེས་སུ་དཔག་པ་ནི་མེད་ལ།ཞེས་སོགས་ཀྱི་མདོའི་ཚིག་དོན།རྣམ་འགྲེལ་ལས།དེ་འགོག་རྗེས་དཔག་ལས་འགྱུར་ཏེ།ཞེས་བྱ་བ་ལ་སོགས་པས་རྒྱས་པར་འཆད་པ་ལྟ་བུའོ།རྒྱས་པར་ནི་རྣམ་འགྲེལ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས།བསྟན་བཅོས་འདི་ཉིད་ལ་བརྟེན་ནས་ཚད་མ་ཀུན་ལས་བཏུས་པའི་དོན་རྣམ་པར་འགྲེལ་བར་འདོད་པ་རྣམས་ལ་མན་ངག་ཅུང་ཞིག་སྦྱིན་པར་བྱ་སྟེ།ཞེས་པ་ནས།དེ་ལ་བརྟེན་པའི་རྗེས་དཔག་གི་དབྱེ་བ་བདེ་བླག་ཏུ་རྟོགས་པར་ནུས་པ་ལ་དགོངས་ནས་མ་གསུངས་པ་ཡིན་ནོ།།ཞེས་པའི་བར་གྱི་གཞུང་གིས་གསལ་བར་གསུངས་ཡོད་པས་དེ་ལ་ལྟ་དགོས་སོ།

འོ་ན་ཚད་མ་ཀུན་ལས་བཏུས་པར།འཆད་དགོས་པའི་དོན་དུ་མ་ཞིག་མ་བཤད་པར་སྣང་བས་བསྟན་བཅོས་སྐྱོན་ཆགས་པ་ཉིད་དུ་མི་འགྱུར་རམ་ཞེ་ན།ཀུན་བཏུས་ནི་གདུལ་བྱ་དབང་བོ་རྣོན་པོ་མདོར་བསྡུས་པ་ལ་དགའ་བ་མགོ་སྨོས་པས་གོ་བ་དག་གི་དབང་དུ་བྱས་པ་ཡིན་པས་དངོས་སུ་མ་བསྟན་པ་དེ་དག་ཀྱང་དངོས་སུ་བསྟན་པ་དག་གི་ཚིག་གི་ནུས་པ་དང་།སྐབས་ཐོབ་དང་།ཚིག་ཟུར་དང་།དོན་གྱིས་ཐོབ་པ་ཅི་རིགས་པའི་སྒོ་ནས་འཕངས་པ་ཤ་སྟག་ཡིན་པའི་ཕྱིར་སྐྱོན་མེད་ལ།དེ་ལྟ་ནའང་།དེ་ཉིད་ཕྱིས་ཀྱི་གདུལ་བྱ་དབང་བོ་རྟུལ་བོ་ཕལ་ཆེ་བས་མ་རྟོགས་པ་རྟོགས་པར་བྱ་བའི་ཕྱིར་དུ།དེ་ཉིད་ཀྱི་དོན་ཁོང་ན་གནས་པ་སོགས་གསལ་བར་ཕྱུང་ཞིང་།དོན་གྱི་ཐོབ་པ་དག་ཁ་བསྐངས་ནས་གསལ་བར་འགྲེལ་བའི་བསྟན་བཅོས་འདི་ཉིད་མཛད་པ་ཡིན་ནོ།།རྣམ་འགྲེལ་སོགས་ཚད་མ་སྡེ་བདུན་བརྩམས་ནས་ཡུལ་ཁམས་སུ་བཀྲམས་པ་ན་ཕལ་ཆེར་གྱིས་ནང་དོན་མ་ཤེས་སོ།།འགའ་ཞིག་གིས་ཤེས་ཀྱང་ཕྲག་དོག་བྱས་ནས་ཉེས་སོ།།ཞེས་སྨད་དེ་ཁྱིའི་མཇུག་མ་ལ་བཏགས་པས།ཆོས་གྲགས་ཀྱིས།ཁྱི་གྲོང་དང་སྲང་ལམ་ཀུན་ཏུ་རྒྱུ་བ་བཞིན་བསྟན་བཅོས་འདི་ཡང་དར་བར་འགྱུར་རོ།།ཞེས་གསུངས་ཤིང་།རྣམ་འགྲེལ་གྱི་མགོར།སྐྱེ་བོ་ཕས་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས།།ཞེས་སོགས་ཚིག་བཅད་གཅིག་བཅུག་ཅེས་ལོ་རྒྱུས་ཆོས་འབྱུང་དག་ལས་གསུངས་སོ།

ཚད་མ་རྣམ་འགྲེལ་འདི་ལ་འགྲེལ་བ་སློབ་དཔོན་རང་ཉིད་ཀྱིས་མཛད་པའི་ལེའུ་དང་པོའི་རང་འགྲེལ་ཡོད་ལ།སློབ་དཔོན་གྱི་དངོས་སློབ་སློབ་དཔོན་ལྷ་དབང་བློ་ལ་འགྲེལ་བ་རྩོམ་པར་བསྐོས་པས་ལན་གཅིག་བརྩམས་ཏེ་གཟིགས་པ་ཕུལ་བས་ཆུས་བཀྲུས།ཡང་བརྩམས་ནས་ཕུལ་བས་མེར་བསེགས།ཕྱིས་བརྩམས་ནས།ཕལ་ཆེར་སྐལ་བ་མེད་ཉིད་དང་།།དུས་ལའང་སྡོད་པ་མེད་པའི་ཕྱིར།།གོམས་པའི་ཕྱིར་ནི་མདོར་བསྡུས་ནས།།དཀའ་འགྲེལ་འདི་ནི་འདིར་བྱས་སོ།།ཞེས་ཕུལ་བས།འཕྲོས་དང་ཚིག་གི་ཟུར་གྱིས་མཚོན་པའི་དོན་རྣམས་མ་བྱུང་བར་འདུག་སྟེ།ཚིག་གིས་དངོས་སུ་བསྟན་པའི་དོན་བྱུང་འདུག་གསུངས།འོན་ཀྱང་ངའི་རིགས་པ་འདི་གཞན་གྱིས་མ་ནོར་བར་མི་ཤེས་པར་འདུག་དགོངས་ཏེ།རྣམ་འགྲེལ་གྱི་མཇུག་ཏུ།རྒྱ་མཚོ་ལ་ནི་ཆུ་བོ་བཞིན་དུ་རང་གི་ལུས་ལ་ཐིམ་ཞིང་ནུབ་པ་ཉིད་དུ་འགྱུར།།ཅེས་པ་བཅུག་ཅེས་གྲགས་སོ།

སློབ་དཔོན་ལྷ་དབང་བློས་མཛད་པའི་རྣམ་འགྲེལ་དཀའ་འགྲེལ་ནི་སློབ་དཔོན་གྱི་ལེའུ་དང་པོའི་རང་འགྲེལ་འཕྲོ་འཐུད་ནས་ལེའུ་ཕྱི་མ་གསུམ་གྱི་དཀའ་འགྲེལ་དུ་མཛད་ཅིང་།འདི་རང་འགྲེལ་དང་བསྡོམས་པར་ཚད་མ་སྟོང་ཕྲག་བཅུ་གཉིས་པ་ཟེར།དེའི་དངོས་སློབ་ཤཱཀྱ་བློ་ཚད་མ་སྟོང་ཕྲག་བཅུ་གཉིས་པ་ཡོངས་རྫོགས་ཀྱི་འགྲེལ་བ་རྣམ་འགྲེལ་འགྲེལ་བཤད་མཛད་ཅིང་མཛད་པ་པོ་གཅིག་གིས་རྣམ་འགྲེལ་ལ་རྣམ་བཤད་ཡོངས་རྫོགས་མཛད་པ་བོད་འགྱུར་ནི་འདི་ཁོ་ན་ཡིན་པར་སེམས།ཅུང་ཟད་བསྡུས་པ་ཚད་མ་རྣམ་ངེས་ལ་སློབ་དཔོན་ཆོས་མཆོག་གིས་འཐད་ལྡན་ཆེ་ཆུང་ཞེས་བྱ་བའི་འགྲེལ་བ་མཛད།གཞན་ཡང་སློབ་དཔོན་ཤེས་རབ་འབྱུང་གནས་སྦས་པ།སློབ་དཔོན་རྒྱལ་བ་ཅན།སློབ་དཔོན་བྲམ་ཟེ་བདེ་བྱེད་དགའ་བ།སློབ་དཔོན་ཉི་མ་སྦས་པ།སློབ་དཔོན་ཛ་མ་རི་སོགས་ཚད་མའི་སློབ་དཔོན་རྣམས་གྱིས་མཛད་པའི་འགྲེལ་བ་ཆེས་མང་བོ་ཞིག་ཡོད་དོ།

ཚད་མ་རྣམའགྲེལ་གྱི་དགོང་དོན་གྲུབ་མཐའ་གང་གི་ལུགས་སུ་འགྲེལ་ཚུལ་ལ་མཁས་པ་རྣམས་བཞེད་སྲོལ་མི་མཐུན་པ་བྱུང་ཡོད་དེ།མཁས་པ་ཁ་ཅིག་གིས།རྣམ་འགྲེལ་ལེའུ་གཉིས་པ་ལས།སྡུག་བསྔལ་འཁོར་བ་ཅན་ཕུང་བོ།།ཞེས་པ་ནས།དེ་ནི་རྟག་རྣམས་ལ་ཡོད་མིན།།ཞེས་དང་།རེས་འགའ་བ་ཉིད་ཡིན་པས་ན།།སྡུག་བསྔལ་འདི་ཉིད་བཅས་ཉིད་གྲུབ།།ཅེས་སོགས་དང་།དེ་ནི་གཏན་དུ་བ་མིན་ཏེ།།ཞེས་སོགས་ལ་བརྟེན་ནས་རྣམ་འགྲེལ་གྱི་དགོངས་པ་མདོ་སྡེ་བའི་ལུགས་སུ་བཀྲལ་བ་དང་།འཁོར་ལོ་དང་པོ་ཁོ་ནས་དགོངས་འགྲེལ་ཡིན་པར་འདོད་དོ།།ཡང་རྒྱན་མཁན་པོ་ཤེར་འབྱུང་བློ་གྲོས་ཀྱིས་ངོ་བོ་ཉིད་མེད་པར་སྨྲ་བ་ཐལ་འགྱུར་བའི་ལུགས་སུ་བཀྲལ་བ་དང་།སློ་དཔོན་ཞི་བ་འཚོ་ཡབ་སྲས་དང་།ཛེ་ཏ་རིས་དབུ་མ་རང་རྒྱུད་པའི་ལུགས་སུ་བཀྲལ།སློབ་དཔོན་ལྷ་ཤཱཀ་གཉིས་དང་ཆོས་མཆོག་སོགས་ཀྱིས་སེམས་ཙམ་པའི་ལུགས་སུ་བཀྲལ་བ་སོགས་བཞེད་སྲོལ་སྣ་ཚོགས་ཤིག་བྱུང་ངོ་།།འོན་ཀྱང་།ཤཱཀྱའི་འགྲེལ་བཤད་ལས་འཇམ་དབྱངས་དེ་ལ་ཕྱག་འཚལ་ནས་ནི་རྣམ་འགྲེལ་ལུགས་བརྒྱ་ལྡན་པ་རྣམ་པར་དབྱེ་བར་བྱ།ཞེས་གསུངས་པ་ལྟར།རྣམ་འགྲེལ་ལུགས་བརྒྱ་ལྡན་ཡིན་པས།གཞུང་ཡོངས་རྫོགས་གྲུབ་མཐའ་གཅིག་ཏུ་བཀྲལ་མི་རུང་བས་ཕྱོགས་རེའི་ཆ་ནས་འགྲེལ་ཚུལ་སྣ་ཚོགས་ཤིག་ཡོད་ཆོག་ལ།དགོངས་དོན་མཐར་ཐུག་སེམས་ཙམ་པའི་ལུགས་སུ་གནས་པར་མངོན་ཏེ།ལྟ་བ་གཏན་ལ་འབེབས་པའི་ལེའུ་གསུམ་པའི་དབང་མངོན་འཆད་པའི་སྐབས་སུ་འཁོར་ལོ་དང་པོ་གཉིས་ཀྱི་དགོངས་གཞི་བཤད་པ་དང་།ཚད་འབྲས་སྐབས་ཐོག་མར་ཕྱི་རོལ་ཁས་ལེན་པའི་མདོ་སྡེ་བའི་ཚད་འབྲས་གསུངས་ཤིང་།རྩ་བ་ལས།དོན་རིག་གང་ཡིན།ཞེས་སོགས་ཀྱིས་ཕྱི་རོལ་དོན་གྱིས་སྟོང་བའི་ལྟ་བ་རིགས་པའི་རྣམ་གྲངས་མཐའ་ཡས་པས་གཏན་ལ་ཕབ་པའི་གཞུང་གི་བབ་ལ་ལྟོས་ན་ཡང་དགོངས་དོན་མཐའ་ཐུག་སེམས་ཙམ་པའི་ལུགས་སུ་གནས་པར་གསལ་ལོ།

སེམས་ཙམ་པའི་ནང་ནས་སློབ་དཔོན་གྱི་དགོངས་པ་སེམས་ཙམ་རྣམ་བདེན་དུ་གནས་པར་སློབ་དཔོན་ལྷ་ཤཱཀ་གཉིས་ཀྱིས་བཤད་པ་དང་།རྒྱན་མཁན་པོས་རྣམ་རྫུན་དྲི་མེད་དང་།ཆོས་མཆོག་གིས་དྲི་བཅས་སུ་བཀྲལ་བར་མཁས་གྲུབ་རྗེས་མཛད་པའི་སྡེ་བདུན་ཡིན་ཀྱི་མུན་སེལ་ལས་གསུངས་པ་ལྟར་ཡིན་ལ།སློབ་དཔོན་དེ་དག་ལ་འགྲེལ་ཚུལ་མི་འདྲ་བ་དེ་ལྟ་བུ་བྱུང་བའི་དབང་གིས་དེ་དག་གི་རྗེས་འབྲངས་མཁས་གྲུབ་སོ་སོ་ལའང་གསུང་ཟིན་མི་མཐུན་པ་མང་བོ་བྱུང་ཡོད།དཔེར་ན།རྒྱལ་ཚབ་དར་མ་རིན་ཆེན་གྱིས་ཆོས་མཆོག་གི་འཐད་ལྡན་གྱི་རྗེས་སུ་འབྲངས་ནས་རྣམ་ངེས་ཀྱི་འགྲེལ་བ་མཛད་པ་ཡིན་ལ།དེ་བས་ན་རྣམ་ངེས་ཊཱིཀ་ཆེན་ལས།གཉིས་པ་རང་ལུགས་ནི།གཞུང་འདི་དག་དང་རྣམ་འགྲེལ་དུ།མ་རིག་གིས་བསླད་བདག་ཉིད་ལ།།ཇི་ལྟར་རང་རྐྱེན་ལ་ལྟོས་ནས།།མ་རིག་དེ་ནི་མིན་རྣམ་པ།།སྐྱེ་འགྱུར་རབ་རིབ་ལ་སོགས་བཞིན།།ཞེས་སོགས་དང་།གོང་དུ་རིག་བྱ་རིག་བྱེད་རྣམ་པ་མེད་ཅེས་སོགས་ལ་བརྟེན་ནས་སེམས་ཙམ་རྣམ་རྫུན་པའི་བཞེད་པ་གསལ་བར་ཤེས་ཏེ།ཞེས་པ་ནས།སློབ་དཔོན་ཆོས་མཆོག་གིས་ཀྱང་།དབང་ཤེས་ལ་རགས་པར་སྣང་བ་བདེན་པར་གྲུབ་ན།བྱེ་བྲག་པས་འདོད་པའི་ཡན་ལག་ཅན་གྱི་རྫས་དང་མཚུངས་ཞེས་ལེགས་པར་བཀག་པའི་ཕྱིར་དང་།ཞེས་སོགས་གསུངས་ནས་ཚད་མ་སྡེ་བདུན་གྱི་དགོངས་པ་གཙོ་བོ་སེམས་ཙམ་རྣམ་རྫུན་པའི་ལུགས་སུ་བཀྲལ་ལ།མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་ལྷ་ཤཱཀ་གཉིས་དང་།དེའི་ནང་ནས་ཀྱང་གཙོ་བོར་ལྷ་དབང་བློའི་འགྲེལ་བའི་རྗེས་སུ་འབྲངས་ནས་བཤད་པ་མཛད་པས།དེ་ཉིད་ཀྱིས་མཛད་པའི་སྡེ་བདུན་ཡིན་ཀྱི་མུན་སེལ་ལས།བདག་གི་བླ་མ་དག་ནི་རྣམ་རྫུན་ལས་རྣམ་བདེན་གྲུབ་མཐའ་བརླིང་ཞིང་།སློབ་དཔོན་གྱི་དགོངས་པ་ཡང་དེ་ཉིད་དུ་གནས་སོ་ཞེས་གསུངས་པ་ལྟར།སྡེ་བདུན་གྱི་དགོངས་པ་མཐར་ཐུག་སྣ་ཚོགས་གཉིས་མེད་དུ་སྨྲ་བའི་རྣམ་བདེན་པ་ཡིན་པར་ཁོ་བོས་ཀྱང་ལུང་དང་རིགས་པ་དུ་མ་ལས་ཤེས་ལ།ཞེས་རྣམ་འགྲེལ་གྱི་དགོངས་པ་མཐར་ཐུག་སེམས་ཙམ་རྣམ་བདེན་པའི་ལུགས་སུ་གནས་པར་གསུངས་སོ།།གང་ལྟར་ཡང་ཚད་མ་སྡེ་བདུན་གྱི་དགོངས་པ་སེམས་ཙམ་རྣམ་བདེན་རྫུན་གཉིས་ཀའི་ལུགས་ཅི་རིགས་སུ་འགྲེལ་རྒྱུ་མ་གཏོགས་མཐའ་གཅིག་ཏུ་རྣམ་བདེན་པ་དང་ཡང་ན་རྣམ་རྫུན་པའི་ལུགས་སུ་གནས་ཞེས་སོ་སོར་བཀྲལ་བ་གཞུང་གི་དགོངས་པ་མིན་པར་སྣང་བས་དཔྱད་པར་འཚལ།

ཚད་མ་རྣམ་འགྲེལ་འདི་ལ་ཚིག་བཅད་ཤོ་ལོ་ཀ་ཉིས་སྟོང༢༠༠༠ཡོད་ལ།དེ་དག་གིས་སྐབས་སོ་སོའི་བརྗོད་བྱ་སྟོན་ཚུལ་གྱི་དབང་དུ་བྱས་ཏེ་ས་བཅད་མང་བོ་ཞིག་ལེན་དགོས་པ་རེད།འགྲེལ་མཛད་མཁན་པོ་རྣམས་ཀྱིས་རང་རང་གི་གོ་བ་ལེན་ཕྱོགས་སམ་གཞུང་དོན་འགྲེལ་ཚུལ་གྱི་དབང་གིས་ས་བཅད་འདྲ་མིན་སྣ་ཚོགས་ཤིག་བླངས་ཡོད།འདིར་ཡང་ཀུན་མཁྱེན་བླ་མ་འཇལ་དབྱངས་བཞད་པ་ཡབ་སྲས་ཀྱི་བཞེད་སྲོལ་གཞིར་བཞག་སྟེ་ས་བཅད་རགས་ཙམ་ཞིག་འདི་ལྟར་ཡིན་ཏེ།ཚད་མ་རྣམ་འགྲེལ་དེ་ཉིད་འཆད་པར་བྱེད་པ་ལ།མཚན་གྱི་དོན།འགྱུར་གྱི་ཕྱགགཞུང་གི་དོན།མཇུག་གི་དོན་དང་བཞི།དང་པོ་དེ་ཉིད་འཆད་པར་བྱེད་པ་ལ།རྒྱ་གར་སྐད་དུ།པྲ་མཱ་ཎ་བཱར་ཏི་ཀཱ་ཀཱ་རི་ཀཱ།བོད་སྐད་དུ།ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ།ཞེས་པའི་གཞུང་འདི་བྱུང་།གཉིས་པ་དེ་ཉིད་འཆད་པར་བྱེད་པ་ལ།འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།།ཞེས་བྱུང་།གསུམ་པ་གཞུང་གི་དོན་ལ།བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་དང་།ཡན་ལག་ཅན་གྱི་བསྟན་བཅོས་བཤད་པ་གཉིས།དང་པོ་ལ།མཆོད་བརྗོད་དང་།རྩོམ་པར་དམའ་བ་གཉིས།དང་པོ་འཆད་པར།རྟོག་པའི་དྲ་བ་རྣམ་བསལ་ཅིང་།ནས།ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ།།ཞེས་ཤོ་ལོ་ཀ་གཅིག་བྱུང་།གཉིས་པ་འཆད་པར།སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་།ཞེས་པ་ནས།འདི་ལ་དགའ་བ་སྐྱེས།།ཞེས་ཤོ་ལོ་ཀ་གཅིག་བྱུང་།གཉིས་པ་ཡན་ལག་ཅན་གྱི་བསྟན་བཅོས་ལ།གཞལ་བྱ་རྟོགས་པ་ཚད་མའི་རང་བཞིན་བཤད་པ་དང་།དེ་གཞན་ལ་བསྐྱེད་པའི་ཐབས་ངག་གི་རང་བཞིན་བཤད་པ་གཉིས།དང་པོ་ལ།ལྐོག་གྱུར་གསལ་བྱེད་རང་དོན་ལེའུ་དང་།ཐར་ལམ་གསལ་བྱེད་ཚད་མ་གྲུབ་པའི་ལེའུ་དང་།མངོན་སུམ་གསལ་བྱེད་མངོན་སུམ་ལེའུ་བཤད་པ་གསུམ།དང་པོ་ལ།ལུས་རྣམ་པར་བཞག་པ་དང་།ཡན་ལག་རྒྱས་བཤད་གཉིས།དང་པོ་འཆད་པར།ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི།།ནས།ལྟར་སྣང་དེ་ལས་གཞན།།ཞེས་ཤོ་ལོ་ཀ་གཅིག་བྱུང་།གཉིས་པ་ལ།ཡང་དག་གསུམ་གྱི་གཏན་ཚིགས་བཤད་པ།ངེས་བཟུང་ཚིག་ལ་རྩོད་པ་སྤངས་པ།ཟློག་ཕྱོགས་གཏན་ཚིགས་ལྟར་སྣང་བཤད་པ།མེད་ན་མི་འབྱུང་རྒྱས་པར་བཤད་པ་དང་བཞི།དང་པོ་ལ་འབྲས་རང་མི་དམིགས་པའི་རྟགས་ཡང་དག་གསུམ་ཡོད་པ་བསྡོམས་ཏེ་འཆད་པར།རྒྱུ་ལ་རང་བཞིན་ཇི་སྙེད་ཅིག།ནས།སྒྲུབ་པ་ལ་ནི་ཐལ་བ་བཞིན།།ཞེ་ཤོ་ལོ་ཀ་ལྔ་བྱུང་།གཉིས་པ་ལ་སྔ་ཕྱི་ལ་རྟེན་པའི་རྩོད་པ་སྤངས་པ་དང་།དུས་མཉམ་ལ་རྟེན་པའི་རྩོད་པ་སྤངས་པ་གཉིས་བསྡོམས་ཏེ་འཆད་པར།རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར།།ནས།དེ་ནི་འབྲས་བུའི་རྟགས་ལས་སྐྱེས།།ཞེས་ཤོ་ལོ་ཀ་བཞི་བྱུང་།གསུམ་པ་དེ་ཉིད་འཆད་པར།རྒྱུ་མ་ཚོགས་པས་འབྲས་བུ་ནི།།ནས།ལྡན་ཞེས་བརྗོད།།ཅེས་ཤོ་ལོ་ཀ་བཞི་བྱུང་།བཞི་བ་ལ་མདོར་བསྟན་པ་དང་།རྒྱས་པར་བཤད་པ་གཉིས།དང་པོ་ལ་གཞན་ལུགས་དགག་པ།རང་ལུགས་བཞན་པ།མཇུག་བསྡུ་བ་གསུམ་ཡོད་པ་བསྡོམས་ཏེ་འཆད་པར།གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང་།།ནས།འབྲས་བུ་ན་ཡང་ག་ལ་ངེས།།ཞེས་ཤོ་ལོ་ཀ་བཅུ་དགུ་བྱུང་།གཉིས་པ་རྒྱས་པར་བཤད་པ་ལ།སྒྲུབ་རྟགས་དང་།དགག་རྟགས་ཀྱི་འབྲེལ་བ་ངེས་བྱེད་གཉིས་ཡོད་པ་བསྡོམས་ཏེ་འཆད་པར།མེ་ཡི་འབྲས་བུ་དུ་བ་སྟེ།།ནས།བླུན་པོ་ཤེས་རབ་འཆལ་བའི་རྟགས་ལྔ་ཡིན།།ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ལས་རང་དོན་རྗེས་སུ་དཔག་པ་སྟེ་ལེའུ་དང་པོའོ།།ཞེས་བྱུང་ངོ་།

གཉིས་པ་ཐར་ལས་གསལ་བྱེད་ཚད་མ་གྲུབ་པའི་ལེའུ་ལ།ཚད་མར་གྱུར་པ་བཤད་པ།དེའི་སྒྲུབ་བྱེད་རྒྱས་པར་བཤད་པ།ཚད་མས་བསྟོད་པའི་དགོས་པ་བཤད་པ་གསུམ།དང་པོ་ལ་ཚད་མ་བཤད་པ་དང་།གྱུར་བ་སྨོས་པའི་དགོས་པ་བཤད་པ་གཉིས།དང་པོ་ལ།མཚོན་བྱེད་ཚད་མ་དང་།དེས་མཚོན་པའི་ཚད་མ་གཉིས་ཡོད་པ་བསྡོམས་ཏེ་འཆད་པར།ཚད་མ་བསླུ་མེད་ཅན་ཤེས་པ།།ནས།རང་གི་མཚན་ཉིད་དཔྱད་ཕྱིར་རོ།།ཞེས་བྱུང་།གཉིས་པ་གྱུར་བ་སྨོས་པའི་དགོས་པ་ལ།དངོས་དང་།རྩོད་སྤངས་གཉིས་ཡོད་པ་བསྡོམས་ཏེ་འཆད་པར།དེ་ལྡན་བཅོམ་ལྡན་ཚད་མ་ཉིད།།ནས།ཚུར་ཤོག་བྱ་རྒོད་བསྟེན་པར་གྱིས།།ཞེས་བྱུང་།གཉིས་པ་དེའི་སྒྲུབ་བྱེད་རྒྱས་པར་བཤད་པ་ལ།ལུགས་འབྱུང་གི་སྒོ་ནས་ཚད་མར་སྒྲུབ་པ་དང་།ལུགས་བཟློག་གི་སྒོ་ནས་ཚད་མར་སྒྲུབ་པ་གཉིས།དང་པོ་ལ་རྒྱུ་འབྲས་ཕུན་སུམ་ཚོགས་པ་གཉིས་ཡོད་པ་བསྡོམས་ཏེ་འཆད་པར།སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ།།ནས།གཞན་གྱི་དོན་དུ་སྦྱོར་ཕྱིར་རོ།།ཞེས་བྱུང་།གཉིས་པ་ལུགས་བཟློག་གི་སྒོ་ནས་ཚད་མར་སྒྲུབ་པ་ལ།འབྲས་བུ་ཕུན་སུམ་ཚོགས་དང་།རྒྱུ་ཕུན་ཚོགས་ཀྱིས་ཚད་མར་སྒྲུབ་ཚུལ་མཇུག་བསྡུ་དང་བཅས་པ་བསྡོམས་ཏེ་འཆད་པར།དེའི་ཕྱིར་ཚད་ཡིན་ཡང་ན་སྐྱོབ།།ནས།གང་ཕྱིར་དེས་ན་ཚད་མ་ཉིད།།ཅེས་བྱུང་།གསུམ་པ་ཚད་མས་བསྟོད་པའི་དགོས་པ་དེ་ཉིད་འཆད་པར།དེ་ལྟའི་དངོས་དོན་བསྟོད་པ་ནི།།ནས།བསྟན་ཕྱིར་དེ་ཡང་གསལ་བར་བཤད།།ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ལས་ཚད་མ་གྲུབ་པ་ཞེས་བྱ་བའི་ལེའུ་གཉིས་པའོ།།ཞེས་བྱུང་ངོ་།

གསུམ་པ་མངོན་གྱུར་གསལ་བྱེད་མངོན་སུམ་ལེའུ་བཤད་པ་ལ།ཚད་མའི་གྲངས་དང་སྤྱོད་ཡུལ་ལ་ལོག་རྟོག་བསལ་བ།མངོན་སུམ་རང་གི་ངོ་བོའི་ལོག་རྟོག་བསལ་བ།ཚད་མའི་འབྲས་བུའི་ལོག་རྟོག་བསལ་བ་དང་གསུམ།དང་པོ་ལ།གྲངས་ངེས་སྒྲུབ་པ་དང་།རྩོད་པ་སྤངས་པ་གཉིས་ཡོད་པ་བསྡོམས་ཏེ་འཆད་པར།གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས།ནས།རྟེན་མིན་མ་ཡིན་འཁྲུལ་ཕྱིར་རོ།།ཞེས་བྱུང་།གཉིས་པ་ལ།མངོན་སུམ་ཡང་དག་དང་།ལྟར་སྣང་གཉིས་ཡོད་པ་བསྡོམས་ཏེ་འཆད་པར།མངོན་སུམ་རྟོག་དང་བྲལ་བར་ནི།།ནས།མངོན་སུམ་ལྟར་སྣང་གཉིས་སུ་བཤད།།ཅེས་བྱུང་།གསུམ་པ་ཚད་མའི་འབྲས་བུའི་ལོག་རྟོག་བསལ་བ་ལ།དངོས་དང་།རྣམ་བཞག་དེ་ཉིད་འཐད་པར་བསྟན་པ་གཉིས།དང་པོ་ལ།འབྲས་རྟོག་དང་པོ་དང་།གཉིས་པ་དང་།གསུམ་པ་དང་།ཕྱི་རོལ་མེད་ཀྱང་རྣམ་བཞག་འཐད་པ་དང་བཞི་ཡོད་པ་བསྡོམས་ཏེ་འཆད་པར།བྱ་བ་སྒྲུབ་པར་བྱེད་ཅེས་ཏེ།།ནས།རང་རིག་ཅེས་ནི་རབ་ཏུ་བཤད།།ཅེས་བྱུང་།གཉིས་པ་རྣམ་བཞག་དེ་ཉིད་འཐད་པར་བསྟན་པ་འཆད་པར།ཡུལ་རྣམས་ལས་ནི་བྱུང་བ་ཡི།།ནས།གསལ་ན་འགྲོ་འདི་གསལ་བར་འགྱུར།།ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ལས་མངོན་སུམ་གྱི་ལེའུ་སྟེ་གསུམ་པའོ།།ཞེས་བྱུང་ངོ་།

གོང་གི་ས་བཅད་གཉིས་པ།དེ་གཞན་ལ་བསྐྱེད་པའི་ཐབས་ངག་གི་རང་བཞིན་བཤད་པ་ལ།རྗོད་བྱེད་ངག་དང་།བརྗོད་བྱའི་དོན་བཤད་པ་གཉིས།དང་པོ་ལ་མདོར་བསྟན་པ་དང་།རྒྱས་པར་བཤད་པ་གཉིས།དང་པོ་དེ་ཉིད་འཆད་པར།གཞན་ལ་བསྟན་པར་བྱ་ཉིད་ཕྱིར།།ནས།དེ་སྤང་ཕྱིར་བདག་མཐོང་བའི་ཚིག།ཅེས་བྱུང་།གཉིས་པ་རྒྱས་པར་བཤད་པ་ལ།ཁས་བླངས་ཙམ་སྒྲུབ་བྱེད་དུ་མི་རུང་བ་དང་།རང་ལ་མཚུངས་པ་སྤངས་པ་གཉིས་ཡོད་པ་བསྡོམས་ཏེ་འཆད་པར།ཡོངས་བརྟགས་ཡོངས་སུ་ལེན་པའི་ཕྱིར།།ནས།མ་ཡིན་ནོ་ཞེས་བཤད་ཟིན་ཏོ།།ཞེས་བྱུང་།གཉིས་པ་བརྗོད་བྱའི་དོན་ལ།ཤུགས་ཀྱི་བརྗོད་བྱ་བསྒྲུབ་བྱ་དང་།དངོས་ཀྱི་བརྗོད་བྱ་གཏན་ཚིགས་བཤད་པ་གཉིས།དང་པོ་ལ་རང་ལུགས་བཞག་པ་དང་།གཞན་ལུགས་དགག་པ་གཉིས།དང་པོ་ལ་བསྒྲུབ་བྱའི་མཚན་ཉིད་དང་།དམ་བཅའ་ལྟར་སྣང་གི་དཔེ་དང་གཉིས་ཡོད་པ་བསྡོམས་ཏེ་འཆད་པར།སྒྲུབ་རྗོད་རྟོགས་པའི་དོན་ཅན་ཉིད།།ནས།དཔེར་བརྗོད་གཞན་ཡང་རྟོགས་པར་བྱ།།ཞེས་བྱུང་།གཉིས་པ་ལ།བསྒྲུབ་བྱ་དགག་པ་དང་།རྟགས་དམ་བཅའ་དང་འགལ་བའི་དཔེ་དགག་པ་དང་གཉིས་ཡོད་པ་བསྡོམས་ཏེ་འཆད་པར།བྱ་བ་དུས་གསུམ་ཡུལ་ཅན་ཕྱིར།།ནས།དམ་བཅའི་དོན་དུ་འཐད་མ་ཡིན།།ཞེས་བྱུང་།གཉིས་པ་དངོས་བསྟན་གཏན་ཚིགས་ལ།མདོར་བསྟན་པ་དང་།རྒྱས་པར་བཤད་པ་གཉིས།དང་པོ་དེ་ཉིད་འཆད་པར།གཏན་ཚིགས་རབ་ཏུ་དབྱེ་བའི་དོན།།ནས།རྗེས་འགྲོ་མེད་པའི་སྐྱོན་རྟེན་མིན།།ཞེས་བྱུང་།གཉིས་པ་རྒྱས་པར་བཤད་ལ།དགུར་བསྡུས་པའི་དགོས་པ་དང་།རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་གཉིས།དང་པོ་དེ་ཉིད་འཆད་པར།རང་བཞིན་འབྲས་བུ་གྲུབ་དོན་དུ།།ནས།ལྷག་མ་ལྡོག་པའི་སྒྲུབ་བྱེད་ཡིན།།ཞེས་བྱུང་།གཉིས་པ་ལ།ཡང་དག་གཉིས་སྨོས་པའི་དགོས་པ་དང་།ཁྱད་པར་ཉན་བྱ་སྨོས་པའི་དགོས་པ་དང་།མི་དམིགས་པ་ལ་སོགས་པར་མི་སྟོན་པའི་རྒྱུ་མཚན་དང་གསུམ་ཡོད་པ་བསྡོམས་ཏེ་འཆད་པར།རང་བཞིན་ཉིད་ལས་གཞན་གྱིས་ནི།ནས།མེད་པ་ཅན་གྱི་ཚོགས་པ་བཞིན།།ཞེས་བྱུང་།

གོང་གི་རྩ་བའི་ས་བཅད་བཞི་བ་མཇུག་གི་དོན་ལ།གཞུང་དོན་རྟོགས་དཀའ་བར་བསྟན་པ།རྟོགས་ན་ཕན་ཡོད་ཆེ་བར་བསྟན་པ།གང་གིས་མཛད་པ་འགྱུར་བྱང་དང་བཅས་པ་གསུམ།དང་པོ་དེ་ཉིད་འཆད་པར།བློ་ཡི་ནུས་པ་ཆུང་བ་མེད་པ་དེ་དག་གིས་ཀྱང་ཟབ་མོའི་དེ་ཉིད་རྟོགས་མེད་ཅན།།ནས།རྒྱ་མཚོ་ལ་ནི་ཆུ་བོ་བཞིན་དུ་རང་གི་ལུས་ལ་ཐིམ་ཞིང་ནུབ་པ་ཉིད་དུ་འགྱུར།།ཞེས་བྱུང་།གཉིས་པ་དེ་ཉིད་འཆད་པར།ཚུལ་དང་ཚུལ་མིན་རྣམ་པར་འབྱེད་མཁས་ལྟ་བ་ངན་པའི་ཚང་ཚང་བསྲེག།ནས།དེ་ལྟ་མོད་ཀྱི་བློ་མིག་རྣམ་དག་མཁས་པའི་པདྨོ་རྒྱས་བྱེད་ཡིན།།ཚད་མ་རྣམ་འགྲེལ་ལས་གཞན་དོན་གྱི་ཚིག་ལེའུར་བྱས་པ་སྟེ་ལེའུ་བཞི་བའོ།།ཞེས་བྱུང་ངོ་།

གསུམ་པ་དེ་ཉིད་འཆད་པར།ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་འདི་ནི་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་བ་གཞུང་ལུགས་ངན་པ་ཐམས་ཅད་ཆེས་ཤིན་ཏུ་འཁྲུལ་བར་འཇུག་པ་སྙན་པའི་གྲགས་པས་སའི་སྟེང་མ་ལུས་པར་ཁྱབ་པ་འགྲན་ཟླ་མེད་པའི་མཁས་པ་ཆེན་པོ།དཔལ་ཆོས་ཀྱི་གྲགས་པས་མཛད་པ་རྫོགས་སོ།།རྒྱ་གར་གྱི་མཁན་པོ་སུ་གྷཱིཏི་ཤྲཱི་ཤནྟི་དང་།བོད་ཀྱི་ལོ་ཙྭ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར།ཡང་པཎྚི་ཏ་ཆེན་པོ་སྐལ་ལྡན་རྒྱལ་བོ་དང་།བོད་ཀྱི་ལོ་ཙྭ་བ་ཆེན་པོ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་པའོ།།དུས་ཕྱིས་སའི་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བའི་མཁས་པ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་ལ་སོགས་པ་རྣམས་དང་།ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་བོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།ཞེས་བྱུང་ངོ་།།།།

སྨྲས་པ།

ཚུལ་གསུམ་རིགས་པས་བརྡར་ཤ་མ་བཅད་པར།

ཚུལ་གནས་གཞུང་དོན་རྟོགས་པ་རི་བོང་རྭ།

ཚུལ་མིན་མ་རིག་ལོག་རྟོག་འཇོམས་པའི་དཔལ།

ཚུལ་གསུམ་རིགས་པའི་གཞུང་ལ་རྩོན་ཅིག་ཀྱེ།

ཞེས་གྱ་སྐྱེས་འཇིགས་མེད་རྒྱ་མཚོའམ་འགར་ཉག་ཕྲན་དུ་འབོད་པས་བྲིས་སོ།

རྩོམ་སྒྲིག་པ། བྱང་ཆུབ་རྒྱ་མཚོ།

བརྒྱུད་འགོད།
0