བསྡུས་གྲྭའི་རྟགས་གསལ་གཏོང་སྟངས།

སྤེལ་དུས།  2022-03-02   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  དཀོན་མཆོག་རྒྱ་མཚོ།   ཀློག་གྲངས།  

བསྡུས་གྲྭའི་རྟགས་གསལ་གཏོང་སྟངས། 

ཚད་མ་རིག་པ་ལས་བསྡུས་གྲྭ་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་གསར་གཏོད་རང་བཞིན་ལྡན་པའི་གཞུང་ལུགས་ཤིག་སྟེ།  འདི་ཉིད་དུས་རབས་བཅུ་གཅིག་ནང་རིགས་པའི་དབང་ཕྱུག་ཕྱྭ་བ་ཆོས་ཀྱི་སེང་གེས་གནའ་བོའི་རྒྱ་གར་གྱི་སློབ་དཔོན་ཕྱོགས་གླང་གི་ཚད་མ་མདོ་དང་། དཔལ་ལྡན་ཆོས་གྲགས་ཀྱི་སྡེ་བདུན་གྱི་རིགས་ལམ་གྱི་གནད་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་ལས་དང་བོ་པ་འཇུག་བདེ་ཞིང་། བརྒལ་བརྟག་གི་སྒོ་ནས་ཤེས་བྱའི་གནས་ལུགས་གཏན་ལ་དབབ་པའི་རྩོད་པའི་ལམ་སྲོལ་གཏོད་པ་ལས་བྱུང་བ་ཡིན་ལ།  རིག་གཞུང་འདི་ལ་བརྟེན་ནས་གངས་རིའི་ལྗོངས་འདིར་རིགས་པ་སྨྲ་བའི་མཁས་པ་ཟམ་མ་ཆད་པར་བྱུང་བ་ནི་རིག་གཞུང་འདིའི་ཕན་ནུས་ཡིན།



 སྔ་རྒོལ་གྱི་ཐལ་འགྱུར་འགོད་སྟངས།


      དེ་ཡང་མཁས་པའི་བྱ་བ་རྣམ་གསུམ་སྟེ་འཆད་རྩོད་རྩོམ་གསུམ་ལས་རྩོད་པ་ནི། མཁས་འཇུག་ལས། འབེལ་བའི་གཏམ་ལ་སྦྱོར་དངོས་རྗེས། །སྦྱོར་བ་རྩོད་པའི་ལམ་སྦྱོང་ཕྱིར།  །རྒོལ་པ་གཉིས་དང་དབང་བོ་རྣམས།  །ངེས་པར་བྱས་ནས་བརྩད་ལ་འཇུག  །ཅེས་གསུངས་པ་ལྟར། ཡང་དག་པའི་ཆོས་ཀྱི་གནས་ལུགས་དང་མཐུན་པ་རྣམས་ལེན་ཅིང་མི་མཐུན་པ་རྣམས་འདོར་བའི་སྒོ་ནས་གཞལ་བྱའི་དོན་གཏན་ལ་དབབ་པ་ཡིན་ལ། དེ་ཡང་རྩོད་པ་ལ་འཇུག་པ་ལ་དམ་བཅའ་སྐྱོང་བར་བྱེད་པའི་སྔ་རྒོལ་དང་། དམ་བཅའ་སུན་འབྱིན་པར་བྱེད་པའི་ཕྱི་རྒོལ། རྩོད་པ་ཤན་འབྱེད་པར་བྱེད་པའི་དཔང་བོ་གསུམ་སྟེ། རྩོད་པའི་གང་ཟག་ལ་སྔ་རྒོལ་དང་ཕྱི་རྒོལ་ཡང་དག་གཉིས་དགོས་ཤིང་། རྒོལ་ཕྱི་རྒོལ་གཉིས་ཀྱི་རྩོད་པ་དང་བརྒལ་ལན་གྱི་རྒྱལ་ཕམ་ཤན་འབྱེད་པའི་རྩོད་པའི་དཔང་བོ་ཡང་དག་པ་ཞིག་ངེས་པར་དགོས་སོ། །དེ་ལས་སྔ་རྒོལ་གྱིས་རྟགས་གསལ་འཕེན་པ་ལ་རྟགས་གསལ་རྩོད་གཞི་གསུམ་གྱི་ཐལ་འགྱུར་བཀོད་པའི་སྒོ་ནས་ཕ་རོལ་བོ་ལ་རྩོད་པ་བྱེད་པ་ཡིན་པས། དེ་ལས་དང་བོ་རྩོད་གཞི་ནི་རྒོལ་ཕྱི་རྒོལ་གཉིས་ཀའི་རྩོད་པའི་གཞི་ཡིན་ལ་ཐོག་མར་གང་རྩོད་གཞིར་གང་བླངས་པ་དེ་ཉིད་ཐལ་འགྱུར་དེ་རྩོད་པ་མ་གྲུབ་ཀྱི་བར་དུ་བརྗེ་བ་མི་སྲིད་ལ།  ཐལ་འགྱུར་གྱི་གསལ་བའི་སྐབས་སུ་ཐལ་འགྱུར་སྔ་མ་སྔ་མའི་རྟགས་ཕྱི་མ་ཕྱི་མའི་གསལ་བར་འགོད་པ་དང་། དེ་ནས་རྟགས་སྒྲུབ་ཀྱི་དམ་བཅའ་དོར་བ་ན་ཐལ་འགྱུར་ཕྱི་མ་ཕྱི་མའི་གསལ་བ་སྔ་མ་སྔ་མའི་རྟགས་སུ་འགོད་པ་ཡིན། དེ་ནས་རྟགས་འགོད་པའི་ཚེ་ཐལ་འགྱུར་སྔ་མའི་རྟགས་ལས་ཐལ་འགྱུར་ཕྱི་མའི་རྟགས་དེ་རྩོད་གཞི་ལ་ཉེ་བར་འགོད་དགོས་པ་ཡིན།  རྟགས་སུ་བཀོད་པ་ཇི་ལྟར་རྩོད་གཞི་ལ་ཉེ་ན་དེ་ལྟར་སྒྲུབ་བྱེད་ཀྱི་ཐལ་འགྱུར་རྣོ་བ་ཡིན་པས་ཐལ་འགྱུར་སྔ་མ་ལས་ཕྱི་མ་རྣོ་བའི་ཐལ་འགྱུར་འགོད་པ་ནི་སྔ་རྒོལ་མཁས་པའི་ལུགས་ཡིན་ནོ།  །སྔ་རྒོལ་གྱིས་རྟགས་གསལ་འཕེན་པའི་ཚེ་ཐལ་འགྱུར་ལྟར་སྣང་གསུམ་ལ་ཡིད་འཇོག་བྱེད་དགོས་པ་ཡིན་ཏེ།  དེ་ཡང་འཆད་རྩོད་རྩོམ་གསུམ་གྱི་རྣམ་བཞག་ལེགས་བཤད་ཉིན་བྱེད་སྣང་བ་ལས། རྟགས་མེད་པ་མཚོན་ཆ་ཁྲི་སྒྱོགས་དང་། ཁྱབ་པ་མེད་པ་དཔའ་བོ་ལག་རྡུམ་དང་།  གསལ་བ་མེད་པ་རྨ་བྱ་དུག་འཇོམས་ཀྱི་ཐལ་འགྱུར་གསུམ་བཀོད་ན་ཕ་རོལ་གྱི་འདོད་པ་སུན་འབྱིན་མི་ནུས་ཏེ། ཞེས་གསུངས་པ་ལྟར།  དེ་གསུམ་ནི་དཔེར་ན། དང་བོ་ནི། སྒྲ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། མེད་པ་ཡིན་པའི་ཕྱིར་ཞེས་བཀོད་ན་ཕ་རོལ་ལ་གནོད་བྱེད་དུ་མི་འགྲོ་སྟེ། དཔེར་ན།  དགྲ་ལ་གནོད་པའི་ཆེད་དུ་རྡེའུ་མེད་པའི་སྒྱོགས་ཆེན་བཏང་ན་སྐད་འུར་ཆེ་བ་ཙམ་ལས་གནོད་བྱེད་དུ་མི་འགྲོ་བ་བཞིན་ནོ། །གཉིས་པ་ནི། སྒྲ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་ཁྱབ་པ་མེད་ཅེས་ལན་གདབ་པའི་ཕྱིར་གནོད་བྱེད་དུ་བསམ་ནས་བཀོད་ཀྱང་གནོད་མི་ཐུབ་པ་ལྟ་བུ་སྟེ། དཔེར་ན་དགྲ་ཕྱོགས་སུ་གནོད་པའི་ཆེད་དུ་དཔའ་བོ་ལག་རྡུམ་ལ་མཚོན་ཆ་ཁུར་དུ་བཅུག་སྟེ་གཡུལ་ངོར་བརྫངས་ཀྱང་ཕ་རོལ་པོ་ལ་གནོད་བྱེད་ཀྱི་གཟུགས་བརྙན་ཙམ་ལས་དངོས་སུ་ཅིའང་གནོད་མི་ཐུབ་པ་བཞིན་ནོ། །གསུམ་པ་ནི། སྒྲ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་རྒོལ་བ་དེས་འདོད་ལན་གདབ་ཆོག་པའི་ཕྱིར་གནོད་བྱེད་དུ་བསམ་ནས་བཀོད་ཀྱང་གནོད་བྱེད་དུ་མི་འགྲོ་བ་ལྟ་བུ་སྟེ། དཔེར་ན་རྨ་བྱ་གསོད་པའི་ཕྱིར་དུག་བྱིན་པ་ན་གསོད་བྱེད་དུ་མ་སོང་བར་འཚོ་བྱེད་དུ་གྱུར་པ་བཞིན་ནོ། །ཞེས་གསུངས་པ་བཞིན་རིགས་སློང་བས་རྩོད་པའི་སྐབས་རྣམ་པ་ཀུན་ཏུ་སྤང་དགོས་པའི་ཐལ་འགྱུར་གྱི་སྐྱོན་ཡིན་ནོ། །དེའི་ཕྱིར་རྟགས་གསལ་འཕེན་པའི་ཚེ་ན་གསལ་རྐྱང་དང་རྟགས་རྐྱང་བ་བཀོད་པ་ལྟ་བུ་མ་ཡིན་པར་རྟགས་གསལ་རྩོད་གཞི་གསུམ་ག་ཚང་བའི་སྒོ་ནས་རྟགས་གསལ་གཏོང་དགོས་པ་ཡིན།   དེ་ཡང་དབལ་མང་པཎྚི་ཏའི་བརྒལ་བརྟག་རྒྱན་མང་གསལ་བའི་མེ་ལོང་ལས། བསྡུས་གྲྭའི་རྩོད་གཞི་ཐུང་ངུ་ལ་དེ་ཆོས་ཅན་རྐྱང་བ་ཟེར་རྒྱུ་མ་ཡིན་པར་རྩོད་གཞི་གསལ་བར་ལེན་དགོས།  སྤྱིར་ན་ཡང་དམིགས་བསལ་གྱི་སྐབས་མ་གཏོགས་རྩོད་གཞི་སྦྱར་ནས་འཕེན་པ་ངེས་ཅན་བྱེད། ཅེས་གསུངས་པ་ལྟར་རྟགས་གསལ་འཕེན་པ་དང་ལན་འདེབས་པའི་ཚེ་ཡང་རྟགས་གསལ་རྩོད་གཞི་སོ་སོར་སྦྱར་ནས་ལན་འདེབས་པ་ནི་ཧ་ཅང་གལ་ཆེའོ། །རྟགས་གསལ་རྩོད་གཞི་ལ་སྦྱར་ནས་འཕངས་ན་དཔྱད་པ་གཏོང་བ་ལ་ཕན་ཆེ་ཞིང་ཕྱིར་རྒོལ་གྱི་ཁས་ལེན་ལ་གནོད་བྱེད་དུ་འགྲོ་བ་ཡིན་ནོ། །དམ་བཅའ་བའི་ཁས་བླངས་ཀྱི་དབང་གིས་རྟགས་སྒྲུབ་དང་ཁྱབ་སྒྲུབ་གཉིས་ཡོད་ལ།  དེ་ལས་རྟགས་སྒྲུབ་ནི་ཐལ་འགྱུར་སྔ་མའི་རྟགས་དེ་ཉིད་ཐལ་འགྱུར་ཕྱི་མའི་གསལ་བར་བྱས་ནས་སྒྲུབ་པ་ལ་ཟེར་ཞིང་། དེ་ཡང་རྩོད་གཞི་དེ་རྟགས་སུ་བཀོད་པའི་ཆོས་དེ་ཡིན་པར་སྒྲུབ་དགོས་པ་ཡིན།  རྟགས་སུ་འགོད་ཚུལ་དེ་ལ་ཁྱབ་བྱ་རྟགས་སུ་བཀོད་པ་དང་། ཁྱབ་མཉམ་རྟགས་སུ་བཀོད་པ། ལྡོག་ཕྱོགས་རྟགས་སུ་བཀོད་པ། སྤྱིས་སྟོང་པ་རྟགས་སུ་བཀོད་ནས་བསྒྲུབ་བྱ་སྒྲུབ་དགོས་པ་ཡིན། ཁྱབ་སྒྲུབ་ནི་རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་མ་ཁྱབ་ཀྱི་སྒོ་ནས་སྒྲུབ་དགོས་པ་ཡིན་པས། རྩོད་གཞི་ལ་ལྟོས་པ་མེད་པས་རྩོད་གཞི་བླངས་ནས་སྒྲུབ་མི་དགོས་པ་ཡིན་ནོ། །


རྩོམ་སྒྲིག་པ། དཀོན་མཆོག་རྒྱ་མཚོ།

བརྒྱུད་འགོད།
0