མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ངོ་སྤྲོད།

སྤེལ་དུས།  2017-12-17   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  དཀོན་མཆོག་རྒྱ་མཚོ།   ཀློག་གྲངས།  

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ནི་བོད་ཀྱི་བཅུ་ཕྲག་རིག་གནས་ཀྱི་མཚོན་པའི་སྲོལ་རྒྱུན་གྱི་རིག་གནས་སྤྱི་དང་བྱེ་བྲག་ཚད་མ་རིག་པ་འདི་ཉིད་ཆོས་སྲིད་རིག་གནས་གང་ལའང་རྣམ་པར་དཔྱོད་པའི་བློ་གྲོས་ཀྱི་སྒོ་མོ་འབྱེད་པའི་ལྡེ་མིག་དང་།  ཚིག་དོན་གྱི་འཁྲུལ་བ་ཚར་གཅོད་པའི་རལ་གྲི་ཉིད་ཡིན་པས་འདི་ཉིད་མི་ཉམས་རྒྱུན་འཛིན་གོང་སྤེལ་དང་ཉམས་པ་སོར་ཆུད་ཡོང་བ་སོགས་ལ་དམིགས་ནས།  ང་ཚོས་ཐེངས་གང་མང་ལ་འབྲེལ་ཡོད་འགོ་ཁྲིད་དང་སྲིད་གཞུང་ལས་ཁུངས་ཁག་ལ་སྙན་ཞུ་རབས་དང་རིམ་པ་ཕུལ་བ་བརྒྱུད། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་སོགས་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་དམིགས་སུ་མཐོང་ཆེན་དང་ཆོག་མཆན་ཐོབ་པར་ལ་བརྟེན།སྤྱི་ལོ་༢༠༡༦ལོའི་ཟླ་༡༡ཚེས་༥ཉིན་དངོས་སུ་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་འཛུགས་ཐུབ་པ་བྱུང་བ་ནི་དགའ་འོས་པའི་དོན་ཆེན་ཞིག་རེད། 

   དེ་ཡང་ཚད་མ་རིག་པ་འདི་སྔར་རྒྱ་གར་འཕགས་པའི་ཡུལ་དུ་བྱུང་བ་དང་། ནང་བའི་གྲུབ་མཐའ་སོ་སོའི་རིང་ལུགས་ཀྱི་ལྟ་བ་གཏན་ལ་འབེབས་པར་ཚད་མའི་རིགས་ལམ་འདི་ཉིད་ལ་བརྟེན་ཡོད་ཅིང་། ཕྱི་རོལ་བའི་ཀླན་ཀ་བཟློག་པའི་ཐད་ནས་མཛད་རྗེས་བླ་ན་མེད་པ་བཞག་ཡོད་པས་བཤད་རྒྱུན་ལ་བསྟན་པའི་ལྕགས་རི་ཚད་མ་སྡེ་བདུན་ཞེས་ཡོངས་སུ་གྲགས་པ་ཡིན་ལ། བོད་ཀྱི་དགོན་སྡེ་རྣམས་སུ་དབུ་ཚད་ཟུང་འཇུག་གི་སྒོ་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཟབ་མོ་དབུ་མའི་ལྟ་བ་གཏན་ལ་ཕབ་པ་ལ་ཚད་མའི་རིགས་ལམ་འདི་ལ་བརྟེན་པ་ཡིན། སྔོན་བྱོན་མཁས་པ་རྣམས་ཀྱིས་གཞུང་ཆེན་བཀའ་པོད་ལྔས་མཚོན་པའི་མདོ་སྔགས་རིག་གནས་དང་བཅས་པ་ཚད་མ་རིག་པའི་རིགས་ལམ་ལ་བརྟེན་ནས་སྦྱངས་པའི་སྲོལ་མཛད་པ་ལྟར།  ད་ལྟའི་དུས་འདིར་ཡང་དེང་གི་རིག་ཚན་གསར་བའི་བརྗོད་བྱ་ལ་ཚད་མ་རིག་པའི་རིགས་ལམ་གྱི་འགྲོས་དང་སྦྱར་ནས་ཇི་ལྟར་རྒྱུན་འཛིན་བྱེད་དགོས་པའི་དུས་རིམ་གལ་ཆེན་ཞིག་ཏུ་སླེབས་ཡོད་པས། ཚད་མ་རིག་པའི་གཞུང་ལུགས་འདི་ཉིད་དུས་རབས་ཀྱི་འགྲོས་དང་མཐུན་པའི་སྒོ་ནས་དེང་གི་སྤྱི་ཚོགས་ལ་ཕན་ནུས་ལྡན་པའི་རིག་པའི་གཞུང་ལུགས་ཤིག་ཏུ་འགྱུར་རྒྱུ་ནི་ཆེས་གལ་ཆེ་བའི་གནད་དོན་ཞིག་ཏུ་གྱུར་ཡོད།

  ད་ལྟའི་གནས་བབས་ལ་གཞིགས་པའི་ཚད་མའི་འཕེལ་རྒྱས་ངོས་ནས་གླེང་ན། ཚད་མ་རིག་པ་འདི་ཉིད་སྔར་གྱི་དགོན་སྡེ་ཁོ་ནའི་རྒྱུན་འཛིན་བྱེད་པ་ལས་རིང་དུ་བརྒལ་ནས་དེང་རབས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སོགས་ཀྱི་མཚོན་པའི་སྤྱི་ཚོགས་ཀྱི་སྡེ་སོ་སོ་ནའང་རྒྱུན་འཛིན་དང་དར་སྤེལ་བྱེད་བཞིན་པ་འདི་ནི་སྔར་མེད་པའི་འཕེལ་རྒྱས་ཤིག་གི་མཚོན་རྟགས་ཡིན་མོད། དེང་འཛམ་གླིང་གོ་ལ་གཅིག་ཏུ་སྦྲེལ་ཞིང་སྣ་མང་ཤེས་རིག་གི་ཡོ་ལང་རྣམ་པར་རྒྱས་པའི་དུས་རབས་འདིར་ང་ཚོའི་སྔར་སྲོལ་རྐྱང་བ་འཛིན་པ་ལས་རིང་དུ་བརྒལ་ནས་མ་འོངས་པར་ཁ་གཏད་ནས།   ས་དགེ་བཀའ་རྙིང་དང་བཅས་པའི་མཚོན་པའི་གྲུབ་མཐའ་རིས་སུ་མ་ཆད་པ་དང་། དགོན་སྡེ་དང་དེང་རབས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་རིས་སུ་མ་ཆད་པའི་ང་ཚོ་ཐུན་མོང་ལ་དབང་བའི་ཚད་མ་རིག་པའི་ལྷན་ཚོགས་ཤིག་ཏུ་གྱུར་ཡོད་པ་མ་ཟད།རྒྱལ་ཁབ་དང་སྲིད་གཞུང་གི་ཁས་ལེན་ཐོབ་པའི་ཚད་མ་རིག་པའི་ལྷན་ཚོགས་ཤིག་ཏུའང་གྱུར་ཡོད་པས།ང་ཚོས་ཚད་མ་རིག་པའི་ལྷན་ཚོགས་འདི་ཉིད་ལ་བརྟེན་ནས། ཚད་མ་རིག་པའི་སྐོར་གྱི་གནའ་དཔེ་སྲུང་སྐྱོབ་དང་དག་སྒྲིག  རིག་གཞུང་བགྲོ་གླེང་།  སློབ་ཁྲིད། ཡིག་བསྒྱུར་སོགས་ད་ལྟ་དངོས་སུ་དབུ་བརྙེས་པའི་ཚོགས་པ་འདིས་ཁྲིམས་མཐུན་སྒོས་སྤེལ་ཆོག་པ་ཡིན་པས།  དུས་རབས་དང་སྲིད་ཇུས་གང་ཐད་ནས་ཀྱང་ཤིན་ཏུ་རྙེད་པར་དཀའ་བའི་གོ་སྐབས་འདི་དམ་འཛིན་བགྱིས་ནས། ང་ཚོ་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས། སྔར་ལས་ལྷག་པར་སྤྱི་ཚོགས་ལ་ཁ་ཕྱོགས་ཏེ་རྒྱལ་ཁབ་དང་མི་རིགས་ལ་ཕན་བདེ་སྒྲུབ་ཐུབ་པར་ཡིད་ཆེས་བརྟན་པོས་ཚོགས་པ་འདི་ཉིད་བཙུགས་པ་ཡིན།

ད་ལྟ་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཁོངས་སུ་ཚད་མ་རིག་པའི་གསོ་སྦྱོང་ལྟེ་གནས་དང་ཚད་མ་རིག་པ་དང་ཚན་རིག་གཤིབ་བསྡུར་ལྟེ་གནས།ཚད་མ་རིག་པའི་བགྲོ་གླེང་དང་བརྗེ་རེས་ལྟེ་གནས།ཚད་མ་རིག་པའི་དཔེ་རྙིང་འཚོལ་སྒྲིག་ལྷན་ཚོགས་དང་ཚད་མ་རིག་པའི་སློབ་དེབ་རྩོམ་སྒྲིག་དང་ཡིག་བསྒྱུར་ལྷན་ཚོགས།མཚོ་སྔོན་ཞིང་ཆེན་ཚད་མ་རིག་པ་ལྷན་ཚོགས་ཀྱི་ཚད་མའི་སློབ་གླིང་།མཚོ་སྔོན་ཞིང་ཆེན་ཚད་མ་རིག་པའི་ལྷན་ཚོགས་གཞུང་ལས་ཁང་བཅས་ཚན་ཁག་བདུན་བཙུགས་ཡོད།


བརྒྱུད་འགོད།
0