༄༅། །ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ཞེས་བྱ་བ་བཞུགས་སོ།།

སྤེལ་དུས།  2017-11-15   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  དཔལ་ལྡན་ཆོས་ཀྱི་གྲགས་པ།   ཀློག་གྲངས།  


                                                                                         1510710280138562.jpg

                                                                                                   ༄༅། །ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ཞེས་བྱ་བ་བཞུགས་སོ།།

                                                                                                                               མཛད་པ་བོ། དཔལ་ལྡན་ཆོས་ཀྱི་གྲགས་པ།

                                                                                                                              ལེའུ་དང་པོ། རང་དོན་རྗེས་སུ་དཔག་པ།

༄༅། །རྒྱ་གར་སྐད་དུ། པྲ་མཱ་ཎ་བཱར་ཏི་ཀཱ་ཀཱ་རི་ཀཱ། བོད་སྐད་དུ། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྟོག་པའི་དྲ་བ་རྣམ་བསལ་ཞིང༌། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ།  ༈ །སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། །དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང༌། །ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད། །སེམས་ནི་ཡུན་རིང་ལེགས་བཤད་གོམས་པ་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས། ༈ །ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །མེད་ན་མི་འབྱུང་ངེས་ཕྱིར་རོ། ༈ །གཏན་ཚིགས་ལྟར་སྣང་དེ་ལས་གཞན། །རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །མེད་ན་མི་འབྱུང་འབྲས་བུ་ནི། །གཏན་ཚིགས་རང་བཞིན་ཡོད་ཙམ་དང་། །འབྲེལ་པ་ཅན་གྱི་ངོ་བོ་ཡང༌། །ཚད་མ་རྣམས་ནི་མི་འཇུག་པ། །མེད་ལ་མི་འཇུག་འབྲས་བུ་ཅན། །གཏན་ཚིགས་བྱེ་བྲག་ལ་ལྟོས་ནས། །འགའ་ཞིག་མེད་ཤེས་འབྲས་བུ་ཅན། །འགལ་དང་འབྲས་བུ་དག་གྲུབ་དང༌། །རྒྱུ་དང་ངོ་བོ་བལྟར་རུང་བའི། །བདག་ཉིད་དག་ནི་མ་གྲུབ་པ། །མེད་དོན་ཅན་མི་དམིགས་རྣམ་བཞི། །དེ་དང་འགལ་བ་ཡི་ནི་རྒྱུ། །དམིགས་པའི་སྦྱོར་བ་གང་ཡིན་དེ། །རྒྱུ་མཚན་དག་ནི་འགལ་བ་ཉིད། །མེད་ན་འཁྲུལ་པ་ཅན་ཡིན་ནོ། ༈ །འགལ་འབྲས་ལ་ཡང་ཡུལ་དང་ནི། །དུས་ལ་སོགས་ལ་ལྟོས་པར་འདོད། །གཞན་དུ་འཁྲུལ་འགྱུར་མི་གྲང་བ། །སྒྲུབ་པ་ལ་ནི་ཐལ་བ་བཞིན། ༈ །རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། ༈ །ཚོགས་པའི་འབྲས་བུ་ནུས་པ་རྣམས། །འགྱུར་བ་དང་འབྲེལ་འབྲས་བུ་ལ། །མ་ངེས་པ་ནི་ཉིད་ཡིན་ཏེ། །གེགས་བྱེད་པ་དག་སྲིད་ཕྱིར་རོ། ༈ །ཚོགས་པ་གཅིག་ལ་རག་ལུས་པའི། །གཟུགས་ལ་སོགས་པ་རོས་རྟོགས་པ། །རྒྱུ་ཆོས་རྗེས་སུ་དཔག་པ་སྟེ། །དུ་བས་བུད་ཤིང་འགྱུར་བ་བཞིན། ༈ །ནུས་པ་འཇུག་པ་མེད་པར་ནི། །རོ་མེད་དེ་ཉིད་གཞན་གྱི་རྒྱུ། ༈ །དེ་ལྟར་འདས་དུས་གཅིག་རྣམས་རྟོགས། །དེ་ནི་འབྲས་བུའི་རྟགས་ལས་སྐྱེས། ༈ །རྒྱུ་མ་ཚོགས་པས་འབྲས་བུ་ནི། །རྗེས་སུ་དཔོག་པ་གང་ཡིན་དེ། །ལྷག་མ་དང་ལྡན་ནུས་མེད་ཕྱིར། །ལུས་ལས་འདོད་ཆགས་རྗེས་དཔོག་བཞིན། ༈ །མི་མཐུན་ཕྱོགས་ལ་མ་མཐོང་བ། །ཙམ་གྱིས་འབྲས་སྤྱི་མཐོང་བ་ལས། །གཏན་ཚིགས་ཤེས་པ་ཚད་ལྟར་སྣང༌། །ཚིག་ལས་ཆགས་ཅན་ལ་སོགས་བཞིན། །མི་མཐུན་ཕྱོགས་ལ་མ་མཐོང་བ། །ཙམ་གྱིས་འཁྲུལ་པ་མེད་པ་མིན། །འཁྲུལ་པ་སྲིད་པ་ཅན་ཉིད་ཕྱིར། །ཕྲུ་བའི་འབྲས་ནི་ཚོས་པ་བཞིན། ༈ །གང་ཞིག་མ་མཐོང་བ་ཙམ་གྱིས། །ལྡོག་པ་རབ་ཏུ་སྟོན་བྱེད་པ། །དེ་ནི་ཐེ་ཚོམ་རྒྱུ་ཡིན་ཕྱིར། །དེ་ལ་ལྷག་མ་ལྡན་ཞེས་བརྗོད། ༈ །གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང༌། །དེ་ཡིས་མ་གྲུབ་བཟློག་དོན་དང༌། །འཁྲུལ་པ་ཅན་གྱི་གཉེན་པོར་ནི། །ངེས་པ་བརྗོད་པར་མཛད་པ་ཡིན། །འཁྲུལ་པ་ཅན་གྱི་གཉེན་པོར་ནི། །མི་མཐུན་ཆོས་བརྗོད་གང་ཡིན་པ། །གལ་ཏེ་མ་མཐོང་འབྲས་ཅན་དེ། །དེ་མ་སྨོས་ཀྱང་རྟོགས་པར་འགྱུར། །མེད་ཅེས་བྱ་བའི་ཚིག་གིས་ཀྱང༌། །དེ་མེད་ཁོ་ན་མིན་གལ་ཏེ། །ཇི་ལྟར་མེད་རིགས་དེ་བརྗོད་ན། །དེ་ཚེ་མེད་ཅེས་བྱ་བར་རྟོགས། །གལ་ཏེ་མ་མཐོང་བས་ལྡོག་འགྱུར། །ཅི་སྟེ་ལྷག་ལྡན་འཁྲུལ་ཅན་ཡིན། །ལྡོག་པ་ཅན་ཡང་གཏན་ཚིགས་འགྱུར། །མ་གྲུབ་སྦྱོར་བ་བརྗོད་བྱ་མིན། །ཁྱད་པར་རྣམ་པར་གཅོད་པ་ཡི། །གཏན་ཚིགས་སུ་འགྱུར་མ་མཐོང་ཕྱིར། །ཚད་མ་གཞན་གྱིས་གནོད་ཅེ་ན། །ད་ནི་མ་མཐོང་ལས་མེད་མིན། །དེ་བཞིན་དུ་ནི་གཞན་ལ་ཡང༌། །ཚད་མ་གཞན་གྱིས་གནོད་པ་སྲིད། །མ་མཐོང་ཕྱིར་རེག་མཐོང་བ་ལ། །མི་ལྡན་འཁྲུལ་པ་མེད་པ་ཅན། །ཡུལ་ལ་སོགས་པའི་ཁྱད་པར་ལས། །རྫས་ལ་ནུས་པ་ཐ་དད་སྣང༌། །དེ་ལ་གཅིག་མཐོང་གཞན་ལ་དེ། །ཡོད་པར་ངེས་པ་རིགས་མ་ཡིན། །བདག་དང་ས་ལ་ཤེས་ཡོད་སོགས། །མེད་པར་རབ་སྒྲུབ་བྱེད་མིན་པའི། །མ་དམིགས་གང་ཡིན་དེ་ཁོ་ན། །གཏན་ཚིགས་མེད་སྒྲུབ་ཡིན་ནམ་ཅི། །དེ་ཕྱིར་དེ་ཙམ་དང་འབྲེལ་བའི། །ངོ་བོ་ཉིད་ཀྱིས་ངོ་བོ་ཉིད། །ལྡོག་པར་འགྱུར་བའམ་རྒྱུ་ཡིས་ནི། །འབྲས་བུ་འཁྲུལ་པ་མེད་པའི་ཕྱིར། །དེ་ལྟ་མིན་ན་གཅིག་ལོག་པས། །ཇི་ལྟར་གཞན་ནི་ལྡོག་པར་འགྱུར། །མི་ལ་རྟ་མི་བདོག་ཅེས་ཏེ། །ཕྱུགས་ཀྱང་བདོག་པ་མིན་ནམ་ཅི། །དེ་བཞིན་གཅིག་གཅིག་ཉེ་བའི་ཕྱིར། །ཇི་ལྟ་གཞན་ནི་ཉེ་བར་འགྱུར། །མི་ལ་ཕྱུགས་ནི་བདོག་ཅེས་ཏེ། །དེ་བཞིན་རྟ་ཡང་བདོག་གམ་ཅི། །དེ་ཕྱིར་ཆོས་མི་མཐུན་དཔེ་ལ། །ངེས་པར་འདི་ལ་གཞི་མི་འདོད། །དེ་དག་མེད་ནའང་དེ་མེད་ཅེས། །བརྗོད་པ་ལས་ཀྱང་དེ་རྟོགས་ཕྱིར། །དཔེ་ལ་དེ་ཡི་ངོ་བོ་དང༌། །རྒྱུ་དངོས་དེ་དག་མི་ཤེས་ལ། །སྟོན་ཏེ་མཁས་པ་རྣམས་ལ་ནི། །གཏན་ཚིགས་འགའ་ཞིག་བརྗོད་པར་ཟད། །དེ་ཉིད་ཀྱི་ཕྱིར་འབྲེལ་ཤེས་ན། །གཉིས་ལས་གང་ཡང་རུང་སྨྲས་པས། །དོན་གྱིས་གོ་བས་ཅིག་ཤོས་ལ། །དྲན་པ་ཡང་དག་སྐྱེ་བར་འགྱུར། །དེ་ཕྱིར་རྒྱུ་དང་རང་བཞིན་དག །མེད་པས་འགའ་ཞིག་བསྒྲུབ་པའི་ཡང༌། །གཏན་ཚིགས་ཡིན་ཏེ་དམིགས་པར་ནི། །རིགས་ལྡན་དེ་མི་དམིགས་པ་ཡང༌། །དེ་ལྟར་མི་དམིགས་འདི་རྣམ་གསུམ། །བཤད་ཀྱང་རྣམ་པ་དུ་མ་སྟེ། །དེ་དང་དེ་འགལ་ལ་སོགས་པ། །མ་རྟོགས་རྟོགས་དབྱེའི་སྦྱོར་སྒོ་ནས། །རྒྱུ་དང་འབྲས་བུའི་དངོས་པོའམ། །རང་བཞིན་ངེས་པར་བྱེད་པ་ལས། །མེད་ན་མི་འབྱུང་ངེས་པ་སྟེ། །མ་མཐོང་ལས་མིན་མཐོང་ལས་མིན། །གཞན་དུ་གཞན་ནག་གཞན་དག་དང༌། །ངེས་པར་ཡོད་པའི་ངེས་པ་གང༌། །དོན་གཞན་རྒྱུ་མཚན་ཅན་གྱི་ཆོས། །ཡིན་ན་གོས་ལ་ཚོན་བཞིན་ནོ། །ཆོས་དོན་གཞན་གྱི་རྒྱུ་མཚན་ཅན། །ཡིན་པར་གྱུར་ན་དེ་བཞིན་ཉིད། །ཕྱིས་འབྱུང་ཕྱིར་ན་རྒྱུ་ཉིད་མིན། །འབྲས་བུ་ན་ཡང་ག་ལ་ངེས། །མེ་ཡི་འབྲས་བུ་དུ་བ་སྟེ། །འབྲས་བུས་ཆོས་ཀྱི་རྗེས་འཇུག་ཕྱིར། །དེ་མེད་པར་ནི་དེ་ཡོད་ན། །རྒྱུ་དང་ལྡན་པ་ལས་འདས་འགྱུར། །རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །དངོས་པོ་རྣམས་ནི་རེས་འགའ་ཞིང༌། །འབྱུང་བ་ལྟོས་པ་ལས་ཡིན་ནོ། །གལ་ཏེ་བརྒྱ་བྱིན་སྤྱི་བོའི་མེའི། །རང་བཞིན་ཡིན་དེ་ཉིད་མེ། །འོན་ཏེ་དེ་མེའི་རང་བཞིན་མིན། །ཇི་ལྟར་དེ་ལས་དུ་བ་འབྱུང༌། །དུ་བའི་རྒྱུ་ཡིན་རང་བཞིན་མེ། །དེ་ཡི་ནུས་པའི་བྱེ་བྲག་ལྡན། །དུ་བ་དུ་བའི་རྒྱུ་མིན་ལས། །འབྱུང་ན་དེ་ནི་རྒྱུ་མེད་འགྱུར། །རྗེས་སུ་འགྲོ་དང་ལྡོག་པ་ལས། །གང་ཞིག་གང་གི་རྗེས་འགྲོར་མཐོང་། །དེ་ཡི་རང་བཞིན་དེ་རྒྱུ་ཅན། །དེ་ཕྱིར་མི་མཐུན་ལས་མི་འབྱུང༌། །བསྡུ་བའི་ཚིགས་སུ་བཅད་པའོ།། །།

རང་བཞིན་ལ་ཡང་མེད་མི་འབྱུང༌། །ཡོད་པ་ཙམ་དང་འབྲེལ་བ་ཡིན། །དེ་མེད་ན་ནི་ཡོད་པའི་བདག །མེད་འགྱུར་ཐ་དད་མེད་ཕྱིར་རོ། །གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །རང་རང་ངོ་བོ་ལ་གནས་ཕྱིར། །མཐུན་དངོས་གཞན་གྱི་དངོས་དག་ལས། །ལྡོག་པ་ལ་ནི་བརྟེན་པ་ཅན། །དེ་ཕྱིར་གང་དང་གང་ལས་དོན། །ལྡོག་པ་དེ་ཡི་རྒྱུ་ཅན་གྱི། །རིགས་དབྱེ་དེ་ཡི་ཁྱད་པར་གྱིས། །རྟོགས་འགྱུར་བ་དག་རབ་ཏུ་བྱེད། །དེ་ཕྱིར་ཁྱད་པར་གང་ཞིག་ཆོས། །གང་གིས་གོ་བར་འགྱུར་བ་དེ། །དེ་ལས་གཞན་གྱིས་ནུས་མ་ཡིན། །དེས་ན་ཐ་དད་རྣམ་པར་གནས། །དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་རྣམས་ཀྱིས་བརྟག་བྱ་གང༌། །མ་མཐོང་ཆག་གཞན་ཅི་ཞིག་ཡོད། །གཟུགས་ཆོས་མཐུན་པ་མཐོང་བ་ལས། །ཉ་ཕྱིས་ལ་དངུལ་རྣམ་པ་ལྟར། །གལ་ཏེ་འཁྲུལ་པའི་རྒྱུ་མཚན་གྱིས། །ཡོན་ཏན་གཞན་སྦྱོར་མི་བྱེད་ན། །དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །འཁྲུལ་པས་ངེས་པར་མི་བྱེད་པས། །སྒྲུབ་པ་རབ་ཏུ་འཇུག་པ་ཡིན། །བསྡུ་བའི་ཚིགས་སུ་བཅད་པའོ།། །།

རྗེས་སུ་དཔག་པ་ལས་ཀྱང་དངོས། །འཛིན་ན་ཆོས་གཅིག་ངེས་གྱུར་པས། །ཆོས་ཀུན་འཛིན་ཏེ་སེལ་བ་ལ། །ཉེས་པ་འདི་ནི་ཐལ་མི་འགྱུར། །དེ་ཕྱིར་དེ་ལྟར་རྟགས་སེལ་བའི། །ཡུལ་ཅན་ཡིན་པར་རབ་ཏུ་བསྒྲགས། །གཞན་དུ་ཆོས་ཅན་གྲུབ་གྱུར་ན། །དེ་ལས་མ་གྲུབ་གཞན་ཅི་ཡོད། །མཐོང་བ་འགའ་ལའང་ཤེས་པ་གང༌། །སྤྱི་ཡི་དོན་ཅན་རྣམ་རྟོག་པ། །གཞན་གྱི་ཆ་སྒྲོ་མ་བཏགས་པ། །དེ་ཙམ་སེལ་བའི་སྤྱོད་ཡུལ་ཅན། །ངེས་པ་དང་ནི་སྒྲོ་འདོགས་ཡིད། །གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །འདི་ནི་སྒྲོ་འདོགས་དབེན་པ་ལ། །འཇུག་ཅེས་བྱ་བར་ཤེས་པ་ཡིན། །ཆ་ཤས་སྒྲོ་འདོགས་ཇི་སྙེད་པ། །དེ་བསལ་ཕྱིར་ན་ངེས་པ་དང༌། །སྒྲ་ཡང་དེ་སྙེད་ཁོ་ན་དེས། །དེ་དག་སྤྱོད་ཡུལ་ཐ་དད་ཅན། །གཞན་དུ་དངོས་པོ་གཅིག་པུ་པ། །སྒྲའམ་བློ་གཅིག་གིས་ཁྱབ་ན། །གཞན་ཡུལ་མ་ཡིན་དེ་ཡི་ཕྱིར། །རྣམ་གྲངས་པ་ནི་ཉིད་དུ་འགྱུར། །གང་གི་ལྟར་ན་བློས་ཁྱད་པར། །སྣ་ཚོགས་ཅན་དོན་ཐ་དད་འཛིན། །ཁྱད་པར་སྣ་ཚོགས་ལ་ཕན་པའི། །ཡན་ལག་ནུས་ལས་དབྱེར་མེད་པའི། །བདག་ཉིད་བདག་ཉིད་ཀུན་བཟུང་ན། །ཕན་བྱའི་བྱེ་བྲག་གང་མ་ངེས། ༈ །དེ་དག་བདག་ཉིད་ལ་འབྲེལ་ཕྱིར། །གཅིག་ཤེས་ན་ནི་གཉིས་ཀ་བཟུང༌། ༈ །ཆོས་ཕན་ནུས་རྣམས་ཐ་དད་ན། །དེ་དག་དེའི་ཅི་ཡིན་གལ་ཏེ། །དེ་ཡིས་དེ་དག་ལ་ཕན་མེད། །དེ་ལྟ་ཡིན་ན་ཐུག་མེད་འགྱུར། ༈ །གཅིག་ལ་ཕན་བྱེད་བཟུང་ན་ནི། །དེ་ལ་མཐོང་ན་མ་མཐོང་བ། །ཕན་པ་གཞན་མིན་དེ་ཡི་ཕྱིར། །དེ་བཟུང་ན་ནི་ཐམས་ཅད་བཟུང༌། ༈ །གལ་ཏེ་འཁྲུལ་པ་བཟློག་པའི་ཕྱིར། །བཟུང་བ་ལ་ཡང་གཞན་འདོད་ན། ༈ །དེ་ནི་རྣམ་གཅོད་ཡུལ་ཅན་གྲུབ། །དེ་ལས་གཞན་པའང་དེ་དང་འདྲ། །སྒྲོ་འདོགས་མེད་པའི་ཡུལ་ལ་ནི། །འཇུག་ཕྱིར་གཞན་ཡང་ངོ་བོ་གང༌། །ངེས་པ་རྣམས་ཀྱིས་མ་ངེས་པ། །དེ་ནི་ཇི་ལྟར་དེ་ཡུལ་ཡིན། ༈ །ཁྱད་པར་ཆ་ཤས་རྣམ་སྤངས་པ། །མངོན་སུམ་གྱིས་ནི་བཟུང་བ་ལའང༌། །ཁྱད་པར་གང་ལ་རྟོགས་པ་ཡི། །རྐྱེན་ཡོད་དེ་ནི་རྟོགས་པར་འགྱུར། །དེ་ལའང་གཞན་ལས་ལྡོག་པ་དང༌། །གཞན་ལས་ལོག་པ་ཞེས་བྱ་བའི། ༈ །སྒྲ་དང་ངེས་པ་ཉིད་དག་ནི། །བརྡ་ཡི་རྗེས་སུ་བྱེད་པ་ཡིན། ༈ །གཉིས་ཀས་གཅིག་གཅིག་བརྗོད་མོད་ཀྱི། །བརྗོད་བྱའི་གཞན་གྱི་ཁྱད་པར་གྱིས། །རྣམ་དབྱེ་ཐ་དད་འབྱེད་པ་ཡིས། །ཐ་དད་དོན་བཞིན་སྒྲུབ་པར་བྱེད། ༈ །ཁྱད་པར་གཞན་ནི་སྤོང་བ་དང༌། །མི་སྤོང་བ་དག་དེ་གཉིས་ཀྱི། །བརྡ་ཡི་བྱེ་བྲག་རྟོགས་པ་པོའི། །འདོད་པའི་རྗེས་སུ་བྱེད་པའི་གཞི། ༈ །ཀུན་ལ་རྫས་དང་དངོས་བརྗོད་པའི། །སྒྲ་ཡི་ཁྱད་པར་འདི་ཉིད་དོ། །དེ་ཕྱིར་དེ་དག་བརྗོད་བྱ་ལ། །ཁྱད་པར་འགའ་ཡང་ཡོད་མ་ཡིན། ༈ །དོན་དེ་ཤེས་པར་བྱེད་འདོད་པས། །དེ་ལ་ཕན་པའམ་བྱེད་ལྡན་ནམ། །གལ་ཏེ་གཞན་གྱིས་བརྗོད་ཀྱང་རུང༌། །དེ་ལས་ཁྱད་པར་གཞན་མེད་དོ། ༈ །དེ་ཕྱིར་གཞན་སེལ་ཡུལ་ལ་ནི། །དེ་ལྡན་ཕྱོགས་ལ་བརྗོད་པ་བསལ། །རིགས་དང་དེ་དང་ལྡན་པ་དག །ཐ་དད་ཉིད་ན་ཉེས་པར་འགྱུར། །གང་དག་གི་ཚིག་དངོས་པོའི་དབང༌། །ལྷུར་བརྗོད་བརྗོད་འདོད་མི་བརྟེན་པ། །དེ་དག་ལ་ནི་དྲུག་པ་དང༌། །ཚིགས་དབྱེ་ལ་སོགས་ཀླན་ཀ་རིགས། །ཕྱི་རོལ་དོན་ལ་མི་ལྟོས་པའི། །ཚིག་གང་སྨྲ་པོས་ཇི་ལྟ་བུར། །རྗོད་བྱེད་ཉིད་དུ་ངེས་བྱེད་པ། །དེ་དེ་བཞིན་དུ་རྗོད་བྱེད་ཡིན། ༈ །བཙུན་མོ་རྣམས་གྲོང་དྲུག་ལ་སོགས། །ཐ་དད་དངོས་མིན་བཞག་པའམ། །ནམ་མཁའི་རང་བཞིན་མཁའ་ཉིད་ཅེས། །བྱ་བ་འདི་ལ་རྒྱུ་ཅི་ཡོད། ༈ །ཐ་དད་དངོས་རྣམས་ལ་བརྟེན་ནས། །དོན་གཅིག་ཏུ་ནི་སྣང་བའི་བློ། །གང་གི་རང་གི་ངོ་བོ་ཡིས། །གཞན་གྱི་ངོ་བོ་སྒྲིབ་བྱེད་པ། །སྒྲིབ་བྱེད་དེས་བདག་ཐ་དད་ཀྱང༌། །ཐ་དད་པ་ཉིད་བསྒྲིབས་པ་ཡིས། །དངོས་རྣམས་ངོ་བོ་འགའ་ཞིག་གིས། །ཐ་དད་མིན་པ་ལྟ་བུར་སྣང༌། ༈ །དེ་ལ་བསམ་པའི་དབང་གིས་ན། །སྤྱི་ཡོད་པར་ནི་རབ་ཏུ་བསྒྲགས། །དེ་ཡིས་ཇི་ལྟར་ཀུན་བརྟགས་པ། །དེ་ནི་དམ་པའི་དོན་དུ་མེད། །གསལ་བ་རྣམས་ནི་རྗེས་མི་འགྲོ། །རྗེས་འགྲོ་གཞན་ནི་སྣང་བ་མེད། ༈ །ཤེས་ལས་ཐ་དད་མ་ཡིན་པ། །ཇི་ལྟར་དོན་གཞན་འབྲང་བར་འགྱུར། །དེས་ན་དོན་ལ་བདག་གཅིག་ཏུ། །འཛིན་པའི་རྣམ་རྟོག་འདི་ལོག་པ། །མིང་དོན་གང་ལྡན་ཕན་ཚུན་དུ། །ཐ་དད་འདི་ཡི་ས་བོན་ཡིན། །གཅིག་རྟོགས་དོན་ཤེས་ལ་སོགས་པ། །དོན་གཅིག་སྒྲུབ་ལ་འགའ་ཞིག་ནི། །ཐ་དད་ཡིན་ཡང་རྣག་བཞིན་གྱིས། །ངེས་ཏེ་དབང་པོ་ལ་སོགས་བཞིན། །དཔེར་སྨན་ཁ་ཅིག་ཐ་དད་ཀྱང༌། །ལྷན་ཅིག་པའམ་སོ་སོ་ཡིས། །རིམས་ལ་སོགས་པ་ཞི་བྱེད་པར། །མཐོང་གི་གཞན་གྱིས་མ་ཡིན་བཞིན། ༈ །ཁྱད་པར་མེད་ཕྱིར་སྤྱིས་མ་ཡིན། །དེ་དག་ཞིང་སོགས་ཐ་དད་ཀྱང༌། །ཁྱད་པར་མེད་པར་ཐལ་འགྱུར་ཕྱིར། །བརྟན་པས་ཕན་འདོགས་མེད་ཕྱིར་ཡང༌། ༈ །རང་བཞིན་དེ་འཛིན་རྣམ་རྟོག་བློ། །དོན་མེད་ཀྱང་དེ་དོན་ཅན་འདྲ། །དེ་ཡི་འབྲས་ཅན་མིན་དོན་ལས། ༈ །ཐ་དད་མཐར་ཐུག་སྐྱེ་བ་གང༌། །དེ་ལ་ངོ་བོ་ཕྱི་རོལ་དང༌། །གཅིག་ལྟ་གཞན་ལས་ལོག་ལྟ་བུར། །སྣང་བ་གང་ཡིན་བརྟག་པ་ཡི། །ཡན་ལག་མེད་ཕྱིར་དེ་ཉིད་མིན། ༈ །ཤེས་ལ་ཡོད་པའི་དོན་དེ་རྣམས། །འདི་ལྟར་ལྡོག་པའི་ངོ་བོ་ཅན། །དེས་ན་ཐ་དད་མིན་ལྟ་བུར། ༈ །དེ་ཉིད་གཞན་ལས་ལོག་པར་ཡང༌། །སྣང་སྟེ་དེ་ལ་སྤྱི་དང་ནི། །གཞི་མཐུན་སྤྱོད་ཡུལ་ཅན་དག་གི། །ཤེས་པ་དང་ནི་བརྗོད་པ་ཡིས། །ཐ་སྙད་ནོར་དོན་ཅན་རྒྱས་བྱེད། ༈ །དངོས་པོ་རྣམས་ཀྱི་དེ་ཀུན་ཡང༌། །ཕན་ཚུན་མེད་ལ་བརྟེན་པ་སྟེ། །དེས་ན་གཞན་སེལ་ཡུལ་ཅན་དང༌། །གང་ལ་དངོས་དང་འབྲེལ་ཡོད་པ། །དངོས་པོ་རྙེད་པའི་རྟེན་ཡིན་ཏེ། །རྗེས་དཔག་ཇི་སྐད་བཤད་ཇི་བཞིན། ༈ །འཁྲུལ་པར་འདྲ་ཡང་གཞན་ལས་མིན། །མར་མེའི་འོད་ལས་ནོར་བུར་བཞིན། ༈ །དེ་ལ་དུ་མའང་འབྲས་གཅིག་ཅན། །དེ་འབྲས་ཅན་མིན་གཞན་རྟེན་ཅན། །བརྗོད་དང་ཤེས་པས་གཅིག་ཉིད་དུ། །ཐ་སྙད་རབ་ཏུ་འཇུག་པར་བྱེད། །དེ་བཞིན་གཅིག་ཀྱང་དུ་མ་བྱེད། །དེ་དངོས་ཡོངས་སུ་བསྟན་པའི་ཕྱིར། །དེ་འབྲས་ཅན་མིན་དོན་ལས་ནི། །ཐ་དད་པས་ཆོས་སྣ་ཚོགས་ཤེས། །སྒྲ་དོན་འདི་དང་གཞི་མཐུན་ཉིད། །ཡོད་པ་མིན་ཡང་ཇི་ལྟ་བུར། །གྲགས་པ་བཞིན་དུ་བརྗོད་པ་སྟེ། །དངོས་ལ་འདི་ནི་མི་སྲིད་དོ། ༈ །ཆོས་དང་ཆོས་ཅན་རྣམ་གཞག་དང༌། །ཐ་དད་ཐ་དད་མིན་ཅི་འདྲ། །དེ་ཉིད་དོན་ནི་མ་བརྟགས་པར། །འཇིག་རྟེན་ཇི་ལྟར་གྲགས་དེ་ལ། །དེ་བཞིན་ཁོ་ནར་བརྟེན་ནས་ནི། །བསྒྲུབ་བྱ་སྒྲུབ་པ་ཀུན་གཞག་པ། །དམ་པའི་དོན་ལ་འཇུག་བྱའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། ༈ །དམ་པའི་དོན་གྱི་དོན་རྣམས་ནི། །རང་གིས་འདྲེ་དང་ཐ་དད་མེད། །དེ་ལ་ངོ་བོ་གཅིག་པ་དང༌། །དུ་མ་བློ་ཡིས་བསླད་པ་ཡིན། ༈ །དེ་སྤྱི་ཁྱད་པར་ཞེས་བྱ་བའི། །བྱེ་བྲག་འདི་ནི་བློ་དོན་ལ། ༈ །དེ་ཉིད་ལ་གཞན་ལས་ལྡོག་པས། །ཆོས་ཀྱི་བྱེ་བྲག་རབ་ཏུ་བརྟག་༈།བསྒྲུབ་བྱ་སྒྲུབ་པར་རྟོག་པ་ལ། །དངོས་པོ་མཐོང་བ་ཉམས་པའི་ཕྱིར། ༈ །ཁྱད་པར་སྤྱི་དང་འདྲེས་པ་འདིར། །རང་གི་མཚན་ཉིད་གཟུང་བྱ་མིན། །དེ་ནི་སྤྱི་དང་ཁྱད་པར་གྱི། །རྣམ་སོགས་ཅིར་ཡང་གཟུང་བྱ་མིན། །བྱེ་བྲག་ཁྱད་པར་མང་པོ་རྣམས། །དེ་གཅིག་ལ་ནི་མི་རུང་ཕྱིར། ༈ །དེ་ཡི་ངོ་བོ་ཀུན་ལས་ལོག །དེ་དེ་བཞིན་རྟོགས་བྱེད་པའི། །སྒྲ་ཡོད་མ་ཡིན་རྟོག་པ་ཡང་སྤྱི་ཉིད་དུ་ནི་འཇུག་ཕྱིར་རོ། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། ༈ །སྒྲ་རྣམས་ཀྱིས་ནི་བརྡར་བཏགས་སྟོན། །དེ་ནི་ཐ་སྙད་ཆེད་དུ་བྱས། །དེ་ཚེ་རང་གི་མཚན་ཉིད་མེད། །དེས་ན་དེ་ལ་བརྡར་མ་ཡིན། །ཅི་ནས་སྐྱེས་བུ་དོན་བྱེད་པར། །ནུས་པ་ཤེས་ནས་དེ་བསྒྲུབ་ཕྱིར། །འཇུག་པར་འགྱུར་ཞེས་དོན་རྣམས་ལ། །རྗོད་པར་བྱེད་པ་སྦྱོར་བར་བྱེད། ༈ །དེ་ལ་རིགས་དོན་བྱེད་རུང་མིན། ༈ །དེ་ལྡན་ནུས་པ་དེ་ཡང་ནི། །ཅི་ཕྱིར་དངོས་སུ་སྦྱོར་མི་བྱེད། །གལ་ཏེ་མཐའ་ཡས་ཕྱིར་འདི་མཚུངས། །དེ་བྱེད་དེ་བྱེད་མ་ཡིན་ལས། །ལོག་པར་མཚུངས་ལ་ཅིས་མ་བྱས། །དེ་ལྡན་ཉེས་མཚུངས་ཕྱིར་ཞེ་ན། །བླ་སྟེ་རིགས་གཞན་མི་དགོས་སོ། ༈ །དེ་ལས་གཞན་པ་ཡོངས་སྤངས་ནས། །འཇུག་འགྱུར་ཞེས་ཀྱང་སྒྲ་བརྗོད་དེ། ༈ །དེ་ཡིས་དེ་དག་རྣམས་ལས་འདི། །མི་གཅོད་ན་ནི་དེ་ཇི་ལྟར། ༈ །གལ་ཏེ་འདི་ལ་རྣམ་གཅོད་ཡོད། །སྒྲ་རྣམས་དགོས་པ་དེ་ཙམ་དུ། །ཟད་པ་མིན་ནམ་ཁྱེད་ལ་དེར། །སྤྱི་གཞན་གྱིས་ནི་ཅི་ཞིག་བྱ། །གསལ་བ་རྣམས་ནི་ཐ་དད་ཀྱང༌། །བྱ་བ་དེ་དང་བྱེད་པའི། །དོན་རྣམས་མཐོང་ནས་གཞན་མཐོང་ཡང༌། །དེ་ལས་གཞན་དང་བྲལ་བ་ཡི། །ཡུལ་ཅན་གྱི་ནི་སྒྲ་རྣམས་ཀྱིས། །ལྷན་ཅིག་སྦྱར་ནས་ངོ་ཤེས་བྱེད། ༈ །གཞན་གྱི་ལྟར་ནའང་བློ་དེ་ནི། །སྤྱི་ནི་འབའ་ཞིག་ཉིད་ལས་མིན། ༈ །རྟག་ཏུ་དེ་ཙམ་རྣམ་ཤེས་ན། །གསལ་བ་མི་ཤེས་ཐལ་འགྱུར་ཕྱིར། །དེ་ཡི་ཚེ་ན་ནམ་ཡང་ནི། །དེ་ལྡན་འབྲེལ་པ་མ་བཟུང་ཕྱིར། །དེ་དང་ལྡན་ངེས་མི་འགྱུར་བས། །དེ་ལ་ཇི་ལྟར་ཐ་སྙད་འདོགས། ༈ །གལ་ཏེ་དངོས་གཅིག་གྲོགས་བྱེད་པའི། །གསལ་རྣམས་ཤེས་པའི་རྒྱུ་ཞེ་ན། ༈ །དངོས་པོ་གཅིག་ངེས་དེ་རྣམས་ཀྱི། །ཐ་དད་པ་ཉིད་སེལ་ཏམ་ཅི། །ཐ་དད་ཕྱིར་ཡང་དེ་རྣམས་ལ། །གཅིག་གི་རྣམ་ཤེས་རྒྱུར་མི་འདོད། ༈ །གལ་ཏེ་དུ་མའང་གཅིག་ལྟོས་ནས། །ཐ་དད་མིན་བློ་སྐྱེད་ཅེ་ན། ༈ །དེ་དག་སོ་སོ་མེད་པར་ཡང༌། །དེ་གཅིག་གིས་ཀྱང་བསྐྱེད་བྱ་བའི། །བློ་ལ་དེ་རྣམས་ནུས་མེད་ཕྱིར། །བློ་ཡིས་འཛིན་པ་མེད་པ་ཡིན། ༈ །སྔོ་སོགས་མིག་གི་རྣམ་ཤེས་ལ། །ནུས་པ་སོ་སོར་མཐོང་བའི་ཕྱིར། །ཚོགས་ལའང་ནུས་གྲུབ་གསལ་བ་ལ། །ཇི་ལྟར་ཡང་ནི་དེ་ལྟར་མིན་། ༈ །གལ་ཏེ་དེ་དག་གང་རུང་ལ། །ལྟོས་ནས་དེས་ནུས་འབའ་ཞིག་མིན། ༈ །དེ་དག་དེ་གཅིག་ལ་ཕན་ན། །ཇི་ལྟར་བློ་གཅིག་ཉིད་ལ་མིན། ༈ །འདི་དེ་རྣམས་ཀྱི་འབྲས་བུར་འགྱུར། །ཕན་འདོགས་གང་ཡིན་སྐྱེད་པ་ཡིན། །གལ་ཏེ་ཐ་དད་མིན་སྣང་བློ། །ཐ་དད་རྣམས་ལ་མི་འདོད་ན། ༈ །བློ་ཡི་སྣང་བ་ཐ་དད་དེ། །དེ་དག་མཚུངས་ཞེས་འཛིན་ཕྱིར་རོ། ༈ །གལ་ཏེ་དེ་དག་མཚུངས་ན་ནི། །ཇི་ལྟར་ཐ་དད་བློས་གཟུང་བྱ། ༈ །འབྲས་བུ་གཅིག་འདྲ་དེ་དག་གི །འབྲས་བློ་དེ་ཡང་ཐ་དད་དོ། །ཞེ་ན་གཅིག་ཏུ་རྟོགས་རྒྱུའི་ཕྱིར། །བློ་ནི་ཐ་དད་མེད་པ་ཡིས། །བློ་གཅིག་རྒྱུ་ཡིད་དངོས་པོ་ཡིས། །གསལ་བ་རྣམས་ཀྱང་ཐ་མི་དད། ༈ །དེ་ཡང་དེ་འབྲས་ཅན་མིན་བྲལ། ༈ །དེ་ལས་གཞན་པ་རྗེས་འགྲོ་བའི། །དངོས་མ་མཐོང་ཕྱིར་བཀག་ཕྱིར་ཡང༌། ༈ །བརྡ་ནི་དེ་རིག་དོན་ཅན་ཡིན། ༈ །དེ་བྱེད་མིན་ལ་དེ་བྱེད་དང༌། །འདྲ་བའི་ངོ་བོར་སྣང་བ་ཅན། །དངོས་པོ་ཐ་དད་དངོས་ཙམ་གྱི། །ས་བོན་ཅན་དོན་མེད་པའི་བློ། །སྐྱེད་པར་བྱེད་པའང་དེ་མི་བྱེད། །ཡོངས་སྤངས་ཡན་ལག་ངོ་བོའི་ཕྱིར། །དངོས་པོ་ཐ་དད་རྟེན་ཅན་ཕྱིར། །དོན་ལ་མི་སླུ་ཡོད་པར་འདོད། ༈ །དེ་ཕྱིར་གཞན་སེལ་ཡུལ་ཅན་ཏེ། །དེ་བྱེད་བརྟེན་པའི་ངོ་བོའི་ཕྱིར། །ཤིང་མ་ཡིན་ལས་ལྡོག་པ་ཡིས། །ཤིང་དོན་འཛིན་ན་གཉིས་པོ་དག །ཕན་ཚུན་བརྟེན་པས་གཅིག་འཛིན་པ། །མེད་ན་གཉིས་ཀ་མི་འཛིན་འགྱུར། །དེ་ཡི་ཕྱིར་ན་བརྡར་བཏགས་པ། །མི་སྲིད་དོ་ཞེས་ཁ་ཅིག་སྨྲ། ༈ །དེ་དག་གི་ནི་བརྡར་འདོགས་ལ། །ཤིང་མིན་རྣམ་པར་གཅོད་དམ་མིན། །གལ་ཏེ་རྣམ་གཅོད་ཤིང་གི་དོན། །འཛིན་པ་མེད་ན་ཇི་ལྟར་ཤེས། །བརྡ་ལས་དེ་དག་མི་སེལ་ན། །ཐ་སྙད་འདོགས་པར་བྱེད་པ་རྣམས། །དེ་ཡོངས་སྤངས་ནས་འཇུག་པར་ནི། །མི་འགྱུར་ཤིང་གི་ཁྱད་པར་བཞིན། ༈ །གལ་ཏེ་གཞན་བཀག་མི་སྒྲུབ་པར། །མདུན་གནས་གཅིག་གཅིག་རབ་བསྟན་ནས། །འདི་ཤིང་ཡིན་ཞེས་བརྡ་བྱེད་ལ། །ཐ་སྙད་འདོགས་པའི་ཚེ་ན་ཡང༌། །དེ་རྟོགས་འགྱུར་ལ་དེ་ཡི་ཕྱིར། །ཉེས་པ་འདི་ནི་མེད་སྙམ་ན། །འདི་ཡང་ཤིང་ཡིན་འདི་ཁོ་ན། །ཞེས་བྱའི་ཐལ་བ་ལྡོག་པ་མེད། ༈ །གཅིག་རྟོགས་ཞེས་བྱའི་ཤེས་པ་ནི། །གཅིག་ལ་གནས་པའི་རྟོགས་པ་པོས། །དེ་དང་དེ་མིན་རྒྱུ་དོན་རྣམས། །བདག་ཉིད་རྣམ་པར་འབྱེད་པར་བྱེད། ༈ །བློ་དེ་ལ་ནི་ཡོད་པའི་དངོས། །བློ་རྒྱུ་ཉིད་དུ་སྣང་བ་དང༌། །རྒྱུ་མིན་ངོ་བོ་བྲལ་བ་དང༌། །ངོ་བོ་གཅིག་འདྲར་བདག་ཉིད་ཀྱིས། །ཐ་དད་པར་ནི་ཤེས་འགྱུར་བས། །ཐ་དད་པ་ལ་སྐད་སྦྱོར་ཏེ། །དེ་ལས་དེ་རྟོགས་འགྱུར་བའི་བློ། །འཁྲུལ་པས་དངོས་པོ་གཅིག་ལྟར་རྟོགས། ༈ །བློ་དོན་འགའ་ལས་རྣམ་བཟློག་ནས། །དོན་འགའ་ཞིག་ལ་འཇུག་བྱའི་ཕྱིར། །སྒྲ་ནི་རབ་ཏུ་སྦྱོར་བྱེད་དེ། །དེ་དོན་ངེས་པར་གཟུང་ཕྱིར་རོ། །གཞན་དུ་སྦྱོར་བ་དོན་མེད་འགྱུར། ༈ །དེས་ན་ཤེས་བྱ་ལ་སོགས་ཚིག ༈ །ཐ་སྙད་དུ་ནི་འཇོག་རྣམས་ལ། །རྣམ་པར་གཅོད་པ་འགའ་ཞིག་ཡོད། ༈ །གང་ཞིག་གང་ལས་ཐ་དད་པ། །དེ་རྣམ་བཟློག་ནས་དེ་དག་ལས། །ཐ་དད་ཁྱད་པར་མཚུངས་པའི་རྒྱུ། །རྣམ་པ་སྣང་བ་ཅན་ལ་འགོད། །དེ་ཉིད་གཞན་ལས་ལྡོག་པ་ཡིས། །དངོས་པོ་དེ་ཡི་ཆ་འགའ་ཞིག །རྟོགས་འགྱུར་ཞེས་པས་རབ་ཏུ་བཤད། །འདི་ལའང་ངོ་བོ་ཅུང་ཟད་མེད། །སྒྲ་རྣམས་ལས་དེ་རྟོགས་ཉིད་ཀྱིས། །གཞན་བཟློག་རྟོགས་འགྱུར་དེ་ལ་ནི། །འགའ་ཡིས་ཁྱད་པར་དུ་བྱས་པ། །རྟོགས་པར་འགྱུར་བ་གཞན་འགའ་མེད། ༈ །སྒྲ་གཉིས་བྱེད་པའང་མ་ཡིན་ཏེ། །ཕན་ཚུན་ཡོད་པ་མིན་ཕྱིར་འདི། །དངོས་མེད་དངོས་པོ་ལྡན་ཉིད་དུ། །མཐོང་བ་བློ་ཡིས་བསླད་པ་ཡིན། །དེ་ཉིད་ཕྱིར་འདི་དོན་དམ་མིན། ༈ །གཞན་དུ་དངོས་པོ་ལས་ལྡོག་པ། །དངོས་པོར་མི་འགྱུར་འདི་འདི་ལས། །ཐ་དད་ཅེས་ནི་བརྗོད་ཕྱིར་རོ། ༈ །འདྲེས་པའི་དོན་གཅིག་གཅོད་པ་ན། །སྒྲའམ་རྟགས་ནི་གཅིག་པུ་ཡིས། །བྱ་བྱེད་དེ་ལ་བཅད་པ་ཡི། །དངོས་པོའི་བརྗོད་བྱ་ཅི་ཡང་མེད། །གང་གིས་རྗོད་པར་བྱེད་པ་ལས། །མ་ལུས་པར་ནི་རྟོགས་འགྱུར་བ། །དངོས་པོའི་ནུས་པ་ཡིན་ངེས་ན། །འབྲས་བུ་དུ་མ་རྟེན་གཅིག་འགྱུར། ༈ །རྣམ་གཅོད་གཅིག་གཅིག་སྟོན་པ་ན། །གང་ཚེ་གཞན་མི་སྤོང་བར་གནས། །དེས་ནི་དེ་ཁྱབ་གཅིག་པུའང་སྣང༌། །དེ་ཚེ་བློ་ཡི་ངོར་བྱས་ནས། །གཞི་མཐུན་པ་ནི་ཉིད་དུ་འགྱུར། ༈ །སྒྲ་ནི་རྣམ་གཅོད་བྱེད་པ་ན། །དངོས་པོའི་ཆོས་ལ་རེག་འགྱུར་བ། །དེ་ནི་དེ་ལ་ཡོད་ཅེས་བྱའོ། ༈ །དངོས་པོ་གཅིག་ནི་རྗོད་བྱེད་མིན། །བློ་ལ་སྣང་མིན་སྣང་རུང་ལ། །དངོས་པོ་མེད་པས་ངེས་ཕྱིར་རོ། ༈ །དེ་ཕྱིར་གཞན་སེལ་ཡུལ་ཅན་གྱི། །སྒྲ་རྣམས་དང་ནི་བློ་ཉིད་ཀྱང༌། །སྤྱི་ཡི་ཡུལ་ཅན་དུ་བསྟན་ཏེ། །དངོས་ལ་དེ་དག་མི་སྲིད་ཕྱིར། ༈ །དངོས་པོའི་ངོ་བོ་གཅིག་ཉིད་ཕྱིར། །ངོ་བོ་ཐ་དད་བློ་གང་ལས། །གཅིག་ནི་རྗེས་སུ་འགྲོ་ལྡོག་གི །དོན་གཅིག་སྤྱོད་ཡུལ་ཅན་མ་ཡིན། ༈ །ཐ་དད་གྱུར་ན་དབྱེར་མེད་པའི། །ཐ་སྙད་དག་ཀྱང་རྒྱུ་མེད་འགྱུར། ༈ །ལྡོག་པ་ཀུན་ལ་ཡོད་པའི་ཕྱིར། །ཐལ་འགྱུར་ཉེས་པ་དེ་དག་མེད། །དེ་ཡི་འབྲས་བུ་ཡོངས་བསྟན་ཕྱིར། །ཐ་དད་འབྲས་བུ་གཅིག་དག་ལ། །རྒན་པོས་སྒྲ་གཅིག་བརྡར་བྱས་པ། །དེ་ཡི་འབྲས་བུ་མེད་པ་ཅན། །ལྡོག་པ་ཡི་ནི་རྒྱུ་ཅན་ཡིན། ༈ །ཐ་དད་པ་དག་བསྟན་པ་ནི། །དཀའ་དང་མི་ནུས་འབྲས་མེད་ཕྱིར། །དངོས་པོ་ལ་མིན་དངོས་པོ་ཀུན། །རང་རང་ངོ་བོ་ལ་གནས་ཕྱིར། །ཁྲ་བོ་ཡི་ནི་ངོ་བོ་གང༌། །དེ་ནི་སེར་སྐྱ་ལ་ཡོད་མིན། ༈ །དེ་འབྲས་ཡིན་མིན་ལས་བཟློག་པ། །གཉིས་ཀ་ལ་ཡང་ཡོད་པ་མིན། ༈ །དོན་ལ་ཐ་དད་མེད་པར་ཡང༌། །སྒྲ་ཡི་ཐ་དད་མི་རིགས་སོ། ༈ །དེ་ཕྱིར་དེ་འབྲས་འདོད་ན་ཡང༌། །དེ་འབྲས་མེད་ལས་ཐ་དད་ཉིད། ༈ །དཔེར་ན་མིག་ལ་སོགས་པས་གཟུགས། །རྣམ་ཤེས་གཅིག་གི་འབྲས་བུ་ཅན། །གང་ཕྱིར་ཁྱད་པར་མེད་འབྲས་དེ། །སྟོན་པ་དག་ནི་སྲིད་པར་འགྱུར། ༈ །འགའ་ཞིག་ཅིག་ཅར་ཀུན་རྟོགས་ཕྱིར། །དེ་ཡི་ངོ་བོ་སྤྱི་ལས་ནི། །ཐ་དད་མེད་དུ་ཟིན་ན་ཡང༌། །བརྡ་ལས་བྱུང་བ་སྙད་པར་བྱ། །གལ་ཏེ་གཅིག་གནས་པ་ཡི་ཕྱིར། །མང་པོ་དག་ལའང་མཉན་པ་གཅིག །གནས་པ་རྟེན་ནམ་གསལ་བ་ཡིན། །དེ་ལྟར་དེ་ལ་མི་རིགས་སོ། །རྟགས་ལ་ཕན་འདོགས་མེད་པའི་ཕྱིར། །རྟེན་མིན་ལྟུང་བའི་ཚུལ་ཅན་གྱི། །གྱ་ཤུག་སོགས་ལའང་དེ་ཡི་ཡུལ། །སྐྱེད་པ་འཁར་གཞོང་སོགས་པས་ནུས། །དེ་ཡང་དེ་ལ་མི་སྲིད་དོ། །དེ་མེད་ན་ཡང་གནས་པའི་ཕྱིར། །གནས་མིན་དེ་ཡང་མི་རིགས་ཏེ། ༈ །ཐ་དད་ཐ་དད་མིན་པ་ཡི། །རྣམ་པར་དཔྱོད་པས་མི་རིགས་ཉིད། །བདག་ལ་རྣམ་ཤེས་སྐྱེད་རུང་བའི། །དོན་དུ་གཞན་གྱི་ངོར་བྱེད་གང༌། །གསལ་བྱ་ཡིན་ལ་རུང་ཉིད་ཀྱི། །བྱེད་པ་པོ་ཡང་རྒྱུ་རུ་འདོད། །འདི་ནི་སྔ་ནས་རུང་ཉིད་ན། །དེ་ལ་ལྟོས་པ་མི་རུང་སྟེ། །འགྱུར་བ་མེད་པའི་ཕྱིར་དེ་ནི། །སྤྱི་ལྡན་པ་ལས་གང་ལས་ཡིན། །མིག་སྨན་སོགས་བཞིན་གསལ་བ་ལས། །དབང་པོའང་འདུ་བྱེད་མ་ཡིན་ཏེ། །དེ་ནི་ཡོད་མེད་དུས་དག་ལ། །རྟོགས་པ་ཐ་དད་མེད་ཕྱིར་རོ། ༈ །རིགས་རྣམས་ཀྱི་ནི་གསལ་བྱེད་ཀྱང༌། །གལ་ཏེ་རིགས་དང་ལྡན་འདོད་ན། །སྒྲོན་མེ་ལ་སོགས་གསལ་བྱེད་ནི། །བ་ལང་ཉིད་སོགས་དེ་ལྡན་འཐོབ། ༈ །གང་དག་རིགས་ནི་གསལ་བ་ལས། །གཞན་ནམ་གཞན་མིན་ཡོད་ཉིད་དེའི། །སྔོན་མེད་གསལ་བ་རྣམས་ལ་ནི། །སྤྱི་ཡི་བློ་གྲོས་ཇི་ལྟར་ཡིན། །གཅིག་ལ་ཡོད་པ་མཐོང་བ་ནི། །གཞན་ལ་མཐོང་བ་མི་སྲིད་ཕྱིར། ༈ །གཞན་ཉིད་མིན་ན་རྗེས་འགྲོ་མེད། །གཞན་ཉིད་ན་ཡང་རྟེན་མིན་ཕྱིར། ༈ །མི་འགྲོ་དེ་ན་ཡོད་པའང་མིན། །ཕྱིས་ཡོད་ཆ་དང་ལྡན་པའང་མིན། །རྟེན་སྔ་མ་ནི་ཡོངས་མི་འདོར། །ཀྱེ་མ་ཕོངས་པའི་རྒྱུ་ཉིད་ཡིན། ༈ །གཞན་ལ་གནས་པར་འགྱུར་པ་ནི། །རང་གི་གནས་ལས་མི་གཡོ་ཞིང༌། །དེ་ལས་གནས་གཞན་སྐྱེ་བ་ལ། །གནས་ན་ཤིན་ཏུ་རིགས་པར་ལྡན། །གང་ན་དངོས་དེ་གནས་གྱུར་པ། །དེར་ནི་འབྲེལ་པའང་མ་ཡིན་ལ། །དེ་དག་ཡུལ་ཅན་ལ་ཁྱབ་པ། །ཅིག་དེ་ནི་ངོ་མཚར་ཆེ། ༈ །གལ་ཏེ་ཀུན་ན་རིགས་ཡོད་ན། །གཅིག་ཏུ་གསལ་བས་དེ་གསལ་ཉིད། །ཐ་དད་མེད་ཕྱིར་ཀུན་དུ་མཐོང༌། ༈ །དེ་ཡང་གསལ་བ་ལ་ལྟོས་མིན། །གསལ་བྱེད་རྟོགས་པ་མ་ཡིན་ན། །གསལ་བྱ་ཡང་དག་རྟོགས་པ་མིན། །སྤྱི་དང་དེ་དང་ལྡན་པ་དག །ཅི་ཡི་ཕྱིར་ན་བཟློག་པར་འདོད། ༈ །ཐ་དད་མེད་དོན་མེད་པར་ཡང༌། །འཚེད་པ་པོ་སོགས་བརྗོད་པ་ཡིན། ༈ །ཐ་དད་ཕྱིར་ན་ལས་རྒྱུ་མིན། ༈ །འདི་ཡི་རིགས་མིན་ལས་འབྲེལ་ཕྱིར། ༈ །མཉན་པ་གཞན་གྱི་རྒྱུ་མཚན་ཕྱིར། ༈ །ལས་ཀྱང་གནས་པ་ཡོད་མ་ཡིན། ༈ །འབྲེལ་པ་མེད་ཕྱིར་སྒྲ་ཡི་རྒྱུ། །སྤྱི་ཡིན་མི་རིགས་མིན་པ་མིན། །ཧ་ཅང་ཐལ་ཕྱིར་ལས་མེད་ནའང༌། །ཤེས་རྗོད་དག་གི་མ་ཡིན་ཏེ། །རྒྱུ་མཚན་ཅན་མིན་ཐོབ་ཕྱིར་རོ། ༈ །རྗེས་འགྲོ་མེད་ཕྱིར་ནུས་པའང་མིན། །གལ་ཏེ་འཚེད་པོ་ཉིད་སོགས་སྤྱི། །དང་པོ་ཉིད་དུ་དེ་ཡོད་སོགས། །བཞིན་དུ་གསལ་འགྱུར་མིན་ན་ནི། །ཁྱད་པར་མེད་ཕྱིར་ཕྱིས་མི་འགྱུར། ༈ །བྱ་བས་ཕན་འདོགས་ལྟོས་གསལ་བྱེད། །ཡིན་ན་འགྱུར་མེད་ལྟོས་པ་མེད། །འདི་ནི་ཕུལ་བྱུང་ཡོད་ན་ཡང༌། །སྐད་ཅིག་ཉིད་ཕྱིར་བྱ་གང་ལས། ༈ །ཐ་དད་མཚུངས་པ་ཡིན་ན་རིགས། །ཉེ་བ་གང་འགའ་ཞིག་ལ། །རབ་འཇུག་གཞན་ལ་མིན་དེ་ཉིད། །སྒྲ་དང་ཤེས་པའི་རྒྱུ་ཡིན་ནོ། ༈ །གལ་ཏེ་ལྡོག་པ་སྤངས་པ་ཡིས། །དངོས་པོའི་རྗེས་འགྲོ་གཞན་མེད་ན། །གཅིག་གི་འབྲས་བུ་གཞན་གྱི་ར་མིན། །ཤིན་ཏུ་ཐ་དད་ཕྱིར་ཞེ་ན། ༈ །གལ་ཏེ་བདག་ཉིད་གཅིག་པ་ཡིས། །དུ་མ་འབྲས་བུ་གཅིག་བྱེད་ན། །བདག་ཉིད་གཅིག་ལའང་དེ་ཡོད་ཕྱིར། །ལྷན་ཅིག་བྱེད་པ་ཡོད་མེད་འགྱུར། །ཐ་དད་མེད་པའི་ངོ་བོ་དེ། །མི་འགྲོ་ཁྱད་པར་རྣམ་ངེས་བྲལ། ༈ །གཅིག་དང་བྲལ་ན་འབྲས་མེད་ཕྱིར། ༈ །བྱེ་བྲག་རྣམས་ལས་དེ་དག་འབྱུང༌། །དོན་བྱེད་ནུས་པ་གང་ཡིན་པ། །དེ་ཉིད་དོན་དམ་ཡོད་པ་ཡིན། །དེ་ཡང་རྗེས་འགྲོ་མེད་གང་ཞིག །རྗེས་འགྲོ་དེ་ལས་འབྲས་མི་འབྱུང་། ༈ །དེ་ན་བདག་ཉིད་ཐ་དད་ཀྱང༌། །འགའ་ཞིག་རྒྱུ་ཡིན་གཞན་པ་མིན། །རང་བཞིན་འདི་ཡིན་ཐ་དད་པ། །མེད་ན་ཅིག་ཅར་སྐྱེ་འཇིག་འགྱུར། ༈ །དེ་ལས་ཐ་དད་པས་དེ་ལྟར། །མི་འགྱུར་ཞེ་ན་གཅིག་འཇིག་ཚེ། །བདག་གནས་ན་ནི་དེ་ཡི་མིན། །དེས་ན་སྤྱི་ཁྱད་བློར་མི་འགྱུར། །ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །གནས་དང་མི་གནས་རྟོག་པ་མིན། །སྤྱི་ཡི་བློ་ཡང་བསླད་པ་ཡིན། །དེ་ཕྱིར་སུན་དབྱུང་བ་ཡང་མེད། ༈ །དེ་ཡི་སྐྱེད་བྱེད་ངོ་བོ་གང༌། །དེ་ལས་གཞན་པས་ཇི་ལྟར་སྐྱེད། ༈ །ཐ་དད་ཁྱད་པར་ཉིད་སྐྱེད་བྱེད། ༈ །དེ་ལ་ཐ་དད་མིན་པའང་ཡོད། །ཅེ་ན་དེས་དེ་སྐྱེད་མིན་བརྗོད། ༈ །སྣང་བའང་གཞན་ལ་མི་བརྟེན་པས། །ཐ་དད་བྱེད་ཡིན་དེ་ཉིད་དོན། །དེ་ནི་གཞན་ལས་ལོག་པ་ཡིན། །དེ་ནི་རྒྱུ་དང་འབྲས་བུར་བཤད། །དེ་ནི་རང་གི་མཚན་ཉིད་འདོད། །དེ་ནི་བླང་དོར་འབྲས་ཅན་པས། །སྐྱེས་བུ་ཐམས་ཅད་འཇུག་པ་ཡིན། ༈ །ཇི་ལྟར་ཐ་དད་མེད་ཁྱད་མེད། །ན་ཡང་ཐམས་ཅད་ཀུན་སྒྲུབ་མིན། །དེ་བཞིན་ཐ་དད་ཁྱད་མེད་ནའང༌། །ཐམས་ཅད་ཀུན་གྱི་སྒྲུབ་བྱེད་མིན། ༈ །ཐ་དད་ན་ཡང་དངོས་པོ་ཡི། །ཆོས་ཉིད་ཀྱིས་འགའ་བྱེད་པོར་འགྱུར། ༈ །ཐ་དད་མེད་ནའང་གཅིག་ཉིད་ཀྱི། །བྱེད་དང་མི་བྱེད་འགལ་བར་འགྱུར། །ཐ་དད་ཡོད་དེའི་ཕྱིར་བྱ་མེད། །ཅེ་ན་ལྷན་ཅིག་བྱེད་མི་བྱེད། །འོན་ཏེ་རིམ་བཞིན་བྱེད་པོ་ཉིད། །དེ་ཅི་དངོས་དེ་ཉིད་ཀྱིའམ། ༈ །དེ་ལྡན་དངོས་པོ་ཤིན་ཏུ་ནི། །ཐ་དད་ཐ་དད་མེད་འགྱུར་བའམ། །འདྲ་དང་མི་འདྲའི་བདག་ཉིད་ཅན། །རྣམ་གྲངས་ཕན་ཚུན་ཐ་དད་འགྱུར། ༈ །དེ་ཡང་ཐ་དད་འགྱུར་ཞེ་ན། །བདག་ཉིད་གང་གིས་དེ་དག་གི །ཁྱད་པར་སྤྱི་ཞེས་བྱ་བ་དེ། །གལ་ཏེ་དེ་དག་ཐ་དད་ན། །ཐ་དད་ཉིད་འགྱུར་དེ་ལྟ་ནའང༌། །ཇི་ལྟར་བུམ་སོགས་ཕན་ཚུན་བཞིན། །སྤྱི་དང་ཁྱད་པར་དུ་འདོད་པའང༌། །སྤྱི་དང་ཁྱད་པར་ཅན་མི་འགྱུར། །གང་གི་བདག་ཉིད་མདུན་བྱས་ནས། །བསྒྲུབ་བྱ་དེ་འབྲས་འདོད་པ་ཅན། །སྐྱེས་བུ་འདི་ནི་འཇུག་པར་འགྱུར། །དེ་རྟེན་ཐ་དད་ཐ་དད་མེད། །དཔྱད་བྱ་རང་བདག་ཉིད་ཐ་དད། །ལྡོག་པ་མཚུངས་པ་འདི་དག་ནི། །ཡོད་ཉིད་དངོས་པོ་རྗེས་འགྲོ་མེད། །འཇུག་པ་ལ་སོགས་ཐལ་འགྱུར་ཕྱིར། ༈ །དེ་ཉིད་ཀྱིས་ནི་འཛེམ་མེད་པ། །མུན་སྤྲུལ་གང་ཅིའང་རུང་སྨྲ་བ། །དེ་དག་ཀྱང་ནི་བསལ་བ་ཡིན། །མཐའ་གཅིག་པ་ནི་སྲིད་ཕྱིར་རོ། །ཐམས་ཅད་གཉིས་ཀའི་ངོ་བོ་ཉིད། །དེ་ཡི་ཁྱད་པར་བསལ་བའི་ཕྱིར། །ཞོ་འཐུང་ཞེས་ནི་བསྐུལ་བ་ན། །ཅི་ཕྱིར་རྔ་མོ་ལ་མི་རྒྱུག །འོན་ཏེ་ཕུལ་བྱུང་འགའ་ཞིག་ཡོད། །གང་གིས་ཁྱད་པར་འཇུག་འགྱུར་ན། །དེ་ཉིད་ཞོ་ཡིན་དེ་གཞན་ལ། །མེད་ཕྱིར་གཉིས་ཀ་མིན་གཞན་མིན། །ཐམས་ཅད་ཀུན་བདག་ཉིད་ཡིན་ན། ༈ །བློ་སྒྲ་ཐ་དད་པར་མི་འགྱུར། །ཐ་དད་བསྡུས་པར་སྨྲ་བ་ལ། །དེ་མེད་ཕྱིར་ན་མི་སྲིད་འགྱུར། ༈ །དངོས་མེད་ངོ་བོ་མེད་པའི་ཕྱིར། །ངོ་བོ་བརྗོད་པ་དཔྱད་བྱ་ཉིད། །མ་ཡིན་སྒྲ་ནི་དེ་དག་ཉིད། །རྣམ་གཅོད་རྗོད་པར་བྱེད་པར་གྲུབ། །རང་བཞིན་ཁྱད་པར་བྱེ་བྲག་ལ། །ལྟོས་པའམ་འོན་ཏེ་འབའ་ཞིག་པ། །བསྒྲུབ་བྱ་སྒྲུབ་པའི་ཕྱིར་བརྗོད་དེ། །འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །གལ་ཏེ་གཏན་ཚིགས་ཡོད་རང་བཞིན། །ཡོད་པ་ཇི་ལྟར་བསྒྲུབ་བྱ་མིན། །ཁྱད་པར་རྗེས་འགྲོ་མེད་པ་ནི། །གཏན་ཚིགས་བསྒྲུབ་བྱ་དག་ལས་ཉམས། །ཡོད་པའི་ཁྱད་པར་ཙམ་དུ་ནི། །བསྒྲུབ་བྱ་སྤྱི་ཡི་ཆོས་ཅན་ལ། །དོན་འགའ་ཞིག་ཡང་འགྲུབ་མི་འགྱུར། །འདི་འདྲ་བ་ཡང་བཀག་པ་མེད། ༈ །ཁྱད་པར་བསྒྲུབ་བྱར་བཟུང་ན་འདིར། །གཏན་ཚིགས་རྗེས་འགྲོ་མེད་ཅན་འགྱུར། །ཡོད་པ་བསྒྲུབ་བྱ་ཡིན་ན་དེས། །ཁྱད་པར་དག་ནི་བསྒྲུབ་བྱར་འགྱུར། ༈ །དེ་ཡི་ཁྱད་པར་གཟུང་མེད་པར། །དངོས་པོ་ཙམ་ན་སྒྲུབ་པ་ན། །དེ་ཙམ་ཁྱབ་བྱེད་བསྒྲུབ་བྱ་ཡི། །རྗེས་སུ་འགྲོ་བ་ཉམས་པ་མེད། །མ་གྲུབ་པ་ལ་ཡོད་ཆོས་མེད། །གཉིས་ཀ་ལ་བརྟེན་འཁྲུལ་པ་ཅན། །མེད་པའི་ཆོས་ནི་འགལ་ཡིན་ན། །ཡོད་དེ་ཇི་ལྟར་བསྒྲུབ་བྱར་འགྱུར། །རང་བཞིན་སྒྲུབ་པ་གོ་བྱེད་ཡིན། །དེ་ལ་ཁྱབ་བྱེད་ངེས་པ་ཡིན། །རང་བཞིན་ངེས་པ་གོ་བྱ་ཡིན། །འདི་ལྡོག་པ་ན་དེ་ལྡོག་བྱེད། །དཔེར་ན་མི་རྟག་ཉིད་བྱས་པའམ། །མ་བྱས་པས་ན་མི་འཇིག་བཞིན། ༈ །རྒྱུ་མེད་ཕྱིར་ན་འཇིག་པ་ན། །རང་གི་ངོ་བོས་རྗེས་འབྲེལ་ཉིད། །དངོས་པོ་ལྟོས་དང་བཅས་རྣམས་ནི། །ངེས་པར་འགྱུར་བ་མེད་པར་མཐོང༌། །དེ་རྒྱུ་མང་པོ་ཡོད་ན་ཡང༌། །འགའ་ཞིག་ལ་ནི་མི་སྲིད་འགྱུར། ༈ །དེས་ན་འབྲས་གནས་མེད་པའི་ཕྱིར། །འཇིག་པ་རྒྱུ་ལྡན་སྨྲ་རྣམས་ཀྱི། །འཇིག་པའི་རྒྱུ་ནི་ཐམས་ཅད་དག །འཁྲུལ་པ་ཉིད་དུ་བཤད་པ་ཡིན། ༈ །དེ་རྒྱུ་ནུས་པ་མེད་ཕྱིར་ཡང༌། །འདི་ནི་ངོ་བོ་ཉིད་ཀྱིས་འགྱུར། །གང་ལ་འགྱུར་ཞེས་བྱ་དེ་ལས། །གཞན་ལའང་ངོ་བོ་ཉིད་ཀྱིས་འགྱུར། །དེས་ན་དངོས་པོའི་ཡུལ་ཅན་གྱི། །རྗེས་སུ་དཔོག་གང་རྣམ་གཉིས་ཏེ། །འབྲས་དང་ངོ་བོ་དེ་དག་ལས། །རང་བསྒྲུབ་བྱ་ལ་འབྲེལ་དེས་ཕྱིར། །འཇུག་པ་བློ་སྔོན་ཅན་ཉིད་ཕྱིར། །དེ་ཡི་ངོ་བོ་མི་དམིགས་ན། །འཇུག་པར་མི་བྱེད་ཅེས་བྱ་བས། །མི་དམིགས་པ་ནི་ཚད་མར་བཤད། །བསྟན་བཅོས་སྐབས་དང་འབྲེལ་མེད་དང༌། །དོན་རྣམས་དབང་པོ་ལས་འདས་པ། །རྟགས་མེད་པ་ཅན་དེ་རྣམས་ནི། །མི་དམིགས་ཕྱིར་ན་ཇི་ལྟར་མེད། །ཡོད་མེད་ངེས་པའི་འབྲས་ཅན་མིན། །ཕྱིར་ན་ཚད་མ་ཉིད་མི་འགྱུར། །རྟགས་ཀྱི་ཕུལ་བྱུང་ཡོད་པ་ཅན། །ལ་ལ་ཚད་མ་དག་ཏུ་འགྱུར། །རང་བཞིན་ཤེས་བྱེད་མི་ཤེས་ལ། །རིགས་པ་འདི་ནི་བརྗོད་པ་ཡིན། ༈ །རྒྱུ་མི་ཤེས་ན་འབྲས་བུ་ནི། །མེད་པ་ཉིད་དུ་སྒྲུབ་པར་བྱེད། །དོན་གྱི་རང་བཞིན་རྟགས་ཅན་ལ། །རང་བཞིན་མི་དམིགས་པ་ཡང་ཡིན། །གལ་ཏེ་གཏན་ཚིགས་འགའ་ཞིག་གིས། །དེ་མེད་པར་ནི་རྟོགས་པར་འགྱུར། །སྣང་རུང་མཐོང་བ་མེད་པའི་རྒྱུ། །མི་སྲིད་པར་ནི་གྱུར་པ་ན། །སྣང་རུང་དངོས་པོ་མ་དམིགས་པའི། །དངོས་པོ་མེད་པ་རྟོགས་པར་འགྱུར། ༈ །འགལ་བའི་དངོས་པོ་ཡོད་ན་ཡང༌། །དེ་ཡོད་པ་ལ་གནོད་བྱེད་ཕྱིར། །དེ་དང་འགལ་བ་དམིགས་པ་ནི། །མེད་པ་ཉིད་དུ་ངེས་པར་འགྱུར། ༈ །ཐོག་མེད་བག་ཆགས་ལས་བྱུང་བའི། །རྣམ་པར་རྟོག་པས་ཡོངས་བསྒྲུབས་པ། །ཡོད་མེད་གཉིས་ཀ་ལ་བརྟེན་པ། །སྒྲ་དོན་ཆོས་ནི་རྣམ་པ་གསུམ། ༈ །དེ་དངོས་ཉེར་ལེན་མེད་པ་ཅན། །སྒྲུབ་ལ་དེ་མི་དམིགས་པ་ནི། །དེ་ལྟར་གཏན་ཚིགས་དེ་ཉིད་ནི། །མེད་པ་མ་ཡིན་སྒྲ་སྦྱོར་ཕྱིར། ༈ །དོན་དམ་གཅིག་ཏུ་འཇུག་ཉིད་ཅན། །མཐོང་བའི་བྱེ་བྲག་ཐ་དད་པའི། །དོན་རྣམས་ལ་ནི་སྒྲ་རྣམས་ནི། །རྒྱུ་མེད་ཅན་འཇུག་མི་འགྱུར་དང༌། །འདས་དང་མ་སྐྱེས་པ་ལ་ཡང༌། །ཚིག་འགའ་ཞིག་ཀྱང་བརྫུན་པ་ཡི། །དོན་ཅན་ཉིད་དུ་མི་འགྱུར་ཕྱིར། །དེ་དག་བློ་དོན་ཡུལ་ཅན་འདོད། ༈ །སྒྲ་དོན་བསྙོན་པ་སྒྲུབ་པ་ལ། །ཆོས་ཀྱི་རྟེན་ནི་བསལ་བའི་ཕྱིར། །ཚོགས་པ་བསྒྲུབ་བྱར་མི་འགྱུར་ལ། །ཡན་གར་ཆོས་ནི་གྲུབ་པ་ཡིན། །སྒྲ་དོན་བསྙོན་པ་མེད་རྣམས་ཀྱིས། །ཡོད་མེད་ཕྱོགས་ཀྱི་བྱེ་བྲག་གིས། །དངོས་པོ་ཉིད་ནི་དཔྱད་བྱ་སྟེ། །འདི་ལས་འབྲས་འབྱུང་རག་ལས་ཕྱིར། ༈ །དོན་བྱེད་ནུས་པ་མ་ཡིན་ལ། །དོན་གཉེར་བརྟགས་པས་ཅི་ཞིག་བྱ། །མ་ནིང་གཟུགས་བཟང་མི་བཟང་ཞེས། །འདོད་ལྡན་རྣམས་ཀྱིས་བརྟགས་ཅི་ཕན། ༈ །རྟོག་པའི་ཤེས་པའི་ཡུལ་ཉིད་ཀྱིས། །སྒྲ་ཡི་དོན་ནི་བརྟགས་པ་ཡིན། །དངོས་རྟེན་མ་གྲུབ་འདི་ཆོས་སུ། །རིག་པ་སྨྲ་བས་གསུངས་པ་ཡིན། ༈ །སྒྲ་རྣམས་དངོས་དང་ལྷན་ཅིག་ཏུ། །མེད་ན་མི་འབྱུང་ཉིད་མེད་ཕྱིར། །དེ་ལས་དོན་གྲུབ་མིན་དེ་དག །སྨྲ་བོའི་བསམ་པ་སྟོན་པར་བྱེད། ༈ །ཡིད་ཆེས་ཚིག་ནི་མི་སླུ་བའི། །སྤྱི་ལས་རྗེས་སུ་དཔག་པ་ཉིད། །འབྲེལ་པ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་རྗོད་བྱེད་དག །ཡོངས་བརྟགས་དབང་དུ་བྱས་ཡིན་གྱི། །དེ་ལས་གཞན་པའི་དབང་བྱས་མིན། །མཐོང་དང་མ་མཐོང་དངོས་པོ་ཡི། །དོན་དེ་དག་ལ་མངོན་སུམ་དང༌། །རྗེས་སུ་དཔག་རྣམ་གཉིས་ཀྱིས་ཀྱང༌། །གནོད་མེད་འདི་ཡི་མི་སླུ་བའོ། ༈ །ཡིད་ཆེས་ཚིག་ནི་མི་སླུ་བའི། །སྤྱི་ལས་འདི་ཡུལ་ལྐོག་གྱུར་ནའང༌། །གོ་སྐབས་མེད་པའི་ཕྱིར་བློ་ནི་།རྗེས་སུ་དཔག་པ་ཉིད་དུ་གསུངས། ༈ །བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་བཅས་རབ་ཏུ་ངེས་པ་ཡིས། །གཙོ་བོའི་དོན་ལ་མི་སླུའི་ཕྱིར། །གཞན་ལ་རྗེས་སུ་དཔག་པ་ཡིན། ༈ །སྐྱེས་བུ་ཕུལ་བྱུང་ལ་ལྟོས་པ། །ཇི་བཞིན་དོན་དུ་གཞན་གྱིས་ཤེས། ༈ །གལ་ཏེ་ཕུལ་དུ་བྱུང་བ་དེ། །ཤེས་པར་ནུས་ན་དོན་འདི་འདོད། ༈ །འདི་ནི་འདི་ལྟའམ་མིན་ནོ་ཞེས། །གཞན་ལ་སྐྱོན་ལྡན་སྐྱོན་མེད་པའམ། །ཚད་མ་རྣམས་ནི་རྙེད་དཀའི་ཕྱིར། །རྟོགས་དཀའ་ཞེས་ནི་གཞན་གྱིས་ཤེས། །འགྲིབ་དང་ཕུལ་བྱུང་བརྟེན་པ་ཀུན། །མི་མཐུན་ཕྱོགས་དང་བཅས་ཉིད་ཕྱིར། །དེ་གོམས་པ་ལས་བདག་འགྱུར་བས། །ལ་ལ་ཟག་པ་ཟད་པར་འགྱུར། ༈ །འཚེ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལ་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་བཟློག་སྟེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཉེས་པ་རྣམ་པ་ཐམས་ཅད་དག །འཇིག་ཚོགས་ལྟ་ལས་སྐྱེས་པ་ཡིན། །དེ་མ་རིག་དེར་དེ་ལ་ཆགས། །དེ་ལས་ཞེ་སྡང་ལ་སོགས་འབྱུང༌། །དེ་ཉིད་ཀྱིས་ན་ཉེས་རྣམས་ཀྱི། །རྒྱུ་ནི་གཏི་མུག་ཡིན་པར་གསུངས། །གཞན་ལས་འཇིག་ཚོགས་ལྟ་བ་སྟེ། །དེ་སྤངས་པ་ན་སྤོང་ཕྱིར་རོ། ༈ །ཚིག་རྣམས་ལོག་པ་ཉིད་ཀྱི་རྒྱུ། །ཉེས་རྣམས་སྐྱེས་བུ་ལ་བརྟེན་ཕྱིར། །སྐྱེས་བུས་མ་བྱས་བདེན་དོན་ཅན། །ཞེས་ནི་ལ་ལ་རྗོད་པར་བྱེད། །ཚིག་རྣམས་བདེན་པ་ཉིད་ཀྱི་རྒྱུ། །ཡོན་ཏན་སྐྱེས་བུ་ལ་བརྟེན་ཕྱིར། །སྐྱེས་བུས་མ་བྱས་ལོག་པའི་དོན། །ཅིས་མིན་ཞེས་ནི་གཞན་དག་བརྗོད། ༈ །དོན་ཤེས་བྱེད་པ་དག་གི་རྒྱུ། །བརྡ་ནི་སྐྱེས་བུ་ལ་བརྟེན་པས། །ཚིག་རྣམས་སྐྱེས་བུས་བྱས་མིན་ཡང༌། །དེ་ཕྱིར་ལོག་པ་ཉིད་དུ་སྲིད། ༈ །འབྲེལ་པ་སྐྱེས་བུས་བྱས་མིན་ན། །བརྡ་རིག་མེད་པར་རྟོགས་པར་འགྱུར། །བརྡ་ལས་དེ་ནི་གསལ་ཡིན་ན། །བརྟགས་པ་གཞན་དག་ནུས་མེད་འགྱུར། ༈ །ཚིག་རྣམས་དོན་གཅིག་ལ་ངེས་ན། །དོན་གཞན་རྟོགས་པར་མི་འགྱུར་རོ། ༈ །དོན་དུ་མ་དང་མངོན་འབྲེལ་ན། །འགལ་བ་གསལ་བར་བྱེད་པ་ཡིན། །སྐྱེས་བུས་མ་བྱས་པ་ཉིད་ཀྱང༌། །ཀུན་དུ་བརྟགས་པ་དོན་མེད་འགྱུར། །ཐ་དད་རྣམས་ལ་འབྲེལ་པ་ཡང༌། །རྣམ་པར་གཞག་ཕྱིར་གཏན་ཚིགས་བརྗོད། ༈ །སྐྱེས་བུས་ལེགས་པར་མ་བྱས་པ། །རྣམ་པ་ཀུན་དུ་དོན་མེད་འགྱུར། །ལེགས་བྱས་ཁས་ལེན་ན་འདི་ནི། །དངོས་སུ་གླང་ཆེན་ཁྲུས་འདྲར་འགྱུར། ༈ །འབྲེལ་པ་ཅན་རྣམས་མི་རྟག་ཕྱིར། །འབྲེལ་པ་ལ་རྟག་ཡོད་མ་ཡིན། ༈ །དེ་ཕྱིར་དོན་དང་སྒྲ་ཡི་དེ། །སྐྱེས་བུའི་བློ་ཡིས་ལེགས་པར་བྱས། ༈ །དོན་དང་ལྷན་ཅིག་སྐྱེས་ན་ནི། །སྒྲ་རྣམས་ལ་ནི་རང་བཞིན་དག །རྣམ་པར་བཟློག་པར་མི་རིགས་སོ། ༈ །རྣམ་བརྟགས་འབྲེལ་ལ་ཉེས་འདི་མེད། །གལ་ཏེ་རྟེན་འདི་འཇིག་ན་ཡང༌། །འཇིག་མིན་རྟག་ཕྱིར་རིགས་དང་འདྲ། །རྟག་རྣམས་ལ་བརྟེན་ནུས་པ་གང༌། །གང་གིས་དེ་རྟེན་འདོད་པ་ཡིན། །ཤེས་པ་སྐྱེད་པར་བྱེད་པ་ཡིས། །ལྷན་ཅིག་བྱེད་རྒྱུ་རྣམས་ཚོགས་ན། །དེ་སྐྱེད་པར་ནི་རུང་ཉིད་ཕྱིར། །རིག་པ་ཤེས་པས་བུམ་སོགས་ཀྱང༌། །སྐྱེ་བ་ལ་ནི་གསལ་བར་འདོད། །འགྱུར་བ་མེད་རྣམས་ཁྱད་མེད་པས། །གསལ་བྱེད་རང་གིས་དོན་ཅི་བྱས། །གང་ཕྱིར་དེས་དེ་གསལ་འདོད་པ། །འབྲེལ་པ་དངོས་པོ་ཉིད་གྱུར་མོད། །ཐ་དད་ཕྱིར་བློ་སྣ་ཚོགས་འགྱུར། ༈ །དེ་ལས་ཐ་དད་མིན་དེ་ཉིད། །འདི་ལས་གཞན་དངོས་ཡོད་མ་ཡིན། །དངོས་པོའི་ངོ་བོ་ཐ་དད་ཕྱིར། །འབྲེལ་པ་རྟོག་པས་བྱས་པ་ཡིན། །ཡོད་རྫས་གཞན་ལ་རག་ལུས་པའམ། །གཞན་གྱི་འབྲེལ་པར་ཇི་ལྟར་འགྱུར། །ཡི་གེ་དོན་མེད་ཅན་འགྱུར་ཞིང༌། །ཚིག་སོགས་ཀུན་བརྟགས་དངོས་མེད་ལ། །དངོས་པོ་ཡི་ནི་འབྲེལ་པ་འདི། །ཇི་ལྟ་བུར་ནི་འཇུག་པར་འགྱུར། ༈ །བྱེད་པ་པོ་རྣམས་མི་དྲན་ཕྱིར། །སྐྱེས་བུས་མ་བྱས་ཀྱང་འདོད་ལོ། །འདི་ལའང་རྗེས་སུ་བརྗོད་པ་ཡོད། །དེས་ན་ངན་པའི་མུན་པས་ཁྱབ། །ཇི་ལྟར་སྐྱེས་བུ་འདི་གཞན་ལས། །མ་ཐོས་པར་ནི་ཡི་གེ་དང༌། །ཚིག་བཀོད་པ་ནི་བརྗོད་ནུས་མེད། །དེ་ལྟར་གཞན་ལའང་འགའ་ཞིག་སྨྲ། ༈ །སྤེལ་བ་ཡི་ནི་གཞུང་གཞན་ཡང༌། །མན་ངག་ལས་གཞན་གཞན་དག་གིས། །འདོན་པ་གང་མཐོང་གང་གིས་ན། །དེ་ཡང་དེ་ལྟར་རྗེས་མི་དཔོག་༈ །རིགས་གང་གང་ལས་གྲུབ་པ་དེ། །ཁྱད་པར་མེད་དེ་མེ་ཤིང་བཞིན། །རྒྱུ་མ་མཐོང་བ་ཅན་གཞན་ཡང༌། །དེ་ལས་འགྱུར་བར་ཡང་དག་ཤེས། །དེ་ལ་འབྲས་མཚུངས་མཐོང་བའི་ཕྱིར། །ཁྱད་པར་དག་ནི་མ་བསྟན་པར། །གཏན་ཚིགས་རབ་ཏུ་སྤྲོས་པ་གང༌། །དེ་དག་ཐམས་ཅད་འཁྲུལ་པ་ཅན། །རྣམ་ཀུན་ཐོག་མེད་གྲུབ་གྱུར་མོད། །དེ་ལྟར་སྐྱེས་མིན་རྟེན་ཅན་མིན། །དེ་ཕྱིར་སྐྱེས་བུས་མ་བྱས་ཉིད། །གཞན་ཡང་མི་ལ་མི་བརྟེན་འགྱུར། ༈ །ཀླ་ཀློ་ལ་སོགས་ཐ་སྙད་དང༌། །མེད་པར་སྨྲ་བའི་ཚིག་རྣམས་ཀྱང༌། །ཐོག་མེད་ཕྱིར་ན་དེ་བཞིན་འགྱུར། །སྔོན་འདུས་བྱས་པའི་རྒྱུ་ཡིན་ཕྱིར། །དེ་འདྲའི་སྐྱེས་བུས་མ་བྱས་ཉིད། །གྲུབ་ནའང་ཡོན་ཏན་ཅི་ཞིག་ཡོད། །དོན་གྱི་འདུ་བྱེད་ཁྱད་པར་རྣམས། །མཐོང་ཕྱིར་ཐེ་ཚོམ་དག་ཀྱང་ཡིན། ༈ །ཡིག་རྣམས་གཞན་དང་ཁྱད་མེད་ཕྱིར། །སྒྲུབ་པར་བྱེད་ན་འབྲས་ཅིར་འགྱུར། །ངག་ནི་ཡི་གེ་ལས་ཐ་དད། །ཡོད་པ་མིན་ཏེ་མ་དམིགས་ཕྱིར། །ཡན་ལག་དུ་མའི་བདག་ཉིད་ཡིན། །དེ་རྣམས་ཐ་དད་དོན་མེད་ཉིད། །དེ་དངོས་ཅན་མིན་དེ་དངོས་ཅན། །བརྟགས་པ་སེང་གེ་ཉིད་སོགས་བཞིན། །རེ་རེ་དོན་བཅས་ཉིད་ཡིན་ནམ། །དུ་མ་ཉིད་བཏགས་ལོག་པ་ཡིན། །ཡན་ལག་གཅིག་ནི་རྟོགས་པས་ཀྱང༌། །དག་གི་དོན་དག་རྟོགས་པར་འགྱུར། ༈ །ཐམས་ཅད་ཅིག་ཅར་རྟོགས་པ་ནའང༌། །དུས་ཀྱི་ཁྱད་པར་མི་རུང་ངོ༌། ༈ །གཅིག་ཉིད་ན་ཡང་ཐ་དད་མེད། །རིམ་གྱིས་རྟོགས་པ་མི་སྲིད་ཕྱིར། ༈ །མི་རྟག་ན་ནི་རྩོལ་བྱུང་ཕྱིར། །དེ་ཅི་སྐྱེས་བུས་བྱས་པ་མིན། །རྟག་ཉིད་ཡིན་ཡང་རྟག་པར་ནི། །དམིགས་འགྱུར་སྒྲིབ་གཡོགས་མེད་ཕྱིར་རོ། ༈ །གལ་ཏེ་ལྷན་ཅིག་བྱེད་འགའ་ཞིག །མ་ཚང་ཐོས་པ་མིན་ཞེ་ན། ༈ །ཅིས་ཀྱང་གཞན་ལྟོས་ཡིན་སླ་སྟེ། །ངེས་པ་དག་ནི་འགལ་བ་ཡིན། །གལ་ཏེ་དེ་དག་ཁྱབ་བྱེད་མིན། །ཐམས་ཅད་དུ་ནི་དམིགས་མི་འགྱུར། ༈ །གལ་ཏེ་ཁྱབ་ན་ཐམས་ཅད་ཀྱིས། །ཅིག་ཅར་དམིགས་པ་དག་ཏུ་འགྱུར། ༈ །འདུས་བྱས་དམིགས་པ་ཡིན་ན་ཡང༌། །འགྱུར་མེད་གང་གིས་འདུ་བྱེད་འགྱུར། ༈ །དབང་པོ་ལེགས་པར་བྱས་གྱུར་ན། །དེས་ཀྱང་མ་ལུས་ཐོས་པར་འགྱུར། །གལ་ཏེ་ལེགས་བྱས་ཁྱད་པར་ལས། །ཐ་དད་ཕྱིར་དོན་གཅིག་ངེས་ཡིན། ༈ །སྒྲ་ཡི་ཚོགས་པ་དུ་མ་ཡི། །ཅ་ཅོ་ཇི་ལྟར་ཐོས་པར་འགྱུར། ༈ །དེ་ལ་གལ་ཏེ་སྒྲ་ཡན་གར། །ཐོས་འགྱུར་རྗོད་བྱེད་མ་ཡིན་ན། ༈ །སྒྲ་ལས་ཐ་དད་ཡོད་དོ་ཞེས། །འདི་ལ་ཤིན་ཏུ་ཆེས་དད་བྱ། ༈ །སྒྲ་གཞན་དག་ནི་གནས་པ་ན། །རྗོད་བྱེད་ཇི་ལྟར་ཐོས་པ་ཡིན། ༈ །ཡང་ན་ནུས་པ་ངེས་པའི་ཕྱིར། །ཇི་ལྟར་ཐ་དད་སྒྲ་རྟོགས་འགྱུར། ༈ །ཉེས་པ་གང་དང་གང་གིས་ཀྱང༌། །སྒྲ་ཙམ་རྗོད་བྱེད་མི་འདོད་པ། །སྒྲ་ཙམ་དག་གིས་གསལ་བ་ནི། །ཇི་ལྟར་རྗོད་བྱེད་ལ་དེ་མེད། ༈ །གལ་ཏེ་ཡི་གེ་རིམ་པ་དག །ཡིག་རྣམས་ཐ་དད་མེད་ཕྱིར་མིན། །དེ་དག་རྣམ་པར་གཞག་པའང་མེད། །གོ་རིམས་གཞན་ནི་འགལ་ཕྱིར་རོ། ༈ །ཁྱབ་དང་རྟག་པར་བརྗོད་པའི་ཕྱིར། །ཡུལ་དང་དུས་ཀྱི་གོ་རིམས་མེད། ༈ །མི་རྟག་ཁྱབ་བྱེད་མ་ཡིན་པའི། །སྐྱོན་ཡང་སྔར་ནི་བརྗོད་པ་ཡིན། ༈ །གསལ་བའི་རིམ་པའང་དག་མིན་ཏེ། །རྟག་ལ་གསལ་བ་གསལ་ཕྱིར་རོ། ༈ །བྱེད་པ་རྣམས་ཀྱི་བྱ་ཉིད་ལས། །དེ་གྲུབ་ཕྱིར་ན་འབྲས་ཉིད་ཡིན། ༈ །གྲུབ་པའི་དོན་ལ་རབ་ཤེས་པས། །གཞན་བློའི་རྒྱུ་ནི་གསལ་བྱེད་འདོད། །དཔེར་ན་སྒྲོན་བཞིན་གཞན་དུ་ནའང༌། །བྱེད་པོ་ལས་འདི་ཁྱད་པར་ཅི།བྱེད་པ་རྣམས་ཀྱི་ཚོགས་པ་ཡི། །བྱ་བ་ལས་ནི་ངེས་པར་ཡང༌། །དམིགས་ཕྱིར་འབྲས་བུ་ཉིད་ཡིན་ཏེ། །གསལ་བྱེད་ལ་དེ་མི་སྲིད་ཕྱིར། །གལ་ཏེ་ཁྱེད་ཀྱི་དེ་ངོ་བོའི། །སྒྲིབ་བྱེད་བྲལ་བ་གསལ་ཡིན་ན། །ཅི་ཕྱིར་མེད་པ་ལ་བྱེད་པའི། །ཚོགས་ཀྱི་ནུས་པ་དེ་རུང་འགྱུར། །སྒྲ་དང་ཁྱད་པར་མེད་པའི་ཕྱིར། །གཞན་དག་ཀྱང་གསལ་ཐོབ་པར་འགྱུར། །དེ་བཞིན་དུ་ནི་ཁས་ལེན་ན། །རྒྱུ་རྣམས་ཀུན་ནི་དོན་མེད་ཉིད། ༈ །ངོ་ཤེས་པ་དང་ཡོད་སྦྱོར་སོགས། །གང་ཡིན་སྒྲུབ་བྱེད་འདོད་ན་ནི། །དཔེ་མེད་ཅན་ཡིན་དངོས་རྣམས་ནི། །སྐད་ཅིག་གིས་ནི་འཇིག་ཕྱིར་རོ། །རྟགས་ངན་གཞན་ཡང་སུན་དབྱུང་བྱ། །བློ་ནི་སྐྱེས་བུའི་རྟེན་ཅན་མིན། །ཁས་བླངས་མངོན་སུམ་གྲགས་པ་དང༌། །རྗེས་སུ་དཔག་པས་ཅིག་ཅར་གནོད། ༈ །ཡི་གེ་རྣམས་ལས་ཐ་དད་པའི། །རིམ་པའང་གསལ་བར་དཔྱད་ཟིན་ཏོ། ༈ །དེ་ནི་རྟོག་པས་སྒྲོ་བཏགས་ན། །ཇི་ལྟར་སྐྱེས་བུའི་རྟེན་ཅན་མིན། ༈ །འཇིག་པ་ཡོད་ཙམ་འབྲེལ་པ་ཅན། །ཉིད་ཕྱིར་སྒྲ་ནི་མི་རྟག་ཉིད། ༈ །མེ་ལས་དོན་གཞན་གྱུར་པ་དག་༈ །སྐྱེ་ན་འཇིག་པ་མེད་པའི་ཕྱིར། །ཤིང་ནི་མཐོང་བ་ཉིད་དུ་འགྱུར། ༈ །དེ་ཉིད་འདི་ཡིས་འཇིག་ཅེ་ན། །ཇི་ལྟར་གཞན་ནི་གཞན་འཇིག་འགྱུར། །བླ་སྟེ་ཅི་ཕྱིར་ཤིང་མི་སྣང༌། །དེས་གཟུང་ཕྱིར་མིན་ཞེ་ན་མིན། །གང་ཕྱིར་དེ་ཡིས་མི་སྒྲིབ་སྟེ། །སྐྱེ་ཕྱིར་འཇིག་པ་འཇིག་ཅན་འགྱུར། །དེ་ལྟ་ན་ཡང་ཤིང་མཐོང་འགྱུར། །གལ་ཏེ་གསོད་བྱེད་བསད་པ་ན། །ནག་པ་སླར་འབྱུང་མིན་ཇི་བཞིན། །འདི་ལའང་དེ་བཞིན་ཡིན་ཞེ་ན། །གསོད་བྱེད་བསད་པ་ཉིད་མ་ཡིན། ༈ །འཇིག་པ་གཞན་ཉིད་མ་ཡིན་ན། །ཤིང་ཉིད་འཇིག་པ་ཉིད་དུ་འགྱུར། །དེ་མེད་ཕྱིར་ན་རྒྱུ་མིན་ཉིད། །འདི་ལས་གཞན་པའི་རྣམ་པའང་མེད། །འཇིག་པ་རྒྱུ་མེད་ཅན་ཡིན་ནའང༌། །རྟག་ཕྱིར་དངོས་པོ་འཇིག་པ་དག །ལྷན་ཅིག་ཡོད་པར་འགྱུར་ཞེ་ན། །མེད་པ་རྟག་ཉིད་གང་ལས་ཡིན། །མེད་ལ་དངོས་འཇིག་མེད་ཉིད་ཀྱི། །ཐལ་བར་འགྱུར་བ་མི་རུང་སྟེ། །གང་ཕྱིར་དངོས་པོ་འཇིག་པ་ཡིས། །འཇིག་པ་དག་ནི་མི་འདོད་དོ། །དངོས་འཇིག་གཞན་ལ་ལྟོས་མེད་ཕྱིར། །དེ་ཤེས་དོན་དུ་སེམས་ཀྱིས་ནི། །དེ་ཡི་ཐ་དད་སྒྲོ་བཏགས་ནས། །གནས་སྐབས་དེ་རྒྱུ་མེད་ཅན་བཤད། ༈ །མེད་པ་རང་ཉིད་ལས་ཡོད་ནའང༌། །རྣམ་རྟོག་འདི་ནི་མཚུངས་ཤེ་ན། །དེ་ཡི་ཅུང་ཟད་འགྱུར་མེད་དེ། །མེད་པར་གྱུར་པ་ཙམ་ཞིག་ཡིན། ༈ །ཡོད་ལ་རྣམ་རྟོག་འདི་འགྱུར་ཏེ། །བསྒྲུབ་པ་དངོས་དང་འབྲེལ་ཕྱིར་རོ། ༈ །མེད་པ་ཡིན་ཞེས་གསུངས་པ་ནི། །དངོས་པོ་མིན་ཞེས་བྱ་བའང་ཡིན། །གལ་ཏེ་བྱ་བ་ཅུང་ཟད་ཅིག །ཡོད་ན་གཞན་ལ་ལྟོས་འགྱུར་གྱི། །དངོས་གང་ཅུང་ཟད་མི་བྱེད་ལ། །ཅི་སྟེ་འགའ་ཞིག་གིས་ལྟོས་འགྱུར། ༈ །དེས་ནི་རྒྱུ་མེད་ཅན་ཡིན་ནའང་། །མ་སྐྱེས་པ་ལས་འཇིག་འགྱུར་ཕྱིར། །ཡོད་པ་ཉིད་དང་འཇིག་ཡིན་སྐྱོན། །ཧ་ཅང་ཐལ་བ་བསལ་བ་ཡིན། །ཇི་ལྟར་སྐྱེ་ལྡན་འགའ་ཞིག་ཉིད། །ཐོགས་བཅས་ཉིད་འདོད་དེ་བཞིན་དུ། །ཡོད་རྣམས་འཇིག་པའི་རང་བཞིན་ཡིན། །སྐྱེ་ལྡན་མིན་པ་མིན་ཅེ་ན། ༈ །རྒྱུ་ཡི་རང་བཞིན་ངེས་པ་ལས། །འབྲས་བུའི་རང་བཞིན་ངེས་པ་སྟེ། ༈ །ཐ་དད་རྒྱུ་རྣམས་མེད་ཉིད་ཕྱིར། །མི་རྟག་ངོ་བོ་ཐ་དད་མེད། ༈ །དེ་ཕྱིར་དེ་རྣམས་འབྲེལ་པ་ཡང༌། །རྟག་པ་ཉིད་ནི་བསལ་བ་ཡིན། ༈ །སྒྲ་ཡི་ནུས་པའང་སྔར་བཤད་པའི། །འབྲེལ་པའི་སྐྱོན་གྱིས་བསལ་བ་ཡིན།༈ །སྐྱེས་བུས་མ་བྱས་ཞེས་བྱ་ཉིད། །ཇི་བཞིན་དོན་ཤེས་སྒྲུབ་བྱེད་མིན། །སྐྱེས་བུའི་ཉེས་པས་སྐྱོན་མེད་པའི། །མེ་སོགས་རྣམ་པ་གཞན་དུ་མཐོང༌། ༈ །དེ་ནི་མ་བྱས་པར་འདོད་ན། །ཤེས་པ་ཉིད་ཀྱི་རྒྱུར་མི་འགྱུར། །རྟག་པ་དག་ལ་དངོས་ནུས་པ། །འགའ་ཡང་སྐྱེ་བ་ཡོད་མ་ཡིན། ༈ །རྣམ་རྟོག་བག་ཆགས་ལས་བྱུང་བའི། །སྒྲོ་བཏགས་སྤྱོད་ཡུལ་ཅན་བློ་དག །འགའ་ཞིག་དེ་ལས་སྐྱེ་འགྱུར་གྱི། །དོན་གྱི་སྤྱོད་ཡུལ་ཅན་མ་ཡིན། ༈ །གལ་ཏེ་བྱས་དག་ལོག་ཉིད་དུ། །མཐོང་ཉིད་ཕྱིར་ན་མ་བྱས་པའི། །ཚིག་ནི་བདེན་དོན་ཅན་ཡིན་ཏེ། །བཟློག་པས་འགལ་བ་ཁྱབ་ཕྱིར་རོ། ༈ །མེད་ཕྱིར་གཏན་ཚིགས་མ་བསྟན་ནའང༌། །དེ་ནི་ཡོད་པར་དོགས་འགྱུར་ཏེ། །དངོས་པོ་འགལ་བ་དག་ལ་ཡང༌། །ཁྱབ་པར་བྱེད་པ་མཐོང་ཕྱིར་རོ། ༈ །ཀུན་ལ་མེད་པ་དམིགས་པས། །མི་འགྲུབ་ཅེས་ནི་བཤད་ཟིན་ཏོ། །མེད་པ་ཉིད་ནི་མ་གྲུབ་ན། །ལྡོག་པ་ཉིད་ལ་ཐེ་ཚོམ་ཟ། །གལ་ཏེ་རྗེས་འགྲོ་ལྡོག་པ་དང༌། །བསྒྲུབ་བྱའི་ཆོས་ཅན་ལ་ཡོད་ཉིད། །དེ་དེས་འབྲས་ཅན་ཤེས་པ་ཡིས། །གྲུབ་པར་གྱུར་ན་སྒྲུབ་བྱེད་ཡིན། ༈ །གང་ལ་བསྒྲུབ་བྱའི་མི་མཐུན་ཕྱོགས། །བཟློག་པ་ཉིད་བརྗོད་དེ་ཉིད་ནི། །འདི་ཡི་ཆོས་མཐུན་འགྱུར་དེས་ན། །གཏན་ཚིགས་ཐམས་ཅད་རྗེས་འགྲོ་ཅན། ༈ །འགའ་ཡིས་བརྡ་བྱས་ཉིད་ཡིན་ན། །སྔགས་རྣམས་འབྲས་བུ་སྒྲུབ་བྱེད་ཡིན། ༈ །ཅི་སྟེ་དངོས་པོའི་ནུས་ཡིན་ན། ༈ །ཁྱད་པར་མེད་ཕྱིར་གཞན་ལའང་འགྱུར། །དོན་གཞན་ཉིད་དུ་གྱུར་པ་ཡི། །བཀོད་པའང་སྔར་ནི་བསལ་བ་ཡིན། ༈ །དེ་དོན་རྟག་ཏུ་འགྲུབ་འགྱུར་ཏེ། །ལྟོས་པ་ཡིན་ན་ནུས་མེད་འགྱུར། །གལ་ཏེ་དངོས་ནུས་དེ་འདྲ་ན། །དེ་ནི་ཀུན་གྱི་སྒྲུབ་བྱེད་འགྱུར། ༈ །ལེགས་བྱས་མིན་ཕྱིར་བྱེད་པ་པོའི། །ཁྱད་པར་ལ་ཡང་ལྟོས་མི་རུང༌། །དངོས་པོ་འདུས་བྱས་པ་ཡི་ཡང་། །དངོས་པོའི་ཐ་དད་ཐ་དད་བྱེད། །བྱེད་པོའི་ཁྱད་པར་ལས་ནུས་པ། །ངེས་པ་མ་ཡིན་བརྡ་ལས་འགྱུར། །ཁྱད་པར་བྱར་མེད་ཅན་ཡིན་ན། །ཅི་ཞིག་བྱེད་ནས་བྱེད་པོར་འགྱུར། ༈ །གལ་ཏེ་མངོན་གསལ་སྦྱོར་ཡིན་ན། །དེ་ནི་གོང་དུ་བསལ་ཟིན་ཏོ། ༈ །གང་ལས་བློ་དེ་གསལ་ཡིན་ལ། །དེ་ནི་འབྲས་བུར་གལ་ཏེ་སྦྱོར། ༈ །སྨྲ་བ་པོ་གསལ་རྒྱུ་ཡིན་པས། །ཉན་པ་པོ་ཡང་འབྲས་འབྲེལ་འགྱུར། ༈ །མངོན་པར་གསལ་མིན་སྒྲ་དག་གི །བྱེད་པ་རྣམས་ཀྱི་སྦྱོར་བའམ། །ཡིད་ཀྱི་བཟླས་པ་དོན་མེད་འགྱུར། །སྒྲ་ནི་རྣ་བའི་སྤྱོད་ཡུལ་ཡིན། ༈ །བརྒྱུད་པས་དེ་ལས་བསྐྱེད་ཉིད་ཕྱིར། །བློ་དེའང་གསལ་བ་ཡིན་ཞེ་ན། །གལ་ཏེ་དོན་ཅན་ཡིན་མི་འགྲུབ། །རྟོག་པའི་རྗེས་སུ་འགྲོ་ཕྱིར་རོ། །རང་དང་སྤྱི་ཡི་རང་བཞིན་རྣམས། །ངོ་བོ་གཅིག་ཏུ་བརྗོད་འདོད་ནས། །བརྡ་བྱེད་རྣམས་ཀྱིས་བརྗོད་པའི་ཕྱིར། །མི་འགལ་དངོས་པོ་ལ་མ་ཡིན། ༈ །གལ་ཏེ་གོ་རིམས་མེད་ན་ནི། །རོ་དང་མཚོ་ཞེས་ཐོས་པ་ལས། །འབྲས་ཐ་དད་མེད་འགྱུར་ཞེ་ན། ༈ །དེ་ནི་སྐྱེས་བུའི་རྟེན་ཅན་ཡོད། །ཡི་གེ་ཀུན་སློང་ཤེས་པ་ལས། །སྐྱེས་ལ་ཤེས་ལས་སྒྲ་སྐྱེའོ། ༈ །དེ་ཡི་ཁྱད་པར་ཅན་དེ་ནི། །རྣ་བས་ངེས་པར་འགྱུར་བ་ཡིན། །ཤེས་ངེས་སྐྱེད་པའི་ཤེས་པ་ཅན། ༈ །དེ་ཐོས་མྱུར་མིན་ཐོས་པ་ཅན། །དེ་དྲན་པ་ལ་ལྟོས་ནས་ནི། །ཕྱིས་ནི་བདག་ཉིད་ལ་དྲན་བྱེད། །དེ་ནི་རྒྱུ་དང་འཛིན་སེམས་ཀྱི། །ཡིག་རྣམས་རྒྱུ་དང་འབྲས་བུ་ཡི། །གོ་རིམས་དག་ནི་ཡིན་ཞེས་བརྗོད། །དེ་དག་སྐྱེས་བུས་བྱས་པ་ཉིད། ༈ །དེ་ཕྱིར་ཡི་གེའི་ངོ་བོ་དེ། །ཚིག་དང་ཚིག་ལས་གཞན་ཉིད་དེ། །བྱེད་པོའི་འདུ་བྱེད་ལས་ཐ་དད། །ལྷན་ཅིག་འབྲས་བུས་ཁྱད་པར་བྱེད། ༈ །ཡི་གེ་རྣམས་ཀྱི་གོ་རིམས་དེའང༌། །སྤེལ་བར་བྱེད་ལ་འཇུག་ཡིན་ཏེ། །འདོད་དང་མི་འགལ་གྲུབ་ཅན་གྱི། །གོ་རིམས་གནས་པ་འགལ་ཕྱིར་རོ། ༈ །སྐྱེས་བུ་དད་ནི་ཡི་གེ་རྣམས། །རྒྱུ་འབྲས་ཉིད་དུ་གྲུབ་པའི་ཕྱིར། །ཡི་གེའི་རིམ་ཀུན་སྐྱེས་བུ་ལས། །མེ་དང་ཤིང་གི་རིགས་པ་བཞིན། ༈ །ཤེས་མཐུ་དག་གིས་སྔགས་ཞེས་པའི། །གོ་རིམས་བྱེད་ཚུལ་ཅན་སྐྱེས་བུ། །ཐུན་མོང་མིན་པ་ཉིད་གྲུབ་སྟེ། །གཞན་ལ་དེ་དག་མེད་ཕྱིར་རོ། ༈ །གང་ཡང་རྒྱུད་རིག་འགའ་ཞིག་གིས། །གསང་སྔགས་འགའ་ཞིག་བྱེད་འགྱུར་བ། །དེ་དག་གིས་དེ་གཙོ་བོའི་མཐུ། །དེ་བཤད་རིགས་པ་འཇུག་ཕྱིར་རོ། །འབྲས་བུ་འདོད་པས་སྔགས་རྣམས་ནི། །བྱས་དང་སྐྱེས་བུས་བྱས་བརྗོད་བྱ། ༈ །སྐྱེས་བུ་ནུས་མེད་སྒྲུབ་བྱེད་ནི། །འདི་ཉིད་ཀྱིས་ནི་གསལ་བ་ཡིན། །བློ་དབང་སྨྲ་དང་སྐྱེས་བུ་ཉིད། །ལ་སོགས་སྒྲུབ་བྱེད་གང་བརྗོད་པ། །ཚད་ལྟར་སྣང་ཡིན་ལྷག་ལྡན་པས། །ཇི་བཞིན་དོན་རྟོགས་ཡོད་མ་ཡིན། །སྒྲ་ནི་ངོ་བོ་འདི་དོན་དང༌། །འདི་དོན་མིན་ཞེས་རྗོད་མི་བྱེད། ༈ །སྐྱེས་བུས་དོན་འདི་བརྟགས་པ་སྟེ། །དེ་ཡང་འདོད་ཆགས་ལ་སོགས་ལྡན། ༈ །དེ་གཅིག་དེ་ཉིད་རིག་གཞན་མིན། །ཁྱད་པར་ཡང་ནི་སུ་ཡིས་བྱས། །དེ་བཞིན་སྐྱེས་ཉིད་རྣམ་འགས་ཀྱང༌། །ཁྱེད་ཅི་ཤེས་ལྡན་འགའ་མི་འདོད། ༈ །གལ་ཏེ་གང་ཚིག་ཚད་མ་ཡིས། །མི་སླུ་དེ་དོན་རིག་ཡིན་ན། །ཤིན་ཏུ་ལྐོག་ཏུ་གྱུར་རྣམས་ལ། །ཚད་མ་ཡོད་པ་སྲིད་མ་ཡིན། ༈ །གང་གི་ཚིག་ནི་ཚད་མ་ཡི། །མི་སླུ་དེ་ཡིས་བྱས་པའི་ཚིག །དེ་ལུང་ཞེས་ཐོབ་དེ་ཡི་ཕྱིར། །སྐྱེས་བུས་བྱས་མིན་དོན་མེད་ཡིན། །གལ་ཏེ་ཤིན་ཏུ་ལྐོག་གྱུར་དོན། །ལུང་མེད་པར་ནི་ཤེས་སྲིད་ན། །དབང་པོ་ལས་འདས་དོན་རིག་འགའ། །ཡོད་དོ་ཞེས་ནི་མངོན་འདོད་འགྱུར། ༈ །བདག་ཉིད་འདོད་ཆགས་སོགས་ལྡན་པའམ། །གཞན་ལས་རིག་བྱེད་དོན་རིག་མིན། །རིག་བྱེད་རིག་པར་བྱེད་མིན་ན། །རིག་བྱེད་དོན་ནི་གང་ལས་རྟོགས། །དེས་ན་མཐོ་རིས་འདོད་མེ་ལ། །སྦྱིན་སྲེག་སྦྱིན་ཞེས་ཐོས་པ་ལས། །ཁྱི་ཤ་ཟ་ཞེས་བྱ་བ་དེ། །དོན་མིན་ཞེས་འདི་ཚད་མ་གང༌། །འཇིག་རྟེན་ཚིག་རབ་གྲགས་ཤེ་ན། །དེ་ལ་སྣ་ཚོགས་དོན་ཅན་སྒྲའི། །གང་གི་དོན་འདི་རྣམ་དབྱེ་བ། །དབང་པོ་ལས་འདས་དོན་མཐོང་གང༌། །གྲགས་མིན་དོན་བརྗོད་མཐོ་རིས་གང༌། །ལྷ་མོ་ལ་སོགས་སྒྲ་མཐོང་ངོ༌། །དེ་འདྲའི་སྒྲ་གཞན་དག་ལ་ནི། །དེ་འདྲའི་རྣམ་རྟོག་ཉིད་དུ་འགྱུར། ༈ །གྲགས་པ་དག་ཀྱང་མི་རྣམས་ཚིག །དེ་ཡང་ཚད་མར་མི་འདོད་ན། །སླར་ཡང་དེ་ལས་དོན་རྟོགས་པ། །སྡང་འདོད་འདི་ནི་ཅི་ཞིག་ཡིན། ༈ །གལ་ཏེ་གྲགས་པ་ལས་འགལ་བའི། །རྟོག་ལ་རྒྱུ་ཅི་ཡོད་ཅེ་ན། །རབ་གྲགས་ཚད་མ་ཉིད་མིན་ཕྱིར། །དེར་འཛིན་པ་ལ་རྒྱུ་ཅི་ཡོད། །གྲེགས་པ་ཉིད་ཀྱི་སྒྲ་དོན་གྱི། །ངེས་ལ་དོགས་པ་བསྐྱེད་པ་ནི། །གང་ཕྱིར་དེ་ལ་སྒྲ་རྣམས་དོན། །སྣ་ཚོགས་འཇུག་པ་ཅན་ཉིད་མཐོང༌། །ངེས་བྱེད་མ་མཐོང་བ་དག་གིས། །སྣ་ཚོགས་ནུས་ཅན་སྒྲ་རང་ཉིད། །ངེས་པར་དོགས་པ་འགྱུར་བ་སྟེ། །གཞན་དུ་མི་སྲིད་མེད་ཕྱིར་རོ། ༈ །འགའ་ཞིག་ལམ་ནི་འདི་ཡིན་ཞེས། །སྡོང་དུམ་འདི་ནི་སྨྲ་འགྱུར་ཞེས། །གཞན་ནི་བདག་ཉིད་སྨྲ་དེ་ལྟར། །དེ་དག་བྱེ་བྲག་བརྟག་པར་གྱིས། ༈ །ཐམས་ཅད་ལ་རུང་དོན་གཅིག་གི །གསལ་བྱེད་ངེས་པ་གང་ལས་ཡིན། ༈ །བརྗོད་འདོད་ངེས་པ་མ་གཏོགས་པ། །གང་གིས་དབང་པོ་ལས་འདས་ཤེས། ༈ །བརྗོད་འདོད་ངེས་པའི་རྒྱུ་ཡིན་ཞིང༌། །བརྡ་ནི་དེ་ཡི་གསལ་བྱེད་ཡིན། ༈ །དེ་ནི་སྐྱེས་མིན་ལ་མེད་ན། །དེ་དོན་གཅིག་ཅན་དེ་གང་ལས། ༈ །རང་བཞིན་གྱིས་ནི་ངེས་ཡིན་ན། །གཞན་ལ་དེས་ཀྱང་མི་རུང་ངོ༌། །བརྡ་ཡང་དོན་མེད་ཅན་ཉིད་འགྱུར། །བརྡ་ལས་རང་བཞིན་ཁྱད་པར་གྱི། །གསལ་བའི་ངེས་པ་གང་ལས་ཡིན། ༈ །གང་ལ་འདོད་པ་རང་རྒྱུད་པ། །དེ་ལ་ངེས་པ་ཞེས་བྱ་གང༌། །དེས་ན་བརྡ་ནི་རུང་བ་ཉིད། །འདོད་པ་ཁོ་ན་གསལ་མི་འགྱུར། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ། །གང་ཕྱིར་རིག་བྱེད་ཕྱོགས་གཅིག་ཕྱིར། །གཞན་ཡང་དེ་འདྲ་ཡིན་ཏེ་དཔེར། །མེས་གྲང་བཟློག་དག་བདེན་པ་བཞིན། །དེ་སྐད་གཞན་དག་ཟེར་རོ་ལོ། །རོ་འདྲ་ངོ་བོ་མཚུངས་ཉིད་ཕྱིར། །སྣོད་གཅིག་ལ་ཡང་ཚོས་པ་བཞིན། །ལྷག་ལྡན་འཁྲུལ་པ་ཅན་ཉིད་ཕྱིར། །རིག་པ་ཤེས་པས་འདི་འདྲ་བཀག །སྐྱེས་བུ་རྟག་པ་བྱེད་པོ་ཉིད། །དངོས་རྣམས་རྟག་དང་དབང་པོ་འདས། །དབང་པོས་གཟུང་བྱ་དང་དངོས་རྣམས། །རྒྱུ་དང་གནས་འཇིག་མི་མཉམ་དང༌། །གཞན་ཡང་ཚད་མ་རྣམས་གཉིས་ཀྱིས། །རྣམ་པར་གསལ་བའི་སྤྱོད་ཡུལ་ལམ། །ལུང་ལ་ལྟོས་པ་རྗེས་དཔག་དང༌། །འགལ་བ་དག་ནི་རྗོད་བྱེད་པ། །འགལ་བ་ཀུན་ཏུ་མ་བསལ་ཞིང༌། །བསྟན་བཅོས་སྟོན་ཡང་མ་བསྟན་ལ། །དེ་བདེན་དོན་བཅས་ཁས་ལེན་པ། །གཡེམ་མ་མུ་ཅོར་གྱིས་རྒྱལ་ལོ། ༈ །གལ་ཏེ་དེ་ལྟར་ཚད་གྲུབ་ན། །འོ་ན་འདི་ལ་ཚད་མིན་ཅི། །སྐྱེས་བུ་མང་དུ་སྨྲ་བ་ལ། །བདེན་པའི་དོན་གཅིག་མེད་པ་མིན། །རྗོད་པ་པོ་ལ་སྒྲ་གནས་པས། །འདི་དངོས་རང་བཞིན་ནམ་འབྲས་མིན། །འདི་ལས་རྣམ་པར་བཟློག་པས་ཀྱང༌། །འཁྲུལ་པ་མེད་པ་ཡོད་མ་ཡིན། །རྗོད་བྱེད་རྣམས་ཀྱིས་འཇུག་པ་ནི། །བརྗོད་བྱ་མཐོང་བས་བྱེད་ཅེ་ན། །ཕན་ཚུན་དག་ནི་འགལ་བའི་དོན། །དེ་ནི་གཅིག་ལ་ཇི་ལྟར་འགྱུར། ༈ །དེས་ན་ལུང་དང་དངོས་པོ་རྣམས། །རྟོགས་པ་པོ་ཡི་རྣམ་འགའ་ཡང༌། །མེད་ན་མི་འབྱུང་མི་འགྲུབ་ན། །དེ་ལས་དོན་གང་ངེས་པ་ཡིན། །དེ་ཕྱིར་དེ་ནི་ལོག་ན་ཡང༌། །དངོས་པོ་མེད་པར་འགྲུབ་མི་འགྱུར། ༈ །དེས་ན་མེད་ངེས་འབྲས་བུ་ཅན། མི་དམིགས་པས་ནི་མི་འགྲུབ་བོ། ༈ །རིག་བྱེད་ཚད་མ་དང་ནི་འགལ་བྱེད་སྨྲ། །ཁྲུས་ལས་ཆོས་འདོད་དང་ནི་རིག་སྨྲས་དྲེགས། ༈ །སྡིག་པ་གཞོམ་ཕྱིར་གདུང་བ་རྩོམ་ཞེས་པ། །བླུན་པོ་ཤེས་རབ་འཆལ་བའི་རྟགས་ལྔ་ཡིན། །ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ལས་རང་དོན་རྗེས་སུ་དཔག་པ་སྟེ་ལེའུ་དང་པོའོ།། །།

                                                                                                                        ལེའུ་གཉིས་པ། ཚད་མ་གྲུབ་པ།

ཚད་མ་བསླུ་མེད་ཅན་ཤེས་པ། །དོན་བྱེད་ནུས་པར་གནས་པ་ནི། །མི་སླུ་སྒྲ་ལས་བྱུང་བ་ཡང༌། །མངོན་པར་འདོད་པ་སྟོན་ཕྱིར་རོ། ༈ །སྨྲ་བ་པོ་ཡི་བྱེད་པའི་ཡུལ། །དོན་གང་བློ་ལ་རབ་གསལ་བ། །དེ་ལ་སྒྲ་ནི་ཚད་མ་ཉིད། །དོན་གྱི་དེ་ཉིད་རྒྱུ་ཅན་མིན། ༈ །གཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད་བློ་ནི་ཚད་མ་ཉིད། །བླང་དང་དོར་བྱའི་དངོས་པོ་ཡི། །འཇུག་ལ་དེ་གཙོ་ཡིན་ཕྱིར་དང༌། །ཡུལ་རྣམ་ཅན་ནི་ཐ་དད་པས། །བློ་ཡི་རྟོགས་པ་ཐ་དད་ཕྱིར། །དེ་ཡོད་ན་འདི་ཡོད་ཕྱིར་རོ། ༈ །རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད། །བསྟན་བཅོས་རྨོངས་པ་ཟློག་བྱེད་ཡིན། ༈ །མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། །རང་གི་ངོ་བོ་རྟོགས་འོག་ཏུ། །སྤྱི་ཡི་རྣམ་པར་ཤེས་པ་ཐོབ། །རང་གི་མཚན་ཉིད་མི་ཤེས་པ། །ཤེས་པ་གང་ཡིན་ཞེས་དགོངས་ཕྱིར། །རང་གི་མཚན་ཉིད་དཔྱད་ཕྱིར་རོ། ༈ །དེ་ལྡན་བཅོམ་ལྡན་ཚད་མ་ཉིད། ༈ །མ་སྐྱེས་པ་ནི་བཟློག་དོན་དུ། །གྱུར་པ་ཉིད་གསུངས་དེ་ཡི་ཕྱིར། །སྒྲུབ་བྱེད་ལ་ལྟོས་ཚང་ཡིན་རིགས། ༈ཚད་མ་རྟག་པ་ཉིད་ཡོད་མིན། །དངོས་ཡོད་རྟོགས་པ་ཚད་ཕྱིར་དང༌། །ཤེས་བྱ་མི་རྟག་པ་ཉིད་ཀྱིས། །དེ་ནི་མི་བརྟན་ཉིད་ཕྱིར་རོ། །རིམ་བཞིན་སྐྱེ་བ་ཅན་དག་ནི། །རྟག་ལས་སྐྱེ་བ་མི་འཐད་ཕྱིར། །ལྟོས་པ་མི་རུང་བ་ཡི་ཕྱིར། ༈ །རྣམ་འགས་ཕན་གདགས་བྱ་མིན་ཕྱིར། །མི་རྟག་ན་ཡང་ཚད་མེད་ཉིད། ༈ །སྡོད་འཇུག་དབྱིབས་ཀྱི་ཁྱད་པར་དང༌། །དོན་བྱེད་པ་ལ་སོགས་པ་དག །འདོད་པ་གྲུབ་པའམ་དཔེ་མ་གྲུབ། །ཡང་ན་ཐེ་ཚོམ་ཟ་བ་ཡིན། ༈ །བྱིན་རླབས་ཡོད་མེད་རྗེས་འཇུག་ཅན། །དབྱིབས་སོགས་ཅི་འདྲ་རབ་གྲུབ་པ། །དེ་ལས་རྗེས་སུ་དཔོག་གང་ཡིན། །དེ་ནི་རིགས་པ་ཉིད་ཡིན་ནོ། །ཐ་དད་དངོས་ལ་རབ་གྲུབ་པ། །སྒྲ་མཚུངས་ཐ་དད་མེད་པའི་ཕྱིར། །རྗེས་དཔོག་རིགས་པ་མ་ཡིན་ཏེ། །སྐྱེ་བོའི་རྫས་ལས་མེ་བཞིན་ནོ། ༈ །དེ་ལྟ་མིན་ན་རྫ་མཁན་གྱིས། །བུམ་པ་ལ་སོགས་འཇིམ་པ་ཡི། །རྣམ་འགྱུར་འགའ་ཞིག་བྱེད་པའི་ཕྱིར། །གྲོག་མཁར་ཡང་དེས་བྱས་གྲུབ་འགྱུར། ༈ །བསྒྲུབ་བྱའི་རྗེས་འགྲོ་ཕྱིར་འབྲས་བུ། །སྤྱིས་ཀྱང་སྒྲུབ་པར་བྱེད་པ་ལ། །འབྲེལ་པ་ཅན་ཉིད་ཐ་དད་ཕྱིར། །ཐ་དད་སྐྱོན་བརྗོད་འབྲས་མཚུངས་འདོད། ༈ །རིགས་ཀྱི་ཁྱད་པར་ལ་གྲུབ་པ། །སྒྲ་ཡི་སྤྱི་ནི་མཐོང་བ་ལས། །སྒྲུབ་བྱེད་མི་རིགས་ངག་ལ་སོགས། །གོ་ཉིད་ཕྱིར་ན་རབ་ཅན་བཞིན། ༈ །རྗོད་པར་འདོད་པའི་གཞན་དབང་ཕྱིར། །སྒྲ་རྣམས་གང་ལའང་མེད་མ་ཡིན། །དེ་ཡོད་པས་ནི་དོན་གྲུབ་ན། །ཐམས་ཅད་ཀྱིས་ནི་ཐམས་ཅད་གྲུབ། ༈ །འདིས་ནི་སེར་སྐྱ་ལ་སོགས་ཀྱི། །མི་རྟག་སོགས་ཕྱིར་ཡང་སེམས་མེད། །སོགས་དང་ཤུན་པ་བཤུས་ན་ནི། །འཆི་ཕྱིར་སེམས་ལྡན་དཔྱད་པ་ཡིན། ༈ །དངོས་པོའི་ངོ་བོ་མ་གྲུབ་ན། །ཚུལ་འདི་གྲུབ་ན་མ་གྲུབ་ཀྱང༌། །ཁྱད་པར་གནོད་བྱེད་མ་ཡིན་ཏེ། །སྒྲ་ཡི་ནམ་མཁའ་ལ་བརྟེན་བཞིན། །སྒྲ་མ་གྲུབ་ཀྱང་དངོས་པོ་ནི། །གྲུབ་ན་གྲུབ་པར་འགྱུར་ཏེ་དཔེར། །འུག་པ་པ་ལ་སངས་རྒྱས་པས། །ལུས་སོགས་སྒྲུབ་བྱེད་བཤད་པ་བཞིན། །དེ་ཉིད་འཁྲུལ་ལ་སོགས་ཡིན་ན། །སྒྲ་ནི་འཁྲུལ་པ་མེད་ན་ཡང༌། །སྒྲུབ་བྱེད་སྐྱེད་ལྡན་ཤེས་བྱ་སྟེ། །དངོས་ལས་དངོས་པོ་གྲུབ་ཕྱིར་རོ། །འགྲོ་བའི་ཕྱིར་དང་ལག་ལྡན་ཕྱིར། །རྭ་ཅན་གླང་པོ་ཞེས་སྒྲུབ་བྱེད། །འདི་ཡི་སྒྲ་ཡི་བརྗོད་བྱ་ནི། །གྲགས་པ་ཡིན་གྱིས་བརྗོད་འདོད་མིན། ༈ །ཇི་ལྟར་དངོས་དེ་རྒྱུ་ཡིན་པ། །དེ་ལྟ་དེ་ཉིད་གང་གི་ཚེ། །རྒྱུ་མིན་གང་གིས་དེ་ནི་རྒྱུར། །འདོད་ལ་རྒྱུ་མ་ཡིན་མི་འདོད། ༈ །མཚོན་དང་སྨན་སོགས་འབྲེལ་བ་ལས། །ནག་པའི་རྨ་དང་འདྲུབས་ཡིན་ན། །འབྲེལ་མེད་སྡོང་དུམ་ཅི་ཡི་ཕྱིར། །རྒྱུ་ཉིད་དུ་ནི་རྟོག་མི་བྱེད། །རང་བཞིན་ཁྱད་པར་མེད་པར་ནི། །བྱེད་པར་ཡང་ནི་མི་རུང་ངོ༌། ༈ །རྟག་ལ་ལྡོག་པ་མེད་པའི་ཕྱིར། །ནུས་པ་ཉིད་ཀྱང་རྟོགས་པར་དཀའ། ༈ །གང་དག་ཡོད་ན་གང་འགྱུར་ཉིད། །དེ་དག་ལས་གཞན་དེ་ཡི་རྒྱུ། །རྟོག་པ་ཡིན་ན་ཐམས་ཅད་ལ། །རྒྱུ་རྣམས་ཐུག་པ་མེད་པར་འགྱུར། ༈ །མྱུ་གུ་སྐྱེད་ལ་ས་ལ་སོགས། །རང་བཞིན་ཡོངས་སུ་གྱུར་ནས་ནི། །རྒྱུ་ཡིན་དེ་ལེགས་བྱས་པ་ན། །དེ་ཡི་ཁྱད་པར་མཐོང་ཕྱིར་རོ། ༈ །གལ་ཏེ་ཇི་ལྟར་ཡུལ་དབང་པོ། །ཚོགས་པ་ཁྱད་མེད་བློ་རྒྱུ་ཡིན། །དེ་ལྟར་འདི་ཡིན་ཞེ་ན་མིན། །དེ་ལས་ཁྱད་པར་ཡོད་ཕྱིར་རོ། །སོ་སོ་སོ་སོར་ནུས་མེད་རྣམས། །རང་བཞིན་ཁྱད་པར་མེད་པས་ན། །ཚོགས་ཀྱང་ནུས་པ་མེད་འགྱུར་བས། །དེ་ཕྱིར་ཁྱད་པར་གྲུབ་པ་ཡིན། །དེ་ཕྱིར་སོ་སོར་གང་ནུས་མེད། །ཚོགས་ན་ཡོན་ཏན་སྲིད་འགྱུར་བ། །དེ་དག་རྒྱུ་ཡིན་དབང་ཕྱུག་སོགས། མ་ཡིན་ཁྱད་པར་མེད་ཕྱིར་རོ། ༈ །ཚད་མ་ལྐོག་གྱུར་དོན་ཤེས་ཡིན། །དེ་སྒྲུབ་བྱེད་ཀྱང་མེད་པའི་ཕྱིར། །ནན་ཏན་བྱེད་པ་ཡོད་མ་ཡིན། །ཞེས་ནི་ཁ་ཅིག་རབ་ཏུ་བརྗོད། །མི་ཤེས་སྟོན་པར་བྱེད་པ་ལ། །འཁྲུལ་པར་དོགས་བ་ཅན་རྣམས་ཀྱིས། །དེས་བཤད་ནན་ཏན་བྱ་བའི་ཕྱིར། །ཤེས་ལྡན་འགའ་ཞིག་ཚོལ་བར་བྱེད། །དེ་ཕྱིར་དེ་ཡིན་བསྒྲུབ་བྱ་རུ། །གྱུར་པའི་ཡེ་ཤེས་རྣམ་དཔྱད་བྱའི། །འདི་ཡིས་སྲིན་བུའི་གྲངས་མཁྱེན་པ། །ངེད་ལ་འགར་ཡང་ཉེར་མཁོ་མེད། ༈ །བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་དང་བཅས་པ་རིགས་མཛད་པ། །གང་དེ་ཚད་མ་ཉིད་འདོད་ཀྱི། །ཐམས་ཅད་རིགས་མཛད་མ་ཡིན་ནོ། །རིང་པོ་མཐོང་བའམ་མིན་ཡང་རུང༌། །འདོད་པའི་དེ་ཉིད་མཐོང་བ་ཡིན། ༈ །གལ་ཏེ་རིང་མཐོང་ཚད་ཡིན་ན། །ཚུར་ཤོག་བྱ་རྒོད་བསྟེན་པར་གྱིས། ༈ །སྒྲུབ་བྱེད་ཐུགས་རྗེས་གོམས་ལས་དེ། ༈ །བློ་ནི་ལུས་ལ་བརྟེན་པའི་ཕྱིར། །གོམས་པས་གྲུབ་པ་མེད་ཅེ་ན། ༈ །མ་ཡིན་རྟེན་ནི་བཀག་ཕྱིར་རོ། །སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེ་མིན། །ཧ་ཅད་ཐལ་ཕྱིར་མཚམས་སྦྱོར་པར། །ནུས་ལྡན་མཐོང་བ་གང་དེ་ལ། །ཅི་ཞིག་ཡོད་འགྱུར་གང་མེད་པ། །གང་གིས་ཕྱི་ནས་མཚམས་སྦྱོར་མེད། ༈ །གང་དུ་དྲོད་གཤེར་ལ་སོགས་པ། །སྐྱེ་བོ་སྐྱེ་བར་མི་འགྱུར་བའི། །ས་སོགས་ཆ་དེ་འགའ་ཡང་མེད། །དེ་ཕྱིར་ཐམས་ཅད་ས་བོན་བདག །དེ་ཕྱིར་དབང་སོགས་རང་རིགས་ལ། །ལྟོས་པ་མེད་པར་འབྱུང་ཡིན་ན། །ཇི་ལྟར་གཅིག་ནི་ཡོངས་འགྱུར་བཞིན། །ཀུན་འགྱུར་ཁྱད་པར་མེད་ཕྱིར་རོ། ༈ །དབང་རྣམས་རེ་རེ་ལ་གནོད་ན། །ཡིད་བློ་ལ་གནོད་ཡོད་མ་ཡིན། །འདི་བསྒྱུར་ན་ནི་དེ་དག་ཀྱང༌། །འགྱུར་བ་དག་ཏུ་མཐོང་བ་ཡིན། ༈ །དེ་ཕྱིར་བློ་གནས་པ་ཡི་རྟེན། །བློ་ཉིད་ལ་ནི་བརྟེན་པ་འགའ། །དབང་པོ་རྣམས་ཀྱི་རྒྱུ་ཡིན་པས། །དེ་ཕྱིར་བློ་ལས་དབང་པོ་ཡིན། །དེ་འདྲའི་འཕེན་བྱེད་ཡོད་གྱུར་ན། །ཕྱིས་ཀྱང་དེ་འདྲར་འགྱུར་བ་ཡིན། །དེ་ཡི་ཤེས་པས་ཕན་འདོགས་ཕྱིར། །ཡིད་ནི་ལུས་ལ་བརྟེན་པར་བཤད། །གལ་ཏེ་དབང་པོ་མེད་པར་བློ། །མ་ཡིན་དེ་ཡང་དེ་མེད་པར། །དེ་ལྟའང་ཕན་ཚུན་རྒྱུ་ཉིད་པས། །དེ་ཕྱིར་ཕན་ཚུན་རྒྱུ་ཅན་ཡིན། ༈ །རིམ་ཅན་མིན་ལས་རིམ་ཅན་མིན། །ཁྱད་པར་ཅན་མིན་ལྟོས་པའང་མེད། ༈ །ལུས་ལས་རིམ་གྱིས་བློ་འགྱུར་ན། ༈ །དེའི་ཡང་རིམ་པ་གསལ་བར་བྱེད། ༈ །སྐད་ཅིག་སྔ་མ་སྔ་མ་ནི། །སྐད་ཅིག་རེ་རེ་སྔོན་མེད་དེའི། །རྒྱུ་ཡིན་དེ་ཡི་ཕྱིར་ན་རྒྱུ། །ཐམས་ཅད་ཚེ་ན་མཐོང་བ་ཉིད། ༈ །ཐ་མའི་སེམས་ནི་སེམས་གཞན་དང༌། །མཚམས་སྦྱོར་བ་ལ་འགལ་ཅི་ཡོད། །དགྲ་བཅོམ་སེམས་གང་ཡིན་དེ་ཡང༌། །གང་ལས་མཚམས་སྦྱོར་མེད་པར་འདོད། ༈ །ཚད་མས་མ་གྲུབ་དོན་ཅན་གྱི། །གྲུབ་མཐའི་རྗེས་སུ་འབྲང་ངམ་ཅི། །གལ་ཏེ་དེ་རྒྱུ་བྲལ་ཕྱིར་ན། །དེ་ཉིད་འདིར་ནི་ཅིས་མ་བརྗོད། །དེ་བློ་བཞིན་དུ་འཛིན་འགྱུར་ཕྱིར། །དབང་པོ་བཅས་ལས་ཡིད་ཤེས་མིན། །ཤེས་སྐྱེད་ནུས་པ་ཐ་དད་ཕྱིར། །ཀུན་ལས་ཀྱང་ནི་མ་ཡིན་ནོ། །སེམས་མེད་ཉིད་ཕྱིར་གཞན་ལས་མིན། །རྒྱུ་གཅིག་ཕྱིར་ན་ལྷན་ཅིག་གནས། །དབང་བཞིན་གཟུགས་དང་རོ་བཞིན་ནོ། །དོན་གྱི་སྒོ་ནས་འགྱུར་བ་ཡིན། ༈ །རྟག་ཏུ་དེ་ཡི་རྗེས་འཇུག་ཕྱིར། །གང་ཞིག་ཡོད་པས་ཕན་འདོགས་བྱེད། །དེ་རྒྱུ་དེ་ཕྱིར་བདུན་པ་དང༌། །སྐྱེས་ཕྱིར་ཞེས་ནི་བཤད་པ་ཡིན། །འགའ་ཞིག་ཚེ་ན་སེམས་རྒྱུན་ལ། །ཕན་འདོགས་བྱེད་པའང་ཡིན་སླ་སྟེ། །བུམ་སོགས་ལ་ནི་མེ་སོགས་བཞིན། །དེ་ཙམ་གྱིས་ནི་ལྡོག་པ་མིན། ༈ །ལུས་ནི་གནས་པ་ཉིད་ན་སེམས། །ལྡོག་པ་མེད་པར་ཐལ་བར་འགྱུར། ༈ །དེ་ཡོད་ཡོད་དང་དབང་གྱུར་ཕྱིར། །དེ་ལས་འབྱུང་རྔུབ་དེ་མ་ཡིན། །རླུང་འབྱིན་པ་དང་འདྲེན་པ་ནི། །འབད་རྩོལ་མེད་པར་གང་ལས་ཡིན། ༈ །དེ་དག་ཡུལ་བྱུང་འགྲིབ་པ་ལས། །ཕུལ་བྱུང་འགྲིབ་པ་ཐོབ་པར་འགྱུར། །དེ་དག་ལ་ཡང་ཐལ་བ་མཚུངས། །སེམས་རྒྱུ་ཡིན་ན་མཚུངས་མ་ཡིན། །གནས་པའི་འཕེན་བྱེད་གཞན་དག་ཀྱང༌། །གང་ཕྱིར་རྒྱུ་ནི་ཡིན་པར་འདོད། ༈ །གལ་ཏེ་སྡོང་བུ་ལ་སོགས་བཞིན། །ཉེས་པས་མི་མཐུན་ལུས་རྒྱུ་མིན། ༈ །ཤི་བས་ཉེས་པ་ཉམས་གྱུར་ཚེ། །སླར་ཡང་འཚོ་བ་དག་ཏུ་འགྱུར། ༈ །གལ་ཏེ་མེ་ནི་ལྡོག་ན་ཡང༌། །ཤིང་གི་འགྱུར་བ་མི་ལྡོག་བཞིན། །དེ་ནི་ལྡོག་པ་མེད་ཅེ་ན། ༈ །མ་ཡིན་གསོ་སྦྱོར་ཡོད་ཕྱིར་རོ། ༈ །སླར་མི་འབྱུང་བར་འགའ་ཞིག་ནི། །ལ་ལར་འགྱུར་བ་སྐྱེད་པར་བྱེད། །འགའ་ཞིག་ལྡོག་པ་ཡིན་ཕྱིར་དཔེར། །ཤིང་དང་གསེར་ལ་མེ་བཞིན་ནོ། །དང་པོ་ཆུང་ཡང་ལྡོག་པ་མིན། །སླར་ལྡོག་རུང་བར་འགྱུར་བྱས་གང༌། །དེ་ནི་སླར་ཡང་འབྱུང་འགྱུར་ཏེ། །གསེར་གྱི་སྲ་བ་ཉིད་བཞིན་ནོ། །ཅུང་ཟད་གསོ་བྱ་མིན་བརྗོད་པ། ༈ །འཆོས་བྱེད་རྙེད་པར་དཀའ་ཕྱིར་རམ། །ཚེ་ཟད་ཕྱིར་རོ་ཉེས་འབའ་ཞིག །ཡིན་ན་གསོ་མིན་མེད་པ་གཉིས། །ཤི་བའི་དུག་སོགས་ལྡོག་ཕྱིར་རམ། །དེ་ཡི་སོས་ཟིན་བཅད་ལས་ཀྱང༌། །འགྱུར་བའི་རྒྱུ་དང་བྲལ་བས་ན། །དེ་ཅིས་སླར་ཡང་འཚོ་མི་འགྱུར། །ཉེར་ལེན་འགྱུར་བ་མེད་པར་ནི། །ཉེར་ལེན་ཅན་དག་འགྱུར་བར་ནི། །བྱེད་པར་མི་ནུས་དཔེར་འཇིམ་པ་འགྱུར་བ་མེད་པར་བུམ་སོགས་བཞིན། ༈ །དངོས་གང་འགྱུར་བ་མེད་པར་ནི། །དངོས་པོ་གང་ཞིག་རྣམ་འགྱུར་བ། །དེ་དེའི་ཉར་ལེན་མི་རིགས་ཏེ། །བ་གླང་བ་མེན་ལ་སོགས་བཞིན། །སེམས་དང་ལུས་ཀྱང་དེ་བཞིན་ནོ། ༈ །དེ་རྒྱུ་ལྷན་ཅིག་བྱེད་པ་ལས། །སྐྱེ་བའི་འབྲས་བུ་ལྷན་ཅིག་གནས། །མེ་དང་ཟངས་མའི་ཞུ་ཉིད་བཞིན། ༈ །ཡོད་མེད་དག་ལ་རྟེན་མེད་ཕྱིར། །མ་ཡིན་ཡོད་པའི་གནས་རྒྱུ་ནི། །རྟེན་ཡིན་ཞེས་ན་འདི་རྟེན་མེད། །གནས་པ་པོ་ལས་གཞན་མིན་ཕྱིར། །གཞན་ཡིན་ན་ཡང་དེ་རྒྱུ་ཉིད། །དེས་ནི་དངོས་པོ་ཅི་ཞིག་བྱས། ༈ །འཇིགས་པ་མེད་པར་ཐལ་བར་འགྱུར། ༈ །གལ་ཏེ་དེ་འཇིག་རྒྱུ་ལས་འདོད། །དེ་ལའང་ཐལ་བ་མཚུངས་པ་ཡིན། །གནས་པའི་རྒྱུས་ཀྱང་ཅི་ཞིག་བྱས། །གལ་ཏེ་འཇིག་རྒྱུ་ཕྲད་པར་དུ། །དེས་གནས་འཇིག་པ་དངོས་ཆོས་ཉིད། །ཡོད་པ་འདི་གནོད་མེད་ཕྱིར་དང༌། །གནས་པའི་རྒྱུས་ནི་ཅི་ཞིག་བྱ། །གལ་ཏེ་དཔེར་ན་ཆུ་སོགས་ཀྱི། །རྟེན་བཞིན་ཞེ་ན་འདི་ལའང་མཚུངས། །དངོས་རྣམས་སྐད་ཅིག་རེ་རེར་ནི། །འཇིག་ན་དངོས་རྒྱུན་དེ་ལྟ་བུར། །སྐྱེ་རྒྱུ་ཡིན་ཕྱིར་དེ་རྟེན་ཡིན། །དེ་ལྟ་མིན་ན་རིགས་མ་ཡིན། ༈ །འབོ་བ་ཡིས་ནི་གེགས་བྱེད་ཕྱིར། །ཆུ་སོགས་ཀྱི་ནི་རྟེན་འགྱུར་གྱི། །འགྲོ་བ་མེད་ཅན་ཡོན་ཏན་སྤྱི། །ལས་རྣམས་ལ་ནི་རྟེན་ཅི་དགོས། །འདིས་ནི་འཕྲོད་པ་འདུ་བ་དང༌། །འཕྲོད་པ་འདུ་བ་ཅན་རྒྱུ་དང༌། །རིགས་ལ་སོགས་པ་རྣམ་གནས་ཉིད། །རྟེན་མེད་ཕྱིར་ན་གསལ་བ་ཡིན། ༈ །གལ་ཏེ་གཞན་ལས་དངོས་འཇིག་ན། །དེ་ཡི་གནས་རྒྱུས་ཅི་ཞིག་བྱ། །དེ་གཞན་མེད་པར་འཇིག་ན་ཡང༌། །གནས་པའི་རྒྱུ་རྣམས་ནུས་མེད་ཡིན། ༈ །རྟེན་བཅས་ཐམས་ཅད་གནས་ལྡན་དང༌། །སྐྱེ་བ་ཅན་ཀུན་རྟེན་བཅས་ཡིན། །དེ་ཕྱིར་དངོས་པོ་ཐམས་ཅད་ནི། །འགའ་ཞིག་ཚེ་ནའང་འཇིག་མི་འགྱུར། ༈ །གལ་ཏེ་རང་འཇིག་དང་ཚུལ་བདག །ཡིན་ན་དེ་གནས་བྱེད་གཞན་གང༌། །གལ་ཏེ་རང་འཇིག་དང་ཚུལ་བདག །མིན་ན་དེ་གནས་བྱེད་གཞན་གང༌། ༈ །ལུས་ཀྱི་ཕུལ་བྱུང་འགྲིབ་མེད་པར། །བློ་ཡི་བྱེད་པའི་ཁྱད་པར་གྱིས། །ཤེས་རབ་ཁ་སོགས་ཕུལ་ཕྱུང་དང༌། །འགྲིབ་པ་དག་ཏུ་འགྱུར་བ་ཡིན། ༈ །འདི་ནི་མར་མེའི་འོད་ལ་སོགས། །རྟེན་པ་རྣམས་ལ་ཡོད་མ་ཡིན། ༈ །དེ་ལས་ཀྱང་འདི་ཁྱད་འགྱུར་ཏེ། །སེམས་ལ་ཕན་འདོགས་མེད་པར་མིན། །འགའ་ཚེ་ཆགས་སོགས་རྒྱས་སོགས་ཀྱི། །འཕེལ་བ་བདེ་སྡུག་ལས་སྐྱེས་ཡིན། །དེ་ཡང་ཁམས་སྙོམས་ལ་སོགས་པ། །ནང་གི་དོན་ནི་ཉེ་བ་ལས། །འདིས་ནི་འདུས་པ་ལ་སོགས་པ། །དྲན་པ་ཉམས་སོགས་བཤད་པ་ཡིན། །ནང་དོན་ཁྱད་པར་ལས་སྐྱེས་པའི། །བློས་ནི་འགྱུར་བར་བྱེད་ཕྱིར་རོ། ༈ །དཔེར་རྒྱུད་ཁྱད་པར་འགའ་ཞིག་ལ། །སྟག་ཉིད་དང་ནི་ཁྲག་ལ་སོགས། །ཐོས་པ་དང་ནི་མཐོང་བ་ལས། །རྨོངས་པ་ལ་སོགས་འབྱུང་འགྱུར་བཞིན། ༈ །དེ་ཕྱིར་ངེས་པར་གང་ཉིད་ཀྱི། །འདུ་བྱེད་ཀྱིས་ནི་རྗེས་འཇུག་པའི། །སེམས་ནི་དེ་མེད་མི་འབྱུང་བ། །དེ་ཕྱིར་སེམས་ལ་བརྟེན་པ་ཡིན། ༈ །ཇི་ལྟར་སེམས་ལ་བརྟེན་བྱས་ནས། །ཐོས་སོགས་འདུ་བྱེད་སེམས་ལ་ནི། །དུས་གསལ་ཐ་དད་མེད་པའི་ཕྱིར། །དེ་ལྟར་ལུས་ལ་ཡོན་ཏན་འགྱུར། །བདག་ལ་ཆགས་པ་དང་ལྡན་པས། །སེམས་ཅན་གཞན་གྱིས་བཀྲི་མིན་པར། །བདེ་སྡུག་དེར་ཐོབ་འདོད་པས་ན། །དམན་པའི་གནས་ནི་ཡོངས་སུ་ལེན། ༈ །སྡུག་བསྔལ་ཕྱིན་ཅི་ལོག་བློ་དང༌། །སྲེད་པ་ཀུན་ནས་འཆིང་བ་ནི། །སྐྱེ་རྒྱུ་གང་ལ་དེ་མེད་པ། །དེ་ནི་སྐྱེ་བར་མི་འགྱུར་རོ། ༈ །གལ་ཏེ་འགྲོ་འོང་མ་མཐོང་ན། །དབང་པོ་མི་གསལ་ཕྱིར་མ་མཐོང༌། །དཔེར་ན་མིག་མི་གསལ་བ་ཡིས། །དུ་བ་ཆུང་ངུ་མི་མཐོང་བཞིན། ༈ །ལུས་ཅན་ཡིན་ཡང་ཕྲ་བའི་ཕྱིར། །འགའ་ཞིག་ལ་ལར་ཐོགས་མེད་དེ། །ཆུ་བཞིན་གསེར་ལ་དངུལ་ཆུ་བཞིན། །མ་མཐོང་ཕྱིར་ན་མེད་པ་མིན། ༈ །ལག་སོགས་གཡོ་ན་ཐམས་ཅད་དག །གཡོ་བར་འགྱུར་ཕྱིར་འགལ་བ་ཅན། ༈ །ལས་ནི་གཅིག་ལ་མི་རུང་ཕྱིར། །གཞན་དུ་ཐ་དད་གྲུབ་པར་འགྱུར། ༈ །གཅིག་བསྒྲིབས་པ་ན་ཐམས་ཅད་དག །བསྒྲིབས་པར་འགྱུར་བའམ་མ་བསྒྲིབས་ན། །མཐོང་འགྱུར་གཅིག་ཚོན་གྱིས་བསྒྱུར་ན། །བསྒྱུར་བའམ་མ་བསྒྱུར་རྟོགས་པར་འགྱུར། ༈ །དེ་ཕྱིར་ཚོགས་པ་གཅིག་ཡོད་མིན། ༈ །དུ་མ་ཉིད་ན་སྔ་མ་བཞིན། །ཁྱད་མེད་ཕྱིར་དང་ཕྲ་རབ་ཕྱིར། །རྟོགས་མིན་ཞེ་ན་ཁྱད་མེད་པར། །མ་གྲུབ་ཁྱད་པར་ཅན་རྣམས་ནི། །དབང་ཡུལ་དེ་ཕྱིར་རྡུལ་ཕྲན་མིན། །འདིས་ནི་སྒྲིབ་བྱེད་ལ་སོགས་པ། །མེད་པ་དག་ཀྱང་བསལ་བ་ཡིན། ༈ །དངུལ་ཆུ་གསེར་དང་འདྲེས་པའམ། །རྡོ་ཚོན་ལ་སོགས་ཇི་ལྟར་སྣང༌། ༈ །དབང་སོགས་སོ་སོར་ནུས་མེད་རྣམས། །རྟོགས་པ་དག་ནི་ཇི་ལྟར་ཡིན། །ལྡན་ལས་ཞེ་ན་འདིར་ཐལ་མཚུངས། །གལ་ཏེ་གསེར་དང་དངུལ་ཆུ་ནི། །ལྡན་པས་སྣང་བ་ཡིན་ཞེ་ན། །རྟེན་མཐོང་མེད་པར་གང་ལས་རྟོགས། །རོ་གཟུགས་ལ་སོགས་ལྡན་པར་འགལ། །གལ་ཏེ་ཉེ་བར་བཏགས་པ་ལས། །འདོད་ན་བློ་ཐ་དད་པར་འགྱུར། །ཇི་ལྟར་འཕྲེང་རིང་ཞེས་བྱར་འགྱུར། །དེ་ལྡན་རང་གི་ངོ་བོ་དང༌། །བརྗོད་པ་དག་ལས་ཐ་དད་པར། །གྲངས་ལྡན་ལས་ལ་སོགས་པ་ཡི། །ངོ་བོ་བློ་ལ་མི་སྣང་ངོ༌། ༈ །སྒྲ་ཤེས་དངོས་པོ་ཐ་དད་པའི། །རྗེས་འབྲང་རྣམ་རྟོག་བཏགས་དོན་ཅན། །དཔེར་ན་ཡོན་ཏན་ལ་སོགས་པ། །ཞིག་དང་མ་སྐྱེས་དག་ལ་བཞིན། །གལ་ཏེ་འདིར་ནི་བཏགས་འདོད་ན། །རྒྱུ་མཚན་གང་གིས་དེ་འདོད་པ། །དེ་ནི་དངོས་པོ་ཐམས་ཅད་ལ། །དེ་དག་གི་རྒྱུས་ཅིས་མི་འདོད། ༈ །གལ་ཏེ་ཀུན་ལ་ཉེར་བཏགས་མིན། །ཐ་དད་ཁྱད་པར་གཙོ་བོ་ཞེས། །བྱ་ཉིད་གང་ལས་ཐ་དད་པ། །མེད་ལ་ཐ་དད་དོན་མེད་ན། །དོན་གཞན་རྒྱུ་མཚན་ཅན་མིན་ཡང༌། །དཀར་ལ་སོགས་པ་གྲངས་སོགས་དང༌། །ལྡན་པའི་སྒྲ་ནི་རྣམ་གྲངས་མིན། །གལ་ཏེ་དེ་ལའང་དོན་གཞན་ན། །ཡོན་ཏན་རྫས་ནི་ཁྱད་མེད་འགྱུར། ༈ །དོན་གཞན་མིན་ཡང་ལྡོག་པ་ཡི། །དབྱེ་བས་ཐ་དད་པ་ཡིན་ཏེ། །ལས་རྫས་མིན་པའི་སྒྲ་བཞིན་ནོ། ༈ །དངོས་པོ་བརྗོད་པའི་སྒྲ་རྣམས་ཀྱིས། །གྲངས་སོགས་དེ་དང་ལྡན་པ་ལས། །ཐ་དད་བཞིན་དུ་བསྟན་གང་དེའང༌། །ཆོས་གཞན་ཁྱད་པར་བྱེད་པ་ཡིན། ༈ །དེ་ཙམ་ཤེས་པར་འདོད་པ་ལ། །གཞན་ཀུན་འཕངས་བ་མེད་པར་ནི། །ལ་ལར་སོར་མོའི་ལྡན་པ་ཞེས། །ཐ་དད་ཆོས་བཞིན་རྗོད་པར་བྱེད། །དོན་གཅིག་བརྗོད་ཀྱང་ཐམས་ཅད་ནི། །འཕེན་ཕྱིར་སོར་མོ་ལྡན་འགྱུར་ཞེས། །ཆོས་ཅན་བརྗོད་པར་གྲགས་ཡིན་ཏེ། །དེ་ལྟར་བརྡར་ནི་བྱས་པ་ཡིན། །གཟུགས་སོགས་ནུས་པའི་ཁྱད་པར་ནི། །སྤོང་བས་དེ་མཚུངས་འབྲས་བུ་ཡི། །རྒྱུ་མིན་པ་ནི་རྣམ་གཅོད་ལ། །བུམ་པའི་སྒྲ་ནི་འཇུག་པར་འགྱུར། །དེས་ན་བུམ་པ་གཟུགས་སོ་ཞེས། །གཞི་གཅིག་པ་ཅན་སྒྲ་མ་ཡིན། ༈ །དེས་ན་འདི་ནི་རིགས་དང་ནི། །ཚོགས་པ་བརྗོད་པའི་ཁྱད་པར་ཡིན། །དེ་སྤྱི་ཡན་ལག་ཏུ་བྱས་ཏེ། །བུམ་པ་ཡི་ནི་གཟུགས་སོགས་ཞེས། །དེ་ནུས་ཁྱད་པར་སྟོན་པར་བྱེད། ༈ །ཕྱོགས་འདིས་གཞན་ལའང་བརྗོད་པར་བྱ། ༈ །མ་ལུས་རྒྱུ་ཉིད་ཡིན་ན་ནི། །ཡན་ལག་གཅིག་དང་བྲལ་ནའང་མིན། །རེ་རེ་ནུས་པ་ཉིད་ཡིན་ནའང༌། །ཅིག་ཅར་མང་པོ་འབྱུང་བར་འགྱུར། ༈ །དུ་མ་ཉིད་དུ་མཚུངས་པའི་ཕྱིར། །འབྱུང་རྔུབ་དག་ནི་ངེས་བྱེད་མིན། ༈ །གཅིག་ཉིད་ན་ཡང་མང་གསལ་འགྱུར། །དེ་རྒྱུ་རྟག་ཏུ་ཉེ་ཕྱིར་རོ། ༈ །གལ་ཏེ་དུ་མའི་རྒྱུ་མིན་ན། །རིམ་གྱིས་ཀྱང་མིན་ཁྱད་མེད་ཕྱིར། ༈ །དབུགས་གཅིག་ལ་ཡང་དོན་དུ་མ། །འཛིན་ཕྱིར་དེ་ལས་ངེས་མ་ཡིན། །དུ་མ་བློ་གཅིག་གིས་ཤེས་ན། །དེ་ནི་ཅིག་ཅར་ཉིད་འགྱུར་ཏེ། །འགལ་བ་མེད་ཕྱིར་རིམ་གྱིས་ཀྱང༌། །མི་འགྱུར་ཁྱད་པར་མེད་ཕྱིར་རོ། ༈ །རང་རིགས་མིན་པའི་དུས་ཅན་གྱི། །དབུགས་ཀྱི་སྐད་ཅིག་མང་པོ་དག །གལ་ཏེ་དེ་འདྲའི་སེམས་ཉིད་ཀྱི། །རྒྱུ་ཡིན་པར་ནི་རྟོགས་བྱེད་ན། །གོ་རིམས་ལྡན་པའི་རྒྱུ་མེད་པར། །དེ་དག་རིམ་ལྡན་ཇི་ལྟར་འགྱུར། ༈ །རང་རིགས་སྔ་མ་རྒྱུ་ཉིད་ན། ༈ །དང་པོ་འབྱུང་བར་མི་འགྱུར་ཏེ། །དེ་རྒྱུ་དེ་འདྲ་ཡོད་མ་ཡིན། །དབུགས་འབྱུང་ཐ་དང་ཡུལ་ཅན་ཕྱིར། །ཡོད་ཀྱང་དུ་མ་ཉིད་དུ་ངེས། །དེ་ཕྱིར་བློ་ནི་ཅིག་ཅར་སྐྱེ། ༈ །གལ་ཏེ་དུ་མའང་གཅིག་དུས་ཅན། །སེམས་གཅིག་གི་ནི་རྒྱུ་ཡིན་ན། ༈ །དབུགས་རྒྱུ་ཞན་པ་ལ་སོགས་སུ། །གཅིག་མ་ཚང་ནའང་མི་འབྱུང་འགྱུར། །ཅི་སྟེ་ཇི་ལྟར་ཡོད་རྒྱུ་ཡིན། །ཤེས་པ་ལ་ཡང་ཁྱད་ཡོད་འགྱུར། །གང་ཞིག་གང་གི་ཐ་དད་ལས། །ཐ་དད་མིན་དེ་དེ་འབྲས་མིན། ༈ །རྣམ་ཤེས་ནུས་པ་ངེས་པའི་ཕྱིར། །གཅིག་ནི་གཅིག་གི་རྒྱུ་ཡིན་ཏེ། །རྣམ་ཤེས་དོན་གཞན་ཆགས་པ་ཡིས། །ནུས་མེད་དོན་གཞན་མི་འཛིན་ཕྱིར། །གལ་ཏེ་ལུས་ལས་ཅིག་ཅར་བློ། །སྐྱེས་ཤིང་ཕྱིས་ནི་རང་རིག་ལས། །ངེས་ན་ལུས་ཀྱིས་ནུས་པ་ནི། །ཅི་ཡི་ཕྱིར་ན་ལྡོག་པ་ཡིན། །གལ་ཏེ་ལུས་ནི་སྡོག་པ་ན། །རྟེན་མིན་ཕྱིར་ན་སེམས་འབའ་ཞིག །གནས་འགྱུར་ཞེ་ན་གལ་ཏེ་དེའི། །རྒྱུ་འཇུག་ཐོབ་ཕྱིར་སེམས་ཀྱི་རྒྱུན། །གནས་རྒྱུ་ཡན་ལག་མི་འགྱུར་ན། ༈ །ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ། །ལུས་གཞན་སྐྱེད་པའི་རྒྱུ་ཉིད་ཡིན། ༈ །དེ་ཡི་ཡན་ལག་དངོས་པོ་དང༌། །རྒྱུ་ཉིད་འགོག་ལ་མི་དམིགས་པ། །ངེས་འབྱེད་མིན་པར་རབ་ཏུ་བཤད། །དབང་སོགས་ཀྱང་ནི་ལྷག་ལྡན་ཡིན། །དབང་པོ་སྔ་མ་རང་རིགས་ལས། །ནུས་པ་དག་ནི་མཐོང་བ་ཡིན། ༈ །འགྱུར་བ་མཐོང་ཕྱིར་གཞན་དང་གཞན། །སྐྱེ་བ་དག་ཀྱང་འགྲུབ་པ་ཉིད། ༈ །གལ་ཏེ་ལུས་ལས་དེ་སྐྱེ་ན། །སྔ་མ་བཞིན་དུ་ཐལ་བར་འགྱུར། ༈ །སེམས་ལས་ཞེ་ན་ལུས་གཞན་ཡང༌། །འདི་ཉིད་ལས་ནི་སྐྱེ་བར་འགྱུར། །དེས་ན་རྒྱུ་དང་བྲལ་པའི་ཕྱིར། །ཐ་མ་ཡི་ནི་སེམས་རྣམས་ཀུན། །མཚམས་སྦྱོར་མེད་པ་མིན་དེའི་ཕྱིར། །དེ་འདྲའི་སྒྲུབ་བྱེད་ལྷག་ལྡན་འདོད། ༈ །གོམས་ལས་ཁྱད་པར་འགྱུར་ན་ཡང༌། །མཆོངས་དང་ཆུ་ཡི་དྲོད་བཞིན་དུ། །རང་བཞིན་ལས་འདས་མིན་ཞེ་ན། །བྱས་ཏེ་གལ་ཏེ་སླར་ཡང་ནི། །འབད་རྩོལ་ལ་ནི་ལྟོས་འགྱུར་རམ། །རྟེན་མི་བརྟན་པ་ཉིད་འགྱུར་ན། །ཁྱད་པར་དག་ནི་མི་འཕེལ་ན། །རང་བཞིན་དེ་འདྲའང་མ་ཡིན་ཏེ། ༈ །དེ་ལ་ཕན་འདོགས་ནུས་པ་རྣམས། །ཁྱད་པར་ཕྱི་མ་དག་ལ་ནི། །སྒྲུབ་པའི་ནུས་པ་མེད་ཕྱིར་དང༌། །རྟག་ཏུ་རྟེན་གནས་མ་ཡིན་ཕྱིར། །ཁྱད་པར་འཕེལ་ཡང་རང་བཞིན་ཉིད། །མིན་ཕྱིར་གང་ཚེ་བྱས་གྱུར་པ། །ཡང་རྩོལ་ལ་ལྟོས་མི་འགྱུར་ན། །རྩོལ་གཞན་ཁྱད་པར་བྱེད་པར་འགྱུར། ༈ །སེམས་ལ་བརྩེ་སོགས་གོམས་སྐྱེ་བ། །རང་གི་ངང་གིས་འཇུག་འགྱུར་ཏེ། །མེ་ལ་སོགས་པས་ཤིང་དག་དང༌། །དངུལ་ཆུ་དང་ནི་གསེར་སོགས་བཞིན། ༈ །དེ་ཕྱིར་དེ་དག་ལས་སྐྱེས་ཏེ། །ངོ་བོ་ཉིད་སྐྱེས་ཡོན་ཏན་མིན། ༈ །དེས་ན་རྩོལ་བ་ཕྱི་མ་དང༌། །ཕྱི་མ་ཁྱད་པར་བྱེད་པ་ཡིན། །གང་ཕྱིར་རིགས་མཐུན་སྔ་མ་ཡི། །ས་བོན་ལས་ནི་འཕེལ་བ་ཅན། །བརྩེ་བ་ལ་སོགས་བློ་དེ་དག །གོམས་པར་གྱུར་ན་གང་ལ་གནས། ༈ །དེ་ལྟར་མཆོངས་ཉིད་ལ་མཆོངས་མིན། །དེ་རྒྱུ་སྟོབས་དང་འབད་རྩོལ་དག །ནུས་པ་ངེས་པ་ཉིད་ཀྱི་ཕྱིར། །མཆོངས་པ་ངེས་པའི་བདག་ཉིད་ཡིན། ༈ །དེ་ནི་དང་པོ་ཕྱིས་ཉིད་དུ། །མཆོངས་མིན་ལུས་མི་མཐུན་པའི་ཕྱིར། །རྩོལ་བས་རིམ་གྱིས་མི་མཐུན་པ། །བསལ་ན་རང་སྟོབས་ཉིད་དུ་གནས། ༈ །བརྩེ་རང་ས་བོན་ལས་བྱུང་བ། །གལ་ཏེ་རང་ས་བོན་རྒྱུ་ཅན། །མི་མཐུན་ཕྱོགས་ཀྱིས་གནོད་མེད་ན། །སེམས་ལ་དེ་བདག་ཉིད་དུ་འགྱུར། །འདི་ལྟར་གོམས་པ་སྔ་མ་དང༌། །སྔ་མའི་སེམས་ཆོས་བརྩེ་བ་དང༌། །ཆགས་བྲལ་བློ་སོགས་གཞན་དག་གི །གསལ་བ་ཡི་ནི་རྩ་བ་ཡིན། ༈ །གོམས་ལས་བརྩེ་བའི་བདག་ཉིད་དེ། །ཆགས་བྲལ་ཆགས་དང་ཡིད་ལོག་བཞིན། ༈ །བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། ༈ །ལུང་དང་རིག་པས་རྣམ་དཔྱོད་པ། །སྡུག་བསྔལ་ཉིད་ཀྱི་ཁྱད་པར་གྱིས། །སྡུག་བསྔལ་རྒྱུ་དང་དེ་མི་རྟག །ལ་སོགས་རང་བཞིན་རྟོགས་པར་མཛད། །གང་ཕྱིར་དེ་ལྟར་རྒྱུ་གནས་ན། །འབྲས་ལྡོག་གཟིགས་པ་མེད་ཕྱིར་རོ། ༈ །དེ་རྒྱུ་གཞོམ་ཕྱིར་དེ་ཡི་ནི། །མི་མཐུན་ཕྱོགས་ལ་བརྟག་པ་མཛད། །རྒྱུ་ཡི་ངོ་བོ་རྟོགས་པའི་ཕྱིར། །དེ་མི་མཐུན་ཕྱོགས་ཀྱང་ངེས་འགྱུར། །བདག་དང་བདག་གིར་འཛིན་བྱས་པ། །འདུས་བྱས་སྤྱོད་ཡུལ་ཅན་ཆགས་ནི། །རྒྱུ་ཡིན་དེ་ཡི་གནོད་བྱེད་ནི། །བདག་མེད་མཐོང་བ་འགལ་བ་ཡིན། ༈ །རྣམ་པ་དུ་མར་ཐབས་མང་པོ། །ཡུན་རིང་དུས་སུ་གོམས་པ་ལས། །དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། ༈ །དེས་ན་ཐུགས་ཀྱང་གསལ་བའི་ཕྱིར། །རྒྱུ་ཡི་བག་ཆགས་སྤངས་པ་ཡིན། ༈ །ཐུབ་ཆེན་གཞན་དོན་འཇུག་ཅན་གྱི། །བསེ་རུ་ལ་སོགས་ཁྱད་འདི་ཡིན། ༈ །དེ་དོན་ཕྱིར་ན་ཐབས་གོམས་པ། །དེ་ཉིད་སྟོན་པ་ཡིན་པར་འདོད། །གྲུབ་ལས་དང་པོ་འབྱུང་བའི་ཕྱིར། །གཉིས་པོ་འདི་ནི་རྒྱུ་རུ་བཤད། ༈ །རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། །ཉིད་ཡིན་སྡུག་བསྔལ་རྟེན་མིན་ཕྱིར། །ལེགས་ཡིན་དེ་ནི་བདག་མེད་པ། །མཐོང་བའམ་སྦྱོར་བ་ལས་ཡིན་ནོ། །སྐྱེ་དང་སྐྱོན་ནི་ཀུན་འབྱུང་དག །སླར་ཡང་ལྡོག་ཅེས་བཤད་པ་ཡིན། །བདག་ལྟའི་ས་བོན་སྤངས་པའི་ཕྱིར། །སླར་མི་གཤེགས་པ་ཉིད་ཡིན་ནོ། །དེ་བདེན་ཐ་དད་བདག་ཉིད་ཀྱིས། ༈ །ལུས་ངག་སེམས་ཀྱི་གནས་ངན་ལེན། །ཉོན་མོངས་མེད་དང་ནད་མེད་དང༌། །ལམ་བཤད་མི་གསལ་ཉིད་ལུས་ཡིན། །གོམས་ཕྱིར་མ་ལུས་སྤངས་པ་ཉིད། ༈ །ཁ་ཅིག་སྨྲ་སོགས་ཕྱིར་ན་སྐྱོན། །ཟད་མིན་ཞེས་ཟེར་འདི་ལྡོག་ལ། །ཐེ་ཚོམ་ཟ་བ་དེ་ཕྱིར་འཁྲུལ། །རྟག་ཉིད་ཕྱིར་རམ་ཐབས་མེད་ཕྱིར། །ཡང་ན་ཐབས་ནི་མི་ཤེས་ཕྱིར། །སྐྱོན་རྣམས་མི་ཟད་པ་ཉིད་ཅེས། །བྱ་བར་ཡོངས་སུ་རྟོག་གྲང་ན། ༈ །རྒྱུ་ཡོད་ཕྱིར་དང་རྒྱུ་ཡི་ནི། །གཉེན་པོ་གོམས་པས་ཟད་ཕྱིར་དང༌། །རྒྱུ་ཡི་རང་བཞིན་ཤེས་པ་ཡིས། །དེ་ཤེས་པ་ཡང་གྲུབ་པ་ཡིན། ༈ །སྐྱོབ་པ་ཉིད་གཟིགས་ལམ་གསུངས་པ། །འབྲས་མེད་ཕྱིར་ན་བརྫུན་མི་གསུང༌། །ཐུགས་བརྩེ་ལྡན་ཕྱིར་རྩོམ་ཀུན་ཡང༌། །གཞན་གྱི་དོན་དུ་སྦྱོར་ཕྱིར་རོ། །དེ་ཕྱིར་ཚད་ཡིན་ཡང་ན་སྐྱོབ། །བདེན་པ་བཞི་ནི་སྟོན་མཛད་པའོ། །སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །གོམས་ལས་འདོད་ཆགས་སོགས་གསལ་བ། །མཐོང་ཕྱིར་འདོད་རྒྱལ་ཉིད་མིན་ཏེ། །རྒྱུ་མེད་སྐྱེ་བ་འགལ་ཕྱིར་རོ། །འཁྲུལ་ཕྱིར་རླུང་སོགས་ཆོས་མ་ཡིན། །གལ་ཏེ་རང་བཞིན་འདྲེས་པའི་ཕྱིར། །སྐྱོན་མེད་ཅེ་ན་དེ་ཡི་ཆོས། །དེ་ལས་གཞན་ཡང་ཅིས་མ་མཐོང༌། །ཐམས་ཅད་འདོད་ཆགས་མཚུངས་པར་ནི། །ཐལ་ཕྱིར་ཀུན་གྱི་ཆོས་མ་ཡིན། །གཟུགས་སོགས་བཞིན་སྐྱོན་མེད་ཅེ་ན། །གལ་ཏེ་དེ་ལ་ཁྱད་པར་ཅན། །ལས་རྣམས་བདག་པོ་མ་ཡིན་ན། །དེར་ཡང་རྩོད་པ་མཚུངས་པ་ཡིན། །ཆགས་སོགས་རང་བཞིན་ཐམས་ཅད་ཀྱི། །ཆོས་ཡིན་པར་ཡང་འདོད་ན་གོ། །ནུས་མེད་རང་བཞིན་མེད་པས་ན། །འབྲས་བུ་མི་མཚུངས་གང་ལས་ཡིན། །སྐྱོན་རྣམས་ཁྱད་པར་ཡོད་ན་ཡང༌། །ཁྱད་པར་མེད་ཕྱིར་མ་གྲུབ་ཉིད། །མ་ཡིན་ཐམས་ཅད་འགྱུར་བ་ཡིས། །འགྱུར་ཕྱིར་ཀུན་ལས་སྐྱེ་བའང་མིན། །རྒྱུ་ནི་འཕེལ་བར་གྱུར་བ་ན། །འབྲས་བུ་འགྲིབ་བར་མི་རུང་སྟེ། །ཚ་བ་སོགས་བཞིན་ཆགས་སོགས་ཀྱི། །འགྱུར་བ་བདེ་སྡུག་ལས་སྐྱེས་ཡིན། །ཆ་མི་མཉམ་སྐྱེས་སྡུག་བསྔལ་གྱིས། །གལ་ཏེ་འདོད་ཆགས་མི་སྐྱེད་ན། ༈ །ཅིས་སྐྱེད་སྨྲོས་ཤིག་ཆ་མཉམ་ལས། །ཁུ་འཕེལ་དེ་ལས་འདོད་ཆགས་ཡིན། ༈ །ཆ་མིན་མཉམ་ལ་ཆགས་ཅན་མཐོང༌། །གཞན་ནི་ཆ་མཉམ་ན་ཡང་ཡིན། །གཞན་ནི་ཟད་ནས་ཁྲག་འཛག་ཀྱང༌། ༈ །བུད་མེད་གཅིག་ལ་ཁུ་ངེས་མེད། །དེ་གཅིག་ལ་ཆགས་དྲག་མི་འགྱུར། །གལ་ཏེ་གཟུགས་སོགས་ཀྱང་ཡན་ལག །མ་ཡིན་ཀུན་མ་ངེས་ཕྱིར་རོ། །ངེས་པ་མེད་པར་འབྱུང་བའང་མིན། །ཡོན་ཏན་མི་འཛིན་པ་ལའང་འགྱུར། །གལ་ཏེ་ཡོན་ཏན་འཛིན་དེ་ཡང༌། །ཡན་ལག་ཡིན་ན་ཐམས་ཅད་ཀྱིས། །ཡོན་ཏན་འཛིན་པ་ཅན་འགྱུར་ཏེ། །རྒྱུ་ལ་ཁྱད་པར་མེད་ཕྱིར་རོ། ༈ །གནས་སྐབས་གང་ལ་ཆགས་ཅན་འདོད། །དེ་འདྲ་ཞེ་སྡང་ཅན་མི་འགྱུར། །དེ་གཉིས་ངོ་བོ་མི་མཚུངས་ཕྱིར། །འདི་ལ་ངེས་པར་མཐོང་བའང་མེད། །གང་གི་འདོད་ཆགས་ལ་སོགས་པ། །རིགས་མཐུན་བག་ཆགས་ཁྱད་པར་ལ། །རག་ལས་པས་ནི་འཇུག་འགྱུར་བ། །དེ་ལ་སྐྱོན་འདིར་ཐལ་བ་མེད། ༈ །འདིས་ནི་འབྱུང་བའི་ཆོས་ཉིད་བཀག་༈ །རྟེན་ཡང་བཀག་པ་ཉིད་ཕྱིར་རོ། །དཀར་པོ་ལ་སོགས་ས་སོགས་ལ། །བརྟེན་པ་ཉིད་ནི་མ་ཡིན་ནོ། ༈ །དེ་རྟེན་སྒྲ་ཡང་རྒྱུ་དོན་ནམ། །ཡང་ན་རང་གི་རྟེན་དག་དང༌། །དབྱེར་མེད་པར་ནི་གནས་པའི་ཕྱིར། །རྟེན་ཡིན་གཞན་དུ་འཐད་མ་ཡིན། །གལ་ཏེ་མྱོས་སོགས་ནུས་པ་བཞིན། །དབྱེར་ཡོད་ཅེ་ན་དངོས་པོ་ལས། །ནུས་པ་དོན་གཞན་ཉིད་མ་ཡིན། །དངོས་པོ་འཇིག་འགྱུར་རྟེན་ཆད་པར། །གནས་ན་རྟེན་པ་འཇིག་པ་ཡིན། །གལ་ཏེ་དེ་མཚུངས་ཞེ་ན་མིན། །སྣང་བ་ཐ་དད་ཅན་རྟོགས་པས། །འབྱུང་སེམས་ཐ་དད་ཉིད་ཕྱིར་རོ། །ཇི་སྲིད་ལུས་ནི་འགྱུར་བར་དུ། །གཟུགས་སོགས་བཞིན་དུ་ཡིད་ངོ་བོ། །མཚུངས་འགྱུར་རྣམ་པར་རྟོག་པ་ནི། །དོན་གྱི་གཞན་དབང་ཅན་ཉིད་གང༌། །གང་ཚེ་ལུས་ལ་ལྟོས་མེད་པར། །ཤེས་པ་འགའ་ཞིག་འགའ་ཞིག་གིས། །བག་ཆགས་སད་པའི་རྒྱུར་འགྱུར་བ། །དེས་ན་འགའ་ཞིག་ལས་འགའ་ཡིན། །རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། ༈ །གལ་ཏེ་དངོས་པོ་ཐམས་ཅད་ནི། །རྣམ་ཤེས་ནུས་ལྡན་ཕྱིར་འདོད་ན། ༈ །རྩ་སོགས་རྩེ་ན་གླང་ཆེན་བརྒྱ། །སྔོན་ཚེ་མ་མཐོང་ཡོད་དོ་ཞེས། །དེ་སྐད་གྲངས་ཅན་ཕྱུགས་ལས་གཞན། །ངོ་མཚར་བཅས་པ་སུ་བརྗོད་རྩོལ། ༈ །རྒྱུ་ནི་ལན་བརྒྱར་རྣམ་ཕྱེ་ཡང༌། །ངོ་བོ་གང་ཞིག་སྣང་གྱུར་པའི། །ངོ་བོ་དེ་ནི་སྔར་མི་སྣང༌། །ཇི་ལྟར་དེ་ནི་ཡོད་པར་འགྱུར། །སྔ་ན་མེད་པ་འབྱུང་བ་ལས། །ཆགས་སོགས་ངེས་མེད་ཐལ་བར་འགྱུར། ༈ །འབྱུང་བའི་བདག་ལས་མ་འདས་ཕྱིར། །གལ་ཏེ་ཀུན་ཆགས་སོགས་ལྡན་ན། ༈ །ཐམས་ཅད་འདོད་ཆགས་མཚུངས་པར་འགྱུར། ༈ །གལ་ཏེ་འབྱུང་ཁྱད་ལས་ཡིན་ན། །འབྱུང་རྣམས་སྲོག་ཆགས་ཁྱད་མེད་ཀྱང༌། ༈ །ཁྱད་པར་འདི་རྟེན་གང་ཡིན་པ། །དེ་ནི་ཕུལ་བྱུང་འགྲིབ་པ་བཞིན། །དེ་ཡོད་པ་ལས་དེ་མེད་འགྱུར། ༈ །གལ་ཏེ་ཆགས་སོགས་ཐ་དད་ཀྱང༌། །རྒྱུ་མཚུངས་བདག་ཉིད་མི་ལྡོག་ཕྱིར། །མིན་ན་བདག་ཉིད་འདྲ་རྒྱུའི་ཕྱིར། །ཀུན་ལ་འདོད་ཆགས་འདྲ་བར་འགྱུར། ༈ །མཚུངས་བདག་ལས་བྱུང་བ་གླང་གི །ཤེས་པའང་འདིར་ཡང་ས་སོགས་ལ། །སྲོག་ཆགས་ཉིད་སོགས་ཁྱད་པར་གྱི། །རིམ་པ་ལ་ལར་ཡོད་མ་ཡིན། ༈ །དྲོ་རིམ་ཁྱད་པར་ཡོད་ན་ཡང༌། །དྲོ་མེད་མེ་འགའ་ཡོད་མིན་པ། །དེ་བཞིན་འདིར་ཡང་ཞེ་ན་མིན། །དྲོ་ལས་མེ་གཞན་བཀག་ཕྱིར་རོ། ༈ །གང་ཞིག་གཞན་ཡོད་ཡོན་ཏན་ནི། །ཁྱད་པར་རིམ་པ་དང་ལྡན་པ། །དེ་དག་དེ་ཡི་ཁྱད་པར་ནི། །ལ་ལར་འཆད་འགྱུར་དཀར་སོགས་བཞིན། །གཟུགས་སོགས་བཞིན་དུ་ངེས་མིན་ཏེ། །དེ་དག་འབྱུང་དང་དབྱེར་མེད་ཕྱིར། ༈ །གལ་ཏེ་དེ་མཚུངས་ཤེ་ན་མིན། །ཆགས་སོགས་ལྷན་ཅིག་སྐྱེས་ཐལ་ཕྱིར། ༈ །རྣམ་པར་བརྟགས་པ་ཡུལ་ཡིན་ཕྱིར། །ཡུལ་ཡང་ངེས་བྱེད་མ་ཡིན་ནོ། །སྐལ་མཉམ་རྒྱུ་དང་བྲལ་བའི་ཕྱིར། །ཆགས་སོགས་ངེས་པ་མེད་པའམ། ༈ །རྒྱུ་ནི་ཉེ་ཕྱིར་བློ་རྣམས་ཀུན། །ཐམས་ཅད་ཀུན་ཚེ་སྐྱེ་བར་འགྱུར། ༈ །དེ་ནི་རེས་འགའ་དམིགས་པའི་ཕྱིར། །མི་རྟག་ཉེས་པའི་རྟེན་ཕྱིར་དང༌། །རྒྱུ་དབང་ཕྱིར་ཡང་སྡུག་བསྔལ་ཡིན། །བདག་མིན་བྱིན་གྱིས་བརླབས་པའང་མིན། །རྒྱུ་མིན་བྱིན་གྱིས་རློབ་པ་མིན། ༈ །རྟག་པ་ཇི་ལྟར་སྐྱེད་བྱེད་ཡིན། །དེ་ཕྱིར་གཅིག་ལས་དུ་མ་ནི། །དུས་ཐ་དད་པར་སྐྱེ་མི་འགྱུར། ༈ །རྒྱུ་གཞན་དག་ནི་ཚོགས་ན་ཡང༌། །འབྲས་བུ་སྐྱེ་བ་མེད་པའི་ཕྱིར། །རྒྱུ་གཞན་རྗེས་སུ་དཔོག་འགྱུར་ན། །དེ་ནི་རྟག་རྣམས་ལ་ཡོད་མིན། །རེས་འགའ་བ་ཉིད་ཡིན་པས་ན། །སྡུག་བསྔལ་ཉིད་རྒྱུ་བཅས་ཉིད་གྲུབ། །རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། ༈ །ཇི་ལྟར་ཚེར་མ་ལ་སོགས་ཀྱི། །རྣོ་བ་ཉིད་སོགས་རྒྱུ་མེད་པ། །དེ་ལྟར་འདི་དག་རྒྱུ་མེད་འགྱུར། །ཞེས་ནི་ཁ་ཅིག་རབ་ཏུ་བརྗོད། །གང་ཡོད་ཉིད་ནའང་གང་སྐྱེ་བའམ། །གང་འགྱུར་ན་ཡང་རྣམ་འགྱུར་བ། །དེ་ནི་དེ་རྒྱུ་རབ་ཏུ་བརྗོད། །དེ་ནི་དེ་རྣམས་ལ་ཡང་ཡོད། །རེག་པ་གཟུགས་རྒྱུ་ཉིད་ཡིན་ཕྱིར། །མཐོང་བ་ལ་ནི་རྒྱུ་མཚན་ཡིན། །རྟག་རྣམས་བཀག་ཅིང་དབང་ཕྱུག་ལ། །སོགས་པ་ལས་ཀྱང་སྲིད་མིན་ཏེ། །ནུས་མེད་ཕྱིར་རོ་དེ་ཡི་ཕྱིར། །སྲིད་འདོད་རྒྱུ་ཡིན་གང་གི་ཕྱིར། །མི་རྣམས་ཡུལ་གྱི་ཁྱད་པར་ནི། །ཡོངས་འཛིན་དེ་ཐོབ་བསམ་པས་བྱས། ༈ །དེ་ནི་སྲིད་འདོད་གང་ཕྱིར་ཡང༌། །སྲོག་ཆགས་བདེ་སྡུག་ཐོབ་པ་དང༌། །འདོར་འདོད་འཇུག་པ་དེ་དག་ནི། །འདོད་དང་འཇིག་སྲེད་ཡིན་པར་འདོད། །བདག་ཏུ་ཆགས་པའི་རྒྱུ་ཉིད་ལས། །བདེ་མིན་བདེ་བར་འདུ་ཤེས་པས། །ཀུན་ལ་རབ་ཏུ་འཇུག་འགྱུར་བ། །དེ་ཕྱིར་སྲེད་པ་སྲིད་རྟེན་ཡིན། །ཆགས་བྲལ་སྐྱེ་བ་མ་མཐོང་ཕྱིར། །ཞེས་ནི་སློབ་དཔོན་རྣམས་ཀྱིས་གསུངས། །ལུས་མེད་ཆགས་པ་མ་མཐོང་ཕྱིར། །ལུས་ལས་ཀྱང་ནི་འདོད་ཆགས་འབྱུང༌། ༈ །རྒྱུ་མཚན་ཁས་བླངས་ཕྱིར་ན་འདོད། ༈ །ཉེར་ལེན་ཉིད་ནི་བསལ་བ་ཡིན། ༈ །རིགས་འདི་རྗེས་སུ་འདོད་ན་ནི། །རང་ཉིད་རང་འདོད་ལ་གནོད་འགྱུར། །གལ་ཏེ་སྐྱེ་ལ་ཆགས་མཐོང་ཕྱིར། །སྐྱེ་དང་ལྷན་ཅིག་འབྱུང་ཞེ་ན། །སྐལ་མཉམ་སྐྱེ་ཕྱིར་སྔར་གྲུབ་ཡིན། ༈ །མི་ཤེས་སྲིད་པའི་རྒྱུ་ཡིན་ཡང༌། །མ་བརྗོད་སྲིད་པ་ཉིད་བཤད་པ། །རྒྱུན་ནི་འཕེན་པ་བྱེད་ཕྱིར་དང༌། །དེ་མ་ཐག་ཕྱིར་ལས་ཀྱང་མིན། །དེ་ཡོད་ན་ཡོད་མེད་ཕྱིར་རོ། ༈ །དེ་ནི་གཏན་དུ་བ་ཡིན་ཏེ། །རྒྱུ་ལ་གེགས་སོགས་སྲིད་ཕྱིར་རོ། །འཁོར་ཕྱིར་ཐར་པ་མེད་ཅེ་ན། །མ་ཡིན་འདོད་དང་མ་གྲུབ་ཕྱིར། །ཇི་སྲིད་བདག་ཆགས་མ་བཅོམ་ཞིང༌། །དེ་ནི་ཡོངས་སུ་གདུང་འགྱུར་བ། །དེ་སྲིད་སྡུག་བསྔལ་སྒྲོ་བཏགས་ནས། །རང་བཞིན་དུ་ནི་གནས་པ་མེད། །གྲོལ་བ་པོ་ནི་མེད་ན་ཡང༌། །ལོག་པར་སྒྲོ་འདོགས་གཞོམ་ཕྱིར་བརྩོན། ༈ །འདོད་ཆགས་བྲལ་བའི་གནས་པ་ནི། །བརྩེ་བའམ་ཡང་ན་ལས་ཀྱིས་ཡིན། །འཕངས་ལས་ལྡོག་མེད་འདོད་ཕྱིར་རོ། །སྲིད་པའི་སྲེད་ལས་རྣམ་བརྒལ་བའི། །ལས་གཞན་འཕེན་ནུས་མ་ཡིན་ཏེ། །ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། ༈ །སྡུག་བསྔལ་ཤེས་ལ་འགལ་མེད་པས། །འདུ་བྱེད་སྔ་མ་འཇུག་པ་ཅན། །དངོས་ཆོས་བརྩེ་བ་སྐྱེ་བ་དེ། །སེམས་ཅན་རྗེས་འབྲེལ་ཅན་མ་ཡིན། ༈ །དེ་བདག་མིན་པའི་ཆོས་ལ་ནི། །བདག་གཞན་སྒྲོ་འདོགས་པ་ལས་ཆགས། །སྡུག་བསྔལ་རྒྱུན་རིག་ཙམ་ལས་ནི། །བརྩེ་བ་སྐྱེ་བར་འགྱུར་བ་ཡིན། ༈ །གཏི་མུག་ཉེས་པའི་རྩ་བ་སྟེ། །དེ་ཡང་སེམས་ཅན་འཛིན་པ་ཡིན། །དེ་མེད་ཉེས་རྒྱུ་ལས་ཁྲོ་མིན། །དེས་ན་བརྩེ་བ་ཉེས་མེད་འདོད། ༈ །གྲོལ་མེད་མ་ཡིན་མངོན་འདུ་བྱེད། །ཟད་ནས་གཞན་མཚམས་མི་སྦྱོར་ཕྱིར། ༈ །འདུ་བྱེད་ནུས་པ་མ་ཟད་ན། །གང་དེ་གནས་པ་ཉེས་མེད་ཉིད། ༈ །སྙིང་རྗེ་དམན་པ་ཉིད་ཕྱིར་ཡང༌། །གནས་པའི་འབད་རྩོལ་ཆེན་པོ་མེད། །གང་དག་བརྩེ་བ་ཆེན་པོ་པ། །གཞན་གྱི་ངོར་ནི་བཞུགས་པ་ཡིན། །གལ་ཏེ་འཇིག་ཚོགས་ལྟ་བྲལ་ཕྱིར། །ལམ་དང་པོར་ནི་སྲིད་མེད་འགྱུར། །ལྷན་ཅིག་སྐྱེས་པ་མ་སྤངས་ཕྱིར། །སྤངས་ནའང་སྲིད་པ་ག་ལ་ཡོད། །བདེ་བར་གྱུར་པའམ་སྡུག་བསྔལ་བར། །མ་གྱུར་ཅིག་ཅེས་འདོད་པ་ན། །ངའོ་སྙམ་པའི་བློ་གང་དེ། །སེམས་ཅན་ལ་བལྟ་ལྷན་ཅིག་སྐྱེས། ༈ །ང་ཞེས་མཐོང་བ་མེད་པར་ནི། །འགའ་ཡང་བདག་ལ་ཆགས་མ་ཡིན། །བདག་ལ་སྲེད་པ་མེད་པར་ཡང༌། །བདེ་བ་འདོད་པས་མངོན་རྒྱུག་མིན། ༈ །སྡུག་བསྔལ་སྐྱེ་བའི་རྒྱུ་ཉིད་ནི། །འཆིང་ཡིན་རྟག་ལ་དེ་གང་ལས། །སྡུག་བསྔལ་མི་སྐྱེ་རྒྱུ་ཉིད་ནི། །ཐར་ཡིན་རྟག་ལ་དེ་གང་ལས། ༈ །མི་རྟག་ཉིད་དུ་བརྗོད་མེད་གང༌། །དེ་ནི་འགའ་ཡིའང་རྒྱུ་མ་ཡིན། ༈ །བརྗོད་བྱ་མིན་ལའང་བཅིངས་དང་ཐར། །ཇི་ལྟ་བུར་ཡང་ཡོད་མ་ཡིན། །གང་གི་རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས་རྟག་ཅེས་བརྗོད། །དེས་ན་ངོ་ཚའི་ལྟ་བ་འདི། །སྤོངས་ལ་དེ་ནི་རྟག་པར་སྨྲོས། ༈བཤད་ཟིན་ལམ་དེ་གོམས་པ་ལས། །གནས་གྱུར་གལ་ཏེ་གནས་གྱུར་ཀྱང༌། །ལམ་བཞིན་སྐྱོན་ནི་འབྱུང་ཞེ་ན། །མ་ཡིན་ནུས་པ་མེད་ཕྱིར་རོ། ༈ །རྣམ་ཤེས་ཡུལ་འཛིན་པ་ཡི་ཆོས། །ཇི་ལྟར་ཡོད་དེ་འཛིན་པ་དང༌། །ཡོད་པ་ཡི་ནི་བདག་ཉིད་དེ། །འདི་ཡིས་སྐྱེད་པར་བྱེད་པའང་ཡིན། །རང་བཞིན་འདི་ཡིན་འདི་ལས་དེ། །རྐྱེན་གཞན་གྱིས་ནི་གོལ་འགྱུར་ཞིང༌། ༈ །ལྡོག་པ་ལ་ནི་རྐྱེན་ལ་ལྟོས། །མི་བརྟན་སྦྲུལ་གྱི་བློ་བཞིན་ནོ། །སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །དེ་ཕྱིར་སྔར་ཡང་ནུས་མེད་རྣམས། །དེ་བདག་གྱུར་ལ་ཕྱིས་ནུས་མེད། ༈ །ནུས་ཡོད་ན་ཡང་གནོད་པ་ཅན། །སྐྱེད་ནུས་སྙིང་པོ་ཅན་དངོས་ལ། །ཡུན་དུ་གནས་ནུས་ཡོད་མིན་ཏེ། ས་རློན་ལ་ནི་མེ་བཞིན་ནོ། །འཚེ་བ་མེད་དང་ཡང་དག་དོན། །རང་བཞིན་ལ་ནི་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་ཟློགས་ཏེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །བདག་འཛིན་རྒྱུ་གཅིག་ཅན་ཉིད་དང༌། །རྒྱུ་དང་འབྲས་བུའི་དངོས་པོའི་ཕྱིར། །འདོད་ཆགས་ཁོང་ཁྲོ་ཕན་ཚུན་དུ། །ཐ་དད་ན་ཡང་གནོད་མ་ཡིན། །བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚར་གཅོད་མིན། ༈ །ཉེས་ཀུན་དེ་ཡི་རྩ་བ་ཅན། །དེ་ཡང་འཇིག་ཚོགས་ལྟ་བ་ཡིན། །རིག་པའི་མི་མཐུན་ཕྱོགས་ཕྱིར་དང༌། །སེམས་བྱུང་ཉིད་ཀྱིས་དམིགས་པའི་ཕྱིར། །ལོག་པར་དམིགས་ཉིད་མ་རིག་པར། །གསུངས་ཕྱིར་གཞན་ནི་རིགས་མ་ཡིན། །འགལ་བ་གང་ཡིན་འདིར་བཤད་བྱ། །སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །དེ་ཡི་རང་བཞིན་ཉེས་ཀུན་དང༌། །འགལ་བར་རབ་ཏུ་གྲུབ་པ་ཡིན། ༈ །ཟད་མིན་སྲོག་ཆགས་ཆོས་ཉིད་ཕྱིར། །གཟུགས་སོགས་བཞིན་མིན་མ་གྲུབ་ཕྱིར། །གཉེན་པོའི་ཕྱོགས་དང་འབྲེལ་པ་ན། །ལྡོག་པ་དག་ཀྱང་མཐོང་ཕྱིར་རོ། ༈ །ཉེས་པ་རྣམ་པར་འགགས་པ་ནི། །སྲ་ཞིང་སླར་ཡང་སྐྱེ་མེད་དེ། །དེ་བདག་ཉིད་ཀྱིས་འབྲལ་མེད་དང༌། །ཐལ་བ་བཞིན་དུ་མ་ངེས་ཕྱིར། ༈ །གང་ཞིག་བདག་མཐོང་དེ་ལ་ནི། །ང་ཞེས་རྟག་ཏུ་ཞེན་པར་འགྱུར། །ཞེན་པས་བདེ་ལ་སྲེད་འགྱུར་ཏེ། །སྲེད་པས་སྐྱོན་རྣམས་སྒྲིབ་པར་བྱེད། །ཡོན་ཏན་མཐོང་བས་ཡོངས་སྲེད་པ། །ང་ཡི་ཞེས་དེའི་སྒྲུབ་བྱེད་ལེན། །དེས་ན་བདག་ལ་མངོན་ཆགས་པ། །དེ་སྲིད་དེ་ནི་འཁོར་བར་འགྱུར། ༈ །བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། ༈ །ངེས་པར་བདག་ལ་ཆགས་པ་ནི། །བདག་གི་ལ་ཆགས་མི་འབྲལ་ཞིང༌། ༈ །ཉེས་མེད་བདག་ལ་ཆགས་པ་དང༌། །བྲལ་བའི་རྒྱུ་ཡང་ཡོད་མ་ཡིན། ༈ །གལ་ཏེ་ཆགས་པ་སྐྱོན་བཅས་ན། །དེ་ལས་ཅིར་འགྱུར་དེ་སྤོང་འགྱུར། །འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། ༈ །ཡོན་ཏན་སྐྱོན་དང་རྗེས་འབྲེལ་བའི། །འདོད་དང་སྡང་སོགས་སྤོང་བ་ནི། །དེ་དག་ཡུལ་ལ་མ་མཐོང་བས། །ཡིན་གྱི་ཕྱི་ཚུལ་གང་གིས་མིན། ༈ །ཆགས་ཡོན་ཏན་གྱིས་ཆགས་མིན་གྱི། །དོན་གྱི་ཡོན་ཏན་མཐོང་བས་ཡིན། །མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ཟློག་པར་བྱེད། ༈ །ཆགས་ལ་སྐྱོན་ཡང་གང་ཞིག་མཐོང༌། ༈ །གལ་ཏེ་སྡུག་བསྔལ་རྟེན་ཞེ་ན། །དེ་ལྟའང་འདི་ལ་ཆགས་བྲལ་མིན། །བདག་གིར་མཐོང་ཕྱིར་དཔེར་བདག་བཞིན། ༈ །གལ་ཏེ་དེ་མེད་བདག་སྡུག་བསྔལ། །རྒྱུ་མིན་དེ་ཡང་དེ་དང་འདྲ། ༈ །དེ་ལྟར་གཉིས་ཀའང་སྐྱོན་མེད་པ། །དེ་ཕྱིར་གཉིས་ལ་ཆགས་བྲལ་མིན། ༈ །གལ་ཏེ་སྦྲུལ་བཟུང་ཡན་ལག་བཞིན། །སྡུག་བསྔལ་བསྒོམས་པས་སྤོང་འགྱུར་ན། །བདག་གི་བ་བློ་བཅོམ་པས་འདི། །འདོར་བ་ཡིན་གྱི་བཟློག་ལ་མིན། ༈ །དབང་པོ་ལ་སོགས་ལོངས་སྤྱོད་ཀྱི། །རྟེན་ཉིད་དུ་ནི་བཟུང་བ་ལ། །རང་བློ་གང་གིས་བཟློག་འགྱུར་ཏེ། །དེ་ལ་ཆགས་བྲལ་དེ་གང་ལས། ༈ །ལུས་ལས་བོག་པའི་སྒྲ་སོགས་ལ། །ཡིད་བྱུང་བློ་ནི་སྐྱེ་འགྱུར་ཞིང༌། །གཞན་ལ་ཞེན་བཅས་སྐྱེ་འགྱུར་བ། །ཐམས་ཅད་ཀྱི་ནི་མངོན་སུམ་ཡིན། ༈ །དེ་ལ་འདུ་སོགས་འབྲེལ་པ་ལས། །རང་གི་བློ་ནི་སྐྱེ་འགྱུར་བའི། །འབྲེལ་ཏེ་དེ་བཞིན་ཉིད་གནས་ཕྱིར། །མཐོང་དུ་ཟིན་ཀྱང་སྤོང་མི་འགྱུར། ༈ །འདུ་བ་ལ་སོགས་མེད་ན་ཡང༌། །ཕན་འདོགས་ཉིད་ནི་ཀུན་ལ་ཡོད། ༈ །སྡུག་བསྔལ་བསྐྱེད་ཕྱིར་སོར་མོ་བཞིན། །རང་གི་བློ་ནི་མི་འགྱུར་ན། །གཅིག་ཏུ་དེ་ནི་སྡུག་བསྔལ་མིན། ༈ །ཕལ་ཆེར་དུག་བཅས་ཟས་བཞིན་ནོ། །ཁྱད་པར་ཅན་བདེ་ལ་ཆགས་པས། །དེ་འགལ་བ་ལ་ཆགས་བྲལ་འགྱུར། ༈ །ཁྱད་པར་ཅན་བདེ་ལ་སྲེད་པས། །བདེ་བ་ཅུང་ཟད་ཡོངས་སུ་སྤོང༌། ༈ །བསམ་མེད་བདག་ལ་ཆགས་པ་ཡིས། །ཇི་ལྟར་རྙེད་བཞིན་ལ་འཇུག་སྟེ། །བུད་མེད་དག་ནི་མ་རྙེད་པར། །དུད་འགྲོ་ལ་འདོད་སྤྱོད་མཐོང་བཞིན། ༈ །བདག་ནི་འདོད་པ་གང་ཡིན་ཏེ། །ཇི་ལྟར་དེ་ནི་འཇིག་པར་འདོད། ༈ །མྱོང་བ་དང་ནི་ཐ་སྙད་དང༌། །ཡོན་ཏན་ཀུན་གྱི་རྟེན་ལོག་པ། །ཇི་ལྟར་ཞེན་པ་ཡིན་འདོད་དེ། །ཞེན་པའི་རང་བཞིན་དེ་འདྲ་མིན། ༈ །རྣམ་པ་ཀུན་ཏུ་བདག་འཛིན་ནི། །བདག་ལ་ཆགས་པ་བསྟན་པར་བྱེད། །དེ་ནི་བདག་གིར་ཞེན་པ་ཡི། །ས་བོན་གནས་སྐབས་དེ་ཉིད་གནས། ༈ །བརྩོན་ཡང་ཡོན་ཏན་ཆ་བརྟེན་ནས། །འཇུག་ལྡན་བདག་གི་བ་ལ་ནི། །ཆགས་བྲལ་གེགས་བྱེད་པ་ཉིད་དང༌། །དེ་ཡི་སྐྱོན་ཡང་སྒྲིབ་པ་ཡིན། ༈ །གལ་ཏེ་བདག་ལའང་ཆགས་བྲལ་ན། །ད་ནི་ཆགས་བྲལ་གང་ཡིན་མེད། །དེ་ནི་ཇི་ལྟར་བདག་འདོད་པ། །སྡུག་བསྔལ་བསྒོམ་པ་དོན་མེད་འགྱུར། ༈ །དེ་དག་སྡུག་བསྔལ་བསྒོམས་པས་ཀྱང༌། །སྡུག་བསྔལ་ཉིད་ནི་རྣམ་ཤེས་བྱེད། །དེ་ནི་སྔར་ཡང་མངོན་སུམ་ཉིད། །དེ་ལྟ་ན་ཡང་ཆགས་བྲལ་མེད། །གལ་ཏེ་དེ་ལ་ཉེས་པ་ཡིས། །སྐད་ཅིག་དེ་ཡི་བློ་ལྡོག་ཀྱང་། །དེ་ལ་ཆགས་བྲལ་མི་འགྱུར་ཏེ། །འདོད་ལྡན་བུད་མེད་གཞན་ལ་བཞིན། ༈ །བླང་དང་དོར་བྱའི་ཁྱད་ཡོད་ན། །གཅིག་ལས་བྱུང་བའི་ཆགས་གང་ཡིན། །དེ་ཉིད་རྣམ་གྲངས་ཀྱིས་བསྐྱེད་ཚེ། །ཆགས་པ་ཀུན་གྱི་ས་བོན་ཡིན། །སྐྱོན་མེད་ཡུལ་ཅན་ཆགས་པ་དང༌། །སྒྲུབ་བྱེད་ཀྱང་ནི་སྐྱོན་མེད་ཡིན། །འགྲོ་བའང་དེ་ཙམ་ཉིད་ཡིན་ན། །ད་ནི་གང་ལ་ཆགས་བྲལ་འགྱུར། །དེར་དེ་སྐྱོན་བཅས་ཀྱང་ཡིན་ན། །དེ་ནི་བདག་ལའང་མཚུངས་པ་ཡིན། །དེར་དེའི་སྐྱོན་ལ་ཆགས་བྲལ་མེད། །ད་ནི་གང་ལ་དེ་ཆགས་བྲལ། ༈ །ཡོན་ཏན་མཐོང་བ་ལས་བྱུང་བའི། །ཞེན་པ་ཉེས་པ་མཐོང་བས་འཇིག་༈ །དེ་ལྟར་དབང་སོགས་ལ་དེ་མིན། །བྱིས་སོགས་ལ་ཡང་མཐོང་ཕྱིར་དང༌། །སྐྱོན་ལྡན་ལ་ཡང་ཡོད་ཕྱིར་དང༌། །ཡོན་ཏན་ལྡན་ཡང་གཞན་དག་ལ། །མེད་ཕྱིར་འདས་པ་ལ་སོགས་པ། །བདག་གི་བ་ལ་མེད་ཕྱིར་རོ། ༈ །དེ་ཉིད་ཕྱིར་ན་བདག་གི་བའི། །བློ་རྒྱུའང་ཡོན་ཏན་མཐོང་བས་མིན། །དེ་ཕྱིར་ཡོན་ཏན་མིན་མཐོང་བས། །དེ་ཡང་སྤོང་བ་མ་ཡིན་ནོ། ༈ །གཞན་ཡང་ཡོད་མིན་ཡོན་ཏན་ནི། །སྒྲོ་འདོགས་ཆགས་པས་དེར་ཡང་མཐོང༌། ༈ །དེས་ན་དེ་རྒྱུ་གནོད་མེད་ཅན། །བསྒྲུབས་པས་དེ་ལ་ཇི་ལྟར་གནོད། ༈ །མཆོག་གཞན་དོན་དུ་གཉེར་ཕྱིར་དང༌། །སྐྱེ་འཇིག་བློ་ཅན་ཉིད་ཀྱི་ཕྱིར། །སྐྱེ་བོ་འདི་ཡིས་དབང་སོགས་ལས། །བདག་ནི་ཐ་དད་གྱུར་པར་ཤེས། ༈ །དེ་ཕྱིར་གཅིག་ཉིད་མཐོང་བས་ཀྱང༌། །ཆགས་མིན་བདག་ལ་ཆགས་པ་དེ། །དམིགས་པའི་ནང་གི་ཡན་ལག་ལ། །ངོ་བོ་ཉིད་ཀྱིས་རྗེས་ཆགས་འགྱུར། ༈ །གང་ཞིག་ད་ལྟར་སྡུག་བསྔལ་བས། །ཡིད་འབྱུང་དེ་འདྲ་སྡང་ཡིན་གྱི། །ཆགས་བྲལ་མ་ཡིན་དེ་ཚེ་ཡང༌། །ཆགས་ཡོད་སྐབས་གཞན་ཚོལ་ཕྱིར་རོ། ༈ །ཞེ་སྡང་སྡུག་བསྔལ་རྒྱུ་ཅན་ཕྱིར། །དེ་ནི་དེ་སྲིད་ཙམ་དུ་གནས། །དེ་ལོག་ན་ནི་རང་ཉིད་ཀྱི། །རང་བཞིན་ཉིད་ལ་སླར་བརྟེན་འགྱུར། ༈ །བླང་དང་དོར་བྱ་སྤངས་པའི་ཕྱིར། །ཐམས་ཅད་ལ་ནི་མཉམ་སྙོམས་ཅན། །ཙནྡན་སྟེའུ་མཚུངས་པ་ལ། །ཆགས་བྲལ་ཞེས་ནི་བརྗོད་པ་ཡིན། ༈ །འདུ་བྱེད་སྡུག་བསྔལ་ལ་དགོངས་ནས། །སྡུག་བསྔལ་བསྒོམ་པར་གསུངས་པ་ཡིན། ༈ །ངེད་ཀྱི་དེ་ཡང་རྐྱེན་ལས་སྐྱེས། །དེ་ནི་བདག་མེད་ལྟ་བརྟེན་ཡིན། །སྟོང་ཉིད་ལྟ་བས་གྲོལ་བར་འགྱུར། །སྒོམ་པ་ལྷག་མ་དེ་དོན་ཡིན། ༈ །དེ་ཕྱིར་མི་རྟག་ལས་སྡུག་བསྔལ། །སྡུག་བསྔལ་ལས་ནི་བདག་མེད་གསུངས། །ཆགས་བྲལ་མིན་དང་སྲེད་ལྡན་དང༌། །རྩོམ་པ་ཀུན་ལ་བརྟེན་པ་དེ། ༈ །ཉོན་མོངས་ལས་ལས་གྲོལ་མ་ཡིན། །དེའང་འཁོར་བ་པ་ཞེས་བྱ། ༈ །བདག་གི་ཉིད་ནི་མི་འདོད་ན། །དེ་ཡི་ཟ་བ་པོ་ཡང་མེད། །བྱ་དང་ལོངས་སྤྱོད་མཚན་ཉིད་ཅན། །དེ་ཚེ་དེ་ཡི་བདག་ཀྱང་མེད། ༈ །དེ་ཕྱིར་གྲོལ་འདོད་ཐོག་མེད་པའི། །རྒྱུ་ཅན་རིགས་མཐུན་ས་བོན་ལས། །བྱུང་བའི་འཇིག་ཚོགས་ལྟ་བ་དག །རྩ་བ་ཉིད་ནས་དབྱུང་བར་གྱིས། ༈ །ལུང་ནི་དེ་ལྟའི་དངོས་ཡིན་པའི། །རྒྱུ་མ་མཐོང་བ་རྣམས་ལ་ནི། །ལུང་ཙམ་གྱིས་ནི་གྲོལ་བར་ཡང༌། །སྨྲ་བ་ཡོངས་སུ་མགུ་བྱེད་མིན། ༈ །ས་བོན་སོགས་གྲུབ་ཆོ་ག་ནི། །སྐྱེས་བུ་མི་སྐྱེད་པར་ནུས་མིན། །ཏིལ་མར་བསྐུས་དང་མེས་བསྲེགས་སོགས། །བདག་ཀྱང་གྲོལ་བར་ཐལ་ཕྱིར་རོ། ༈ །སྔར་ལྕི་བ་དག་ཕྱིས་ཡང་ཕྱིར། །སྡིག་པ་བཅོམ་པར་བྱས་པ་མིན། །འདི་ཡི་ལྕི་ཉིད་མེད་འགྱུར་གྱི། །ལུས་ཅན་མིན་ཕྱིར་སྡིག་ལྕི་མིན། ༈ །ལོག་ཤེས་དང་ནི་དེ་ལས་བྱུང༌། །སྲེད་པ་སེམས་པའི་དབང་དག་གིས། །དམན་གནས་འགྲོ་བ་སྐྱེ་བ་ཡིན། །དེ་ཕྱིར་དེ་བཅད་འགྲོ་མི་འགྱུར། །དེ་ཙམ་ལས་ནི་འབྱུང་བའི་ཕྱིར། །སྐྱེ་ལ་དེ་དག་ཉིད་ནུས་ཡིན། ༈ །སེམས་པ་དེ་དག་རང་ཉིད་ལས། །ཡིན་ཕྱིར་སྐྱེ་རྒྱུ་ཉམས་པ་མེད། །འགྲོ་དང་རྟོགས་རྟེན་བྱེད་པ་ཡིན། །དེ་ནི་མ་མཐོང་བ་ལས་འགྱུར། །མ་མཐོང་ཞིག་ཕྱིར་འགྲོ་བ་མེད། །དེས་ན་འདུ་བྱེད་སེམས་པ་མིན། ༈ །ཡོད་དང་མེད་པའི་རྗེས་འཇུག་ཕྱིར། །བྱེད་པ་སྐྱེད་ལ་བློ་ཡི་ནི། །ནུས་མཐོང་གཞན་གྱིས་མ་ཡིན་ན། །དེ་ཡོད་དེ་དག་ཅིས་མི་འགྲོ། ༈ །གལ་ཏེ་དེ་དག་ནུས་མེད་ན། །དབང་སོགས་བྱས་མ་ཐག་དེ་དག །སེམས་པའི་དབང་གིས་འཛིན་དང་འཇུག །གཡེང་དང་འགོག་པ་མེད་པར་འགྱུར། ༈ །ཅི་སྟེ་དེ་ཚེ་བློ་མེད་ཕྱིར། །མི་འགྱུར་དྲི་མ་རྣམས་ཀྱི་བློ། །མཚམས་སྦྱོར་དེ་རྣམས་ནུས་མེད་ན། །གསོན་པ་ཉིད་ནའང་ནུས་མེད་འགྱུར། ༈ །གཉེན་པོ་དང་ནི་རང་གི་ཕྱོགས། །འཕེལ་ན་འགྲིབ་དང་འཕེལ་བའི་ཕྱིར། །ཉེས་རྒྱུན་རང་གི་ས་བོན་ཅན། །དབང་བསྐུར་བ་ལས་ལྡོག་པ་མེད། །རྟག་པ་ལྟོས་པ་མེད་པའི་ཕྱིར། །རིམ་གྱིས་སྐྱེད་པར་བྱེད་པ་དང༌། ༈ །བྱེད་དང་མི་བྱེད་པ་དག་ནི། །འདྲ་བའི་བདག་ཉིད་བྱེད་པ་འགལ། ༈ །རྒྱུ་དང་འབྲས་བུའང་གཅིག་པར་འགྱུར། །དེ་དག་དེ་ལས་ཐ་དད་ན། །བྱེད་པོ་ཟ་བོ་ཉམས་པར་འགྱུར། ༈ །ནུས་པ་ཡང་ནི་འགྲུབ་མ་ཡིན། ༈ །གཞན་གྱིས་དྲན་དང་ལོངས་སྤྱོད་སོགས། །ཐལ་བ་གནོད་བྱེད་མ་ཡིན་ཏེ། །འགའི་ཡང་དྲན་པ་མེད་པའི་ཕྱིར། །དེས་ན་མྱོང་ལས་དྲན་པ་འབྱུང༌། ༈ །བདེན་པ་བཞི་ལ་བརྟེན་པ་དང༌། །བདེ་དང་ང་དང་ངའི་ཞེས་སོགས། །ཡང་དག་མིན་པ་རྣམ་བཅུ་དྲུག །སྒྲོ་བཏགས་ནས་ནི་ཡོངས་སུ་སྲེད། ༈ །དེ་ཉིད་ལས་ནི་དེ་འགལ་དོན། །དེ་ཉིད་རྣམ་པ་རྗེས་རྟོགས་ཅན། །ལེགས་བསྒོམས་ཡང་དག་ལྟ་བ་ཡིས། །སྲེད་པ་རྗེས་འབྲང་བཅས་འཇོམས་བྱེད། ༈ །ལས་དང་ལུས་དག་གནས་ན་ཡང༌། །གཅིག་མེད་ཕྱིར་ན་རྒྱུ་གསུམ་ཅན། །སྐྱེ་བ་སྲིད་པ་མ་ཡིན་ཏེ། །ས་བོན་མེད་པར་མྱུ་གུ་བཞིན། ༈ །ལས་དང་ལུས་དག་སྤོང་མིན་ཏེ། །གཉེན་པོ་དག་ནི་མེད་ཕྱིར་དང༌། །ནུས་མེད་ཕྱིར་རོ་སྲེད་པ་ནི། །ཡོད་ན་སླར་ཡང་འབྱུང་ཕྱིར་རོ། ༈ །གཉིས་ཟད་དོན་དུ་འབད་ན་ཡང༌། །ལས་ཟད་དུབ་པ་དོན་མེད་ཡིན། །འབྲས་བུ་སྣ་ཚོགས་མཐོང་བའི་ཕྱིར། །ལས་རྣམས་ནུས་པ་ཐ་དད་དུ། །རྗེས་དཔོག་དེས་ན་དཀའ་ཐུབ་ཀྱི། །ཉོན་མོངས་དངོས་གཅིག་གིས་མི་མཛད། ༈ །རྣམ་འགས་དེ་བསྐྱེད་འབྲས་བུ་ནི། །ཆུང་འགྱུར་རིགས་མི་མཐུན་ཅན་མིན། ༈ །འབྲས་བུ་ཉམས་སུ་མྱོང་བ་ནི། །ཅི་སྟེ་དཀའ་ཐུབ་ནུས་པ་ཡིས། །ནུས་པ་འདྲེས་པ་ཟད་པ་ན། །ཉོན་མོངས་ཆ་འགའ་སྤོང་བའམ། །ཉོན་མོངས་མེད་པར་ཀུན་སྤང་འགྱུར། །གལ་ཏེ་དཀའ་ཐུབ་ཉོན་མོངས་ལས། །གཞན་འདོད་ཉོན་མོངས་ཉིད་ཅེ་ན། །དེ་ནི་ལས་འབྲས་ཡིན་ཕྱིར་འདིས། །ནུས་པ་འདྲེས་སོགས་འགྱུར་མ་ཡིན། ༈ །སྐྱེ་འདོད་ཉེས་པ་བཅོམ་པའི་ཕྱིར། །གང་ཡང་སྐྱོན་རྣམས་འགོག་བྱེད་པ། །དེས་སྐྱེད་ལས་ལ་ནུས་འགྱུར་གྱི། །ཇི་ལྟར་བྱས་པ་ཉམས་པར་འགྱུར། ༈ །ལས་ལས་ཉེས་པ་མ་ཡིན་ཏེ། །སྐྱོན་ལྡན་བྱེད་འགྱུར་བཟློག་ལས་མིན། ༈ །ལོག་པའི་རྣམ་རྟོག་མེད་པར་ནི། །བདེ་བ་ལས་ཀྱང་འདོད་མི་འགྱུར། ༈ །སྐྱོབ་ལས་དེ་ཉིད་དང་བརྟན་དང༌། །མ་ལུས་ཁྱད་པར་མཁྱེན་པར་གྲུབ། །གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ། །དེ་ཕྱིར་ཕྱི་རོལ་པ་དང་སློབ། །མི་སློབ་ལས་ལྷག་དེ་ཡི་ཕྱིར། །གཞན་དོན་མཁྱེན་སྦྱོར་དེ་སྟོན་པ། ༈ །དེ་ལས་བརྩེ་ཡིན་གཞན་དོན་ངོར། །དོན་གྲུབ་མཛད་པ་མི་འདོར་ཕྱིར། ༈ །བརྩེ་བས་ལེགས་དང་ཡེ་ཤེས་ལས། །བདེན་པ་གསུང་མཛད་སྒྲུབ་བྱེད་བཅས། །དེ་གསུང་བར་ཡང་མངོན་སྦྱོར་ལྡན། །གང་ཕྱིར་དེས་ན་ཚད་མ་ཉིད། ༈ །དེ་ལྟའི་དངོས་དོན་བསྟོད་པ་ནི། །དེ་ཡི་བསྟན་པ་ཉིད་ལས་ནི། །ཚད་མའི་དེ་ཉིད་གྲུབ་དོན་དེ། །རྗེས་སུ་དཔག་པ་མ་བཟློག་ཕྱིར། ༈ །ཅུང་ཟད་སྐྱེ་བའི་བདག་ཉིད་ཅན། །གང་དེ་ཐམས་ཅད་འགག་ཆོས་ཅན། །ཞེས་སོགས་རྣམ་པ་དུ་མར་ནི། །འདི་ཡི་སྦྱོར་བའང་མཐོང་ཕྱིར་རོ། །མེད་ན་མི་འབྱུང་མཚན་ཉིད་ཅན། །རྟགས་ནི་རྗེས་དཔག་རྟེན་ཡིན་ནོ། །བསྒྲུབ་བྱས་གཏན་ཚིགས་ཁྱབ་པ་ནི། །བསྟན་ཕྱིར་དེ་ཡང་གསལ་བར་བཤད། །ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ལས་ཚད་མ་གྲུབ་པ་ཞེས་བྱ་བ་ལེའུ་གཉིས་པའོ།། །།

                                                                                                                                ལེའུ་གསུམ་པ། མངོན་སུམ་གྱི་ལེའུ།

གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །དོན་བྱེད་ནུས་དང་མི་ནུས་ཕྱིར། །སྐྲ་ཤད་ལ་སོགས་དོན་མིན་ཏེ། །དོན་དུ་མོས་པ་མེད་ཕྱིར་རོ། །འདྲ་དང་མི་འདྲ་ཉིད་ཕྱིར་དང༌། །སྒྲ་ཡི་ཡུལ་དང་ཡུལ་མིན་ཕྱིར། །རྒྱུ་མཚན་གཞན་ནི་ཡོད་པ་ན། །བློ་ནི་ཡོད་དང་མེད་ཕྱིར་རོ། ༈ །དོན་དམ་དོན་བྱེད་ནུས་པ་གང༌། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། ༈ །གལ་ཏེ་ཐམས་ཅད་ནུས་མེད་ན། །ས་བོན་སོགས་ནི་མྱུག་སོགས་ལ། །ནུས་མཐོང་གལ་ཏེ་དེ་ཀུན་རྫོབ། །འདོད་ན་ཅི་སྟེ་དེ་ལྟར་འགྱུར། ༈ །གལ་ཏེ་ཀུན་ལ་དེ་ཡོད་ན། །སྤྱི་ཡི་མཚན་ཉིད་རྗེས་འགྲོ་ལྡོག །བློ་ལ་མ་མཐོང་ཕྱིར་མིན་ཏེ། །མིག་དང་གཟུགས་སོགས་བློ་བཞིན་ནོ། ༈ །དེས་ནི་བརྡ་དང་རྩོལ་བ་སོགས། །ནང་གི་ཡན་ལག་རྗེས་འཇུག་ཕྱིར། །བུམ་པ་འདེགས་དང་སྤྱི་དང་ནི། །གྲངས་སོགས་བློ་ནི་བཤད་པ་ཡིན། ༈ །སྐྲ་ཤད་སོགས་ནི་སྤྱི་མིན་ཏེ། །དོན་དུ་ཞེན་པ་མེད་ཕྱིར་རོ། ༈ །ཤེས་བྱར་འཛིན་ཕྱིར་མེད་པ་ལ། །ཉེས་པ་དག་ཏུ་ཐལ་མི་འགྱུར། ༈ །དེ་དག་གི་ཡང་དེ་ལྟའི་དངོས། །བཀག་མེད་གསལ་བར་སྣང་བ་ཉིད། །ཤེས་པའི་ངོ་བོའི་དོན་ཉིད་ཕྱིར། ༈ །སྐྲ་སོགས་ཞེས་བྱའི་བློ་དག་ནི། །སྤྱི་ཡི་སྤྱོད་ཡུལ་ཅན་ཡིན་ལ། །སྐྲར་སྣང་དོན་མེད་ཅན་ཡིན་ནོ། ༈ །གལ་ཏེ་སྤྱི་ནི་ཤེས་ངོ་བོའི། །དོན་ཉིད་ཡིན་ན་ཐལ་བར་འགྱུར། །དེ་ལྟར་འདོད་ཕྱིར་སྐྱོན་ཡོད་མིན། ༈ །དོན་གྱི་ངོ་བོ་ཉིད་ཀྱི་སྤྱི། །ཀུན་ལ་ངོ་བོ་མཚུངས་ཕྱིར་དང༌། །དེ་ལྡོག་པ་ལ་བརྟེན་ཕྱིར་རོ། ༈ །བརྗོད་བྱ་ཉིད་ཕྱིར་དེ་དངོས་མིན། ༈ །དབང་སོགས་འབྲས་བཅས་ཉིད་ཕྱིར་རོ།༈ །མིང་སོགས་བརྗོད་ན་འཆད་པོ་དང༌། །ཉན་པོ་བརྗོད་བྱ་རྗེས་འབྲེལ་ཅན། །མིང་སོགས་འབྲེལ་པ་མེད་པ་ཅན། །དོན་ལ་འཇུག་པར་མི་འགྱུར་རོ། །གལ་ཏེ་དོན་ལ་ཚུལ་འདྲ་ལས། །འཁྲུལ་འཇུག་གྱུར་ན་དུས་ཀུན་དང༌། །ཡུལ་ལ་འཁྲུལ་མིན་ཤེས་པ་ལ། །མཚུངས་མིན་རྣམ་པ་དེ་འདྲའི་བློ། །སྐྱེ་ཕྱིར་གཞན་ལ་དེ་མེད་དེ། །ཕྱི་རོལ་དོན་དུ་སྣང་བ་ཡི། །བློ་ནི་ཁས་ལེན་མེད་ཕྱིར་རོ། ༈ །ཁྱེས་ལེན་ན་ཡང་རྣམ་ཤེས་ལས། །ཐ་དད་པ་ན་ཚད་ཅན་མིན། །ལྡོག་པ་གྲུབ་པ་མེད་ཕྱིར་རོ། ༈ །ཤེས་ཀུན་དོན་ལྡན་ཕྱིར་ཞེ་ན། །འཐད་མིན་རྨི་སོགས་རྣམ་གཞན་དུ། །མཐོང་ཕྱིར་འདུ་བྱེད་ལས་ཀྱང་མིན། །སྔོ་ལ་སོགས་པར་སྣང་ཕྱིར་རོ། ༈ །ཐོགས་མེད་ཕྱིར་ན་སྔོ་སོགས་མིན། ༈ །རུང་ཡུལ་གནས་པས་མི་ཤེས་པ། །རང་ཉིད་ཤེས་ཕྱིར་དེ་ཤེས་ཡིན། །དེས་ནི་མིང་སོགས་བརྗོད་པ་ཡིན། ༈ །མིག་ལ་སོགས་པའི་བློ་འདོད་པ། །དེ་ཉིད་དོན་ལྡན་གང་གིས་འདོད། །གལ་ཏེ་དོན་ནུས་མཐོང་ཕྱིར་ན། །གཞན་པ་དོན་མེད་ཅན་ཐོབ་འགྱུར། ༈ །འབྲེལ་མེད་ན་ཡང་འཇུག་མི་འགྱུར། །གལ་ཏེ་དོན་དང་འབྲེལ་ལྡན་ན། །འདས་དང་མ་འོངས་བརྗོད་བྱ་མིན། །དོན་དང་དེ་ནི་ཟད་ཕྱིར་རོ། ༈ །སྒྲ་ཡིས་སྤྱི་ནི་བརྗོད་པའི་ཕྱིར། ༈ །གལ་ཏེ་ཐལ་བར་མི་འདོད་ན། །དེ་མིན་སྤྱི་ནི་ཡན་གར་བ། །བརྗོད་མེད་ཕྱིར་རོ་བརྗོད་ན་ཡང༌། །དེ་མཚུངས་མིན་དང་གསལ་བ་མིན། །དེས་ན་རྟག་ཏུ་དམིགས་འགྱུར་ཏེ། །རྟག་ཉིད་ཕྱིར་རོ་གལ་ཏེ་ཡང༌། །གསལ་ལས་མངོན་སུམ་ལ་གསལ་ཡིན། །བདག་ལ་ཤེས་པ་སྐྱེད་པ་ན། །ནུས་པ་གང་དེ་ནུས་ཉིད་ཡིན། །གལ་ཏེ་འགའ་ཚེ་ནུས་མེད་ན། །དེ་ནི་ཀུན་ཚེ་ནུས་མེད་འགྱུར། ༈ །དེ་ཡིས་ནུས་པའམ་ནུས་མེད་པ། །ངོ་བོ་ཉིད་ཀྱིས་གང་གནས་པ། །རྟག་ཕྱིར་བཅོས་སུ་ཡོད་མིན་ན། །དེ་ཟད་བྱ་ཕྱིར་ནུས་པ་གང༌། ༈ །སྤྱི་ཡི་རྣམ་པར་ཤེས་དེ་དང༌། །རྗེས་འབྲེལ་སྔོན་པོ་ལ་སོགས་པའི། །རྣམ་པའི་ཆ་ནི་རྣམ་ངེས་གང༌། །དེ་ནི་དེ་ལ་གང་གིས་སྤྲུལ། །གལ་ཏེ་མངོན་སུམ་ཤེས་དོན་ཉིད། །ཕྱིར་ན་དབང་པོ་དོན་མེད་མིན། །དེ་དངོས་གཅིག་ཕྱིར་སྒྲ་སོགས་ལས། །ཐ་དད་སྣང་བློ་གང་ལས་ཡིན། ༈ །རིགས་ལྡན་རིགས་མིན་གང་གི་ཕྱིར། །གསལ་བའི་ངོ་བོ་གཞན་རྟེན་མེད། །གལ་ཏེ་ཐ་དད་གྲུབ་ཅེ་ན། །ལྟོས་ཕྱིར་འབྲས་བུ་ཉིད་དུ་བརྗོད། །རང་གི་རྒྱུ་ལས་གྲུབ་པའི་ཕྱིར། །འབྲས་བུ་རག་ལས་མེད་པར་ཡང༌། །རྟོག་པ་ཡིས་ནི་འབྲེལ་པར་བྱེད། །འབྲས་མིན་ཇི་ལྟར་ཡང་ཅི་ཞིག །གཞན་ཉིད་ཡིན་ན་དེ་འབྲེལ་མེད། །དེ་ཕྱིར་རང་བཞིན་མེད་པར་གྲུབ། ༈ །མེད་པའི་རིགས་སུ་ཐལ་མི་འགྱུར། །དེ་ལ་ལྟོས་པ་མེད་པའི་ཕྱིར། ༈ །དེ་ཕྱིར་ངོ་བོ་ལ་བརྟེན་ནས། །ངོ་བོ་མེད་པའི་རིགས་བརྟགས་པ། །ཁྱད་པར་དེ་ལ་འཇུག་དོན་ཅན། །སྒྲ་རྣམས་ཀྱིས་ནི་རབ་ཏུ་བསྟན། །དེ་ལ་ངོ་བོར་སྣང་བའམ། །དོན་ལ་དེ་ཉིད་དུ་འཛིན་པ། །གང་དེ་འཁྲུལ་པ་ཐོག་མེད་པའི། །དུས་ཅན་མཐོང་གོམས་ཀྱིས་སྤྲུལ་ཡིན། ༈ །དོན་རྣམས་ཀྱི་ནི་སྤྱི་གང་ཡིན། །གཞན་ལས་ལོག་པའི་མཚན་ཉིད་ཅན། །སྒྲ་འདི་དག་གིས་གང་བརྗོད་པ། །དེ་ལ་ངོ་བོ་ཅུང་ཟད་མེད། ༈ །ངོ་བོ་མེད་ཅན་སྤྱི་བློ་ལ། །སྤྱི་ཉིད་དུ་ནི་མཐོང་ཕྱིར་དང༌། །དོན་ལ་འཁྲུལ་བའམ་མེད་པ་ནི། །སྤྱིར་འདོད་དེ་ཡང་བསླད་ཕྱིར་དང༌། །དེ་ཉིད་དུ་ན་དོན་དངོས་སུ། །མེད་ཕྱིར་ངོ་བོ་ཅན་མ་ཡིན། །ངོ་བོ་མེད་པས་བརྗོད་བྱ་མིན། །གལ་ཏེ་བརྗོད་བྱ་འགའ་ཞིག་ལས། །དངོས་འདོད་དངོས་རྣམས་ཇི་ལྟར་ཡང༌། །བརྗོད་བྱ་མིན་པ་ཉིད་མ་ཡིན། །ཉེར་ལེན་ཐ་དད་ཕྱིར་གཞན་དུ། །བརྗོད་པར་བྱ་མིན་ཉེར་བརྟགས་ཕྱིར། །འདས་པ་དང་ནི་མ་འོངས་པའི། །དོན་ལའང་སྤྱི་ཡི་རྒྱུ་ཅན་གྱི། །མཉན་པ་དག་ནི་འཇུག་འགྱུར་ན། །ཡོད་པ་མེད་ཆོས་ཇི་ལྟར་འགྱུར། ༈ །གལ་ཏེ་ཉེར་བརྟགས་ལས་དེ་འདོད། །གང་ཞིག་སྣམ་སོགས་ལ་མེད་ལ། །ད་ལྟར་བ་ཡི་བུམ་པ་ཡི། །དངོས་མེད་དང་ནི་ཉེ་བ་གང༌། ༈ །བློ་ནི་འཁྲུལ་པ་མེད་འཇུག་པ། །རྟག་ཏུ་དངོས་དང་སྒྲོ་འདོགས་ལ། །སེང་གེ་བྲམ་ཟེའི་ཁྱེའུ་ལ། །དེ་ལྟར་བརྗོད་པའང་འཇིག་རྟེན་ཡོད། ༈ །དོན་མེད་ན་ཡང་འགྲོ་བ་ཡིས། །གང་ལ་གྲགས་པས་སྒྲ་བཀོད་པ། །དེ་ལ་དེ་དངོས་དེ་མཚུངས་ཕྱིར། །འཁྲུལ་རྟོག་ཅན་གཞན་ཕལ་པ་ཡིན། ༈ །ཇི་ལྟར་དངོས་པོ་ནུས་མེད་ལ། །མེད་ཅེའམ་རྟོག་པ་ཇི་བཞིན་དུ། །ནུས་ལའང་གཙོ་བོ་ལ་སོགས་པའི། །མཉན་པ་སྐྱེ་བོས་བྱས་པ་ཡིན། ༈ །ཞིག་ལ་སྒྲ་ལས་བློ་ཇི་འདྲ། །སྣང་བ་དེ་འདྲ་མ་ཞིག་ལའང༌། ༈ །རྣ་བ་ལ་སོགས་རྣམ་པར་ཤེས། །དོན་ཡོད་ཅན་ལ་དེ་དག་མེད། ༈ །སྤྱི་ཙམ་འཛིན་པར་བྱེད་པའི་ཕྱིར། །སེམས་གཉིས་དག་ནི་མཚུངས་པ་ཡིན། །དེ་འབའ་ཞིག་ནི་འཛིན་བྱེད་པ། །སྔར་ནི་རྣམ་པར་བཟློག་ཟིན་ཏོ། ༈ །ཕན་ཚུན་ཁྱད་པར་ཅན་རྣམས་ནི། །ཁྱད་མེད་ངོ་བོ་ཇི་ལྟར་འགྱུར། །ངོ་བོ་ཉིད་གཉིས་ཡོད་ན་ཡང༌། །དེ་དངོས་གཅིག་ཏུ་ཇི་ལྟར་འགྱུར། །གལ་ཏེ་དེ་དག་མཚུངས་པ་ཡི། །དངོས་དེ་དེ་དག་ལས་གཞན་ཉིད། །དེ་དག་གི་ཞེས་འབྲེལ་མེད་འགྱུར། །ལྡོག་པ་ལ་ནི་སུན་དབྱུང་མེད། །དེ་ཕྱིར་མཚུངས་ཉིད་སྤྱི་འདི་ལ། །དངོས་པོ་མེད་པའི་མཚན་ཉིད་ཡིན། །དེ་འབྲས་ཤེ་ན་དུ་མ་དང༌། །འཇིག་འགྱུར་དེ་ཡང་འདོད་མ་ཡིན། །འཇིག་པ་དངོས་པོ་ཙམ་དང་ནི། །རྗེས་འབྲེལ་ཕྱིར་ན་རྟག་ཉིད་མིན། །རིགས་རྣམས་འབྲས་བུ་མིན་ཕྱིར་ན། །མ་འབྲེལ་པ་དང་དངོས་མེད་འགྱུར། ༈ །དངོས་པོའི་སྟོབས་ཀྱིས་སྐྱེས་པ་ཡིན། །ཤེས་པ་གང་དེ་བརྡ་དག་ལ། །ལྟོས་པ་མ་ཡིན་སྤྱི་ཡི་ནི། །བློ་ལ་དེ་ལྟར་སྣང་བ་མེད། ༈ །དངོས་གཉིས་མཐོང་ལ་བློ་འགའ་ཞིག །བརྡ་མེད་ན་ཡང་ཐ་དད་མེད། །རྗེས་སུ་འཇུག་པ་གང་ཡིན་དེ། །དོན་ཉེ་བ་དང་འབྲེལ་བ་ཡིན། །ཇི་ལྟར་རིགས་མེད་ཤེས་པ་ཡི། །འབྲས་ཅན་མིག་སོགས་ཉེ་འདོད་བཞིན། ༈ །གང་གིས་རྣམ་པར་ཕྱེ་བ་ཡིས། །རིགས་ཀྱང་རྗེས་སུ་འགྲོ་བ་ཡིན། ༈ །རྣམ་པ་འགས་ཀྱང་རྣམ་ཤེས་ལ། །དེ་དངོས་སྣང་བ་མེད་ཕྱིར་རོ། །གཟུགས་ཅན་ཡིན་ཕྱིར་དབང་རྣམས་ལ། །གལ་ཏེ་ལྟ་བ་པོ་ཡོད་ན། །དེ་ལུས་སྣང་འགྱུར་རིགས་རྣམས་ནི། །མ་ཡིན་ཡན་གར་མཐོང་མིན་ཕྱིར། །གསལ་འཛིན་ཚེ་ནའང་དེ་སྒྲ་དང༌། །ངོ་བོ་ལས་གཞན་སྣང་བ་མེད། ༈ །དེ་ཕྱིར་དེ་ནི་ཤེས་ཙམ་གྱི། །དོན་བྱེད་པར་ཡང་མི་རུང་ངོ༌། ༈ །དེ་མི་རུང་ཕྱིར་རང་བཞིན་མེད། །དེ་ནི་དངོས་མེད་མཚན་ཉིད་ཡིན། ༈ །ཇི་སྐད་བཤད་ལས་བཟློག་གང་ཡིན། །དེ་ནི་རང་གི་མཚན་ཉིད་འདོད། ༈ །དངོས་དང་དངོས་མེད་གཉིས་ཀ་ལ། །བརྟེན་ཕྱིར་སྤྱི་དེའང་རྣམ་པ་གསུམ། ༈ །གལ་ཏེ་དངོས་བརྟེན་དངོས་འབྲེལ་ཕྱིར། །དངོས་པོ་ཤེས་འགྱུར་ཞེ་ན་མིན། །ལན་བཏབ་ཕྱིར་དང་འདས་སོགས་ལ། །རྣམ་པ་གཞན་དུ་མཐོང་ཕྱིར་རོ། ༈ །གལ་ཏེ་དངོས་ཆོས་ཉིད་ཉམས་ན། །དངོས་པོར་འཛིན་པ་སྔོན་འགྲོ་ཅན། །དེ་ཤེས་ཡིན་ཕྱིར་ཉེས་འདི་མེད། ༈ །རང་གི་མཚན་ཉིད་གཅིག་གཞལ་བྱ། །ཡོད་མེད་ཉིད་དུ་དཔྱོད་རྣམས་ཀྱི། །དོན་བྱ་དེ་ལས་གྲུབ་ཕྱིར་རོ། །དེ་ནི་རང་གཞན་ངོ་བོ་ཡིས། །རྟོགས་ཕྱིར་གཞལ་བྱ་གཉིས་སུ་བཞེད། །ཇི་བཞིན་མངོན་ཞེན་མིན་པའི་ཕྱིར། །གཉིས་པ་འཁྲུལ་པ་ཡིན་པར་བཞེད། །གལ་ཏེ་གཞན་གྱི་ངོ་བོས་ནི། །རྟོགས་ན་འཁྲུལ་པ་ཚད་མ་མིན། ༈ །བསམ་པ་ལ་ནི་བསླུ་མེད་ཕྱིར། །འཁྲུལ་པ་ཡིན་ཡང་ཚད་མ་ཉིད། །རྣམ་གཞན་གྱིས་ཀྱང་རྟོགས་པ་མཐོང༌། །ཕྱོགས་འདི་ལ་ནི་ལན་བཏབ་ཟིན། ༈ །ནོར་བུ་སྒྲོན་མེའི་འོད་དག་ལ། །ནོར་བུའི་བློ་ཡིས་མངོན་རྒྱུག་པ། །ལོག་པའི་ཤེས་པར་ཁྱད་མེད་ཀྱང༌། །ཇི་ལྟར་དོན་བྱེད་ལ་ཁྱད་ཡོད། ༈ །དེ་ལྟར་ཇི་བཞིན་དོན་མེད་ནའང༌། །རྗེས་དཔག་དང་ནི་དེར་སྣང་དག །དོན་བྱེད་པ་དང་རྗེས་འབྲེལ་བས། །ཚད་མ་ཉིད་དུ་རྣམ་པར་གཞག་༈ །གང་ལ་དོན་གྱི་ནུས་པ་ལས། །རྗེས་འགྲོ་ལྡོག་པ་ཅན་གྱི་བློ། །དེ་ལ་འཛིན་པ་རང་དབང་ཅན། ༈ །དེ་ལས་གཞན་དངོས་དབང་པོ་འདས། །མ་མཐོང་བདག་ཉིད་ངོ་བོ་དེ། །རྟོག་པའི་རྟེན་ནི་དོན་གཞན་ཡིན། །གལ་ཏེ་དེ་རྟེན་དང་འབྲེལ་ཅན། །ཡིན་ན་དེ་ཚེ་གོ་བྱེད་ཉིད། ༈ །དེ་ཚེ་གོ་བྱེད་རྗེས་འགྲོ་བ། ༈ །སྤྱི་ཡི་ངོ་བོ་ཉིད་དུ་རྟོགས། །དེས་ན་ལྐོག་གྱུར་དོན་ཐམས་ཅད། །ཁྱད་པར་དུ་ནི་རྟོགས་མི་འགྱུར། །འབྲེལ་བ་ཅན་གྱི་ཆོས་ལས་ནི། །ཆོས་ཅན་ལ་རྟོགས་སྐྱེ་བ་གང༌། །དེ་ནི་རྗེས་དཔག་ལྐོག་གྱུར་གྱི། །སྒྲུབ་བྱེད་གཅིག་ཏུ་ངེས་པ་ཡིན། ༈ །མངོན་སུམ་ལྐོག་ཏུ་གྱུར་པ་ལས། །གཞལ་བྱ་གཞན་ནི་ཡོད་མ་ཡིན། ༈ །དེ་ཕྱིར་གཞལ་བྱ་གཉིས་ཉིད་ཀྱིས། །ཚད་མ་གཉིས་སུ་བཞེད་པ་དང༌། ༈ །གཞལ་བྱ་གཉིས་ནི་མཐོང་བའི་ཕྱིར། །གསུམ་གཅིག་གྲངས་ནི་གསལ་བ་ཡིན། ༈ །མེད་པ་གཞལ་བྱ་མ་ཡིན་ཕྱིར། །གཅིག་ཉིད་ཅེ་ན་ཁོ་བོའང་འདོད། ༈ །མེད་པའང་ངེས་ཕྱིར་གཞལ་བྱ་ནི། །མིན་ལ་མ་ངེས་པ་ཉིད་དམ། ༈ །དེ་ངེས་ཚད་མ་གཉིས་པ་ཉིད། ༈ །མེད་ལ་དབང་སྐྱེས་བློ་མིན་ཏེ། །དོན་གྱི་སྟོབས་ལས་སྐྱེས་པའི་ཕྱིར། །དོན་གྱི་ནུས་ལ་ལྟོས་མེད་ན། །བར་ཆོད་ལ་སོགས་ཡོད་ན་ཡང༌། །དབང་སྐྱེས་བློ་ནི་སྐྱེ་བར་འགྱུར། །གལ་ཏེ་མངོན་སུམ་ཉིད་ལྡོག་ལས། །མེད་པར་ངེས་པ་ཡིན་ཞེ་ན། །འགལ་བའམ་དེ་ཉིད་ལྡོག་པ་དང༌། །རྗེས་འགྲོ་ཅན་གྱི་རྟགས་ཡིན་ན། །གཞན་སེམས་དག་ནི་རྟོགས་ཕྱིར་ཡང༌། །ཚད་མ་གཉིས་ནི་གྲུབ་པ་ཡིན། །སྨྲ་སོགས་ལ་ནི་འཇུག་པའི་ཕྱིར། །དེ་ཡི་ངོ་བོ་ངེས་པར་གྲུབ། །བསླུ་མེད་ཕྱིར་དེ་ཚད་མ་ཉིད། ༈ །གལ་ཏེ་ལ་ལ་དག་ཏུ་ནི། །འཁྲུལ་ཕྱིར་ཡིད་བརྟན་མེད་ཅེ་ན། ༈ །རྟགས་ལོག་མཐོང་ཕྱིར་དེ་དེ་འདྲ། ༈ །གང་ལས་འགའ་ཚེ་དངོས་འགའ་ལ། །དེ་ཡི་རྟོགས་པ་གྲུབ་གྱུར་པ། །དེ་ནི་དེ་ལས་སྐྱེས་པའམ། །དེ་ཡི་ངོ་བོར་གདོན་མི་ཟ། །རང་གི་རྒྱུའམ་ངོ་བོ་དག །མེད་པར་དོན་ནི་སྲིད་མིན་པ། །དེ་དག་རང་བཞིན་མཐོང་གང་ཡིན། །དེ་ཉིད་གཞན་དུའང་མཚན་ཉིད་ཡིན། ༈ །ལྟར་རུང་རང་གི་ངོ་བོའམ། །རང་རྒྱུ་མཐོང་བའི་རྒྱུ་གཞན་དག་༈ །ཡོད་པར་སྣང་བ་མེད་ན་ནི། །དེ་དང་ལྡན་པའང་ཅི་ལྟར་ཡོད། ༈ །སྤྱི་ཡི་བློ་ནི་ཚད་མིན་ན། །མེད་པ་ཐོབ་འགྱུར་ཕ་རོལ་གྱི། །དངོས་བཞིན་གལ་ཏེ་དབང་རྣམས་ཀྱིས། །དུས་གཞན་དུ་ནི་རྟོགས་ཤེ་ན། །དེ་མིན་དབང་དང་ནུས་སོགས་ལ། །དབང་སྐྱེས་བློ་ནི་མི་སྲིད་ཕྱིར། །མེད་པ་རྟོགས་པ་ཡིན་ན་ནི། ༈ །བློ་དང་སྐྱེ་བ་རྒྱུ་མེད་འགྱུར། ༈ །རྣམ་རྟོག་མེད་པ་ཉིད་ཀྱིས་ན། །རང་གི་མཚན་ཉིད་ལ་མངོན་སུམ། །རྣམ་རྟོག་མེད་པར་སྤྱི་འཛིན་མིན། །དེ་ཕྱིར་དེ་ལ་རྗེས་དཔག་ཉིད། ༈ །གཞལ་བྱ་ངེས་ན་ཁ་དོག་ནི། །མི་རྟག་ཉིད་དུ་རྟོགས་མི་འགྱུར། །དེ་བློ་ཚད་མ་གཞན་འགྱུར་ཏེ། །རྟགས་མེད་པར་ནི་ཡོད་ཕྱིར་རོ། ༈ །ཁྱད་པར་མཐོང་ལ་རྟགས་དང་ནི། །འབྲེལ་པ་རྟོགས་པ་མེད་པའི་ཕྱིར། །དེ་ནི་ཚད་མ་གཞན་ཡིན་ནོ། །གཞལ་བྱ་མེད་ཕྱིར་ཚད་མ་རྣམས། །མང་པོ་ཉིད་དམ་གཅིག་ལ་ཡང༌། །དུ་མ་ཉིད་ནི་འཇུག་ཕྱིར་ཏེ། །གཅིག་གསུམ་གྲངས་ཀྱང་སེལ་མི་འགྱུར། །དཔེར་ན་ཁྱད་པར་མཐོང་བ་བཞིན། །ཡུལ་ངེས་པ་ནི་མེད་ཕྱིར་དང༌། །གཞལ་བྱ་གཞན་ནི་ཡོད་ཕྱིར་རོ། ༈ །སྐྱོན་འདིར་ཐལ་བར་མི་འགྱུར་ཏེ། །ཁ་དོག་སྤྱི་ལ་སྦྱོར་ཕྱིར་རོ། །དངོས་མེད་ངོ་བོ་མིན་དེ་ཉིད། །དེ་ལྟར་གྲུབ་པས་བསྒྲུབ་ཕྱིར་རོ། །གཞན་ལས་གཞན་གྲུབ་མིན་ཞེ་ན། ༈ །མིན་ཏེ་དེ་ཉིད་གྲུབ་ཕྱིར་རོ། ༈ །དངོས་གང་ཅི་ལྟ་བུར་གྱུར་པ། །དེ་འདྲ་དེ་ནི་རྟགས་སེམས་ཀྱི། །རྒྱུ་ཡིན་དེ་ལས་དེ་ལྟ་ཡི། །དངོས་ལ་དེས་བསྐྱེད་རྟགས་ཅན་བློ། །དེ་ལྟར་རྟགས་དང་རྟགས་ཅན་བློ། །བརྒྱུད་པ་ཡིས་ནི་དངོས་པོ་ལ། །འབྲེལ་ཕྱིར་དེར་སྣང་བ་ཡིས་ནི། །སྟོང་ཡང་སླུ་བྱེད་ཉིད་མ་ཡིན། ༈ །དེ་ཡི་ངོ་བོས་སྟོང་དེ་དག །དེ་ཡི་ངོ་བོར་ཞེན་པའི་ཕྱིར། །དེ་དངོས་སླུ་བྱེད་ཉིད་མིན་ཡང༌། །འཁྲུལ་པར་རྣམ་གཞག་བྱས་པ་ཡིན། །དེ་ཕྱིར་དངོས་པོ་རྟོགས་བྱ་ལ། །ཁྱབ་བྱེད་དེ་ཡི་ངོ་བོའམ། །རྒྱུ་དག་ཁྱབ་པར་བྱ་སེམས་ཀྱི། །རྒྱུ་མཚན་དེ་ཡང་དེ་བློའི་ཡིན། ༈ །དགག་པ་ཉིད་ནི་ཐམས་ཅད་དུ། །མི་དམིགས་པ་ལས་འགྲུབ་པ་ཡིན། །ཚད་མས་གྲུབ་པར་སྨྲ་རྣམས་ཀྱི། །དོན་གྱི་བཟློག་པ་ཉིད་ལས་ཡིན། ༈ །དགག་ལ་དེའམ་དེ་རྒྱུ་དང༌། །འགལ་བར་བརྗོད་པ་མཐོང་གང་ཡིན། །དེ་ཡང་དེ་ཡི་ཚད་མ་ཉིད། །མེད་པ་འཕེན་པར་བྱེད་པ་ཡིན། ༈ །གཞན་དུ་དངོས་གཅིག་ཡོད་བརྗོད་པས། །གཞན་མེད་དེ་ནི་གང་ལས་རྟོགས། ༈ །འགལ་ཕྱིར་ཞེ་ན་དེ་ཉིད་ཀྱང༌། །ཅིས་འགྲུབ་ལྷན་ཅིག་མི་གནས་ཕྱིར།ཞེ་ན་དེ་ཡང་གང་ལས་འདོད། །སྣང་བ་མཐོང་མེད་ཕྱིར་ཞེ་ན། །དེ་ནི་ཚད་མ་ཉིད་མ་ཡིན། །དེ་ཕྱིར་རང་སྒྲས་བརྗོད་ན་ཡང༌། །དེ་ཉིད་མེད་པའི་སྒྲུབ་བྱེད་ཡིན། །གང་ལ་དེ་ནི་ཚད་མིན་དེས། །དགག་པ་རྣམ་ཀུན་བརྗོད་བྱ་མིན། ༈ །དེས་ན་དེ་དང་འགལ་དོན་གྱི། །འབྲས་བུ་བརྗོད་པ་བཤད་པ་ཡིན། །ཀུན་ལ་སྦྱོར་བ་ཐ་དད་ཉིད། །ཡིན་གྱི་དོན་ལ་ཐ་དད་མེད། ༈ །འགལ་དང་དེ་ནི་ཐབས་བཅས་པ། །གྲུབ་དང་བཀག་པ་མེད་པར་ནི། །དགག་ལ་ཚད་སྨྲ་གང་ཡིན་དེ། །རིག་པའི་རྗེས་འབྲང་ཅན་མིན་དེ། ༈ །སྨྲ་ལ་སོགས་པས་ཀུན་མཁྱེན་དང༌། །འཇིག་རྟེན་གཞན་སོགས་མེད་སྒྲུབ་བཞིན། ༈ །དབང་པོ་ལས་འདས་དོན་རྣམས་དང༌། །འགལ་བ་གྲུབ་པ་མེད་ཕྱིར་རོ། །གལ་ཏེ་སྨྲ་པོ་རིག་ཡིན་ན། །གནོད་བྱ་གནོད་བྱེད་ངོ་བོ་གང༌། ༈ །དེ་འདྲ་མི་དམིགས་ཕྱིར་ཞེ་ན། །དེ་ཉིད་སྒྲུབ་བྱེད་ཡིན་པར་བརྗོད།མི་དམིགས་པ་ནི་དེ་ལྟ་བུ། །ངེས་བྱེད་མིན་པར་རབ་ཏུ་བརྗོད། །དེ་ཕྱིར་ཤིན་ཏུ་ལྐོག་གྱུར་ལ། །ཡོད་མེད་ངེས་པ་ཡོད་མ་ཡིན། ༈ །འགལ་དེ་ཆོས་ནི་ཐ་དད་དམ། །ཐ་དད་མེད་ལ་རབ་སྦྱོར་ཏེ། །ཁ་ལ་མེད་པར་སྒྲུབ་པ་ལ། །མེ་དང་སྐྱེ་ལ་ཡོད་གནོད་བཞིན། །ཇི་ལྟར་དངོས་ཉིད་སྒྲུབ་པ་ལ། །དངོས་པོ་རྣམས་ཀྱི་སྒྲུབ་བྱེད་འདོད། །དེ་བཞིན་དངོས་ཉིད་རང་ལྡོག་ན། །དངོས་རྣམས་ལྡོག་པར་བྱེད་པ་ཡིན། ༈ །དེས་ནི་རྟོག་པས་སྦྱར་བའི་ཆོས། །ཕྱོགས་དང་མཐུན་པའི་ཕྱོགས་དག་ལས། །གང་རུང་ཉིད་སོགས་བསལ་ཡིན་ཏེ། །ཅི་ཡང་རུང་ལ་སྲིད་ཕྱིར་རོ། ༈ །དེ་ལའང་ཁྱབ་པར་བྱེད་པའི་ཆོས། །ཁྱབ་བྱ་ལྡོག་པའི་གོ་བྱེད་འདོད། །གལ་ཏེ་རང་གི་ལྡོག་པ་ནི། །རྣམ་འགར་ཡོངས་སུ་བཅད་ནའོ། ༈ །མེད་པ་ལ་ནི་དེ་ཉིད་ཀྱི། །ཚད་མེད་རྟགས་སུ་བརྗོད་གང་ཡིན། །དེ་ནི་ཤིན་ཏུ་རྨོངས་དོན་ཏེ། །གནག་རྫི་མོ་པར་གྲགས་ཕྱིར་རོ། ༈ །མི་དམིགས་པ་ནི་འདི་ཙམ་ཞིག །མེད་ལ་ངེས་པའི་འབྲས་ཅན་ཡིན། །དེ་ཡང་སྣང་བར་འདོད་པ་ཡི། །རྒྱུའམ་རང་བཞིན་སྣང་མེད་ཉིད། ༈ །རྗེས་སུ་དཔག་པས་མི་རྟག་སོགས། །འཛིན་པ་ལ་ནི་ཚུལ་འདིར་འདོད། །གཞན་དུ་གཟུང་བ་འཛིན་པའི་ཕྱིར། །ཚད་མ་ཉིད་དུ་འདོད་མ་ཡིན། །དངོས་ལས་མི་རྟག་གཞན་དུ་མེད། །དེ་ཡང་དབང་པོ་ལས་སྔར་གྲུབ། ༈ །དུ་མའི་དངོས་དེ་བརྗོད་བྱ་མིན། །རྟོག་པས་བསྐྱེད་ཆོས་བརྗོད་བྱ་ཡིན། ༈ །སྤྱི་ཡི་རྟེན་ནི་གྲུབ་པ་ན། །སྤྱི་དེ་ཉིད་ནི་གྲུབ་པ་ཡིན། ༈ །དེ་མ་གྲུབ་ན་དེ་ལྟར་དེ། །རབ་ཏུ་གྲུབ་ཕྱིར་རྗེས་དཔོག་ཡིན། ༈ །འདྲ་བ་གཞན་ནི་ཡོད་པའི་ཕྱིར། །ལ་ལར་ཡོངས་སུ་མི་ཤེས་ཏེ། །འཁྲུལ་ཕྱིར་སྒོང་གི་ཐ་དད་བཞིན། །ཐ་དད་མཐོང་བ་མེད་ཕྱིར་རོ། ༈ །འདི་ལྟར་རྟགས་མེད་བྱིས་པར་གྱི། །སྐྱེ་བོས་ཕྱིས་འབྱུང་བ་དང་ནི། །འབྲེལ་མེད་མར་མེ་ལ་སོགས་ཀྱི། །འཇིག་པ་མཐོང་བས་ཡོངས་གཅོད་ཉིད། ༈ །ནུས་པ་དངོས་པོའི་རང་བཞིན་དུ། །གྱུར་ཀྱང་དེ་མ་ཐག་མེད་པས། །འབྲས་བུ་མཐོང་བ་མེད་པའི་ཕྱིར། །རྨོངས་གྱུར་ངེས་གསལ་མེད་ཕྱིར་རོ། ༈ །དེ་ཉིད་བཟློག་པའི་ཆེད་དུ་ནི། །རྗེས་སུ་དཔག་པ་བརྗོད་པ་ཡིན། ༈ །བློ་གྲོས་ཆེན་པོས་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས་པར་བྱེད། ༈ །ཐམས་ཅད་ལས་ནི་ལྡོག་པ་ཡིས། །ཐ་དད་མེད་དོན་དེ་ལ་ནི། །ལྡོག་པའི་རྒྱུ་མཚན་ཅན་བློ་དང༌། །ཇི་ལྟར་བརྡར་བཏགས་པ་ཡི་སྒྲ། །ཐ་དད་རྟེན་ཅན་བཞིན་འཇུག་འགྱུར། ༈ །འཁྲུལ་རྒྱུ་མེད་ན་དེ་ཡིས་ནི། །ངོ་བོ་ཉིད་ཀྱིས་རང་དང་ནི། །རྗེས་སུ་མཐུན་པའི་བློ་སྐྱེད་བྱེད། ༈ །ཡང་ན་འདིར་ནི་མི་དམིགས་པའི། །རྟགས་ལས་འཇིག་པ་གྲུབ་པ་ཡིན། ༈ །སྔར་བྱུང་དངོས་པོ་མེད་གྱུར་པ། །མི་རྟག་ཅེས་ནི་བརྗོད་པ་ཡིན། ༈ །གང་གི་མཐའ་གཉིས་ཚོད་ཡོད་པའམ། །འབྲེལ་པ་བརྗོད་པའི་ངང་ཚུལ་ཅན། །མི་རྟག་ཉིད་ཀྱི་སྒྲ་ཡིན་པ། ༈ །དེ་མཐའ་དེ་དག་གང་ལ་བརྗོད། །གལ་ཏེ་སྔ་ཕྱིར་མེད་ཡིན་ན། །དེ་ཉིད་མི་རྟག་ཅིས་མ་ཡིན། །དྲུག་པ་སོགས་སྦྱོར་མི་རུང་ཕྱིར། །ཞེ་ན་མཐའ་ལ་དེ་ཅི་ལྟར། །ཡོད་ཉིད་དང་འབྲེལ་རྟག་པའི་ཕྱིར། །མཐའ་ཡིས་ཁྱད་པར་འགྱུར་བ་མིན། ༈ །གལ་ཏེ་རྒྱུ་འབྲས་མཐའ་ཡིན་ན། །ཁྱད་པར་མེད་པ་ཉིད་འགྱུར་ཏེ། །འབྲེལ་མེད་ཕྱིར་རོ་དེ་ཡིས་ནི། །དངོས་པོ་སྔར་མེད་འདོད་མིན་པས། །དེ་ལ་དེ་ཡི་ཁྱད་པར་ཅན། །བརྗོད་པ་དེ་ཡང་མི་འགྲུབ་ཕྱིར། ༈ །ཡོད་པ་ཉིད་དང་རང་རྒྱུ་དང༌། །འབྲེལ་བྱེད་ཕྱིར་ན་རྒྱུ་ཞེས་གྲག །ཡོད་ཉིད་དེ་དང་འབྲེལ་དེ་ཡང༌། །རྟག་ན་འོ་ན་འདི་འབྲས་གང༌། ༈ །གང་ཞིག་མེད་པ་དེ་བྱེད་ནི། །དངོས་པོ་སྔར་མེད་ལྡན་མིན་ཏེ། །འབྲེལ་པ་ཁས་ལེན་མེད་ཕྱིར་རོ། ༈ །དེ་ཕྱིར་རིལ་འདི་རྟག་པར་འགྱུར། །དེ་ཕྱིར་མེད་དོན་སྒྲོ་འདོགས་པ། །བརྗོད་བྱ་ཐ་དད་ཅན་བློ་ནི། །ཐ་དད་མེད་དོན་མངོན་འདོད་ཅན། །སྒྲ་ལའང་ལྡོག་བའི་རྟེན་ཡིན་ནོ། ༈ །སྐད་ཅིག་སོ་སོར་ཐ་དད་ཕྱིར། །ཁྱད་པར་ངོ་ཤེས་མ་ཡིན་ནོ། །མཐོང་དང་མཚུངས་པར་དེ་འཛིན་ཕྱིར། །ཁྱད་པར་ཡུལ་ཅན་ཉིད་ཀྱང་མིན། ༈ །གལ་ཏེ་དེ་ཉིད་དཔེ་ཡིན་པའི། །ཕྱིར་ན་སྤྱི་འཛིན་མིན་ཞེ་ན། །དཔེ་ཉིད་ཡིན་ཕྱིར་གྲུབ་དེ་ལ། །ཚད་མ་གཞན་གྱིས་ཅི་ཞིག་བྱ། །གལ་ཏེ་བརྗེད་ཕྱིར་སྐྱོན་མེད་ན། །དེ་ཉིད་ཕྱིར་ན་དཔེ་མ་ཡིན། ། ༈ །གལ་ཏེ་མཐོང་ལ་དེ་དངོས་ནི། །ཚད་མས་གྲུབ་ན་དངོས་གཞན་ལ། །དེ་ཉིད་སྒྲོ་འདོགས་ཕྱིན་ཅི་ལོག །དེས་གྲུབ་ཚད་ཅན་ཉིད་མ་ཡིན། །མངོན་སུམ་ཅིག་ཤོས་གཅིག་ཡིན་ཕྱིར། །གཅིག་གྲུབ་པ་ན་གཉིས་ཀ་གྲུབ། །གཞན་དང་མཚམས་ནི་སྦྱོར་བ་ཡི། །ཞེན་པ་མཁས་པས་དྲན་པར་ཤེས། ༈ །གལ་ཏེ་དེ་རྟགས་ལ་ལྟོས་ཕྱིར། །དྲན་མིན་མ་ཡིན་འཁྲུལ་ཕྱིར་རོ། ༈ །མངོན་སུམ་རྟོག་དང་བྲལ་བར་ནི། །མངོན་སུམ་ཉིད་ཀྱིས་འགྲུབ་པར་འགྱུར། །ཀུན་གྱི་རྣམ་རྟོག་མིང་རྟེན་ཅན། །སོ་སོ་རང་གིས་རིག་བྱ་ཡིན། །ཐམས་ཅད་ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་ནའང་མིག་གིས་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། ༈ །སླར་ཡང་ཅུང་ཟད་རྣམ་རྟོག་ན། །ཁོ་བོའི་རྣམ་རྟོག་འདི་འདྲར་གྱུར། །ཅེས་རིག་སྔར་བཤད་གནས་སྐབས་ཀྱི། །དབང་པོའི་རྟོགས་པ་ལ་མེད་དོ། ༈ །གཅིག་ཏུ་མཐོང་བའི་ཁྱད་པར་ནི། །གཞན་འགའ་ཞིག་ཏུ་མཐོང་མི་འགྱུར། །དེ་ལས་སྤྱི་གཞན་ཐ་དད་པ། །ཡོད་མིན་ཐ་དད་བློ་མེད་ཕྱིར། ༈ །དེ་ཕྱིར་དབང་པོ་ལས་སྐྱེས་བློ། །ཐམས་ཅད་ཁྱད་པར་ཡུལ་ཅན་ཡིན། ༈ །ཁྱད་པར་རྣམས་ལ་སྒྲ་དག་ནི། །འཇུག་པ་སྲིད་པ་ཡོད་མིན་ཏེ། །ཁྱད་པར་རྗེས་འགྲོ་མེད་པས་ན། ༈ །བརྡ་འཇུག་པ་ནི་མེད་ཕྱིར་རོ། །སྒྲ་རྣམས་ཡུལ་ཡང་གང་དེ་ཉིད། །དེ་རྣམས་ཉིད་ནི་སྦྱོར་བར་བྱེད། ༈ །དེའི་འདི་ཞེས་ནི་འབྲེལ་པ་ལ། །དོན་སྣང་བ་ནི་གང་ཡིན་པ། །དེ་དག་ཉིད་ནི་འབྲེལ་ཡིན་ན། །དེ་ནི་དབང་པོའི་སྤྱོད་ཡུལ་མིན། །དེ་ཚེ་གསལ་བར་སྣང་བ་ཡི། །དོན་སྣང་བ་ནི་མེད་ཕྱིར་རོ། །ཤེས་སྣང་ཐ་དད་པ་ཡིས་ནི། །དོན་རྣམས་ཁྱད་པར་བྱེད་པ་ཡིན། །མིག་ལ་དོན་སྣང་བ་ན་ཡང༌། །འདི་ཞེས་གཞན་གྱིས་བསྟན་པ་གང༌། །དེ་ཉིད་སྒྲ་ཡིས་སྦྱོར་བྱེད་ཀྱི། །དབང་པོའི་སྤྱོད་ཡུལ་མ་ཡིན་ནོ། །དབང་པོའི་བྱ་བ་མེད་པ་ལ། །གཞན་དག་ཙམ་གྱིས་སྣང་མེད་ཕྱིར། །འབྲེལ་བ་མ་བྱས་ཅན་མིན་ཏེ། །རང་ཉིད་ཤེས་པར་ཐལ་ཕྱིར་རོ། ༈ །རྟོག་བཅས་རྟོག་པ་མེད་པའི་ཡིད། །ཅིག་ཅར་དུ་ནི་འཇུག་ཕྱིར་རམ། །འཇུག་པ་མྱུར་ཕྱིར་བླུན་པོ་དག །དེ་དག་ལ་ནི་གཅིག་ཏུ་ཞེན། །གལ་ཏེ་རྣམ་རྟོག་གིས་བཅད་པས། །མཐོང་བ་རྒྱུན་ཆད་འགྱུར་ཞེ་ན།གཞན་གྱིའང་རིགས་ནི་ཐ་དད་པའི། །རྣམ་པར་རྟོག་ཚེ་ཇི་ལྟར་མིན། ༈ །གལ་ཏེ་མ་གལ་མེ་མཐོང་བ་བཞིན། །དངོས་ཕྱོགས་སྟོབས་དང་ལྡན་འདོད་ན། ༈ །དེ་ནི་གཞན་ལའང་མཚུངས་པ་ཡིན། ༈ །ཡི་གེའང་ཅིག་ཅར་ཐོས་པར་འགྱུར། ༈ །འདིར་དོན་ཀུན་དང་ཅིག་ཅར་དུ། །འདུས་ཅན་དབང་རྣམས་ཡོད་པ་ན། །ལྔ་པོ་རྣམས་ཀྱིས་ཆོད་ན་ཡང༌། །ཆོད་མེད་བཞིན་དུ་སྣང་བའི་བློ། །གང་དེ་མིང་གི་མཐར་ཐུག་པའི། །ཤེས་པ་སྐད་ཅིག་དང་འདྲེས་ཕྱིར། །ཆོད་པར་སྣང་བ་དེ་ངོ་མཚར། །དེ་ཕྱིར་བློ་ནི་ཅིག་ཅར་འགྱུར། ༈ །སྣང་བ་ལ་ཡང་ཁྱད་མེད་ན། །བར་བཅས་བར་མེད་ཇི་ལྟར་ཡིན། ༈ །ཡིད་ཀྱི་རྟོག་པ་འབའ་ཞིག་ལའང༌། །ལམ་དུ་འཛིན་པར་མི་འགྱུར་རོ། ༈ །ལ་ལར་ཀུན་ཏུ་ཆགས་སེམས་ཅན། །དོན་ཉེ་བ་ལའང་འཛིན་མེད་གང༌། །ཆགས་པས་གཞན་སྐྱེས་ནུས་ཉམས་ཕྱིར། །གཉིས་ཀ་ལ་ཡང་རྩོད་འདི་ཡོད། ༈ །མགལ་མེ་ལ་སོགས་མྱུར་འཇུག་པའི། །རྗེས་སུ་འགྲོ་བས་གནོད་པ་ཅན། །མིག་ལས་འཁོར་ལོར་འཁྲུལ་སྐྱེ་ཡི། །དེ་མཐོང་མཚམས་སྦྱོར་ལས་མ་ཡིན། ༈ །ལ་ལ་དབང་སྐྱེས་ལ་སོགས་ཕྱིར། །བྱིས་པའི་བློ་བཞིན་རྟོག་མེད་དང༌། །བྱིས་པའི་རྟོག་མེད་ཉིད་ཀྱི་རྒྱུ། །བརྡ་ཉམས་པ་ཉིད་ཡིན་སྨྲ་བ། །དེ་དག་གི་ནི་རྟོག་མེད་ཕྱིར། །བྱིས་པའི་མངོན་སུམ་ཉིད་དུ་འགྱུར། ༈ །བརྡ་ཡི་རྒྱུ་དང་བྲལ་བའི་ཕྱིར། །དེ་ནི་ཕྱིས་ཀྱང་མི་འགྱུར་རོ། ༈ །གལ་ཏེ་བརྡ་ལ་མ་བྱང་བའི། །ཡིད་ཡོད་དེས་ན་དེ་འདོད་ན། ༈ །དེ་བཞིན་དབང་སྐྱེས་ལ་ཡང་འགྱུར། །འདི་འདྲ་འདི་ཡང་ལྷག་ལྡན་ཡིན། ༈ །བྱིས་ལ་སྒྲུབ་པར་བྱེད་གང་ཡིན། །དེ་ཉིད་འདིར་ཡང་བརྗོད་བྱ་སྟེ། །དབང་པོའི་བློ་ནི་མཚུངས་ཕྱིར་རོ། ༈ །འདིས་ནི་མྱོང་སོགས་བཤད་པ་ཡིན། ༈ །ཁྱད་པར་དང་ནི་ཁྱད་པར་གཞི། །འབྲེལ་དང་འཇིག་རྟེན་གཞུང་ལུགས་ནི། །བཟུང་ནས་དེ་དག་སྡོམ་བྱས་ཏེ། །དེ་ལྟར་རྟོགས་ཀྱི་གཞན་དུ་མིན། །དཔེར་དབྱུག་ཅན་བཞིན་རིགས་སོགས་ཀྱི། །བྱེ་བྲག་རྟོགས་པ་མེད་པའི་ཕྱིར། །དེ་ལྡན་སྦྱོར་བ་ཡོད་མིན་པ། །དེས་ན་འདི་ལ་རྟོག་པའང་མེད། ༈ །རྗེས་འགྲོ་ཅན་གྱི་རྣམ་ཤེས་གང༌། །དེ་ཡང་སྒྲ་དང་གསལ་བར་སྣང༌། །ཁ་དོག་དབྱིབས་ཡིག་རྣམ་པ་ཡིས། །སྟོང་པ་བ་ལང་ཉིད་དུ་བརྗོད། ༈ །དེ་ཉིད་མཚུངས་པ་ཉིད་ཡིན་ཀྱང༌། །མིག་གི་ཡུལ་ལ་མཐོང་མེད་དེ། །སྣང་བ་གཉིས་ནི་མེད་ཕྱིར་རོ། །བློ་ཐ་དད་པའང་རྙེད་པར་དཀའ། །དབང་པོས་འཕྲོད་འདུ་འཛིན་མེད་ཕྱིར། །འབྲེལ་པ་མཐོང་བ་མེད་པར་གནས། ༈ །སྣལ་མ་འདི་ལ་སྣམ་བུ་ཞེས། །སྒྲ་འདི་དག་ཀྱང་རང་གིས་བྱས། །བ་ལང་ལ་རྭ་ཞེས་འཇིག་རྟེན། །རྭ་ལ་བ་ལང་འཇིག་རྟེན་མིན། །བ་ལང་ཞེས་བྱ་ཡན་ལག་ནི། །ལྷག་མ་རྣམ་བཅད་དམིགས་མེད་ཕྱིར། །སྣལ་མ་དེ་རྣམས་ཀྱི་སྣམ་བུ། །འདི་ཞེས་སྣལ་མ་འདུས་བྱས་ལས། །ཕྱིས་འབྱུང་འབྲས་བུར་བརྗོད་ཡིན་གྱི། །ཇི་ལྟ་བུར་ཡང་དུས་གཅིག་མིན། ༈ །འགའ་ཡིས་རྒྱུ་སྒྲོ་བཏགས་པའམ། །སྒྲ་མི་རྟེན་ནི་སྟོན་པ་ན། །སྣལ་མ་གཅིག་ནི་བཀར་བྱས་ལ། །འབྲས་ལ་སྣལ་མ་ཞེས་འཇུག་འགྱུར། ༈ །ཕན་གདགས་ཕན་འདོགས་བྱེད་ཉིད་དམ། །རྣམ་པར་ཆད་མེད་སྣང་བ་ཉིད། །འཁྲུལ་མེད་ཅན་ཤེས་དང་པོ་ཡི། །བརྡ་ལ་སྤྱོད་ཡུལ་གང་ཡིན་དངོས། ༈ །དངོས་པོ་ལས་ནི་ཐ་དད་ཅན། །རིགས་སོགས་ལ་ནི་རྗེས་དཔག་མེད། །དབྱུག་པ་ཅན་སོགས་ཐམས་ཅད་ལའང༌། །ཀུན་རྫོབ་པ་ལས་ཐ་སྙད་འདོགས། ༈ །དངོས་པོ་ཁང་བཟང་འཕྲེང་སོགས་ཀྱི། །སྒྲ་ཡང་གཞན་ལ་ལྟོས་པ་མིན། ༈ །གལ་ཏེ་ཁང་པ་ལྡན་ཡིན་ན། །དེ་འཕྲེང་དེ་ནི་ཅི་ཞིག་ཡིན། ༈ །གལ་ཏེ་རིགས་ཡིན་ཁང་གཅིག་ཀྱང༌། །ཤིང་བཞིན་འཕྲེང་ཞེས་བརྗོད་པར་འགྱུར། །འཕྲེང་མང་པོ་ལ་དེ་ཡི་སྒྲ། །ཅི་ལྟར་རིགས་ལ་རིགས་མེད་ཕྱིར། །འཕྲེང་སོགས་ལ་ནི་ཆེན་པོ་སོགས། །ཉེར་བརྟགས་ལས་འདོད་གང་ཡིན་པ། །དངོས་དང་ཁྱད་མེད་རྣམ་ཤེས་ཀྱི། །གཟུང་བྱ་ཉིད་ཕྱིར་ཉེར་བརྟགས་མིན། ༈ །དངོས་སུ་མངོན་པར་འདོད་པ་ལའང༌། །རྒྱུ་གཞན་མིན་པ་ཉིད་དེ་མཚུངས། །དྲུག་རྣམས་ལ་ནི་ཚིག་དོན་སྒྲ། །རྒྱུ་གཞན་གང་ལ་ལྟོས་པར་མཐོང༌། ༈ །ཇི་ལྟར་གྲགས་ལས་གྲུབ་གང་ཡིན། །དངོས་དང་དེ་དང་མཚུངས་པའི་ཕྱིར། །གང་ལ་དེ་སྐད་བརྗོད་ཕལ་པ། །དངོས་ལ་དངོས་མེད་བཏགས་ཕྱིར་རོ། ༈ །གྲགས་པ་བརྡ་ཡི་རྗེས་འགྲོ་ཅན། །དེ་ཡང་བརྗོད་འདོད་རྗེས་འགྲོ་ཅན། །ཐ་སྙད་དོན་དུ་བྱས་པ་སྟེ། །སྡེབ་སྦྱོར་མིང་དང་སྒྲ་ཆ་བཞིན།༈ ། ཐ་དད་ཀྱང་གང་དངོས་ཆོས་ཀྱིས། །དེ་འདྲའི་རྣམ་ཤེས་རྒྱུ་ཡི་ནི། །དོན་དེ་དག་ལ་ཤེས་པ་དེས། །དེ་ལྟར་རྟོགས་པར་འགྱུར་བ་ཡིན།༈ །ཐ་དད་ཐ་དད་མིན་པར་ནི། །རྟོགས་ལ་ཤེས་པའང་དེ་བཞིན་ནོ། །དེ་ཕྱིར་དེ་འབྲས་མེད་བྲལ་བ། །རྗེས་འགྲོ་དངོས་གཅིག་ཡོད་མ་ཡིན། །དངོས་རྣམས་ལ་ཡོད་དེ་ཡི་ཕྱིར། །དངོས་ལ་མཉན་པ་དེ་མཐའ་ཅན། ༈ །ཕྱི་རོལ་ནུས་པ་རྣམ་གཅོད་ལ། །རེག་པ་མེད་ཀྱང་སྒྲ་དེ་ནི། །རྣམ་པར་རྟོག་པའི་གཟུགས་བརྙན་ནི། །དེ་ཡི་མཐར་ཐུག་རྣམས་དང་འབྲེལ། །དེས་ན་གཞན་སེལ་མཐར་ཐུག་ཕྱིར། །མཉན་པ་གཞན་སེལ་བྱེད་པར་བརྗོད། ༈ །ལྡོག་བ་བཞིན་དུ་སྒྲ་དག་ལས། །ཤེས་ལ་གཞན་གྱི་གཟུགས་བརྙན་སྣང༌། །གང་དེའང་དོན་གྱི་བདག་ཉིད་མིན། །དེ་འཁྲུལ་བག་ཆགས་ལས་བྱུང་ཡིན། ༈ །དེ་ནི་མཉན་པས་བརྗོད་པ་ན། །དོན་གྱི་ཆ་གང་རྟོགས་པར་འགྱུར། །དེ་མ་རྟོགས་ན་དེ་དོན་ཅན། །བརྡ་བྱེད་པ་ནི་དོན་མེད་འགྱུར། །སྒྲས་དོན་ཆ་ནི་ཅི་བརྗོད་ཅེས། །དེ་ལ་གཞན་སེལ་བརྗོད་པར་བྱ། །རྣམ་པ་དེ་ཡང་དོན་ལ་མེད། །དེ་བརྗོད་ཅི་ལྟར་དོན་བརྟེན་ཡིན། ༈ །རྗེས་འགྲོ་ཅན་སྒྲས་རྗེས་འགྲོ་ཅན། །དོན་གྱི་འབྲས་ཡིན་མཐོང་གོམས་པས། །སྤྲུལ་དེའང་རྗེས་འགྲོ་མེད་པ་ཅན། །བློ་ལས་ཐ་དད་མེད་ཕྱིར་རོ། ༈ །དེ་དངོས་སྒྲོ་བཏགས་རྟོགས་པ་ཡིས། །གཞན་ལས་བཟློག་པ་རྟོགས་ཕྱིར་ཡང༌། །སྒྲ་དོན་གང་ཡིན་དེ་ཉིད་ཅེས། །བརྗོད་པ་ལ་ནི་འགལ་བ་མེད། ༈ །ཤེས་པ་སྒྲ་ཡིས་ངེས་སྤྲུལ་པ། །དེ་དག་ལོག་པར་སྣང་བ་ཉིད། །དོན་གྱི་ཆ་ལ་འདི་རྗེས་འགྲོ། ༈ །དེ་ལྟར་མཉན་པ་གཞན་སེལ་བྱེད། ༈ །དེ་ཕྱིར་བརྡ་ཡི་དུས་ན་ཡང༌། །རང་ཉིད་མཐོང་བའི་འབྲས་བུ་ཅན། །བསྟན་པའི་དོན་དང་འབྲེལ་པའི་ཕྱིར། །གཞན་སེལ་སྒྲ་དང་འབྲེལ་པར་འགྱུར། ༈ །གཞན་དུ་མ་མཐོང་ལ་ལྟོས་དང༌། །ལ་ལར་དེ་མཐོང་ལ་ལྟོས་ཕྱིར། །གཞན་སེལ་སྒྲ་དང་འབྲེལ་འགྱུར་གྱི། །དེ་ནི་དངོས་ལ་མི་རུང་ངོ༌། །དེ་ཕྱིར་རིགས་སོགས་དེ་ལྡན་ནི། །ཡོད་མིན་དོན་དང་དེ་དག་ལ། །མཉན་པ་འབྲེལ་མིན་གཞན་ལས་ནི། །ལྡོག་པ་ཉིད་ལ་སྒྲ་སྦྱོར་ཕྱིར། །བརྡ་དྲན་པ་ཡི་རྒྱུ་ཅན་གྱི། །མཐོང་པ་སྲེ་བྱེད་བདག་ཉིད་ཅན། །སྔ་ཕྱི་འཛིན་པས་སྟོང་པ་ཡི། །མིག་ཤེས་ལ་ནི་དེ་ཅི་ལྟར། ༈ དེ་ཅི་ལྟར། ༈ །གཞན་ལ་འཇུག་སེམས་ཅན་གྱི་ཡང༌། །མིག་གིས་གཟུགས་དག་མཐོང་གྱུར་པ། །དེར་ནི་གསལ་བར་དེ་ཡི་བརྡ། །མི་འཛིན་དེས་བསྐྱེད་རྟོག་པའང་མེད། ༈ །གང་ལ་སྒྲ་ནི་ངེས་འགོད་པ། །དེ་ལ་རྟོག་པ་སྐྱེ་བར་འགྱུར། །དེས་ན་དབང་སྐྱེས་འདོད་པ་ཡིས། །འཇུག་འགྱུར་ཕྱི་རོལ་མཐོང་མི་འགྱུར། །གཟུགས་ལ་གཟུགས་ཞེས་མཐོང་བ་ན། །དེ་བློ་ཞེས་ནི་ཇི་ལྟར་མཐོང༌། །དེ་ཡིས་ཉམས་སུ་མྱོང་བའང་ཡོད། །དེ་ནི་རྟོག་མེད་ཅི་ལྟར་ཡིན། །དེ་ཉིད་ཀྱིས་མྱོང་ཡིན་ན་ནི། །རྟོག་གཉིས་ཅིག་ཅར་མཐོང་བ་མེད། །དེས་ནི་དུས་མཚུངས་རྣམ་པར་ཤེས། །གཞན་གྱིས་མྱོང་བ་བསྟན་པ་ཡིན། ༈ །འདས་པ་ལ་ནི་དྲན་པར་འགྱུར། །མྱོང་བ་མེད་ལ་དེ་ཅི་ལྟར། ༈ །རང་བློའི་བློ་དང་གཞན་གྱི་བློ། །ཡོངས་གཅོད་ངོ་བོ་གཅིག་པར་འགྱུར། ༈ །དོན་རིག་འདས་པ་དཔེ་དག་དང༌། །ཕྲལ་ཞིང་རྟགས་ནི་ཡོད་མིན་ཏེ། །ཅིས་གྲུབ་གང་ཕྱིར་དེ་ལ་ནི། །མངོན་སུམ་མ་ཡིན་རྟགས་ཅན་མིན། ༈ །གལ་ཏེ་དེ་ཡི་ངོ་བོར་ནི། །སྣང་ཅན་དེ་མ་ཐག་པའི་བློས། །གཟུགས་སོགས་བཞིན་དུ་འཛིན་འགྱུར་ན། །སྔ་བློ་དེ་ནི་འཛིན་མི་འགྱུར། །ཇི་ལྟར་རང་གི་ཡུལ་ཅན་གྱི། །རྣམ་ཤེས་ཉམས་མྱོང་དེ་རྟོག་མེད། །དེ་བཞིན་བརྡ་བྱ་མི་ནུས་པ། །གཞན་ཡང་རྟོག་པ་མེད་པར་འགྱུར། ༈ །སྤྱི་བརྗོད་དང་ཚུལ་ཅན་སྒྲ་དང༌། །རྟོག་པའང་དེ་དང་དོན་གཅིག་ན། །རྟོག་པ་མེད་པ་མེད་ན་ནི། །ཁྱད་པར་གང་གིས་རྟོགས་པར་འགྱུར། །གལ་ཏེ་རྟོག་མེད་འགའ་ཞིག་ཀྱང༌། །ཡོད་ན་དེ་དང་མཚུངས་རྒྱུ་ཅན། །ཐམས་ཅད་དེ་བཞིན་འབྲས་བདག་ཉིད། །ཐ་དད་རྒྱུ་ཐ་དད་ལས་ཡིན། ༈ །ཕྱི་རོལ་དོན་ལ་ལྟོས་མེད་པར། །བརྡ་དྲན་པ་ལས་སྦྱོར་བ་ཡིན། །དེ་བཞིན་བརྡ་ལ་ལྟོས་མེད་པར། །དངོས་ནུས་ཉིད་ལས་མིག་བློར་འགྱུར། །གལ་ཏེ་གཟུགས་ནི་བརྡ་དྲན་ལ། །ལྟོས་ནས་དབང་པོའི་བློ་དག་ལ། །ནུས་འགྱུར་ལྟོས་མེད་མ་ཡིན་ན། །རྟགས་བཞིན་དྲན་པ་ཉིད་ལ་འགྱུར། ༈ །དེ་ནི་དེ་འབྲེལ་སྐྱེ་བའི་ཕྱིར། །དྲན་ལས་དབང་བློ་འགྱུར་བའམ་མིན། །དེ་ལས་དུས་གཞན་དུས་ཡང་འགྱུར། །ལ་ལར་རྣམ་གཡེང་སྲིད་ཕྱིར་རོ། ༈ །གལ་ཏེ་རིམ་གྱིས་གཉིས་རྒྱུ་ཡིན། །ཐ་དད་མེད་ཕྱིར་སྔར་ཉིད་འགྱུར། ༈ །དབང་པོའི་བློ་རྒྱུ་གཞན་ཡིན་ན། །དེ་ལ་དྲན་པ་དོན་མེད་འགྱུར། །བརྡ་དྲན་ཇི་ལྟར་བརྡར་བཏགས་པ། །གྲུབ་པའི་དོན་དུ་འདོད་པ་དང༌། །ཁྱད་པར་བརྡར་བཏགས་མེད་འཛིན་ན། །དེ་ལ་དྲན་པ་དོན་ཅི་ཡོད། །སྤྱི་ཙམ་འཛིན་པ་ཡིན་ན་ནི། །ཁྱད་པར་ལ་ལྟོས་མི་རུང་ངོ༌། ༈ །དེ་ཕྱིར་མིག་དང་གཟུགས་དག་ལ། །བརྟེན་ནས་མིག་བློ་སྐྱེ་བར་འགྱུར། ༈ །གལ་ཏེ་མངོན་སུམ་ཤེས་བསྐྱེད་ལ། །དབང་པོ་བཞིན་དུ་ཡུལ་ནུས་ཡིན། །འོ་ན་ཅི་ཕྱིར་གཉིས་རག་ལས། །སྐྱེ་བ་དེ་ནི་ངེས་མི་བརྗོད། ༈ །གོ་བར་བྱེད་པ་ཉིད་མཐོང་ནས། །ཐ་སྙད་ངེས་པར་སྦྱར་བ་ཡིན། ༈ །དབང་པོའི་ཐ་སྙད་ལ་དེ་ཡོད། །སྦྱར་བར་བྱ་བའང་དེ་ཆོས་ཡིན། ༈ །དེ་ཕྱིར་ཐ་སྙད་འདི་ལ་ནི། །སྦྱར་བྱ་རང་བཞིན་རྟགས་ཡིན་ཏེ། །ཁྱབ་པར་བྱེད་པའི་རང་བཞིན་ནི། །ལོག་པའི་ཕྱིར་ནི་ལྡོག་པར་འགྱུར། །བསགས་པ་དག་ནི་ཚོགས་པ་ཡིན། །དེ་སྤྱི་དེ་ལ་དབང་པོའི་བློ། །སྤྱི་བློ་གདོན་མི་ཟ་བར་ཡང༌། །རྣམ་པར་རྟོག་དང་རྗེས་སུ་འབྲེལ། ༈ །དོན་གཞན་དང་ནི་མངོན་འབྲེལ་ཕྱིར། །རྡུལ་ཕྲན་གཞན་གང་སྐྱེ་འགྱུར་བ། །དེ་དག་བསགས་བཤད་དེ་དག་ནི། །ཤེས་པ་སྐྱེ་བའི་རྒྱུ་མཚན་ཡིན། ༈ །རྡུལ་ཕྲན་གཞན་དག་མེད་པར་ནི། །རྡུལ་ཕྲན་ཁྱད་པར་དེ་ཡང་མེད། །ཤེས་དེ་གཅིག་ལ་ངེས་མིན་ཕྱིར། །སྤྱི་ཡི་སྤྱོད་ཡུལ་ཅན་དུ་བཤད། ༈ །གལ་ཏེ་སྐྱེ་མཆེད་གཅིག་ཡིན་ཡང༌། །ཅིག་ཅར་དུ་མ་འཛིན་མ་ཡིན། ༈ །ཏིལ་སོགས་ཐ་དད་ལ་ཇི་ལྟར། །ཅིག་ཅར་འཛིན་པར་སྣང་བ་ཡིན། ༈ །འདི་ལ་མགྱོགས་པ་བཤད་ཟིན་ཏོ། ༈ །རིམ་བཞིན་འབབ་པ་དེ་ཉིད་ལ། །ཇི་ལྟར་རིམ་མིན་འཛིན་མི་འགྱུར། ༈ །བློ་རྣམས་དག་ནི་ཐམས་ཅད་ཀྱང༌། །དུས་མཚུངས་ཅི་ལྟར་དེ་དག་ལ། །འགའ་ཞིག་རིམ་མིན་སྣང་བ་དང༌། །གཞན་ནི་རིམ་ལྡན་སྣང་བར་འགྱུར། །དེ་ཕྱིར་དོན་ཀུན་འཛིན་པ་ལ། །འདི་ནི་རིམ་མིན་ཐལ་བར་འགྱུར། ༈ །ཕྱེ་མ་ལེབ་ཁྲ་ལ་སོགས་གཟུགས། །དུ་མའང་ཅི་ཡང་སྣང་བར་འགྱུར། །གལ་ཏེ་སྣ་ཚོགས་དེ་གཅིག་ན། །དེ་བས་ཆོས་འདི་ངོ་མཚར་ཆེ། ༈ །སྣ་ཚོགས་གཅིག་པའི་རང་བཞིན་མིན། །དཔེར་ན་ནོར་བུའི་གཟུགས་དེ་བཞིན། ༈ །སྔོ་སོགས་རྣམ་པར་དབྱེ་བ་ནི། །སྣམ་ཁྲ་ལ་སོགས་དག་ལའང་མཚུངས། ༈ །གལ་ཏེ་དེ་ལ་ཡན་ལག་གཟུགས། །འབའ་ཞིག་དེ་ལྟར་མཐོང་ཞེ་ན། །གལ་ཏེ་སྔོ་སོགས་སྤངས་པ་ཡི། །ཁྲ་བོ་གཞན་མཐོང་ངོ་མཚར་རོ། ༈ །དུས་དང་དོན་གྱི་རྣམ་པ་ནི། །མཚུངས་པར་རྟོགས་པའི་བློ་དག་ལས། །གཅིག་ནི་རིམ་ལྡན་དོན་མང་དང༌། །གཅིག་ནི་རིམ་མིན་དོན་གཅིག་གིས། ༈ །བློ་རྣམས་སྣ་ཚོགས་ངོ་བོའི་ཕྱིར། །དོན་རྣམས་སྣ་ཚོགས་ངོ་བོ་ཉིད། ༈ །གལ་ཏེ་དེ་རྒྱུ་མིན་ཞེ་ན། །ཐ་དད་བཞག་འདི་གང་གིས་འགྲུབ། ༈ །རིགས་མི་མཐུན་རྣམས་རྩོམ་མེད་ཕྱིར། །རི་མོ་སོགས་བློ་སྣ་ཚོགས་མིན། །གཟུགས་མེད་ཕྱིར་ལྡན་སྣ་ཚོགས་མིན། །ཉེ་བར་བརྟགས་ལ་བརྟེན་པའང་མིན། །རེ་རེ་སྣ་ཚོགས་མིན་ཕྱིར་རོ། ༈ །རིམ་བཞིན་དུ་ནི་བཟུང་བ་ལ། །སྣ་ཚོགས་བློ་ཡིས་བསྲེས་མིན་ཏེ། །གཅིག་གིས་དུ་མ་མི་འཛིན་ཕྱིར། ༈ །དེ་ཕྱིར་གཅིག་དོན་དུ་མ་ཅན། །གང་ཕྱིར་དོན་གཅིག་རྟོག་པ་ནའང༌། །གཞན་དག་མཐོང་བ་དེ་ཕྱིར་ཡང༌། །རྟོག་པ་མེད་པར་གྲུབ་པ་ཡིན། ༈ །སྣ་ཚོགས་སྣང་ཅན་དོན་རྣམས་ལ། །གལ་ཏེ་གཅིག་ཉིད་མི་རིགས་ན། །རེ་ཞིག་གཅིག་པུའི་བློ་དེ་ཉིད། །སྣ་ཚོགས་སུ་ནི་ཅི་ལྟར་སྣང༌། ༈ །ཇི་ལྟ་ཇི་ལྟར་དོན་བསམས་པ། །དེ་ལྟ་དེ་ལྟར་རྣམ་འབྲེལ་ཞེས། །མཁས་པ་རྣམས་ཀྱིས་གང་གསུངས་པ། །དེ་ནི་དངོས་སྟོབས་འོངས་པ་ཡིན། ༈ །གཅིག་ལ་སྣ་ཚོགས་དེ་ཅིར་འགྱུར། ༈ །བློ་དེ་ལ་ཡང་མི་འགྱུར་རོ། །གལ་ཏེ་དོན་རྣམས་བདག་ཉིད་འདིར། །འདོད་ན་དེ་ལ་ངས་ཅི་བྱ། །དེ་ཕྱིར་དོན་དང་ཤེས་པ་ལ། །རགས་སྣང་ཡོད་མིན་དེ་བདག་ཉིད། །གཅིག་ལ་བཀག་པ་ཉིད་ཕྱིར་དང༌། །མང་པོ་ལ་ཡང་ཡོད་མ་ཡིན། ༈ །ཡོངས་གཅོད་ནང་ཡིན་ཕྱི་རོལ་ལྟར། །གནས་པ་འདི་ནི་ཆ་གཞན་ཡིན། ༈ །ཐ་དད་མེད་ཅན་ཤེས་པ་ཡི། །ཐ་དད་སྣང་བ་བསླད་པ་ཉིད། །དེ་ལ་གཅིག་ནི་མེད་པས་ཀྱང༌། །གཉིས་ཀའང་ཉམས་པར་འགྱུར་བ་ཡིན། ༈ །དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡིའང་དེ་ཉིད་ཡིན། །དངོས་རྣམས་ཐ་དད་གནས་པ་འདི། །དེ་ཐ་དད་ལ་བརྟེན་པ་ཡིན། །དེ་ནི་བསླད་པ་ཉིད་ཡིན་ན། །དེ་དག་ཐ་དད་ཀྱང་བསླད་འགྱུར། ༈ །གཟུང་དང་འཛིན་པའི་རྣམ་པ་ལས། །མཚན་ཉིད་གཞན་ནི་ཡོད་མ་ཡིན། །དེས་ན་མཚན་ཉིད་སྟོང་པའི་ཕྱིར། །རང་བཞིན་མེད་པར་རབ་ཏུ་བཤད། ༈ །ཕུང་པོ་ལ་སོགས་བྱེ་བྲག་གིས། །མཚན་ཉིད་ཐམས་ཅད་བྱེད་པ་ཡི། །ཁྱད་པར་ཅན་དེའང་དེ་ཉིད་མིན། །དེས་ཀྱང་དེ་དག་མཚན་ཉིད་བྲལ། ༈ །མ་རིག་གིས་བསླད་བདག་ཉིད་ལ། །ཇི་ལྟའི་རང་རྐྱེན་ལ་ལྟོས་ནས། །རྣམ་རིག་དེ་བཞིན་མིན་རྣམ་པ། །སྐྱེ་འགྱུར་རབ་རིབ་ལ་སོགས་བཞིན། ༈ །ཕ་རོལ་མཐོང་མིན་ཐམས་ཅད་ཀྱིས། །དེ་ཉིད་དེ་ནི་རིག་མ་ཡིན། །གཟུང་དང་འཛིན་པའི་བསླད་པ་དག །མེད་ན་དེ་ནི་མེད་ཕྱིར་རོ། ༈ །དེས་དེ་ཉིད་དོན་བཏང་སྙོམས་ཅན། །གླང་ཆེན་གཟིགས་སྟངས་ཉིད་མཛད་ནས། །འཇིག་རྟེན་ཐུགས་ནི་འགའ་ཞིག་གིས། །ཕྱི་རོལ་དཔྱོད་ལ་འཇུག་པར་མཛད། །ཤེས་པ་སྔོ་སོགས་སྣ་ཚོགས་པ། །ཤེས་པའི་ཁྱད་པར་གཞན་རྟེན་མེད། །མཐོང་ནུས་མ་ཡིན་དེ་ཡི་ཚེ། །རྣམ་དབྱེ་དོན་ལ་འཇུག་པར་འགྱུར། །ཤེས་གང་ཇི་ལྟར་སྣང་བ་དེ། །དེ་ལྟ་ཉིད་དུ་མྱོང་བ་ཡིན། །དེ་ལྟར་སེམས་ཀྱི་རྣམ་པ་ནི། །སྣ་ཚོགས་གཅིག་གི་ངོ་བོར་འགྱུར། ༈ །རས་སོགས་གཟུགས་ནི་གཅིག་ཡིན་ན། །དེ་བཞིན་རྣམ་དབྱེ་མེད་པར་འགྱུར། །ཐ་དད་ཅན་ནི་རྣམ་བསལ་བ། །ཐ་དད་མེད་པ་གཞན་མཐོང་མེད། ༈ །གལ་ཏེ་དབང་པོ་ལ་སོགས་བཞིན། །ཁྱད་པར་སྐྱེས་གྱུར་མང་པོ་དག །ཅིག་ཅར་བློ་ཡི་རྒྱུར་འགྱུར་ཡང༌། །འགལ་བ་དག་ནི་ཅི་ཞིག་ཡོད། ༈ །རྒྱུ་ཡི་དངོས་པོ་མ་གཏོགས་པ། །གཟུང་བ་ཞེས་བྱ་གཞན་ཅིའང་མེད། །དེ་ལ་བློ་ནི་གང་དུ་སྣང༌། །དེ་ནི་དེ་ཡི་གཟུང་བར་བརྗོད། ༈ །ཇི་ལྟར་རང་གི་ཡན་ལག་བཅས། །ཅིག་ཅར་ཡན་ལག་ཅན་བཟུང་ཡིན། ༈ །ལྐོག་ཤལ་སོགས་མཐོང་མེད་པར་ནི། །བ་གླང་ཤེས་པ་མཐོང་བ་མེད། ༈ །གལ་ཏེ་ཡོན་ཏན་གཙོ་བོ་དག །ཅིག་ཅར་རྟོགས་པར་འདོད་ན་ཡང༌། །ཅིག་ཅར་ཡན་ལག་རྫོགས་འཛིན་མིན། །ཡོན་ཏན་ལ་སོགས་ལྡན་པའང་མིན། ༈ །ཁྱད་པར་དང་ནི་ཁྱད་པར་ཅན། །བརྗོད་པར་འདོད་པའི་གཞན་དབང་ཕྱིར། །ཡན་ལག་ཉིད་དུ་ཉེར་བཟུང་གང༌། །དེ་ཉིད་ཀྱིས་ནི་དེ་འཛིན་འགྱུར། ༈ །རང་གིས་དངོས་པོ་གཞན་དག་ལས། །ཐ་དད་མེད་ཕྱིར་ཡོན་ཏན་སོགས། །ཐ་དད་བྱེད་པའང་མ་བཟུང་ཕྱིར། །གཞན་གཞན་མཐོང་ཡང་བློ་གཅིག་འགྱུར། ༈ །ཡོན་ཏན་ལ་སོགས་ཁྱད་པར་ནི། །གཟུང་ཕྱིར་དུ་མ་རྟོགས་འགྱུར་ན། །འགྱུར་མོད་དེ་ལྟ་ཡིན་ན་ཡང༌། །འདི་དག་གི་འབྲེལ་འཚོལ་བར་འགྱུར། ༈ །སྒྲ་སོགས་དུ་མ་ཉིད་ཡིན་ཕྱིར། །ཅིག་ཅར་དུ་མ་འཛིན་པར་གྲུབ། །བཀོད་པ་ཅན་ནི་མ་བཟུང་བར། །བཀོད་པ་འཛིན་པ་མི་རུང་ཕྱིར། ༈ །ཆོས་ཅན་ཐམས་ཅད་ལས་ལྡོག་པ། །གང་དང་གང་ལས་ལོག་དེ་ལས། །ཐ་དད་བརྟགས་པའི་ཐ་དད་ཅན། །དེ་ནི་དུ་མའི་ངོ་བོ་ཉིད། །བརྟགས་པའི་རང་བཞིན་ཐ་དད་པ། །སྣ་ཚོགས་སྣང་བ་དེ་དག་ནི། །རྟོག་པ་མེད་སེམས་སྣ་ཚོགས་མིན། །རེས་འགའ་པ་ཡི་སྤྱོད་ཡུལ་མིན། །གལ་ཏེ་དཀར་སོགས་ཡོད་གྱུར་ཀྱང༌། །དབང་པོའི་སྤྱོད་ཡུལ་ཅི་འདྲ་བ། །དེ་ནི་སྒྲ་ཡིས་བརྗོད་མིན་ཏེ། །ཤེས་པའི་རང་བཞིན་ཐ་དད་ཕྱིར། ༈ །བློ་རྣམས་དོན་གཅིག་ཉིད་ཡིན་ཡང༌། །རྟེན་སྣ་ཚོགས་པས་དེར་འགྱུར་ན། །ད་ནི་རྣ་བ་ལ་སོགས་སེམས། །ཐ་དད་དོན་ཅན་དེ་གང་ལས། །སེམས་ཀྱི་རྟེན་ནི་གཞན་དང་གཞན། །སྐྱེས་སུ་ཆུག་ཀྱང་གཅིག་ཉིད་ཀྱི། །དངོས་དེ་རང་བཞིན་སྣ་ཚོགས་སུ། །སྣང་བ་དེ་ནི་གང་ལས་ཡིན། ༈ །མཐོང་བ་རྟགས་པ་མེད་པར་ནི། །བརྗོད་དང་རྣམ་རྟོག་འཇུག་པའི་ཕྱིར། །མཐོང་ལས་བ་གླང་ལ་སོགས་པའི། །ངོ་ཤེས་པ་ནི་བཟློག་པ་ཡིན། ༈ །བ་ལང་ལ་སོགས་མཐོང་བ་ལ། །རིགས་སོགས་བརྗོད་དང་རྣམ་རྟོག་དག །རྗེས་སུ་འགྲོ་ལས་རྗེས་དཔོག་གང་། །དེ་ཡང་འདི་ཡིས་སུན་ཕྱུང་ངོ། ༈ །མཐོང་བ་ཐ་དད་ཉིད་ཡིན་ཡང༌། །ངོ་ཤེས་པ་ཞེས་བྱ་བ་ཡི། །རྣམ་རྟོག་གཅིག་ནི་རང་བཞིན་གྱིས། །བྱེད་པ་ཡིན་ཞེས་བརྗོད་ཟིན་ཏོ། ༈ །སྔར་མྱོང་བ་ནི་འཛིན་པ་ན། །ཡིད་ནི་ཚད་མ་ཉིད་མ་ཡིན། །མ་མཐོང་འཛིན་ན་ལོང་བ་ལ། །སོགས་པ་ཡིས་ཀྱང་དོན་མཐོང་འགྱུར། ༈ །སྐད་ཅིག་ཉིད་ཕྱིར་འདས་པ་ཡི། །དོན་མཐོང་ཡོད་པ་མ་ཡིན་ཞིང༌། །སྐད་ཅིག་མིན་ན་མཚན་ཉིད་ནི། །ཁྱད་པར་བཅས་པ་བརྗོད་བྱར་འགྱུར། ༈ །བྱ་བ་བསྒྲུབས་ཅན་ལས་ལ་ནི། །ཁྱད་པར་ཅུང་ཟད་མི་བྱེད་ལ། །དབང་པོ་ཅན་ནམ་གཞན་དག་ནི། །སྒྲུབ་པར་བྱེད་པ་ཇི་ལྟར་འདོད། ༈ །དངོས་པོ་དེ་ལས་སྐྱེ་བའི་བློའང༌། །ཐམས་ཅད་ཅིག་ཅར་འབྱུང་བར་འགྱུར། །གཞན་གྱིས་ཁྱད་པར་བྱ་མིན་ན། །དེ་ལ་ལྟོས་པ་འགལ་ཕྱིར་རོ། །དེ་ཕྱིར་དབང་པོའི་རྣམ་པར་ཤེས། །དེ་མ་ཐག་རྐྱེན་ལས་བྱུང་ཅན། །ཡིད་ནི་ཡུལ་གཞན་ཉིད་འཛིན་བྱེད། །དེ་ཕྱིར་ལོང་བས་མཐོང་བ་མིན། ༈ །རང་དོན་རྗེས་འགྲོའི་དོན་ལྟོས་ཅན། །དབང་སྐྱེས་བློ་ནི་རྒྱུ་ཡིན་ནོ། །དེ་ཕྱིར་འདི་གཞན་འཛིན་ན་ཡང༌། །ངེས་པ་འཛིན་པར་འདོད་པ་ཡིན། །དེ་དང་བྱེད་དུས་མཚུངས་མེད་ཅན། །རང་ཤེས་དུས་ཅན་དོན་དག་ནི། །ཅི་ལྟར་དབང་པོའི་ཤེས་པ་ཡི། །ལྷན་ཅིག་བྱེད་པ་ཡིན་ཞེ་ན། །མེད་པ་སྔར་ནུས་མེད་ཕྱིར་དང༌། །ཕྱིས་ཀྱང་ཉེ་བར་མི་སྦྱོར་ཕྱིར། །རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན། །དེ་ཕྱིར་རང་བློ་བཅས་དོན་མིན། ༈ །དུས་ཐ་དད་པས་ཇི་ལྟར་འཛིན། །ཞེ་ན་རིག་པ་ཤེས་པ་ཡིས། །ཤེས་པའི་རྣམ་པ་འཇོག་ནུས་པའི། །རྒྱུ་ཉིད་ལ་ནི་གཟུང་བར་ཤེས། ༈ །རྒྱུ་དུ་མ་ཉིད་ཡོད་ན་ཡང༌། །འབྲས་བུ་རྗེས་བྱེད་སྐྱེ་བ་གང༌། །དེ་ནི་དེ་ཡི་ངོ་བོ་དེ། །བཞག་དང་གཟུང་ཞེས་བརྗོད་པ་ཡིན། ༈ །བདེ་སོགས་བདག་ཉིད་གཞན་མི་བསྟེན། །བརྡ་བྱེད་པར་ནི་ནུས་མ་ཡིན། ༈ །དེ་ཕྱིར་དེ་དག་རང་རིག་ནི། །བརྗོད་དང་རྗེས་འབྲེལ་ཅན་མ་ཡིན། ༈ །གཞན་ཡང་རིག་བྱེད་མིན་དེ་དག །རང་གི་ངོ་བོ་ཅི་ལྟར་རིག །དོན་གཅིག་ལ་བརྟེན་རྣམ་ཤེས་ཀྱི། །རིག་བྱ་ཡིན་ཞེས་འགའ་ཞིག་ཟེར། ༈ །དེ་དང་དེ་མིན་རང་བཞིན་ཅན། །དེ་དང་དེ་མིན་དངོས་རྒྱུས་བསྐྱེད། ༈ །རྣམ་ཤེས་རྒྱུ་ལས་གཞན་མིན་སྐྱེས། །བདེ་སོགས་དེ་ཅིས་ཤེས་མ་ཡིན། ༈ །དོན་བཅས་དབང་པོ་རུང་བ་དང༌། །བདག་ཉིད་ཇི་ལྟའི་སེམས་ཡོད་ན། །བདེ་བ་ལ་སོགས་སྐྱེ་བར་མཐོང༌། །ཡིད་ཀྱང་དེ་དང་མཚུངས་པ་ཡིན། །དེ་དག་མེད་དང་ཡོད་པ་ན། །འགའ་ལ་བདེ་ལ་སོགས་དང་བློ། །སྐྱེ་དང་མི་སྐྱེ་མཐོང་དེའི་ཕྱིར། །དེ་ལས་དེ་སྐྱེ་གཞན་ལས་མིན། ༈ །དེ་དག་ཉིད་ཀྱི་ཁྱད་པར་ལས། །བདེ་སྡུག་ལ་སོགས་ཐ་དད་ཡིན། །དཔེར་ན་བློ་དེ་ཉིད་ཀྱིས་ནི། །གསལ་དང་མི་གསལ་ཐེ་ཚོམ་བཞིན། ༈ །དོན་གང་ཉེ་བས་བློ་དང་ནི། །བདེ་སོགས་དེ་དག་སྐྱེ་འགྱུར་བ། །དེ་བོར་ནས་ནི་བདེ་སོགས་ཉིད། །དེས་ནི་ཅི་ལྟར་རྟོགས་པར་འགྱུར། ༈ །རིམ་གྱིས་འཛིན་ན་དེ་མྱོང་བ། །རྣམ་ཆད་མེད་པར་སྣང་མི་འགྱུར། །མགྱོགས་ཕྱིར་ཞེ་ན་དེ་མཚུངས་ཕྱིར། །མྱོང་བ་མེད་པར་ཅིས་མ་ཡིན། ༈ །གཅིག་གིས་གཉིས་ཤེས་མ་ཡིན་ཏེ། །དབང་པོའི་སེམས་ནི་ངེས་ཕྱིར་དང༌། ༈ །བདེ་སོགས་མེད་ཀྱང་དོན་དག་ལས། །སྐྱེ་ཕྱིར་དེ་ནུས་གྲུབ་མེད་ཕྱིར། ༈ ། གཉིས་ཀྱིས་སོ་སོ་སོ་སོར་ཡང༌། །ནུས་པ་ཡིན་ན་སྔོ་སོགས་བཞིན། །བདེ་སོགས་འབའ་ཞིག་འཛིན་པར་འགྱུར། །དེ་རྒྱུའི་དོན་ནི་མ་བཟུང་བར། །དེ་མྱོང་བར་ནི་མི་རིགས་སོ། ༈ །དོན་དང་ལྷན་ཅིག་ཉིད་འཛིན་ན། །བདེ་སོགས་ཀྱི་ནི་ནུས་པ་ཅི། །གང་ཕྱིར་དེས་བསྐྱེད་བློ་མི་འདོད། ༈ །དོན་མེད་པར་ནི་བདེ་ལ་སོགས། །མིག་སོགས་རྣམས་ཀྱིས་མྱོང་ན་ནི། །གཟུགས་སོགས་བུད་མེད་སོགས་ཁྱད་པར། །ནམ་ཡང་མིག་གིས་འཛིན་མི་འགྱུར། །ནང་གི་ཡན་ལག་ནུས་པའི་དོན། །ཡོད་ན་ཕྱི་རོལ་མཐོང་མི་འགྱུར། །དོན་འཛིན་ན་ནི་དེ་ལས་སྐྱེས། །བདེ་བ་ལ་སོགས་མྱོང་མི་འགྱུར། ༈ །ཡུལ་དེ་དང་ནི་དེ་ཡོད་ལས། །བློ་ནི་ཅིག་ཅར་སྐྱེ་ན་ནི། །ཅིག་ཅར་དོན་ནི་ཡོད་པ་ན། །བདེ་སྡུག་དག་ནི་རིག་པར་འགྱུར། ༈ །ནང་གི་ཉེར་ལེན་ཤེས་པ་ཡང་། །ཡོད་ན་སྡུག་བསྔལ་ལ་སོགས་འབྱུང༌། །གཅིག་པོ་དེ་ནི་འགལ་བ་ཡི། །ཉེར་ལེན་མིན་པར་འདོད་ཅེ་ན། །གང་གིས་རྣམ་པར་ཤེས་པ་ནི། །མི་ཤེས་པ་ཡི་ཉེར་ལེན་རྒྱུ། ༈ །བདག་པོ་ཉིད་དུ་འགྱུར་ཡིན་ན། །དེ་ནི་འགལ་བ་དག་ལའང་མཐོང༌། །དཔེར་ན་སྣང་གཅིག་མཚན་རྒྱུ་དང༌། །དེ་ལས་གཞན་པའི་དབང་པོ་དག །གཟུགས་མཐོང་བ་དང་མི་མཐུན་དང༌། །མཐུན་པ་ཅིག་ཅར་བྱེད་པ་བཞིན། ༈ །དེ་ཕྱིར་བདེ་སོགས་རང་ཉིད་ལ། །འཕོས་པའི་དོན་ནི་སྣང་བ་དང༌། །དེ་མྱོང་ཕྱིར་ན་འཇིག་རྟེན་འདོགས། ༈ །ཕྱི་རོལ་དོན་ནི་དངོས་སུ་མིན། །རང་བདག་རིག་བྱེད་འདི་དག་ནི། །དོན་ལས་སྐྱེས་པ་ཙམ་དུ་ཟད། །དོན་གྱི་བདག་ཉིད་དེ་དག་གི། །རང་གི་བདག་གྱུར་དེས་མྱོང་ཡིན། །དེས་ན་དོན་མྱོང་བར་བཤད་དེ། །དམིགས་པ་ཉིད་ནི་དེར་སྣང་བའོ། ༈ །འགའ་ཞིག་བདེ་སོགས་ཕྱི་རོལ་ན། །གནས་ཉིད་དང་ནི་སེམས་མེད་དང༌། །གཟུང་བར་སྨྲ་སྟེ་དེ་ཡི་ཡང༌། །ཅིག་ཅར་གཉིས་འཛིན་མི་རིགས་སོ། །སྔོ་སོགས་རང་བཞིན་བདེ་སོགས་དང༌། །གཅིག་ཕྱིར་ཅིག་ཅར་འཛིན་ཞེ་ན། ༈ །ཐ་དད་སྣང་ཅན་སེམས་ཀྱིས་ནི། །གཟུང་དེ་ཅི་ལྟར་ཐ་མི་དད། །ཕྱི་དེར་ཁྱད་པར་ཡོད་མིན་ཡང༌། །གོམས་པ་ཡི་ནི་ཁྱད་པར་ལས། །བློ་ལ་དགའ་དང་ཡོངས་སུ་གདུང༌། །ཁྱད་པར་དུ་ནི་མི་འགྱུར་རོ། །གལ་ཏེ་བློ་ཡང་བདེ་སོགས་ཀྱི། །བདག་ཉིད་ཡིན་པས་མི་འགལ་ན། །ད་ནི་ཕྱི་དེ་བདེ་སོགས་ཀྱི། །བདག་ཉིད་ཡིན་ཞེས་ཅི་ལྟར་རྟོགས། ༈ །གལ་ཏེ་རིགས་ནི་ཐ་དད་དག །གཟུང་འཛིན་མིན་ན་སྐྱེས་བུ་ནི། ཀུན་གྱི་འཛིན་བྱེད་མི་འགྱུར་ཏེ། །དེས་ན་ཟ་བ་པོ་ཉིད་ཉམས། ༈ །འདིས་ནི་རྒྱུ་དང་འབྲས་བུ་བསལ། །རྒྱུ་དང་འབྲས་བུ་མ་ཡིན་ཏེ། །གཟུང་དང་འཛིན་པ་ཉིད་མེད་ཕྱིར། །ཡོད་ན་དེ་ནི་གཞན་ལའང་འགྱུར། །དེ་ཕྱིར་དེ་ནི་ནང་ཉིད་དང༌། ༈ །མྱོང་བྱ་ཉིད་ཕྱིར་སེམས་ཡིན་ནོ། ༈ །གང་གི་རང་བཞིན་མྱོང་བ་ཡིན། །དེ་ནི་དེ་ཡིས་མྱོང་མ་ཡིན། ༈ །གལ་ཏེ་དེ་རང་བཞིན་མིན་པ། །མྱོང་བས་བློ་གནས་དེ་རིག་ན། །མངོན་སུམ་དྲན་པའི་རྣམ་པ་ཅན། །མྱོང་བ་མ་གཏོགས་འདི་བློ་གང༌། །དེ་དང་དེ་དོན་ལ་བརྟེན་ནས། །བདེ་དང་སྡུག་བསྔལ་སོགས་མྱོང་བ། །གཅིག་ཉིད་འབྱུང་བར་འགྱུར་མཐོང་གི། །བར་དུ་གཞན་ནི་མ་མཐོང་ངོ༌། ༈ །ལྕགས་གོང་དང་ནི་མེ་བཞིན་དུ། །འདྲེས་པས་རྣམ་དབྱེར་མེད་ཅེ་ན། ༈ །དེ་ལྟ་ཡིན་ན་དངོས་ཀུན་ལ། །ཐ་དད་ཐ་དད་མིན་བཞག་ཉམས། ༈ །ཐ་དད་མེད་མྱོང་གཅིག་ཡིན་ན། །དེ་ལྟར་གང་མིན་དེ་ཐ་དད། །ཅན་གྲུབ་འདི་སྒྲུབ་བྱེད་མིན་ན། །ཐ་དད་སྒྲུབ་བྱེད་འགྲུབ་མ་ཡིན། ༈ །སྡུག་བསྔལ་དཀར་སོགས་ཐ་དད་སྣང༌། །ཐ་དད་མ་ཡིན་བློ་མྱོང་ནི། །ཐ་དད་མེད་སྣང་ཐ་དད་ན། །ཐ་དད་ཐ་དད་མེད་རྟེན་ཅི། ༈ །གཅིག་ཚེ་གསལ་བས་བསྒྲིབས་ན་ཡང༌། །སེམས་ཀྱི་ཁྱད་པར་རྒྱུན་དག་ལ། །ཐ་དད་པར་ནི་མཐོང་བའི་ཕྱིར། །ཐ་དད་རྣམ་གཞག་གྲུབ་པ་ཡིན། ༈ །རྣལ་འབྱོར་ཤེས་པ་སྔར་བཤད་པ། །དེ་དག་གི་དེ་བསྒོམས་བྱུང་ཡིན། །རྟོག་པའི་དྲ་བ་རྣམ་བསལ་བས། །གསལ་བ་ཉིད་དུ་སྣང་བ་ཡིན། ༈ །འདོད་འཇིགས་མྱ་ངན་གྱིས་བརླམས་དང༌། །རྐུན་པོ་རྨི་སོགས་ཀྱིས་བསླད་པས། །མདུན་ན་གནས་པ་བཞིན་དུ་ནི། །ཡང་དག་མིན་པ་མཐོང་བར་འགྱུར། །རྣམ་པར་རྟོག་དང་རྗེས་འབྲེལ་ནི། །དོན་གསལ་སྣང་བ་ཅན་མ་ཡིན་༈ །རྨི་ལམ་ན་ཡང་དྲན་པ་དེ། །དེ་འདྲའི་དོན་ལྡན་མིན་པར་དྲན། ༈ །མི་གཙང་ཟད་པར་ས་ལ་སོགས། །ཡང་དག་མིན་པའང་བསྒོམས་པ་ཡི། །སྟོབས་ཀྱིས་སྤྲུལ་པ་རྟོག་མེད་དང༌། །གསལ་བར་སྣང་བ་ཅན་དུ་མཐོང༌། ༈ །དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་བསྒོམས་གྱུར་པ། །བསྒོམ་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །དེ་ལ་སྔར་བཤད་དངོས་པོ་བཞིན། །བསླུ་བ་མེད་ཅན་གང་ཡིན་དེ། །བསྒོམས་བྱུང་མངོན་སུམ་ཚད་མར་འདོད། །ལྷག་མ་ཉེ་བར་བསླད་པ་ཡིན། ༈ །ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་ཡིན། །རང་གི་ངོ་བོ་སྒྲ་དོན་མིན། །དེ་ཕྱིར་དེ་ལ་ཀུན་མངོན་སུམ། ༈ །མངོན་སུམ་ལྟར་སྣང་རྣམ་པ་བཞི། །རྟོག་པའི་ཤེས་པ་རྣམ་གསུམ་དང༌། །རྟེན་བསླང་པ་ལས་བྱུང་བ་ཅན། །རྟོག་པ་མེད་པ་གཅིག་ཡིན་ནོ། །དབང་སྐྱེས་མིན་པར་གྲུབ་དོན་དུ། །གཉིས་བཤད་འཁྲུལ་པ་མཐོང་ཕྱིར་རོ། ༈ །རྗེས་དཔག་སོགས་གྲུབ་བརྗོད་པ་ནི། །སྔ་མ་གཉིས་ཉིད་བསྒྲུབ་ཕྱིར་རོ། ༈ །བརྡ་རྟེན་ཅན་དང་དོན་གཞན་ལ། །སྒྲོ་འདོགས་རྣམ་པར་རྟོག་པ་དག །མངོན་སུམ་ཉེར་འཇུག་ཅན་ཉིད་ཕྱིར། །འགའ་ཚེ་འཁྲུལ་པའི་རྒྱུ་ཡིན་ནོ། ༈ །ཇི་ལྟར་ལྐོག་ཏུ་གྱུར་དོན་ཅན། །དྲན་པ་ལ་སོགས་རྟོག་པ་འདི། །བརྡ་ལ་ལྟོས་པའི་ངང་ཚུལ་ཅན། །མངོན་སུམ་དོན་ལ་འཛིན་མི་བྱེད། །དེ་ལྟར་ཉམས་མྱོང་དྲན་མེད་བར། །བུམ་པ་ལ་སོགས་པ་དག་ལ། །ཤེས་ཡོད་མིན་པས་དེ་ཡང་ནི། །མངོན་སུམ་ལས་ནི་ཡོངས་ཉམས་འགྱུར། ༈ །འདིར་ནི་བཞི་པ་དམིགས་བསལ་ཏེ། །དེར་ནི་ཉེར་གནོད་ལས་སྐྱེས་བརྗོད། །དེ་ལ་རབ་རིབ་འབའ་ཞིག་ནི། །ཉེར་གནོད་མཚོན་པར་བྱེད་པ་ཡིན། ༈ །དེ་ཡང་ཡིད་ཀྱི་ཞེས་ཁ་ཅིག །སྔོ་དང་ཟླ་གཉིས་ལ་སོགས་བློའི། །དབང་པོའང་རྒྱུ་ཡིན་ཞེས་བྱ་བའི། །གཞུང་འདི་དང་ནི་དེ་དག་འགལ། ༈ །གལ་ཏེ་བརྒྱུད་པས་རྒྱུ་ཡིན་ན། །དབང་པོའི་ཤེས་པའི་སྤྱོད་ཡུལ་དག །དཔྱད་པ་འདི་ལ་ཡིད་ཀྱི་ནི། །སྐབས་སུ་ཅི་ལྟར་འགྱུར་བ་ཡིན། ༈ །དབང་རྟེན་གང་ཡིན་གལ་ཏེ་གང༌། །དབང་པོ་ཡོད་མེད་རྗེས་འཇུག་ཅན། །དེ་མཚུངས་གལ་ཏེ་འགྱུར་ལྡན་ན། །དེ་འདི་ཉིད་ན་ཅི་ཕྱིར་འགོག་༈ །འདིར་ཡང་སྦྲུལ་སོགས་འཁྲུལ་པ་བཞིན། །དབང་པོའི་འགྱུར་བ་ཡོད་ན་ཡང༌། །ལྡོག་འགྱུར་དབང་པོའི་བསླད་པ་ནི། །ལོག་ཀྱང་ལྡོག་པར་མི་འགྱུར་ཞིང༌། །དེ་བཞིན་གཞན་གྱི་རྒྱུད་ལ་ནི། །བརྗོད་པ་དག་གིས་འགའ་ཚེ་འཇོག །མཐོང་བ་དྲན་ལ་ལྟོས་འགྱུར་ཞིང༌། །ཡོངས་སུ་གསལ་བར་སྣང་མི་འགྱུར། །གཉིད་ལོག་པའམ་སད་པ་ན། །གསལ་བར་སྣང་བ་ཅན་བློ་གང༌། །དེ་ནི་རྟོག་མེད་གཉི་གར་ཡང༌། །དེ་ལྟ་མིན་ན་རྟོག་པ་ཡིན། །དེ་ཕྱིར་དེ་རྟོག་མེད་ན་ཡང༌། །ཚད་མ་ཉིད་ནི་བཀག་པ་སྟེ། །བསླུ་བའི་ཕྱིར་རོ་དེ་དོན་དུའང༌། །མངོན་སུམ་ལྟར་སྣང་གཉིས་སུ་བཤད། ༈ །བྱ་བ་སྒྲུབ་པར་བྱེད་ཅེས་ཏེ། །ལས་ཀུན་གྱི་ནི་སྒྲུབ་བྱེད་དག །ཐམས་ཅད་མ་ཡིན་གང་ལས་འབྲས། །གང་ཡིན་དེ་ནི་དེ་སྒྲུབ་བྱེད། །དེ་ལ་ཉམས་མྱོང་ཙམ་དུ་ནི། །འདྲ་བའི་བདག་ཅན་ཤེས་པ་ནི། །གང་གི་ལས་ནི་སོ་སོ་ལ། །རྣམ་འབྱེད་དེ་བདག་འགྱུར་བ་ཡིན། ༈ །བདག་ཉིད་འགྱུར་མིན་རྒྱུ་དག་ལ། །ཐ་དད་ཡོད་ཀྱང་ཐ་དད་ཀྱི། །ལས་ལ་ཐ་དད་མེད་པ་འདི། །ཐ་དད་པར་ནི་ངེས་བྱེད་མིན། ༈ །དེ་ཕྱིར་འདི་བདག་ཐ་དད་པ། །གང་ལས་འདི་འདིའི་རྟོགས་པ་ཞེས། །བྱེད་པ་ཡི་ནི་ལས་ངེས་ཏེ། །དེ་ཡི་སྒྲུབ་བྱེད་ཅན་དུ་གྲུབ། ༈ །རྣམ་འགས་ཤེས་པའི་རང་བཞིན་ནི། །ཐ་དད་པར་ནི་བྱེད་ན་ཡང༌། །འདི་ནི་དོན་དང་འབྲེལ་བྱེད་པ། ༈ །དོན་གྱི་ངོ་བོ་ལས་གཞན་མིན། ༈ །དེ་ཕྱིར་གཞལ་བྱ་རྟོགས་པ་ཡི། །སྒྲུབ་བྱེད་གཞལ་བྱའི་རང་བཞིན་ཉིད། །སྒྲུབ་བྱེད་གཞན་ཡིན་ན་དེ་ནི། །དེ་ལས་དང་འབྲེལ་མི་འགྲུབ་པོ། ༈ །དེ་ཡང་དེ་ཡི་བདག་ཉིད་ཡིན། །དེས་ན་འབྲས་བུ་དོན་གཞན་མིན། ༈ །དེ་ཡི་བདག་ཉིད་འཛིན་པ་དེ། །དོན་རྟོགས་པ་ཡི་བདག་ཉིད་ཀྱི། །བྱེད་པས་རང་གི་ལས་ལ་ནི། །བྱེད་དང་བཅས་པ་ལྟ་བུར་སྣང༌། །བདག་ཉིད་བྱེད་པོ་མིན་ན་ཡང༌། །དེ་ཡི་དབང་གིས་དེར་བཞག་ཕྱིར། །དཔེར་ན་འབྲས་བུ་རྒྱུ་རྣམས་ཀྱི། །བདག་ཉིད་འདྲ་བར་འབྱུང་བའི་ཕྱིར། །བྱ་བ་བདག་ཉིད་མ་ཡིན་ཡང༌། །འཇིག་རྟེན་རྒྱུ་གཟུགས་འཛིན་ཞེས་བརྗོད། ༈ །དེ་ཕྱིར་མཐོང་དང་དབང་འབྲེལ་དང༌། །ཁྱད་པར་གྱི་ནི་བློ་དེ་དག །བྱ་བ་ལ་ནི་ཆོད་པའི་ཕྱིར། །ཚད་མ་ཉིད་དུ་མི་འདོད་དོ། །བྱ་བ་ལ་ནི་བྱེད་པ་རྣམས། །ཐམས་ཅད་ཉེ་བར་སྦྱོར་ན་ཡང༌། །ཐ་མའི་ཐ་དད་བྱེད་གང་དེ། །དེ་ཡི་སྒྲུབ་བྱེད་དམ་པར་འདོད། ༈ །ཀུན་གྱི་མཚུངས་རྒྱུ་ཡིན་པའི་ཕྱིར། །འདི་འདྲ་དབང་པོ་ལ་ཡོད་མིན། །དེ་ཐ་དད་ཀྱང་ཐ་དད་མེད། །འདི་འདི་ཞེས་བྱ་དེ་གང་ལས། །འདིས་ནི་ལྷག་མ་བཤད་པ་ཡིན། ༈ །དེ་དངོས་མེད་ན་ཁྱད་པར་གྱི། །བློ་ཡང་ཐ་དད་མེད་འགྱུར་ཏེ། །བློ་གཞན་དག་ཀྱང་དེ་བཞིན་ནོ། ༈ །བྱ་བ་དང་ནི་སྒྲུབ་བྱེད་གཉིས། །ཡུལ་ཐ་དད་པའང་མི་འདོད་དོ། །དོན་གཅིག་ཡིན་ན་གཉིས་དོན་མེད། །རིམ་བཞིན་འབྱུང་བ་མེད་པར་འགྱུར། །བློ་ནི་ཅིག་ཅར་འབྱུང་འགྱུར་ན། །བསྒྲུབ་བྱ་སྒྲུབ་བྱེད་མེད་པར་འགྱུར། །དེ་རྣམ་གཞག་ལ་བརྟེན་ནས་ནི། །ཆ་དག་བསྒྲུབ་བྱ་སྒྲུབ་བྱེད་གཞག ༈ །བདག་ཉིད་ཀུན་གྱིས་འབྲེལ་ན་ཡང༌། །ཆོས་འགའ་ཞིག་ནི་རྟོགས་འགྱུར་བའི། །ངེས་པ་དེར་ནི་མི་འགྱུར་ཏེ། །འབྲེལ་པ་བྱེ་བྲག་མེད་ཕྱིར་རོ། ༈ །དེ་ཐ་དད་མེད་ཀྱང་གང་ལས། །ཐ་དད་དེ་འདིའི་ཚད་མ་ཉིད། ༈ །འདུས་བྱས་ལས་ནི་མིན་དེའི་དངོས། །མིད་ན་དེ་ཡང་གཞག་མེད་ཕྱིར། ༈ །གལ་ཏེ་བྱ་བྱེད་གཅིག་ཡིན་པར། ༈ །འགལ་ལོ་ཞེ་ན་མི་བདེན་ཏེ། །ཆོས་ཐ་དད་པ་ཁས་ལེན་ཕྱིར། །དངོས་སུ་ཐ་དད་མེད་པར་འདོད། །བྱ་བ་བྱེད་པའི་ཐ་སྙད་དག །ཐམས་ཅད་དེ་ལྟར་རྣམ་པར་གནས། ༈ །ཐ་དད་འདོད་པའི་དངོས་རྣམས་ལ། །སྒྲོ་འདོགས་པས་ནི་འཇུག་ཕྱིར་རོ། །དོན་རིག་གང་ཡིན་སོ་སོར་རིག །མངོན་སུམ་གང་ཡིན་འདི་ཉིད་དོ། །དེ་ནི་གང་གིས་དོན་རིག་ཡིན། །དེ་འདྲ་ལས་ཡིན་འཁྲུལ་པར་འགྱུར། ༈ །འོན་ཏེ་འདི་མྱོང་དེ་གང་ལས། །འདི་ནི་དེ་ཉིད་རྣམ་དཔྱོད་ཡིན། །རྡུལ་ཕྲན་དེ་དག་གང་གིས་ན། །རགས་པར་སྣང་བ་དེ་འདྲར་བྱེད། །དེ་ཕྱིར་དེ་ནི་དོན་དངོས་མིན། ༈ །ཡིན་ཡང་འཁྲུལ་པ་ཅན་ཡིན་པས། །དེ་མྱོང་བ་ཡི་ངོ་བོ་ཉིད། །སྒྲུབ་པར་བྱེད་པར་ནུས་མ་ཡིན། །དེ་འདྲ་བ་དང་དེ་ལས་བྱུང༌། །གལ་ཏེ་མྱོང་བའི་མཚན་ཉིད་ཡིན། །དོན་མཚུངས་ཅན་གྱི་རྣམ་པར་ཤེས། །མཚུངས་པ་དེ་མ་ཐག་མྱོང་འགྱུར། ༈ །འདི་མཐོང་འདི་ཐོས་ཞེས་བྱ་བར། །གང་ལ་བློ་ནི་ངེས་པ་དེ། །དེས་མྱོང་ཡིན་ན་གང་གིས་དེ། །དེ་ཡི་སྒྲུབ་བྱེད་ཡིན་འདོད་པ། །སྣང་དང་མཐོང་བ་དེ་དག་གི། །ཉེ་བ་དེ་ཉིད་དཔྱད་བྱ་ཡིན། །དེ་དག་འབྲེལ་པ་ལ་བརྟེན་ནས། །ལྟ་བ་པོ་ཡི་དེས་དེ་ཡིན། ༈ །དེ་ཡི་མྱོང་དེ་བདག་ཉིད་དེ། །དེ་ཡང་གཞན་འགའ་ཞིག་གི་མིན། །མངོན་སུམ་སོ་སོ་རིག་བྱ་ཡིན། །དེ་ཡི་དེ་ནི་བདག་ཉིད་ཡིན། ༈ །དེས་ན་ཉམས་མྱོང་བྱ་གཞན་མེད། །དེ་ལའང་མྱོང་བ་གཞན་ཡོད་མིན། །དེར་ཡང་བརྩད་པ་མཚུངས་ཕྱིར་ཏེ། །དེ་ནི་རང་ཉིད་གསལ་བ་ཡིན། །དེ་ཡི་དངོས་དེ་སྔོ་སོགས་ཕྱིར། །རང་བཞིན་ཉམས་སུ་མྱོང་བའང་དེ། །རང་གི་ངོ་བོ་མྱོང་གྱུར་ཀྱང༌། །སྔོ་སོགས་མྱོང་བར་སྣང་བ་ཡིན། ༈ །ཇི་ལྟར་དེ་ཡི་བདག་ཉིད་ཕྱིར། །གསལ་བྱེད་རབ་ཏུ་གསལ་བ་ན། །རང་གི་ངོ་བོ་གསལ་བྱེད་འདོད། །དེ་ལྟར་བློ་བདག་རིག་ཅན་ཡིན། །དེ་ཡི་རིག་བྱ་དོན་གཞན་ན། །ཚོར་བྱ་ཚོར་བྱེད་འཐད་པར་དཀའ། ༈ །རིག་བྱ་རིག་བྱེད་རྣམ་པ་མེད། །སྐྲ་སོགས་ཤེས་པའི་ཐ་དད་བཞིན། །གང་ཚེ་གཟུང་འཛིན་རྣམ་ཕྱེ་བའི། །མཚན་ཉིད་རྣམ་པར་བསླད་པ་ཅན། །ཇི་ལྟར་འཁྲུལ་པས་མཐོང་གྱུར་པ། །དེ་ལྟར་འདི་རྣམ་གཞག་བྱས་པ། །དེ་ཚེ་གཟུང་དང་འཛིན་པ་ཡི། །མཚན་ཉིད་ལ་ནི་བརྩད་བྱ་མིན། ༈ །དེས་ན་གཞན་རིག་མེད་པའི་ཕྱིར། །རང་གི་འབྲས་བུ་ཡིན་པར་འདོད། ༈ །གལ་ཏེ་ཕྱི་རོལ་མྱོང་གྱུར་ན། །ཉེས་པ་ཅི་ཡོད་ཅི་ཡང་མེད། །ཕྱི་རོལ་དོན་ནི་མྱོང་གྱུར་བ། །འདི་ཉིད་ཀྱིས་ནི་ཅི་བརྗོད་འགྱུར། །གལ་ཏེ་བློ་ནི་དེ་རྣམ་ཅན། །རྣམ་པ་རྗེས་ཞུགས་ཅན་དེ་ཡོད། །དེ་ནི་ཕྱིའམ་གཞན་ལས་ཞེས། །འདི་ནི་དཔྱད་པར་རིགས་པ་ཡིན། ༈ །མཐོང་བའི་ཁྱད་པར་དང་བྲལ་བ། །མི་འཛིན་དེ་འཛིན་ན་འཛིན་ཕྱིར། །སྔོན་པོར་སྣང་བ་མཐོང་བ་ཡིན། །ཕྱི་རོལ་ཡན་གར་དོན་ཡོད་མིན། ༈ །འདིར་འགའ་ཞིག་ནི་འགའ་ཞིག་གི། །བག་ཆགས་རབ་ཏུ་སད་བྱེད་པ། །དེ་ཕྱིར་བློ་ནི་རྣམ་ངེས་ཀྱི། །ཕྱི་རོལ་དོན་ལྟོས་མ་ཡིན་ནོ། །དེ་ཕྱིར་གཅིག་ལ་ཚུལ་གཉིས་ཡོད། །གང་ཕྱིར་དེ་ལྟར་མྱོང་བ་དང༌། །དྲན་པས་འདི་ཡི་རྣམ་པ་གཉིས། །མྱོང་བ་ཉིད་ནི་འབྲས་བུ་ཡིན། ༈ །གང་ཚེ་རྣམ་རིག་རྒྱུ་ཡི་ཡུལ། །གཞན་འདོད་པའམ་མི་འདོད་པ། །དེ་ཡི་དངོས་པོར་མ་གྲུབ་པ། །དེ་ནི་དེ་ལྟར་མྱོང་བ་ཡིན། ༈ །གང་ཚེ་ཤེས་ཆ་དོན་དུ་ནི། །གཞག་ཕྱིར་ཤེས་པ་ཡུལ་བཅས་པ། །དེ་ཚེ་བདག་ཉིད་ཉམས་མྱོང་གང༌། །དེ་ཉིད་དོན་དུ་རྣམ་པར་ངེས། ༈ །གལ་ཏེ་འདི་བདག་འདོད་རྣམ་དང༌། །རྣམ་པ་གཞན་དུ་མྱོང་གྱུར་ན། །འདོད་པའམ་མི་འདོད་པ་དེས་ཀྱང༌། །དོན་རིག་པར་ནི་འགྱུར་བ་མིན། །ཕྱི་རོལ་དོན་ནི་ཡོད་ན་ཡང༌། །ཇི་ལྟར་ཉམས་སུ་མྱོང་ཉིད་དེ། །ཤེས་པའི་བདག་ཉིད་རང་ངོ་བོས། །མ་ཡིན་དུ་མའི་བདག་སྐྱོན་ཕྱིར། །ཁས་བླངས་ན་ཡང་གཉིས་པོ་དག །ཐ་དད་པར་ནི་མྱོང་མི་འགྱུར། ༈ །མ་མཐོང་བསྒྲིབས་ཕྱིར་མིན་ཞེ་ན། །དོན་གྱི་དབང་གིས་རྟོགས་མི་འགྱུར། །དུ་མའི་བདག་ཉིད་དངོས་དེ་ལ། །གཅིག་གི་བདག་ཏུ་མཐོང་བྱེད་པ། །མ་མཐོང་བ་དེ་ཅི་ལྟར་ན། །དོན་མཐོང་བྱེད་པར་འགྱུར་བ་ཡིན། ༈ །གལ་ཏེ་འདོད་དང་མི་འདོད་པར། །སྣང་བ་རྟོག་ཡིན་དོན་བློ་མིན། །དེ་ལའང་འཆི་ལྟས་ལ་སོགས་པར། །མཚམས་སྦྱོར་མེད་སེམས་མཐོང་བ་ཡིན། ༈ །དེ་ཕྱིར་ཕྱི་རོལ་གཞལ་བྱ་ལའང༌། །རང་ཉིད་ཉམས་མྱོང་འབྲས་ཡིན་རིགས། །གང་ཕྱིར་ཇི་ལྟར་འདི་རང་བཞིན། །དེ་ལྟར་དོན་ནི་རྣམ་པར་ངེས། ༈ །དེའི་ཚེ་དོན་སྣང་འདི་ཉིད་ནི། །ཚད་ཡིན་ཡོད་དུ་ཟིན་ཀྱང་ནི། །དོན་གཞན་མིན་ཕྱིར་ཕྱི་རོལ་ལ། །འཛིན་བདག་ལྟོས་པར་བྱ་བ་མིན། ༈ །གང་ཕྱིར་ཇི་ལྟར་དོན་བདག་དེ། །ཤེས་ལ་གནས་པ་དེ་ལྟ་བུར། །འདི་ནི་དེ་ལྟར་གནས་སོ་ཞེས། །ངེས་བྱེད་བདག་ཉིད་རིག་པ་ཡིན། །དེ་ཕྱིར་དེ་ཉིད་དོན་རིག་འདོད། །འདི་ལྟར་དོན་བདག་སྣང་མ་ཡིན། །དེ་ཡི་སྒྲུབ་བྱེད་བློ་ལ་ནི། །གནས་དོན་དེ་ཡི་བྱ་བ་དེ། །གང་ཕྱིར་ཇི་ལྟར་དོན་དེ་ནི། །གནས་པ་དེ་ལྟར་དེ་རབ་གསལ། ༈ །དོན་འཇོག་དེ་ཡི་བདག་ཉིད་ཕྱིར། །རང་རིག་ཡིན་ཡང་དོན་རིག་འདོད། །དེ་ཕྱིར་ཡུལ་ཐ་དད་པའང་མིན། །རང་གི་ངོ་བོ་དཔྱོད་པ་ན། །རང་རིག་འབྲས་བུ་ཡིན་པར་བཤད། །དོན་རིག་དེ་བདག་ཉིད་ཕྱིར་རོ། ༈ །དེ་དང་འདྲ་བའམ་གཞན་འདྲའང་རུང༌། །ཤེས་པ་དེ་ལྟར་སྣང་བ་ཡིན། །རྒྱུ་ནི་དོན་ཡང་ཡིན་པས་ན། །དོན་ནི་གཞལ་བྱ་ཉིད་དུ་འདོད། ༈ །ཇི་ལྟར་རྣམ་པ་འགའ་ཞིག་ལྟར། །དོན་དངོས་མེད་པར་སྣང་ཅན་དེ། །ཇི་ལྟར་དོན་འཛིན་ཞེ་ན་བདེན། །དེ་འདྲ་ངས་ཀྱང་མི་ཤེས་སོ། །བློ་བདག་རྣམ་པར་དབྱེར་མེད་ཀྱང༌། །མཐོང་བ་ཕྱིན་ཅི་ལོག་རྣམས་ཀྱིས། །གཟུང་དང་འཛིན་པ་མྱོང་བ་དག །ཐ་དད་ལྡན་བཞིན་རྟོགས་པར་འགྱུར། ༈ །དཔེར་ན་དབང་པོ་སྔགས་སོགས་ཀྱིས། །བསླད་པ་རྣམས་ལ་འཇིམ་དུམ་སོགས། །དེ་ཡི་གཟུགས་དང་བྲལ་བ་ཡང༌། །རྣམ་པ་གཞན་དུ་སྣང་བཞིན་ན། །དེ་དག་མ་བསླད་མིག་ཅན་གྱིས། །དེ་ལྟར་མཐོང་བ་མེད་ཕྱིར་རོ། །དཔེར་ན་ཐག་རིང་མྱ་ངམ་ན། །ཆུང་ངུ་ཆེན་པོར་སྣང་བ་བཞིན། །གཟུང་བ་འཛིན་པ་རིག་པ་དག །ཡོད་པ་མིན་ཡང་གཞལ་བྱ་དང༌། །འཇལ་བྱེད་འབྲས་བུར་གནས་པ་འདི། །ཇི་ལྟར་རྗེས་སུ་སྣང་བཞིན་བྱས། ༈ །དེ་ལྟ་མིན་ན་སྣ་ཚོགས་ཀྱི། །ངོ་བོར་སྣང་ཅན་དངོས་གཅིག་ལ། །རྣམ་པ་ཇི་ལྟར་བདེན་འགྱུར་ཏེ། །གཅིག་པ་ཉིད་དེ་ཉམས་ཕྱིར་རོ། །གཞན་ལ་གཞན་ཉིད་ཉམས་ཕྱིར་དང༌། ༈ །རང་བཞིན་མཐོང་མེད་ཕྱིར་གཅིག་མིན། །བློ་དངོས་ཐ་དད་མེད་མཐོང་ཕྱིར། །ཐ་དད་མེད་པར་ངེས་པར་འགྱུར། །གང་གིས་དངོས་པོ་རྣམ་དཔྱད་ན། །དེ་ཉིད་དུ་ན་དེ་དངོས་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། །ཆོས་མཐུན་པ་ཉིད་མཐོང་བ་ལས། །དེ་བདག་མིན་ལ་དེ་བདག་ཏུ། །ཞེན་པས་འཇིག་རྟེན་པ་དག་གི །འཁྲུལ་སྐྱེ་འདི་ལ་དེ་མེད་དེ། །འགྲོ་བ་འདི་ལ་དེ་བདག་ཉིད། །གཅིག་ཀྱང་མཐོང་བ་མེད་ཕྱིར་རོ། །ནང་གི་བསླད་པ་ལས་བྱུང་གང༌། །དེ་ནི་ཉེས་པ་ལས་བྱུང་བས། །རང་བཞིན་གྱིས་ནི་ཕྱིན་ལོག་ཏུ། །སྣང་བ་ཅན་འདིའང་ཡོད་པ་ཡིན། །ཆོས་མཐུན་མཐོང་སོགས་ཅན་ཉིད་ལ། །ལྟོས་མེད་རབ་རིབ་ལ་སོགས་བཞིན། །དེ་ལ་བློ་ནི་ཡོངས་གཅོད་པ། །འཛིན་པའི་རྣམ་པར་འདོད་པ་དེ། །དེ་ཡི་བདག་ཉིད་ཕྱིར་བདག་རིག །དེ་ཕྱིར་དེ་ཡི་སྒྲུབ་བྱེད་ཡིན། ༈ །དཔེར་ན་འདོད་ཆགས་སོགས་མྱོང་བཞིན། །རང་བདག་ཡུལ་དུ་བཞག་པ་ན། །གཞལ་བྱ་འཇལ་བྱེད་འབྲས་གནས་པ། །འདི་ནི་ཀུན་ལ་སྦྱར་བར་བྱ། །དེ་ལའང་ཉམས་མྱོང་བདག་ཉིད་ཕྱིར། །དེ་དག་རང་བདག་མྱོང་བར་རུང༌། །དེ་ལྟར་རུང་ཉིད་དེ་ཆད་བདག །གཞལ་བྱ་རང་རིག་འབྲས་བུ་ཡིན། ༈ །བདག་ལ་འཛིན་པའི་རྣམ་པ་ཞེས། །ཡོངས་སུ་གཅོད་པའི་བདག་ཉིད་དེ། །རུང་ཉིད་ཅེས་བྱ་ཚད་མ་དང༌། །རང་རིག་ཅེས་ནི་རབ་ཏུ་བཤད། །ཡུལ་རྣམས་ལས་ནི་བྱུང་བ་ཡི། །རྣམ་པར་ཤེས་པ་ཐམས་ཅད་དག །དེ་ལས་གཞན་རྒྱུ་ཡིན་ན་ཡང༌། །རྣམ་འགས་ཡུལ་གྱི་རྣམ་པར་འགྱུར། ༈ །དཔེར་ན་ཟས་དང་དུས་ལ་སོགས། །བུ་སྐྱེ་བ་ཡི་རྒྱུ་ཡིན་ཡང༌། །དེ་ནི་ཕ་མ་གཅིག་གི་གཟུགས། །འཛིན་འགྱུར་གཞན་འགའི་མ་ཡིན་བཞིན། །དེ་ལས་གཞན་དང་ཡུལ་དག་ནི། །དེ་རྒྱུ་ཉིད་དུ་མཚུངས་ན་ཡང༌། །དེ་ཆས་ཡུལ་ཉིད་ཡིན་འདོད་དེ། །དེ་མེད་པར་ནི་དེར་མི་འགྱུར། ༈ །དོན་དང་ལྡན་པའི་སེམས་ལ་ནི། །དོན་རྣམས་མེད་པར་དོགས་ན་ཡང༌། །འདས་པའི་དོན་ནི་འཛིན་པ་ལ། །ཚུལ་གཉིས་རང་རིག་གྲུབ་པ་ཡིན། ༈ །སྔོ་སོགས་ཐ་དད་ཅན་སྣང་ཕྱིར། །དེ་ལྡན་མིན་རིགས་དོན་མ་ཡིན། །རིགས་དེའང་མི་རྟག་མི་འགྱུར་ཞིང༌། །རྟག་ནའང་ཇི་ལྟར་སྐྱེད་བྱེད་ཡིན། ༈ །མིང་སོགས་སྔར་ནི་བཀག་ཟིན་ཏོ། ༈ །ཚུལ་འདི་དོན་ལྡན་མ་ཡིན་ཏེ། །འདོད་པ་ཙམ་དང་རྗེས་འབྲེལ་ཕྱིར། །དོན་གྱི་ནུས་པ་གྲུབ་མ་ཡིན། །རྣམ་པ་འདི་འདྲའི་ཤེས་པ་ནི། །དྲན་ཡིན་དེ་ཡང་མྱོང་ལས་བྱུང༌། །དེ་ཡང་དོན་རྣམས་སྟོང་ན་དེ། །དེ་ནི་ཅི་ལྟར་དེ་ལྡན་འགྱུར། ༈ །དེ་ཚེ་མེད་ཕྱིར་དོན་ལས་མིན། །དེ་ལྟར་མྱོང་ལའང་དེར་འགྱུར་རོ། །རྣམ་པ་དེ་ནི་དོན་གྱི་མིན། །གསལ་བའི་རྣམ་པས་དབེན་ཕྱིར་རོ། ༈ །རྣམ་པ་དེ་ནི་ཐ་དད་ན། །གཞན་གྱིས་དེ་བཞིན་རྟོགས་པར་འགྱུར། ༈ །བདག་ལ་རྟག་ཏུ་འབྲེལ་ཡིན་ན། །བརྗོད་ཀྱང་རྟོགས་པར་མི་འགྱུར་རོ། ༈ །རེ་རེ་དག་དང་འབྲེལ་ན་ནི། །མཚམས་སྦྱོར་བར་ནི་མི་འགྱུར་རོ། །དོན་གཅིག་མངོན་ཞེན་བདག་ཉིད་ཅན། །འཆད་པོ་ཉན་པོའི་སེམས་དག་གི། །གལ་ཏེ་འདྲ་ལས་དེ་གཅིག་པར། །ཐ་སྙད་ཡོད་ན་དེར་སྣང་མིན། །ཐ་དད་བདག་ཉིད་ཇི་ལྟར་གཟུང༌། །དེ་ཚེ་བློ་དོན་མེད་ཅན་འགྱུར། །ཉམས་མྱོང་རྣམ་ཤེས་དེ་ཡང་ནི། །ཆ་གཉིས་ལ་ནི་བརྟེན་གྱུར་པ། །རྣམ་པ་གཅིག་གིས་ཁྱད་པར་ཅན། །དེ་ཤེས་པ་ཡིས་དམིགས་པར་འགྱུར། ༈ །གཞན་དུ་དེ་རྣམས་ཅན་མིན་ན། །ཅི་ལྟར་ཤེས་ལ་གནས་པར་འགྱུར། ༈ །འདི་ལྟར་ཕྱི་མ་ཕྱི་མ་ཡི། །ཤེས་པ་རྣམ་གཅིག་ལྷག་པ་ཉིད། །དོན་གྱི་ངོ་བོས་རྣམ་གཉིས་དང༌། །བདག་གི་རྣམ་པ་འགའ་ཞིག་ཏུ། །གཉིས་པ་དེ་ནི་གསུམ་པ་ཡི། །ཤེས་པ་ཡིས་ནི་རྟོགས་པར་འགྱུར། ༈ །དོན་འབྲས་ཉིད་ཀྱིས་ཤེས་དྲན་ན། །དོན་དྲན་ཕྱིར་ན་འཁྲུལ་པ་ཡིས། །གལ་ཏེ་སྲེ་ན་སྣང་བ་དང༌། །ཡིད་བྱེད་ལ་ཡང་དེར་འགྱུར་རོ། །དེ་བཞིན་འབྲས་བུ་ཐམས་ཅད་ཀྱང༌། །རྒྱུ་དང་ལྷན་ཅིག་འཛིན་པར་འགྱུར། །དེ་ཕྱིར་རྫ་མཁན་ལ་སོགས་པ། །མེད་པར་བུམ་པ་དྲན་མི་འགྱུར། ༈ །ཁྱད་པར་གང་ལས་ཤེས་པ་ནི། །དོན་དང་འདྲེ་བ་བསྟེན་པ་དེ། །འདྲ་བ་ལས་གཞན་ཅིར་འགྱུར་ཏེ། མཚེ་མ་སོགས་ལ་མཐོང་ཕྱིར་ཕྱིར་རོ། ༈ །དང་པོའི་རང་བཞིན་གཉིས་མིན་ན། །གཉིས་པའི་རང་བཞིན་གཅིག་ལ་ནི། །རྣམ་གནས་ངེས་པར་འཛིན་པ་ཡི། །སེམས་ཀྱིས་འབྱེད་པར་འགྱུར་མ་ཡིན། ༈ །དེ་ཕྱིར་སྔོ་སོགས་ངོ་བོ་རུ། །མདུན་ན་གནས་པར་འགྱུར་བའི་བློ། །དོན་སྲེ་བ་དང་འབྲེལ་བ་ཅན། །བློ་གཉིས་པས་ནི་དམིགས་པར་འགྱུར། ༈ །གཞན་དུ་དང་པོ་གཅིག་པུ་ཉིད། །དོན་ལས་བྱུང་ཕྱིར་འབྲེལ་འགྱུར་གྱི། །སྔ་མའི་དོན་དང་འབྲེལ་མཐོང་མེད། །ཤེས་པ་ཕྱི་མ་ཕྱི་མ་མིན། ༈ །ངེས་པར་བློ་དང་ལྷན་ཅིག་ཏུ། །ཅིག་ཅར་དུ་ནི་མྱོང་འགྱུར་བའི། །ཡུལ་ནི་དེ་ལས་གཞན་ཉིད་དུ། །རྣམ་གང་གིས་ན་འགྲུབ་པར་འགྱུར། །རྣམ་ཤེས་འཁྲུལ་པས་ཟླ་བ་གཉིས། །མེད་པར་ཐ་དད་མཐོང་བ་བཞིན། །སྔོ་སེར་ཐ་དད་དག་ལ་ནི། །མྱོང་བའི་ངེས་པ་ཡོད་མ་ཡིན། ༈ །མྱོང་བ་མེད་པར་དོན་འགའམ། །དོན་མེད་པ་ཡི་མྱོང་བ་ཡང༌། །མྱོང་བར་འགྱུར་བ་མ་མཐོང་བ། །དེས་ན་དེ་དག་ཐ་དད་མིན། ༈ །དེ་ཕྱིར་ཤེས་དུས་སྣང་བ་ཡི། །དོན་ནི་ཤེས་ལས་གཞན་མིན་པ། །བཟློག་པར་རབ་ཏུ་དཀའ་བ་ཉིད། ༈ །རྒྱུ་གཞན་དག་ནི་ཡོད་ན་ཡང༌། །དབང་པོའི་བློ་རྣམས་མེད་པའི་ཕྱིར། །ཐ་དད་རྒྱུ་ནི་རྗེས་དཔོག་འགྱུར། །གལ་ཏེ་མཚུངས་པ་དེ་མ་ཐག །རྐྱེན་ལས་ངེས་པར་མི་སྨྲ་ནའོ། །ས་བོན་ལས་ནི་མྱུག་སྐྱེ་དང༌། །དུ་བ་ལས་མེ་གྲུབ་པ་ཞེས། །དེ་འདྲ་ཕྱི་རོལ་དོན་རྟེན་ཅན། །བྱེད་པོ་ཤེས་བྱེད་གནས་པ་གང༌། ༈ །དེ་ཡང་གལ་ཏེ་དེའི་ངོ་བོར། །སྣང་བ་དེ་ལྟར་ངེས་འབྲེལ་བའི། །བློ་ལ་བརྟེན་ནས་རྟོག་བྱེད་ན། །འགལ་བ་དག་ནི་ཅི་ཞིག་ཡོད། ༈ །དུ་བ་མེས་བསྐྱེད་འགྱུར་བ་མིན། །དེ་ཕྱིར་འབྲས་ལས་རྒྱུ་རྟོགས་མིན། །དེ་རྒྱུ་དག་ནི་ཡིན་ན་ཡང༌། །གང་ལས་ངེས་པར་རྟོགས་པར་འགྱུར། ༈ །དེ་ལའང་དུ་བར་སྣང་བའི་བློས། །བག་ཆགས་གསལ་བར་སད་པ་ཅན། །མེར་སྣང་བ་ཡི་བློ་ཉིད་ནི། །རྟོགས་འགྱུར་མེ་ཉིད་མ་ཡིན་ནོ། ༈ །སེམས་རྒྱུད་དེར་རུང་བག་ཆགས་ཀྱི། །སྙིང་པོ་ཅན་ཉིད་དུ་བར་ནི། །སྣང་བའི་བློ་དག་གསལ་བྱེད་པ། །དེས་ན་མེ་ལས་དུ་བ་ཡིན། །མཁས་པ་རྣམས་ལ་བརྗོད་འདི་ཡོད། །ཕྱི་རོལ་ལ་ནི་བརྟེན་ནས་སུ། །ཚུལ་གཉིས་བརྗོད་ཡིན་དེ་ཡང་ནི། །ལྷན་ཅིག་མྱོང་བའི་ངེས་པས་འགྲུབ། ༈ །དབང་པོའི་ཁྱད་པར་གྱིས་གསལ་དང༌། །མི་གསལ་འདྲེན་མ་ལ་སོགས་པ། །སྣང་བ་ཐ་དད་འཛིན་པ་ཡི། །ཤེས་པ་དོན་གཅིག་ལ་དམིགས་སོ། ༈ །དེ་དོན་ལ་དེར་སྣང་མིན་ན། །དོན་གྱི་རང་བཞིན་གཅིག་པའི་ཕྱིར། །དེ་ཡི་དོན་ཅན་ཡིད་ཀུན་ནི། །རང་བཞིན་གཅིག་པ་ཉིད་དུ་འགྱུར། ༈ །དོན་ལ་བརྟེན་ནས་འབྱུང་འགྱུར་ཞིང༌། །དེ་ཡི་ངོ་བོའི་རྗེས་བྱེད་པ། །དེ་ནི་གཞན་འགའ་ཞིག་ལས་ཀྱང༌། །ཆ་འགའ་ཡིས་ནི་ཐ་དད་འགྱུར། །འདི་ལྟར་ཕ་ལ་བརྟེན་ནས་བུ། །ཕ་དེ་ཡི་ནི་གཟུགས་ཡིན་ཡང༌། །འགའ་ཞིག་ལས་ནི་ཆ་འགའ་ཡིས། །ཐ་དད་པར་ནི་དམིགས་པ་ཡིན། ༈ །མར་མེ་ལ་སོགས་དཀྱིལ་འཁོར་ནི། །རྨ་བྱའི་མདོངས་ཀྱི་རྣམ་པ་ཅན། །སྔོ་དང་དམར་དང་མདངས་གསལ་བར། །མིག་མི་གསལ་བས་མཐོང་བར་འགྱུར། ༈ །དེ་དེ་ཕྱི་རོལ་དངོས་ཡིན་ན། །དབང་པོ་གསལ་ལ་ཅི་ནུས་མེད། ༈ །ཡང་དག་མཐོང་ན་དེ་མཐོང་བ། །དབང་པོ་ཉམས་པའང་ཇི་ལྟར་ཡིན། །རབ་རིབ་ཀྱིས་སྦྱངས་གསལ་བའི་མིག །དབང་པོ་ལས་འདས་མཐོང་དེ་ལ། །གཞན་གྱིས་མཐོང་བའི་དོན་དེ་ཡང༌། །ཇི་ལྟ་བུར་ན་གསལ་མ་ཡིན། ༈ །སྣང་དབང་ཡིད་ལ་བྱེད་པ་ལས། །གཞན་ནི་གཅིག་གི་ནུས་རྟོགས་པ། །དེས་ན་གཞན་ནི་རྒྱུ་མ་ཡིན། །རྒྱུ་མིན་ཡུལ་ཡང་ཇི་ལྟར་ཡིན། ༈ །གལ་ཏེ་དེ་ཉིད་བློ་རྒྱུ་ཡིན། །ཇི་ལྟར་མར་མེ་ལ་ལྟོས་འགྱུར། ༈ །མར་མེ་ཙམ་གྱིས་ཡོད་པའི་ཕྱིར། །གཉིས་ཀ་དག་ཀྱང་རྒྱུ་མ་ཡིན། །ཉེ་རིང་ལ་སོགས་ཁྱད་པར་གྱིས། །གསལ་དང་མི་གསལ་མི་རུང་ངོ༌། ༈ །གལ་ཏེ་སྣང་ཁྱད་ལས་དེར་འགྱུར། །དེ་ནི་ཆོད་དང་མ་ཆོད་དག །མཐོང་ངམ་མི་མཐོང་མཚུངས་པར་འགྱུར། ༈ །གལ་ཏེ་སྣང་བ་མི་གསལ་བས། །དེ་ཆ་ཕྲ་མོ་འགའ་ཞིག་ནི། །མ་མཐོང་དེ་ཕྱིར་ཐ་དད་ན། །ཕྱི་རོལ་དོན་གཅིག་མཐོང་བ་དང༌། །མི་མཐོང་ཐ་དད་གང་ལས་ཡིན། །ཕྲ་རྡུལ་དུ་མ་ཐ་དད་མཐོང༌། །མི་མཐོང་ཐ་དད་གང་ལས་ཡིན། ༈ །གལ་ཏེ་སྣང་བ་གསལ་མི་གསལ། །ཁྱད་པར་གྱིས་བློ་ཐ་དད་ན། །གཞན་ཐ་དད་པས་ཐ་དད་མེད། །གང་ལས་ཐ་དད་པར་སྣང་འགྱུར། །སྣང་བ་དེ་ཡང་ཅིས་མི་གསལ། །སྒྲིབ་ཕྱིར་དེ་འདིར་ཅིས་མ་ཡིན། །སྲབ་ཕྱིར་སྣང་བའང་དེ་ལྟ་ཉིད། །གཞན་དུ་སྲབ་མིན་ཡོད་པ་ཉིད། །ཤིན་ཏུ་ཉེ་ལ་སྣང་བ་ནི། །ཆེར་གསལ་དེ་ཡང་སྣང་བར་འགྱུར། ༈ །གལ་ཏེ་དེར་ཡང་མཐོང་མེད་ལ། །བརྟེན་ནས་གཟུགས་གཞན་འབྱུང་འགྱུར་ན། །དེ་དག་རྣམས་ནི་ཕན་ཚུན་དུ། །བསྒྲིབ་འགྱུར་དེ་ཕྱིར་སྣང་བ་ནི། །སྒྲིབ་བྱེད་དེ་ལ་གཅིག་སྣང་འགྱུར། །དེ་མ་བསྒྲིབས་ན་ཅིག་ཅར་ནི། །གསལ་དང་མི་གསལ་རང་བཞིན་དག །མཐོང་འགྱུར་མཐོང་མེད་ཀྱིས་གཅིག་བསྒྲིབས། །གང་གིས་དོན་དང་དོན་མིན་མེད། །དེ་ལ་མ་མཐོང་བས་ཅི་བྱེད། །དེ་ཕྱིར་དོན་བརྟེན་སྐྱེས་གྱུར་པའི། །མྱོང་བ་ཇི་ལྟའི་རྒྱུ་བཞིན་དུ། །རྣམ་པ་ཐ་དད་འཛིན་བྱེད་དེ། །ལྷག་མ་བློ་ངན་ལུགས་ངན་ཡིན། ༈ །ཤེས་པ་སྒྲ་དང་མར་མེ་རྣམས། །མངོན་སུམ་དང་ནི་ཅིག་ཤོས་ཀྱི། །སྐྱེད་བྱེད་ཉིད་ཀྱིས་སྔ་མ་ཡི། །སྐད་ཅིག་རྣམས་ནི་ཞིག་པའི་ཕྱིར། །གང་གིས་ཤེས་ལ་མེད་གསལ་འགྱུར། །ཕན་འདོགས་བྱེད་པ་མ་ཡིན་གཞན། །གསལ་ན་དོན་ཀུན་གསལ་བར་འགྱུར། ༈ །གལ་ཏེ་དེ་རྒྱུ་ལས་ངེས་ན། །ཤེས་ལ་རྟོག་པ་འདི་ཡང་མེད། །ངེས་བྱས་ཤེས་ལ་དེ་མེད་ཀྱང༌། །དོན་དུ་སྣང་བ་ཉིད་ཀྱི་ཕྱིར། །དེ་གསལ་བ་ཞེས་བརྗོད་པ་ཡིན། །ལྷན་ཅིག་སྐྱེས་པའི་དོན་གཞན་ནི། །ཕན་འདོགས་མིན་ཕྱིར་རྣམ་མི་བྱེད། །ཤེས་ལ་རང་གི་རྣམ་པ་ཡིས། །རྣམ་འབྱེད་མིན་གསལ་ཇི་ལྟར་འགྱུར། ༈ །བརྟན་གང་རྡོ་རྗེ་རྡོ་སོགས་ཀྱི། །དོན་ཡང་གཞན་ལ་ལྟོས་མེད་ཕྱིར། །འགྲོ་བ་ཀུན་གྱི་ཤེས་པ་ནི། །ཅིག་ཅར་རང་ཉིད་སྐྱེད་པར་འགྱུར། ༈ །ལྷན་ཅིག་བྱེད་པས་ཕན་འདོགས་ཕྱིར། །འདི་ཡི་དེ་དག་རིམ་འབྱུང་ན། །སྐད་ཅིག་སོ་སོར་གཞན་ཡིན་བརྗོད། །འདིར་ཡང་སྐྱོན་ནི་སྔར་བཞིན་ནོ། །དེ་བདག་ཉིད་ཀྱིས་མྱོང་བ་ལ། །བརྩད་པ་འགའ་ཡང་ཡོད་མ་ཡིན། ༈ །དེ་དོན་རང་བཞིན་ཉིད་མ་གྲུབ། །དེ་ཡང་ཡང་དག་དྲན་ལས་གྲུབ། །རང་སྤྱོད་ཡུལ་གྱིས་ཕྱེ་མེད་ཅིང༌། །ཐ་དད་པར་མྱོང་མེད་དེ་ལ། །འདི་ནི་འདི་ལྟའམ་འདི་ལྟར་ནི། །མིན་ཞེས་ཐ་དད་འདི་མེད་འགྱུར། །ཉམས་སུ་མྱོང་བ་ཙམ་གྱིས་ནི། །ཐ་དད་འགའ་ཞིག་རྣམ་འབྱེད་མིན། །ཐ་དད་གསལ་བ་མེད་པ་ལ། །རྣམ་འབྱེད་བློ་མེད་ཚེ་སོགས་བཞིན། ༈ །ཚུལ་གཉིས་སྒྲུབ་པར་བྱེད་པས་ཀྱང༌། །རང་རིག་ཕལ་ཆེར་གྲུབ་པ་ཡིན། །རང་གི་ངོ་བོར་གྱུར་སྣང་བ། །དེ་ཚེ་མྱོང་བར་གྲུབ་ཕྱིར་རོ། ༈ །དེ་དངོས་ཅན་གྱི་བློ་ཡིས་ནི། །ཤེས་འགགས་ཇི་ལྟར་མྱོང་བ་ཡིན། ༈ །དེས་རང་ངོ་བོའང་མྱོང་མེད་ཕྱིར། །ཉམས་མྱོང་མ་ལུས་ལྡོག་པར་འགྱུར། །དོན་དུ་སྣང་བ་དང་ལྡན་ཤེས། །དེ་ནི་ཕྱི་རོལ་མངོན་ཕྱོགས་སྣང༌། །བློ་ལ་འཛིན་པར་བྱེད་པའི་བློ། །རྟག་ཏུ་བདག་ལ་ནང་མངོན་ཕྱོགས། །ཡུལ་གང་གི་ནི་སྣང་བ་གང༌། །དེས་དེ་མྱོང་མིན་ཞེས་པའང་འཐོབ། །གལ་ཏེ་དེ་དང་འདྲ་བ་ལས། །མྱོང་གཞན་ཅི་ཡོད་ཅེས་འདོད་ན། །འདྲ་བ་ཐམས་ཅད་ཕན་ཚུན་དུ། །མྱོང་བ་ཉིད་ནི་ཐོབ་པར་འགྱུར། ༈ །གལ་ཏེ་བློ་འདྲ་དེ་མྱོང་ན། །ད་ནི་འདྲ་ལས་མྱོང་མ་ཡིན། །དེ་ཡི་མྱོང་དེ་རང་ཉིད་དེ། །དེ་ནི་འདྲ་བའི་རྒྱུ་ཅན་མིན། ༈ །བྱ་བ་ལས་ཀྱི་རྣམ་གཞག་གི། །འདི་ནི་འཇིག་རྟེན་ན་རྒྱུར་འགྱུར། །རང་གི་ངོ་བོའི་རང་བཞིན་དེའི། །མྱོང་བ་སྒྲོ་འདོགས་འཁྲུལ་པ་ལས། །སྔོ་སོགས་མྱོང་བར་གྲགས་ཡིན་གྱི། །གཞན་གྱི་བདག་ཉིད་མྱོང་ལས་མིན། ༈ །བློ་ནི་སྔོ་སོགས་དངོས་ཡིན་ན། །ཕྱི་རོལ་དོན་ལ་ཚད་མ་གང༌། །བློ་ནི་སྔོ་སོགས་དངོས་མིན་ན། །དེ་ནི་ཇི་ལྟར་དོན་མྱོང་ཡིན། ༈ །གང་ཚེ་མྱོང་བའི་བདག་ཉིད་ནི། །འདྲ་བའི་རྒྱུ་ཅན་མ་ཡིན་ན། །འདི་དེ་རང་ཉིད་གྲུབ་པས་ན། །དོན་གྱིས་ཅི་ཞིག་ཉེ་བར་སྒྲུབ། ༈ །བདག་ཉིད་ཀུན་གྱིས་འདྲ་ན་ནི། །ཤེས་པ་ཤེས་པ་ཉིད་མིན་འགྱུར། །ཆ་འགའ་ཞིག་གིས་མཚུངས་ན་ནི། །ཐམས་ཅད་ཐམས་ཅད་ཀྱིས་མྱོང་འགྱུར། །ཇི་ལྟར་སྔོ་སོགས་ངོ་བོའི་ཕྱིར། །སྔོ་སོགས་ཉམས་སུ་མྱོང་བར་འདོད། །དེ་བཞིན་ཉམས་མྱོང་ངོ་བོའི་ཕྱིར། །དེ་ཡང་ཉམས་སུ་མྱོང་བར་འགྱུར། །ཉམས་མྱོང་ཉམས་སུ་མྱོང་ངོ་ཞེས། །དོན་བཞིན་དུ་ནི་ངེས་མིན་པ། །དེ་ཕྱིར་ཉེས་པ་མེད་ཅེ་ན། །དོན་ལའང་དེ་ནི་རྟག་ཏུ་མེད། །ཡོད་པ་ཉིད་ཀྱི་རྒྱུ་ཡོད་ན། །མྱོང་ལ་མེད་པའང་ཅི་ཡི་ཕྱིར། ༈ །གཞན་ཡང་དཀར་སོགས་མཐོང་བ་ན། །དཀར་སོགས་མངོན་པར་གསལ་བ་ཡི། །རང་བཞིན་རིག་པ་གསལ་བ་ནི། །སྐྱེས་པའི་སྣང་བ་འདི་གང་ཡིན། །དེ་ཅི་དཀར་སོགས་མངོན་གསལ་ལས། །གཞན་དངོས་འོན་ཏེ་བདག་གྱུར་ཡིན། ༈ །གཞན་དངོས་ཡིན་ན་གསལ་བ་ནི། །གསལ་མིན་ཅི་ལྟར་དཀར་གསལ་འགྱུར། ༈ །ཤེས་པ་གསལ་ཡིན་དེ་གསལ་མིན། །འགྲོ་བ་མ་ལུས་གསལ་མ་ཡིན། །གསལ་བ་གསལ་གཞན་གྱིས་གསལ་ནའང༌། །ཐུག་པ་མེད་པར་ཐལ་འགྱུར་ཕྱིར། །མཐོང་དང་འབྲེལ་པ་ཤེས་མེད་པ། །ཅི་ལྟར་དེ་ཡིས་ཁྱད་པར་འགྱུར། ༈ །གང་ཕྱིར་གཉིས་ལས་གཅིག་རྟོགས་ཚེ། །གཉིས་པ་མཐོང་བ་ཡོད་མ་ཡིན། །གཉིས་དག་འབྲེལ་པར་མཐོང་བ་ན། །མཐོང་ཞེས་བྱ་བར་ངེས་པར་འགྱུར། །གང་གིས་མཐོང་བ་འདྲ་བ་ནི། །སེམས་གཞན་གྱིས་ནི་མཐོང་གྱུར་པ། །དེ་ལ་མཐོང་ཞེས་བརྗོད་ཅེ་ན། །འདི་འདྲ་བས་ན་རང་རིག་གྲུབ། །ཅི་སྟེ་རང་དངོས་མི་རིག་ན། །ཅི་ལྟར་གཞན་གྱི་ངོ་བོ་རིག །འདྲ་བ་ལས་ནི་མྱོང་ཞེས་པའང༌། །སྔར་ཉིད་རྣམ་པར་གསལ་བ་ཡིན། །མཐོང་བ་དག་ནི་འདྲར་འཛིན་ན། །དོན་ནི་སྔར་མཐོང་ཡོད་མིན་པས། །ཅི་ལྟར་དེ་ནི་མཐོང་བ་དང༌། །འདྲ་བ་ཡིན་པར་དེས་ངེས་འགྱུར། །འདྲ་བ་ཉིད་ཀྱང་མི་འདོད་པ། །གང་ཡིན་དེ་ལ་གཉིས་མཐོང་མེད། །དེ་ཚེ་དོན་དང་ཤེས་པ་ཞེས། །དེ་དག་སྨོས་སུ་ག་ལ་ཡོད། ༈ །ཅི་སྟེ་རབ་དངོས་འོ་ན་དེ། །རང་ཉིད་རབ་ཏུ་གསལ་བར་འགྱུར། ༈ །གང་ཕྱིར་དེ་མི་གསལ་ན་ནི། །དོན་མི་གསལ་བ་ཉིད་དུ་འགྱུར། །བདག་རིག་མིན་པའི་ཕྱོགས་དག་ལ། །དོན་ཀུན་མཐོང་མེད་འདི་ཡིས་ནི། །བློ་ནི་མངོན་སུམ་མིན་སྨྲ་བ། །གང་ཡིན་དེ་ལའང་ལན་བཏབ་པོ། ༈ །རྟེན་དམིགས་གོམས་པའི་ཁྱད་པར་ལས། །ཐ་དད་པར་ནི་འཇུག་པ་ཅན། །བདེ་སྡུག་འདོད་པ་ལ་སོགས་པའི། །ཁྱད་པར་མངོན་སུམ་དེ་དག་ནི། །བློ་ཉིད་དེ་ལས་ཐ་དད་གཞན། །དེ་ཤེས་གང་ཡིན་ཅུང་ཟད་ཀྱང༌། །རྟོགས་མེད་གཞན་གྱིས་རིག་ཡིན་ན། །གཞན་གྱིས་ཀྱང་ནི་དེ་སྦྱོང་འགྱུར། །གལ་ཏེ་དེས་བསྐྱེད་པ་དང་དེར། །སྣང་བའི་བློ་རིགས་གཞན་མིན་ན། །དམིགས་པར་བྱེད་པ་གཞན་ལ་ཡང་། །གཉིས་འདི་གདོན་མི་ཟ་བར་ཡོད། །ཅི་སྟེ་དེ་ལས་སྐྱེས་མིན་ཞིང༌། །དེར་སྣང་ཅན་ཡང་མ་ཡིན་ན། །བློ་དེ་ཡུལ་མེད་ཅན་དུ་འགྱུར། །དེ་མ་བཟུང་ན་སྤྱི་དག་ཀྱང༌། །མི་འཛིན་དེ་ནི་ཅུང་ཟད་ཀྱང༌། །དངོས་མིན་ཞེས་ཀྱང་སྔར་བཤད་དོ། ༈ །དེ་ཕྱིར་དོན་སྣང་བ་དེ་ནི། །བློ་དེ་ལས་གཞན་མིན་དེས་ན། །མངོན་སུམ་དང་ནི་བདག་རིག་གྲུབ། ༈ །གལ་ཏེ་དེ་ལ་འཛིན་བྱེད་ཀྱང༌། །མངོན་སུམ་ཉིད་ནི་མིན་ཞེ་ན། །དོན་མཚུངས་ཐ་དད་དེ་གང་ལས། ༈ །མ་མཐོང་དོན་གཅིག་ལྡན་སོགས་ཀྱིས། །གལ་ཏེ་མྱོང་བ་དེས་ཡིན་ན། །གཞན་ནི་རྣམ་ཀུན་འཛིན་མི་འགྱུར། །མྱོང་བའི་དབྱེ་བའང་གསལ་ཟིན་ཏོ། ༈ །གང་དག་རྣལ་འབྱོར་མངོན་སུམ་གྱིས། །གཞན་གྱི་བདེ་བ་ལ་སོགས་པ། །མྱོང་ལ་ཉམས་མྱོང་མཚུངས་པས་ན། །དེ་ཡང་དེ་བཞིན་གདུང་བར་འགྱུར། ༈ །གལ་ཏེ་ཡུལ་དབང་འདུས་མེད་པས། །དེ་ལས་བྱུང་བའི་སྡུག་བསྔལ་ནི། །དེ་དག་ལ་ནི་སྐྱེ་མིན་ན། །སྡུག་བསྔལ་སྐྱེས་པར་གྱུར་ཉིད་ནི། །སྡུག་བསྔལ་མྱོང་མིན་འོན་ཀྱང་ནི། །སྡུག་བསྔལ་ཤེས་པ་སྐྱེས་པ་ཡིན། ༈ །སྡུག་བསྔལ་ལ་སོགས་མྱོང་མིན་པར། །གདུང་དང་ཕན་འདོགས་རྒྱུ་མ་ཡིན། །གང་ཚེ་རང་ཉིད་སྡུག་བསྔལ་གྱི། །རང་གི་ངོ་བོར་སྣང་བ་ནི། །གདུང་ཡིན་དེ་དམིགས་ཤེས་མིན་པ། །དེ་ཚེ་དེ་ལྟར་ཐལ་མི་འགྱུར། ༈ །དེས་ན་ཤེས་པ་ཐམས་ཅད་ཀྱི། །དམིགས་མྱོང་དག་ནི་ཐ་དད་ཡིན། །དོན་དང་འདྲ་བ་དམིགས་པ་སྟེ། །རང་ཉིད་གསལ་བ་བདག་མྱོང་ཡིན། ༈ །གཞན་ཡང་མངོན་སུམ་མེད་པས་ན། །བློ་ནི་རྟགས་ལས་རྟོགས་པར་འགྱུར། ༈ །དེ་ཡང་དབང་པོ་དོན་ནམ་བློ། །ཡང་ན་ཡིད་བྱེད་སྔ་མར་འགྱུར། །རྒྱུ་འབྲས་ཚོགས་པ་འདི་དག་ལས། །འབྲེལ་པ་ཅན་གཞན་ཡོད་མིན་ཏེ། །ནུས་པ་མཐོང་བ་མེད་ཕྱིར་རོ། ༈ །དེ་ལ་འཁྲུལ་ཕྱིར་དབང་པོ་མིན། །དོན་ཡང་དེ་བཞིན་བློ་ཡིད་བྱེད། །ཤེས་ཡིན་དེ་ཡང་མ་གྲུབ་ཉིད། །མ་གྲུབ་པ་ནི་རྟགས་ཉིད་མིན། ༈ །གལ་ཏེ་དོན་གསལ་རྟགས་ཡིན་པར། །འདོད་ན་དེ་ཉིད་ཤེས་མིན་ནམ། །འདིས་ནི་གསལ་གྱུར་དོན་གསལ་ཏེ། །གསལ་བ་ཉམས་སུ་མྱོང་མིན་ན། །དེ་ཡིས་གསལ་འགྱུར་མི་ངེས་ཕྱིར། །འོན་ཏེ་གསལ་ཏེ་དོན་ཉིད་ཀྱི། །ཁྱད་པར་འགའ་ཞིག་ཡིན་འདོད་ན། །སྐྱེ་བ་དང་ནི་འཇིག་མེད་པའི། །དོན་ལ་ཁྱད་པར་འགའ་ཡང་མེད། །དེ་འདོད་ན་ཡང་ཤེས་སོ་སོར། །སྐད་ཅིག་འཇིག་པར་ཐལ་བར་འགྱུར། ༈ །དེའང་དེས་པའམ་ཤེས་མ་གྱུར། །གལ་ཏེ་ཤེས་པ་རྟགས་ཡིན་ན། །ཤེས་པར་ཡོངས་སུ་བཅད་མེད་པར། །དེས་ཤེས་ཞེས་བྱ་དེ་གང་ལས། ༈ །ཤེས་གྱུར་ཉིད་དུ་བཅད་མེད་ཀྱང༌། །དེ་ནི་ཅི་ལྟར་གོ་བྱེད་ཡིན། ༈ །མཐོང་བ་མཐོང་གྱུར་མིན་གཞན་གྱུར། །མཐོང་གྱུར་འགར་ཡང་མཐོང་འགྱུར་མེད། །ཁྱད་པར་དེ་གཞན་མཐོང་བ་ལའང༌། །ཡོད་ཕྱིར་རང་བློ་རྟོགས་པར་འགྱུར། །དེ་ཕྱིར་རང་ཆོས་ལྟོས་མེད་ཅན། །དོན་ཆོས་ཡན་གར་བ་ལས་ནི། །བློ་ནི་རྗེས་སུ་དཔོག་མ་ཡིན། ༈ །བློ་རྟགས་མངོན་སུམ་གང་ཡིན་པ། །རང་ཆོས་རང་བློ་ལས་གཞན་ཅི། །རྒྱུ་མཚུངས་པ་ལས་སྐྱེས་པ་དེ། །བློ་ལས་ཐ་དད་གང་ལས་ཡིན། །གཞན་སྐྱེས་དེ་ཡང་འཁྲུལ་པ་ཅན། ༈ །གཟུགས་སོགས་ཡུལ་ནི་ལྔ་པོ་དང༌། །དབང་པོ་དང་ནི་དམིགས་པ་དག །མ་གཏོགས་དེ་ཡི་འབྲས་བུ་གཞན། །ཉེ་བར་མཚོན་པ་མ་ཡིན་ནོ། ༈ །དེ་ལ་གཉིས་ནི་དབང་པོ་འདས། །དོན་ལྔ་དག་ལ་གཟུགས་མཐོང་ལས། །སྐྱེས་པ་གཞན་དུ་སྲིད་བྲལ་བ། །གང་ཡིན་གཅིག་ཀྱང་རྟོགས་པ་མེད། །དེ་ལྟར་ཤེས་མེད་གང་ཡིན་ཏེ། །རྟགས་ཞེས་བྱ་བ་བབ་ཆོལ་ཡིན། །རྟགས་ཡོད་ན་ཡང་དེ་དང་ནི། །ལྷན་ཅིག་འབྲེལ་པ་མཐོང་མེད་པར། །ཅི་ལྟར་རྟོགས་འགྱུར་རྟགས་དག་ནི། །མ་མཐོང་བ་ཡི་གསལ་བྱེད་མིན། ༈ །རྟགས་དེ་ཉིད་ལས་སྔར་དེ་ནི། །གྲུབ་པ་ཉིད་དུ་བརྗོད་ན་ནི། །དེ་ལ་ཡང་ནི་དཔེ་གཞན་ཞིག །བསྒྲུབ་བྱ་ཡིན་ཕྱིར་ཐུག་མེད་འགྱུར། ༈ །དེ་ཕྱིར་བློ་ལས་དོན་གྲུབ་ཀྱི། །དོན་ལས་ཇི་ལྟར་ཡང་དེ་མིན།དེ་མ་གྲུབ་པར་དོན་རང་ཉིད། །རབ་ཏུ་གྲུབ་པ་མེད་ཕྱིར་རོ། ༈ །མངོན་སུམ་བློ་དང་དེ་ལས་ནི། །བརྗོད་དང་གཡོ་འགུལ་སོགས་མཐོང་ནས། །གཞན་སེམས་རྗེས་དཔག་མི་འགྱུར་ཏེ། །བདག་ལ་འབྲེལ་པ་མཐོང་མེད་ཕྱིར། ༈ །ཡིད་ཀྱི་བློ་ལ་དོན་གྱི་རྟགས། །རབ་ཏུ་གྲུབ་པ་ཡོད་མིན་ཕྱིར། ༈ །ཁྱོད་ཀྱི་བློ་ནི་བློ་གཞན་གྱིས། །ཅི་ལྟར་རབ་ཏུ་གསལ་བར་འགྱུར། །གསལ་མིན་བདག་ཏུ་མཚུངས་པའི་ཕྱིར། །གསལ་བྱ་གསལ་བྱེད་གང་ལས་ཡིན། ༈ །ཡུལ་ནི་ཅི་ལྟར་གསལ་བ་ཡིན། །གསལ་ལ་ངོ་བོ་འཕོ་ཕྱིར་རོ། །གསལ་དེའང་དེ་ཡི་ངོ་བོ་ཉིད། །རང་ཉིད་རབ་ཏུ་གསལ་བ་ཡིན། ༈ །དེ་ལྟར་བློ་ལ་བློ་འདོད་ན། །བློ་ནི་རང་ཉིད་རིག་པར་གྲུབ། །དེ་ལྟ་མིན་ན་ཡུལ་ཡང་ནི། །བློ་དང་ལྷན་ཅིག་ཆོས་མཚུངས་ཉིད། ༈ །དེའི་ཕྱིར་དེད་ཀྱི་བློ་རང་ཉིད། །གསལ་བའི་ངོ་བོས་རབ་གསལ་ཞིང༌། །གཞན་དེར་ངོ་བོ་འཕོ་བ་ཡིས། །གསལ་བ་ན་ནི་རབ་གསལ་ཉིད། ༈ །འདྲ་བ་ཡིན་ཡང་དེ་ཡིས་ནི། །བློ་གཞན་རབ་ཏུ་གསལ་མི་འདོད། །རང་ཉིད་རབ་ཏུ་གསལ་ཕྱིར་དོན། །དེ་ཡི་ངོ་བོས་རབ་གསལ་ཡིན། ༈ །དཔེར་སྒྲོན་གཉིས་བཞིན་མར་མེ་དང༌། །བུམ་པ་དག་ཀྱང་དེར་བརྟེན་ནས། །གསལ་བྱ་གསལ་བྱེད་ངོ་བོ་ཡིས། །ཐ་སྙད་རབ་ཏུ་རྒྱས་པར་བྱེད། ༈ །ཡུལ་དང་དབང་པོ་ཙམ་གྱིས་ནི། །མཐོང་ཞེས་བྱ་བར་ངེས་མ་ཡིན། །དེས་ན་གང་ལས་འདིར་འགྱུར་བ། །གཞན་དེའང་མཐོང་བར་གདོན་མི་ཟ། ༈ །དྲན་པ་ལས་ཀྱང་བདག་རིག་གྲུབ། །ཤེས་པ་གཞན་གྱིས་རིག་ན་ནི། ༈ །རིང་སོགས་འཛིན་པར་མི་འགྱུར་ཏེ། །ཡུན་རིང་གནས་པ་མེད་ཕྱིར་རོ། །གནས་ན་གོ་རིམས་མེད་པས་ན། །བློ་ལ་ཅིག་ཅར་སྣང་བའི་ཕྱིར། །ཡི་གེ་རིམ་མེད་རིང་མི་འགྱུར། །ཕན་ཚུན་འདྲེ་བ་མེད་པ་ཡི། །ཡིག་ཆ་རིམ་ལྡན་ཅི་ལྟར་ན། །རིམ་མེད་པ་ནི་སྐྱེད་པར་བྱེད། ༈ །སྔ་མ་མཐའ་ཡི་བར་གནས་ན། །འོག་ཏུ་སྒྲ་ནི་འཕེལ་བར་འགྱུར། །རིམ་མིན་འཛིན་ཕྱིར་ཐ་མར་ནི། །རིམ་ལྡན་བློ་ཡང་མེད་པར་འགྱུར། །དེ་འོག་ཡུལ་ནི་གནས་མེད་ཕྱིར། །བློ་ནི་རང་ཉིད་གནས་མ་ཡིན། །རང་ཉིད་གནས་ན་ཕྱིས་ཀྱང་དེ། །མི་འཇིག་ཁྱད་པར་མེད་ཕྱིར་རོ། །ཡི་གེ་རིམ་མེད་ཅིག་ཅར་ནི། །སྐྱེས་པ་ལ་ཡང་སྐྱོན་འདི་ཡོད། །ལན་ཅིག་བརྩལ་སྐྱེས་ཕྱིར་རྩོལ་བ། །ཕྱི་མ་ཕྱི་མ་དོན་མེད་འགྱུར། །ཡི་གེ་རྣམས་ནི་གསལ་བ་ལའང༌། །སྐྱོན་འདི་རྗེས་སུ་གནས་པ་ཉིད། །དུ་མ་ཡིས་ནི་དེ་འཛིན་ན། །ཐ་མའི་བློ་གང་དེ་མྱོང་ལ། །དེ་ཡང་རིང་པོར་འཛིན་མིན་པ། །དེས་ན་རིང་བློ་དྲན་མི་འགྱུར། །བློ་རྣམས་སོ་སོ་ཐ་དད་དུ། །མྱོང་ན་དེ་སྒྲ་ཐོས་པ་ནི། །ཆོད་པ་མེད་པར་སྣང་མི་འགྱུར། ༈ །སྦྱོར་བར་བྱེད་པའང་གསལ་བ་ཡིན། །གལ་ཏེ་ཆོད་པ་མཐོང་ཡང་འདི། །རྣམ་ཆད་མེད་པར་འཁྲུལ་འགྱུར་ན། །ཐུང་ངུ་གཉིས་ནི་བརྗོད་ན་ཡང༌། །རྣམ་ཆད་མེད་པར་འཁྲུལ་པར་འགྱུར། ༈ །དབང་པོས་རྣམ་བཅད་མཐོང་ན་ཡང༌། །དབང་པོ་ལས་ཆད་མེད་སྒྲོ་འདོགས། །མི་རུང་དབང་པོའི་བློ་རྣམས་ཀུན། །ཕྱིན་ཅི་ལོག་ཏུ་ཐལ་ཕྱིར་རོ། ༈ །ཡི་གེའི་བདག་ཉིད་ཀུན་མཐའ་ཡང༌། །མིག་འཛུམས་ཚད་དུ་གནས་པ་ཡིན། །དེ་ཡང་རིམ་གྱིས་རྡུལ་ཕྲན་ནི། །དུ་མ་དག་དང་འབྲེལ་བས་རྫོགས། ༈ །རྡུལ་གཅིག་བསྒྲེས་དུས་ཆུད་པ་ཡི། །མཐར་ཐུག་དུས་ཀྱང་སྐད་ཅིག་འདོད། ༈ །བློ་ཡང་སྐད་ཅིག་དེ་ཡི་ཕྱིར། །ཡི་གེ་རིམ་གྱིས་རྟོགས་པར་འགྱུར། །དེ་ཕྱིར་ཡི་གེ་གཟུགས་སོགས་ལ། །བློ་གཞན་གྱིས་ནི་ཆོད་ན་ཡང༌། །ཆོད་པ་མེད་པར་སྣང་བ་ཅན། །ཐམས་ཅད་ལོག་པའི་དོན་ཅན་འགྱུར། །དབང་པོའི་འཁྲུལ་པ་ལས་གཞན་དུ། །དངོས་པོ་རྣམས་ནི་སྦྱོར་བྱེད་པ། །ཐ་དད་མཚོན་མེད་འཁྲུལ་པ་ཅན། །དྲན་ཡིན་དེ་ནི་རྣམ་རྟོག་ཅན། །བརྗོད་དང་རྗེས་འབྲེལ་དེ་ལ་ནི། །གསལ་བར་སྣང་ཉིད་ག་ལ་ཞིག །དབང་པོས་བཟུང་ལ་སྒྲ་སྦྱོར་བ། །ཡོད་པ་མིན་ཞེས་བཤད་ཟིན་ཏོ། ༈ །དབང་པོས་ཆོད་པ་མཐོང་ན་ཡང༌། །གལ་ཏེ་རྟོག་པས་སྦྱོར་བྱེད་ན། །དོན་དང་དེ་ཡི་མྱོང་བ་ནི། །རྒྱུན་མི་འཆད་པར་སྣང་བ་དག །རིགས་དམ་གནོད་པ་ཅན་མེད་ན། །ཆོད་པ་ཞེས་བྱ་དེ་གང་ལས། །གལ་ཏེ་བློ་ནུས་ངེས་པའི་ཕྱིར། །ཞེ་ན་དེ་ནི་གང་ལས་འདོད། །ཅིག་ཅར་བློ་མཐོང་མེད་ཕྱིར་ན། །དེ་ཉིད་འདི་ལྟར་དཔྱད་བྱ་ཡིན། །དེ་རྣམས་རིགས་མཐུན་པ་ཉིད་ལ། །ནུས་པ་ངེས་པར་གྱུར་པ་ཡིན། །འདི་ལྟར་རྣམ་པར་རྟོག་པ་རྣམས། །རིམ་གྱིས་འབྱུང་བར་ཡང་དག་རྟོགས། ༈ །འདིས་ནི་གང་ཞིག་མཐོང་དོན་ལ། །ངོ་ཤེས་བྱེད་པའི་རྟོག་པ་དག །གསལ་བར་སྣང་བས་མངོན་སུམ་དུ། །རྟོག་པ་དེ་ཡང་བསལ་བ་ཡིན། །སྐྲ་དང་སྒོང་དང་མར་མེ་སོགས། །ཐ་དད་རྟོགས་པ་དག་ལ་ཡང༌། །གསལ་སྣང་ཡོད་ཕྱིར་དེ་འདྲའི་བློ། །ཅི་ལྟར་མངོན་སུམ་ཡིན་པར་འགྱུར། །དེ་ཕྱིར་ངོ་ཤེས་པ་ལས་ནི། །ཡིག་སོགས་གཅིག་ཏུ་ངེས་པ་མེད། ༈ །སྔོན་མྱོང་དྲན་ལས་དེ་ཡི་ཆོས། །སྒྲོ་འདོགས་མེད་པར་དེ་ཉིད་ནི། །འདི་ཞེས་བྱ་བར་ཤེས་པ་མེད། །དེ་ཡང་ཇི་ལྟར་དབང་སྐྱེས་ཡིན། །དོན་དང་ཤེས་པ་མྱོང་བ་དག །ཅིག་ཅར་འབྱུང་བར་འདོད་མིན་ཞིང༌། །དོན་དང་ཤེས་པའི་སྣང་བ་དག །སོ་སོར་རྟོགས་པའང་ཡོད་མ་ཡིན། །དོན་དུ་སྣང་བའི་རྣམ་ཤེས་དང༌། །ཕྱི་རོལ་གྱི་ནི་དོན་འབའ་ཞིག །བློ་རྣམས་གཅིག་གིས་གཟུང་མིན་ཏེ། །ཐ་དད་མེད་པར་ཐལ་ཕྱིར་རོ། །ལེགས་པར་རྟོགས་པའི་ཁྱད་པར་གྱིས། །མྱོང་བ་ལེགས་པར་རྟོགས་མེད་པའི། །དོན་དང་དོན་ཤེས་གང་དེ་དག །ཕྱི་ནས་ཇི་ལྟར་སོ་སོར་དྲན། །དོན་དང་དོན་གྱི་ཡིད་དག་གི། །མྱོང་བ་རིམ་བཞིན་སྐྱེ་བ་ལའང༌། །སྣང་བ་སྣ་ཚོགས་པ་ཉིད་ཀྱི། །བརྩད་པའི་སྐྱོན་འདི་གདོན་པར་དཀའ། །འདི་ལྟར་སྔོན་པོ་ལ་སོགས་པའི། །རྣམ་གཅིག་ཉིད་དམ་མྱོང་བ་གཅིག །རྟོགས་ཀྱི་སྔོན་པོར་སྣང་བ་ནི། །མྱོང་ལ་མྱོང་བ་གཞན་མ་ཡིན། ༈ །ཤེས་པ་གཞན་གྱིས་རྗེས་མྱོང་བར། །འགྱུར་བ་དེ་ལའང་དྲན་པ་མཐོང༌། །དེ་ནི་གང་གིས་མྱོང་བ་ཡིན། །གལ་ཏེ་དེ་ཡང་གཞན་གྱིས་ན། ༈ །ཤེས་རིག་འཕྲེང་བ་རྗེས་འབྲེལ་ཅན། །འདི་སྐྱེད་དེ་ནི་གང་ཞིག་ཡིན། །གལ་ཏེ་སྔ་བློ་དེ་ཉིད་ན། །ཡུལ་གཞན་ལ་ནི་འཕོ་མི་འགྱུར། ༈ །གཟུང་བའི་མཚན་ཉིད་ཀྱིར་གྱུར་པ། །ཉེ་བར་སྐྱེད་བྱེད་བློ་དེ་དག །མི་འཛིན་པར་ནི་ཤེས་ཕྱི་མ། །ཅི་ལྟར་གཞན་ནི་འཛིན་པར་འགྱུར། ༈ །བདག་ལ་ཤེས་བསྐྱེད་རང་བཞིན་དུ། །ངེས་པའི་ནང་གི་ཡན་ལག་ནི། །དེ་དག་ལ་གཞན་ཕྱི་ཡི་ནི། །ཡན་ལག་གང་གིས་གེགས་བྱེད་འགྱུར། ༈ །ཕྱི་རོལ་དོན་ནི་ཉེ་བས་ཀྱང༌། །དེ་ལ་གེགས་བྱེད་ནུས་མ་ཡིན། །གཞན་དུ་ཡུལ་ནི་ཉེ་བ་ན། །འགས་ཀྱང་བློ་མྱོང་མི་འགྱུར་རོ། ༈ །དོན་དེ་མིན་པའི་གནས་སྐབས་འགའ། །ཡོད་མིན་དེས་ན་རྩ་བ་ནི། །མེད་ན་བློ་ཡི་དྲན་པ་ཡང༌། །མེད་ཕྱིར་འདོད་པ་ཨ་རེ་མཛེས། ༈ །འདས་སོགས་རྣམ་རྟོག་གང་དག་ལ། །དོན་ཉེ་བ་ནི་ཡོད་མིན་ལ། །འཕོ་བའི་རྒྱུ་ནི་མེད་པའི་ཕྱིར། །དོན་ལ་སྤྱོད་པ་མི་སྲིད་འགྱུར། །གལ་ཏེ་བདག་ལ་ཤེས་བསྐྱེད་པའི། །ནུས་པ་རིམ་གྱིས་ཟད་པ་ན། །ཡུལ་གཞན་ལ་ནི་འཕོ་འགྱུར་ན། ༈ །དོན་བློ་དེ་ནི་གང་ལས་ཡིན། །སྔར་གྱི་བློ་ནི་ནུས་ཟད་ན། །དོན་ལ་འཕོ་བར་མི་འགྱུར་ཏེ། །བློ་སྔོན་མེད་པར་བློ་མ་ཡིན། །དོན་གཞན་ཆགས་ཞེས་ནུས་ཉམས་ན། །ཤེས་པ་སྐྱེ་བ་མ་གཏོགས་ཕྱིར། །ཅིག་ཅར་རིགས་མི་མཐུན་སྐྱེ་ཡང༌། །ཤིན་ཏུ་གསལ་བའི་སེམས་གཅིག་གིས། །ནུས་པ་ཉམས་པར་བྱས་པའི་ཕྱིར། །ཀུན་གཞི་ལས་གཞན་འབྱུང་བ་མིན། །དེ་ལྟ་མིན་ན་ཡིད་འཇུག་ནི། །མཚུངས་ལ་ཡིད་གཞན་ལྟོས་མི་འགྱུར། །ཡེ་ཤེས་རིམ་བཞིན་སྐྱེ་བས་ཀྱང༌། །ལྟོས་པ་རབ་ཏུ་གྲུབ་པ་ཡིན། ༈ །ཡིད་གཅིག་ཡིན་ཕྱིར་གཞན་ལ་ནི། །ཆགས་པ་གཞན་ལ་མི་འགྲོའི་ཕྱིར། །ཤེས་གཞན་མི་སྐྱེ་ཞེ་ན་མིན། །ལ་ལར་ཅིག་ཅར་འབྱུང་ཕྱིར་རོ། །འཇུག་པ་མཚུངས་ལ་མཚུངས་པའི་ཕྱིར། །ཐམས་ཅད་ཚེ་གཞན་རྟོགས་མི་འགྱུར། །བདག་ཡིད་ལྡན་པ་ཙམ་ལས་ནི། །སྐྱེ་ནའང་ཅིག་ཅར་སྐྱེ་བར་འགྱུར། །གཅིག་ལས་བྱ་བ་གཅིག་ཡིན་ནའང༌། །ཅི་ལྟར་མར་མེ་དུ་མས་མཐོང༌། ༈ །རིམ་གྱིས་ཀྱང་ནུས་མེད་འགྱུར་ཏེ། །ཕྱིས་ཀྱང་བྱེ་བྲག་མེད་ཕྱིར་རོ། །འདིས་ལུས་སྐྱེས་བུ་བཤད་པ་ཡིན། ༈ །གལ་ཏེ་འདུ་བྱེད་ལས་དེས་ན། །དེ་ཕྱིས་གང་ལས་བློ་ཉིད་ལས། །ཞེ་ན་ཡིན་མོད་འདོད་པ་ཉིད། ༈ །གཟུང་ལ་གཟུང་ཉིད་སྐྱེད་བྱེད་ལ། །གཞན་མིན་སྐྱེད་བྱེད་ཉིན་མཚན་ཉིད། །སྣང་བ་གཟུང་བ་མ་ཡིན་མེད། །ཆ་མེད་པ་ལ་ཕྲ་སོགས་མེད། ༈ །གཟུང་བའི་ནུས་པ་ཉམས་འགྱུར་གྱི། །སྐྱེད་བྱེད་བདག་ཉིད་གཞན་མིན་ན། །གཟུང་བའི་མཚན་ཉིད་ཅན་ལ་ནི། །གཟུང་ལས་སྐྱེད་བྱེད་གཞན་མེད་དེ། །གཟུགས་སོགས་དེ་ལྟ་མིན་པར་ནི། །བློ་ལ་དངོས་སུ་ཕན་འདོགས་མེད། ༈ །གཟུང་བའི་མཚན་ཉིད་ལས་འདི་ཡི། །དེ་དངོས་ངེས་པ་གཞན་ཅི་ཡོད། །བློ་ལའང་དེ་ཡོད་དེ་ཡི་ཕྱིར། །དེ་ཡང་དེ་ཉིད་དུ་རྣམ་གནས། །འཛིན་པ་ཡི་ནི་ཉེར་ལེན་དང༌། །མྱོང་བ་སེམས་ཀྱི་གཟུང་མཚན་ཉིད། ༈ །གཟུགས་སོགས་དང་ནི་སེམས་དེ་ལྟར། །གཟུང་བའི་མཚན་ཉིད་དཔྱོད་པ་འདི། །མ་དག་བློ་ཅན་ལ་ཡིན་གྱི། །རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །དེ་ལ་ཕྲ་སོགས་ངོ་བོ་ཡིས། །གཟུང་བ་གཟུང་མིན་ཉིད་འགྱུར་ན། །གཟུགས་སོགས་བློ་ལ་སྔར་མེད་གང༌། །ཕྱིས་སྐྱེས་པ་ནི་ཅི་ཞིག་ཡོད། ༈ །དེ་ཕྱིར་རང་བློ་འཛིན་འགྱུར་ན། །དེ་མ་ཐག་པའི་རྒྱུ་ཡི་སེམས། །གང་ཡིན་དེ་ཉིད་འཛིན་འགྱུར་བ། །དེས་ན་དོན་གཞན་རྟོགས་མི་འགྱུར། ༈ །ནུས་པ་དུ་མ་གཅིག་མེད་ཀྱང༌། །དངོས་རྣམས་ངོ་བོ་ཉིད་ཀྱི་འབྲས། །གཅིག་དང་དུ་མ་བྱེད་ཅེས་བརྗོད། ༈ །གལ་ཏེ་གཅིག་ལས་དུ་མ་མིན། །མ་ཡིན་འགའ་ཞིག་གཅིག་ལས་གཅིག །འབྲས་བུ་ཚོགས་པ་དག་ལས་བྱུང༌། །གཅིག་ཀྱང་ཚོགས་པ་གཉིས་འགྱུར་ཕྱིར། །དེ་ནི་དུ་མ་བྱེད་ཅེས་བརྗོད། ༈ །གལ་ཏེ་བློ་གཞན་དོན་དང་ནི། རྣམ་ཤེས་སྔ་མ་འཛིན་འགྱུར་ན། །སྔ་ཕྱིར་སྣང་བ་ཅན་ཉིད་ཕྱིར། །དཔྱོད་པ་ལ་སོགས་དོན་གཅིག་ལ། །རྟག་ཏུ་རིམ་གྱིས་མཐོང་བ་ཡི། །བརྗོད་ཉིད་རིམ་མིན་ཉིད་འགྱུར་ཞིང༌། །གཅིག་ཀྱང་གཉིས་གཉིས་སྣང་བར་འགྱུར། །བདག་དང་དེ་རིག་སྣང་བའི་ཕྱིར། ༈ །གལ་ཏེ་ཡུལ་གཞན་འཕོ་བ་ན། །ཐ་མ་ཉམས་སུ་མྱོང་མིན་ན། །གཞན་གྱིས་ཉམས་སུ་མྱོང་བ་བཞིན། །ཐམས་ཅད་མྱོང་མེད་ཐལ་བར་འགྱུར། ༈ །གལ་ཏེ་བདག་མྱོང་མངོན་སུམ་ཡིན། །གཞན་གྱིས་མྱོང་འགྱུར་མ་ཡིན་ན། །གང་གིས་དེ་སྐད་བརྗོད་འགྱུར་བ། །བདག་གིས་མྱོང་དེ་གང་ལས་གྲུབ། ༈ །གསལ་རྒྱུ་མ་གྲུབ་པར་འགྱུར་གྱི། །གསལ་བར་འདོད་པའི་གསལ་བ་མིན། །གལ་ཏེ་གསལ་པར་མ་གྲུབ་ཀྱང༌། །གསལ་ན་འགྲོ་འདི་གསལ་བར་འགྱུར། །ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ལས་མངོན་སུམ་གྱི་ལེའུ་སྟེ་གསུམ་པའོ།། །།

                                                                                                                ལེའུ་བཞི་པ། གཞན་གྱི་དོན་གྱི་ཚིག་ལེའུར་བྱས་པ།

གཞན་ལ་བསྟན་པར་བྱ་ཉིད་ཕྱིར། །བདག་མཐོང་མིན་ཡང་གཞན་དག་གིས། །མཐོང་བ་སྒྲུབ་བྱེད་ཅེས་ཁ་ཅིག །དེ་སྤང་ཕྱིར་བདག་མཐོང་བའི་ཚིག ༈ །ཡོངས་བརྟགས་ཡོངས་སུ་ལེན་པའི་ཕྱིར། །རྗེས་སུ་དཔག་པའི་ཡུལ་ལ་ཚིག །ཚད་མ་ཉིད་དུ་འདོད་མ་ཡིན། །དེར་ནི་རྗེས་དཔག་འཇུག་མི་འགྱུར། །ལུང་ལ་གནོད་ཕྱིར་གཞན་ལ་ནི། །སྒྲུབ་བྱེད་བརྗོད་ཕྱིར་དེ་ཡི་ཚེ། །དེ་ནི་ཚད་མིན་དེ་བས་ན། །དེས་གྲུབ་མ་ལུས་གྲུབ་མ་ཡིན། ༈ །གལ་ཏེ་ལུང་དེ་ལྡན་ལ་གྲུབ། །ཅེ་ན་གང་གི་ལུང་གང་ཡིན། ༈ །ཚད་མས་གནོད་པར་གྱུར་པ་ཡི། །ལུང་དེ་ཇི་ལྟར་གྲུབ་པ་ཡིན། ༈ །དེ་དང་འགལ་བ་ཁས་ལེན་པ། །དེ་ཉིད་ཀྱིས་ནི་ཇི་ལྟར་འགྱུར། །དེ་ལས་གཞན་པ་ཁས་ལེན་ན། །དེ་དོར་ཡན་ལག་ཚད་མ་མིན། ༈ །རང་རྟོགས་གང་ལས་བྱུང་གྱུར་པ། །སྒྲུབ་བྱེད་དེས་ནི་ཅིས་མ་བརྗོད། །རིག་པ་གང་གིས་ལུང་འཛིན་པ། །དེ་ནི་འདིས་ཀྱང་ཅིས་མི་འཛིན། །སྔར་ནི་སྒྲུབ་བྱེད་གང་དག་གིས། །ཐ་མལ་པར་གྱུར་རྟོགས་པ་དང༌། །དབང་པོ་འབྱུང་བའི་སྒྲུབ་དེ་དག །དེའི་དོན་ནུས་ཤེས་ལ་ནུས་ཡིན། ༈ །གང་ཡང་འབྲེལ་པ་རྣམ་ཆད་ཅན། །སྤྱིས་ཀྱང་སྤྱོད་ཡུལ་མ་ཡིན་པའི། །དོན་དེ་དག་ལ་བསྒྲུབ་བྱ་དང༌། །སྒྲུབ་བྱེད་དཔྱོད་པ་ཅུང་ཟད་མེད། །སྐྱེས་བུའི་བསམ་པའི་དབང་གིས་ནི། །དེ་ཉིད་དེ་ཉིད་མིན་འཇོག་ན། །གཏན་ཚིགས་དེར་སྣང་མེད་འགྱུར་ཏེ། །དེ་ནི་དངོས་རྟེན་མིན་ཕྱིར་རོ། །དོན་ཡོད་ཤེས་ལ་ལྟོས་བཅས་ཡིན། །མེད་པ་ཤེས་པས་སྒྲུབ་བྱེད་མིན། ༈ །ཡོད་ཀྱང་དངོས་དང་འབྲེལ་མེད་པའི། །རྟོགས་པ་རྟོགས་པ་མེད་དང་མཚུངས། ༈ །རང་བཞིན་དང་ནི་འབྲས་བུའམ། ༈ །སྣང་བ་མཐོང་བ་མེད་ཉིད་རྟགས། ༈ །འབྲེལ་དེ་དངོས་ལ་གྲུབ་ཡིན་ན། །རང་ལ་ཅི་ཡི་ཕྱིར་མ་གྲུབ། །གཞན་གྱིས་ཀྱང་གཞན་ལས་རྟོགས་པར། །མི་རིགས་གཞན་གྱིས་བརྟགས་པ་ཡིས། །ཐལ་བ་སྒྲུབ་པ་གཉིས་འབྲེལ་ཕྱིར། །གཅིག་མེད་ན་གཞན་དགག་ཕྱིར་ཡིན། ༈ །དོན་སྨོས་དེ་ནི་སྒྲ་དག་དང༌། །རྟོག་པས་སྒྲོ་བཏགས་བདག་ཉིད་ཅན། །རྟགས་ཉིད་མིན་པར་སྒྲུབ་དོན་ཏེ། །དོན་ལས་དོན་ནི་གྲུབ་ཕྱིར་རོ། །རྟོག་དང་ལུང་དག་བྱེད་པ་པོའི། །འདོད་པ་ཙམ་དང་རྗེས་འབྲེལ་དང་། །དངོས་ལས་གཞན་དུ་སྲིད་པའི་ཕྱིར། །བཏགས་པ་དག་ནི་འཁྲུལ་པ་ཡིན། ༈ །དོན་གྱིས་དོན་རྟོགས་ཕྱིར་དོན་ལ། །ཕྱོགས་དང་གཏན་ཚིགས་བརྗོད་ནུས་མེད། །དེས་ན་དེ་དག་རང་ཉིད་ལས། །སྒྲུབ་པར་བྱེད་པར་གནས་མ་ཡིན། ༈ །ཕྱོགས་ཀྱི་ཚིག་དེ་སྨྲ་བ་པོའི། །བསམ་པ་སྟོན་པར་བྱེད་པ་ན། །ཚད་ཡིན་དེ་ལས་ཐེ་ཚོམ་དག །སྐྱེ་ཕྱིར་དངོས་སུ་སྒྲུབ་བྱེད་མིན། །བསྒྲུབ་པར་བྱ་བ་བརྗོད་པ་ཡིས། །བརྒྱུད་པ་ཡིས་ཀྱང་ནུས་པ་མེད། །གཏན་ཚིགས་བརྗོད་པ་རང་ཉིད་ལ། །ནུས་པ་མེད་ཀྱང་ནུས་སྟོན་བྱེད། ༈ །གཏན་ཚིགས་དོན་གྱི་ཡུལ་ཉིད་ཀྱིས། །ནུས་མེད་དེ་ནི་བརྗོད་པར་བཤད། ༈ །གལ་ཏེ་དེ་ལའང་ནུས་ཡོད་དེ། །གཏན་ཚིགས་ཚིག་ནི་འཇུག་ཕྱིར་ན། །དེ་ནི་ཐེ་ཚོམ་གྱིས་ཤེས་པར། །འདོད་པས་སྐབས་ལ་བརྟེན་པ་ཡིན། །མི་མཐུན་ཕྱོགས་ཁས་ལེན་ན་ཡང༌། །དེ་མཚུངས་ཕྱིར་ན་ཐུག་མེད་འགྱུར། །ནང་གི་ཡན་ལག་ནུས་པ་ནི། །ཚུལ་གསུམ་དག་ལ་ཡང་དག་གནས། །དེ་ལ་དྲན་པ་བསྐྱེད་པ་ནི། །དེ་ཉིད་ཚིག་ལ་ཡང་དག་གནས། །གལ་ཏེ་ཡུལ་བསྟན་མེད་པར་ནི། །གཏན་ཚིགས་འཇུག་པ་མེད་པའི་ཕྱིར། །ཡུལ་བསྟན་པ་དག་ཉིད་ལས་ནི། །ནུས་པ་སྒྲུབ་པར་འདོད་ཅེ་ན། ༈ །ཁྱབ་སྔོན་ཅན་ལ་དེ་མེད་ཀྱང༌། །སྒྲ་ནི་བྱས་ཡིན་འདི་འདྲ་ཀུན། །མི་རྟག་ཅེས་ནི་བརྗོད་པས་ཀྱང༌། །དོན་གྱིས་དེ་ནི་འཇིག་བློར་འགྱུར། ༈ །ཕྱོགས་བསྟན་པ་ནི་མེད་ན་ཡང༌། །འགྲུབ་པ་ལ་ནི་གེགས་མེད་ཕྱིར། །གསུམ་ལས་ཚུལ་གང་རུང་བ་ཉིད། །མ་བསྟན་མ་ཚང་ཡིན་པར་བརྗོད། ༈ །བསྒྲུབ་བྱ་བརྗོད་པར་དམ་བཅས་ནའང༌། །སྨྲ་དེ་ལ་སྐྱོན་འཐད་མིན་ཏེ། །སྒྲུབ་བྱེད་དབང་དུ་བྱས་ཉིད་ཀྱིས། །གཏན་ཚིགས་ལྟར་སྣང་ཐལ་མིན་ཕྱིར། །ཁྱད་པར་མེད་པར་བརྗོད་ན་ཡང༌། །རིགས་གཅིག་ཐེ་ཚོམ་སྐྱེ་འགྱུར་ཏེ། །གཞན་དུ་བསྒྲུབ་བྱ་བརྗོད་པ་ཀུན། །དམ་བཅའ་བར་ནི་ཐལ་བར་འགྱུར། །གལ་ཏེ་གྲུབ་བརྗོད་སྒྲུབ་བྱེད་ཕྱིར། །གཞན་དག་ལ་ཡང་སྐྱོན་མེད་ན། །ད་ནི་བསྒྲུབ་བྱ་བསྟན་པ་དག །ཅི་ལྟར་སྒྲུབ་བྱེད་ཡན་ལག་ཡིན། ༈ །ལྟར་སྣང་བཅས་སོགས་བཀོད་པ་དང༌། །གཞན་ནི་འབྲེལ་མེད་བཞད་གད་དེ། །འདི་ལྟར་དེ་ནི་རིགས་པ་ཉིད། །མ་ཡིན་ནོ་ཞེས་བཤད་ཟིན་ཏོ། ༈ །སྒྲུབ་བརྗོད་རྟོགས་པའི་དོན་ཅན་ཉིད། །ཡིན་ཡང་རྨོངས་མེད་ཕྱིར་མཚན་ཉིད། །ངོ་བོ་ཚིག་ཕྲད་བདག་ཉིད་འདོད། །ཚིག་གིས་དེ་ཡི་མཚན་ཉིད་བཞི། །མ་གྲུབ་སྒྲུབ་བྱེད་མིན་དོན་བརྗོད། །རྒོལ་བས་ཁས་བླངས་པ་བཟུང་ངོ༌། །མ་བརྗོད་ན་ཡང་འདོད་པས་ཁྱབ། །བདག་གི་དོན་བཞིན་བསྒྲུབ་བྱར་འདོད། །གཞན་འདོད་ཐམས་ཅད་བཟློག་ན་ཡང༌། །འགྲེལ་པར་བདག་ཉིད་སྒྲ་བཤད་པ། །དོགས་པའི་གནས་ནི་བཟློག་པ་སྟེ། །འདི་ནི་དེ་དོན་བྱས་པ་ཡིན། །དེ་ནི་ལྟོས་ནས་ཆོས་དག་དང༌། །ཆོས་ཅན་ཁྱད་པར་ཡིན་པར་བརྗོད། །མ་བརྗོད་ན་ཡང་འདོད་པ་ནི། །སྐབས་ལས་རྟོགས་པར་འགྱུར་བ་ཡིན། །དེ་དཔེར་རྗེས་འགྲོ་མེད་པ་ཡི། །སྐྱོན་ཡང་ཇི་སྐད་བདག་གཞན་ན། །དེ་མ་གྲུབ་ཅེས་བཤད་བཞིན་ཏེ། །དེར་ནི་འདོད་ལ་གནོད་བྱེད་ཡིན། ༈ །གལ་ཏེ་གང་ལ་རྩོད་པ་ཡིན། །སྒྲུབ་བཀོད་དེ་བསྒྲུབ་བྱ་མིན་ན། །བསྒྲུབ་བྱ་ཅི་ཡིན་གཞན་དུ་ན། །མི་འདོད་པའམ་འབྲས་མེད་འགྱུར། ༈ །འདིས་ནི་གཉིས་བཅས་སྦྱོར་བ་ལ། །རྗེས་འགྲོ་མེད་དང་འགལ་བ་དག །བསྟན་པ་ཡིན་ནོ་ཅི་སྟེ་ཡང༌། །བསྒྲུབ་པར་བྱ་བ་སྤྱིར་འདོད་ན། །དེ་ཉིད་དོན་གཞན་མེད་པའི་ཕྱིར། །ལུས་མི་འགྱུར་ན་གྲུབ་མ་ཡིན། །བརྗོད་བྱས་སྟོང་པ་བརྗོད་རྣམས་ཀྱི། །འདི་དེ་མི་ཤེས་ཀྱིས་བསླད་ཡིན། ༈ །སྒྲ་དང་བུམ་པའི་ཁྱད་པར་གྱིས། །རྟོག་ན་འཇིག་ལའང་མཚུངས་ཤེ་ན། །མ་ཡིན་འཇིག་པ་སྒྲུབ་པ་ཡིས། །སྒྲ་ནི་དེ་ལྟར་གྲུབ་ཕྱིར་རོ། །དེ་བཞིན་དོན་གཞན་ཡོད་གྱུར་ན། །བུམ་པའང་དེ་དང་ལྡན་པར་འགྱུར། ༈ །མི་རྟག་སྒྲ་ཡི་ཁྱད་པར་ཅན། །རྗེས་འགྲོ་མེད་ན་མ་འབྲེལ་བ། །བཟློག་ཕྱིར་མ་ཡིན་མི་ལྡན་དང༌། །གཞན་ལྡན་རྣམ་གཅོད་རྣམ་པ་གཉིས། །མི་ལྡན་གཅོད་ཕྱིར་གཞན་དང་ནི། །རྗེས་འགྲོ་མེད་པར་འགྱུར་མ་ཡིན། ༈ །དེ་སྤྱི་བསྒྲུབ་པར་བྱ་ཡིན་པས། །གྲུབ་པ་སྒྲུབ་པ་ཉིད་མ་ཡིན། ༈ །ཆོས་ཅན་ཁྱད་པར་ཅན་དེ་ནི། །རྗེས་འགྲོ་མེད་པའི་སྐྱོན་ལྡན་མིན། །འདིས་ནི་ཆོས་ཅན་ཆོས་དག་གིས། །ཆོས་དང་ཆོས་ཅན་ཁྱད་པར་ཅན། །འགོག་པ་དག་ནི་བསལ་ཡིན་ཏེ། །ཆོས་ཅན་དེ་ལྟར་མི་བསྒྲུབ་ཕྱིར། །ཆོས་ཅན་ལ་ནི་ཚོགས་པ་དག །བསལ་བ་འགལ་བ་མ་ཡིན་ཏེ། །གང་ཕྱིར་དེ་ལྟར་སྒྲུབ་འདོད་མིན། །འདིར་ཆོས་འབའ་ཞིག་བསྒྲུབ་བྱ་ཡིན། །ཆོས་ཅན་གཅིག་ལ་བསྟན་བཅོས་ལས། །ཆོས་རྣམས་དུ་མ་རྣམ་གཞག་ཀྱང༌། །བདག་ཉིད་འདོད་པ་བསྒྲུབ་བྱ་ཞེས། །བདག་ཉིད་ཀྱི་ནི་སྒྲ་སྨོས་སོ། ༈ །གལ་ཏེ་བསྟན་བཅོས་ཁས་བླངས་ཕྱིར། །ཐམས་ཅད་བཟུང་བས་དེ་གཅིག་ལ། །རབ་ཏུ་གནོད་ནའང་གཏན་ཚིགས་དང༌། །དམ་བཅའ་བ་དག་སྐྱོན་འགྱུར་ན། །སྒྲ་མི་རྟག་པར་སྒྲུབ་པ་ན། །དྲི་ཟའི་ཡོན་ཏན་བཟློག་པའི་ཕྱིར། །གཏན་ཚིགས་འགལ་འགྱུར་སྐབས་མིན་ཕྱིར། །མིན་ན་དེ་ནི་གཞན་ལའང་མཚུངས། །ཅི་སྟེ་ཆོས་ཅན་འདིར་སྐབས་ཡིན། །དེ་ལ་བསྟན་བཅོས་དོན་གནོད་ཉིད། ༈ །ཆོས་ཅན་ཆོས་སོགས་སྒྲུབ་བྱེད་ཀྱིས། །ཅི་སྟེ་རྒོལ་འདོད་ཡིན་བརྗོད་ན། ༈ །གནས་སྐབས་འགའ་ཡིས་འདོད་འགྱུར་ཞིང༌། །དེ་རྟོགས་པ་ཡང་དེ་དག་གིས། །ནན་གྱིས་ཁྱོད་འདི་འདོད་ཅེས་པ། །གསལ་བར་དབང་ཕྱུག་སྤྱོད་པ་ཡིན། །འབྲས་བུའི་རྟགས་ཅན་མིན་བརྗོད་དེ། །འཁྲུལ་བ་ཡིས་ནི་གནོད་པར་འགྱུར། ༈ །མེད་ན་མི་འབྱུང་མིན་དོན་ལ། །གནོད་ཀྱང་གཞན་ལ་ཅི་ཞིག་གནོད། ༈ །རྗེས་དཔག་རང་གི་སྤྱོད་ཡུལ་ལ། །ལུང་ལ་ལྟོས་པ་མེད་པར་བཤད། །དེས་གྲུབ་དེ་ནི་ལེགས་པར་གྲུབ། །དེ་ཚེ་བསྟན་བཅོས་ལྟོས་མ་ཡིན། ༈ །དེ་ཚེ་རྩོད་ངོར་འགྱུར་ཞེ་ན། །དེ་ཚེ་ཁས་བླངས་མེད་ཕྱིར་མིན། །འདི་ནི་ཁས་ལེན་ཐབས་ཡིན་ཏེ། །དེ་ཚེ་ཡོད་ཀྱང་ཡན་ལག་མིན། ༈ །དེ་ལྟར་ཡུལ་གཉིས་རྣམ་དག་ན། །དེ་ནི་བསྟན་བཅོས་ཡོངས་འཛིན་པར། །འདོད་པའི་དུས་ཡིན་དེ་ཡི་ཚེ། །བསྟན་བཅོས་ཀྱིས་ནི་གནོད་པར་འགྱུར། །དེས་གྲུབ་དོན་ལ་དེ་དང་ནི། །འགལ་བར་སེམས་པ་མི་རུང་ཕྱིར། ༈ །གནས་གསུམ་པར་ནི་འཕོ་བ་ནི། །བསྟན་བཅོས་ལེན་པར་རིགས་ལྡན་ཡིན། ༈ །དེར་ཡང་བསྒྲུབ་བྱའི་ཆོས་དང་ནི། །མེད་ན་མི་འབྱུང་ལ་གནོད་ཉིད། །སྤང་བར་བྱ་ཡི་གཞན་མིན་ཏེ། །ཐུག་པ་མེད་པར་ཐལ་ཕྱིར་རོ། ༈ །དཔྱད་པ་ཀུན་ལ་བསྟན་བཅོས་དག །གཟུང་ཞེས་ལུགས་འདི་གང་གིས་བྱས། །དེ་ནི་གྲུབ་མཐའ་མེད་རྣམས་ཀྱིས། །དུ་བས་མེ་ནི་རྟོགས་མི་འགྱུར། །སྐྱེ་བོ་རིང་པོར་སྐྱེས་གྱུར་ཞིང༌། །ཡོན་ཏན་ཉེས་པ་མ་མཐོང་ལ། །གྲུབ་མཐའ་མི་ཟད་གདོན་འདི་ནི། །ཀྱེ་མ་སུ་ཡིས་བསྒོས་པ་ཡིན། ༈ །གལ་ཏེ་དཔེ་ལ་བསྟན་བཅོས་ཀུན། །སྒྲུབ་པར་བྱེད་པ་གཅིག་ཉིད་ལ། །བསྟན་པ་སྒྲུབ་བྱེད་འགྱུར་ཞེ་ན། ༈ །འདི་ནི་འཇིག་རྟེན་འདས་ལུགས་ཡིན། ༈ །འབྲེལ་མེད་ཆོས་ནི་མ་གྲུབ་པས། །མ་གྲུབ་པར་ནི་ཇི་ལྟར་འགྱུར། །དེ་གྲུབ་ཡིན་ན་དེ་སྒྲུབ་བརྗོད། །གཏན་ཚིགས་སྐྱོན་ལྡན་ཇི་ལྟར་ཡིན། ༈ །ཆོས་ཅན་ཆོས་ནི་མ་ལུས་པ། །དཔེར་བླངས་མེད་པ་ཁོ་ནར་ནི། །སྐྱེ་བོས་ཚིག་དང་དུང་སོགས་ལས། །སེམས་ལྡན་མེ་སོགས་རྗེས་དཔོག་བྱེད། ༈ །མི་འཁྲུལ་པས་ན་རང་བཞིན་དང༌། །རྒྱུ་དག་སྒྲུབ་པར་བྱེད་པའི་དོན། །འགའ་ཡི་སྨྲ་བ་ལ་གནོད་པས། །ངོ་བོ་ཉིད་ལས་ལྡོག་མ་ཡིན། །དེ་ནི་འདོད་པའི་བསྒྲུབ་བྱ་ཡི། །དོན་དང་མེད་ན་མི་།འབྱུང་བར། །རྟོགས་པ་གཞན་དག་གཏན་ཚིགས་ངེས། །ཅི་ལྟར་རྟོགས་པར་འགྱུར་མ་ཡིན། ༈ །གཏན་ཚིག་བརྗོད་དམ་མ་བརྗོད་ཀྱང༌། །འགལ་ན་རྒོལ་བས་འདིར་ཅི་བྱས། །ངེས་བརྗོད་ཉེས་པས་བསྟན་བཅོས་ལ། །གནོད་བྱེད་དུ་ནི་དེ་སྐྱེས་མིན། །གནོད་བྱེད་བརྗོད་ཕྱིར་སྐྱོན་ཞེ་ན། །གལ་ཏེ་མ་བརྗོད་ན་དེ་ཅི། །གནོད་པ་མིན་ནམ་མི་རིགས་བྱེད། །མིན་ཏེ་ཅིས་ན་སྐྱོན་ཅན་ཡིན། །གཏན་ཚིགས་ལྟར་སྣང་གཞན་དག་ལ། །རང་འདོད་ཉིད་ནི་སྒྲུབ་བྱེད་ཕྱིར། །དོན་མེད་བརྗོད་པས་སྐྱོན་འགྱུར་ན། །དེ་སྒྲུབ་ཕྱིར་ན་འདིར་མ་ཡིན། ༈ །གལ་ཏེ་བསྟན་བཅོས་ལ་ལར་འགའ། །རིགས་མིན་པས་ན་རིགས་སྨྲ་བ། །གཞན་པ་དག་ཀྱང་འགོག་བྱེད་ཅེས། །བྱ་བ་རྒྱལ་རིགས་ལུགས་ཡིན་ནོ། །དོན་ཀུན་མཚུངས་པར་བྱས་ནས་ནི། །སྒྲུབ་བྱེད་བརྗོད་པར་ནུས་མ་ཡིན། །དེས་ན་ཀུན་ཏུ་བསྒྲུབ་བྱ་དང༌། །སྒྲུབ་བྱེད་རྣམ་གཞག་འདི་ཉམས་འགྱུར། ༈ །ཆོས་ཅན་གཅིག་ལ་འགལ་བ་དག །མི་རུང་ཕྱིར་ན་འགལ་ངེས་ལ། །གནོད་འགྱུར་འདིར་ནི་དེ་འདྲ་བའི། །འགལ་བ་ཡོད་པ་མ་ཡིན་ནོ། ༈ །དེ་དག་གནོད་བྱ་གནོད་བྱེད་ནི། །མིན་ཡང་བསྟན་བཅོས་དོན་སླད་ཕྱིར། །འབྲེལ་བ་མེད་ཀྱང་གནོད་ཅེ་ན། ༈ །ཐམས་ཅད་ཐམས་ཅད་ཀྱིས་གནོད་འགྱུར། ༈ །འབྲེལ་ཡོད་དེས་ན་དེ་ཉིད་ལ། །གནོད་འགྱུར་ཞེ་ན་མ་ཡིན་ཏེ། །རྟགས་ཀུན་རང་གི་བསྒྲུབ་བྱ་ལ། །སྐྱོན་དང་ཡོན་ཏན་དཔྱད་ཕྱིར་རོ། ༈ །མེད་ན་བསྒྲུབ་བྱ་མི་འབྱུང་བའི། །འབྲེལ་བ་དེ་ནི་འདིར་རྟོགས་མེད། །འདིར་ནི་བསྟན་བཅོས་གནོད་འབའ་ཞིག །སྐྱོན་ཡིན་དེ་གཞན་བྱས་ལའང་མཚུངས། ༈ །གལ་ཏེ་བསྟན་བཅོས་ཁས་བླངས་ཕྱིར། །བསྟན་བཅོས་མཐོང་བ་མ་ལུས་བསྒྲུབ། །དཔེ་དང་གཏན་ཚིགས་མ་གྲུབ་སྨྲ། །དམ་བཅའ་བར་ནི་ཐལ་བར་འགྱུར། ༈ །གལ་ཏེ་སྒྲུབ་བྱེད་ཉིད་བརྗོད་པ། །མ་ཡིན་འདོད་པ་སྨོས་ཕྱིར་ན། །བསྒྲུབ་བྱ་རིག་པས་ཐོབ་པ་ནི། །ཚིག་ལས་ལྡོག་པ་མ་ཡིན་ནོ། །མི་འདོད་བསྒྲུབ་བྱ་མིན་ཞེ་ན། །རྒོལ་བ་མི་འདོད་ཆོས་གཞན་ཡང༌། །བསྒྲུབ་མིན་དེ་ཚེ་བསྒྲུབ་བྱ་བ། །མིན་ལ་གནོད་པས་ཅི་ཞིག་འགལ། ༈ །ཕྱོགས་མཚན་ཕྱི་རོལ་དོན་ཅན་ཡིན། །རང་ཉིད་སྒྲ་ཡང་དོན་མེད་འགྱུར། ༈ །བསྟན་བཅོས་འདོད་འཇུག་དོན་ཞེ་ན། །འོ་ན་དོགས་འདི་གང་ལས་ཡིན། ༈ །དེ་ནི་ཚད་མས་བཀག་མེད་ན། །འཛིན་པ་གང་གིས་བཟློག་པར་ནུས། །གལ་ཏེ་ཚད་མས་བཀག་ན་ཡང༌། །ཚིག་ལས་གང་གིས་འཇུག་པར་འགྱུར། །དེ་དག་སྔར་ཡང་གྲུབ་མཐའ་ནི། །རང་གི་འདོད་པ་ཉིད་ཀྱིས་འཛིན། །དེ་ནི་ཕྱིས་ཀྱང་ཇི་ཞིག་ལྟར། །གཞན་འཛིན་པ་ནི་ཅིས་མི་ཐོབ། །འདོད་གནོད་མེད་དང་བསྒྲུབ་བྱ་མིན། །ཐུག་པ་མེད་པར་བསྟན་པས་ན། །ལོག་པར་རྟོགས་པ་བསལ་བའི་ཕྱིར། །འདིར་ནི་རང་ཉིད་སྒྲ་མཛད་དོ། ༈ །གཞུང་ལུགས་ཀྱིས་བྱས་ཁྱད་པར་དག །ཡོངས་སུ་སྤངས་ནས་རབ་གྲགས་པའི། །ཆོས་ཅན་དག་ནི་གཟུང་དོན་དུ། །གཞན་ནི་རང་ཉིད་སྒྲ་བརྗོད་ཟེར། ༈ །དཔྱད་པ་ཉིད་ཀྱི་སྐབས་ཀྱིས་ནི། །རབ་གྲགས་རྟེན་ནི་གྲུབ་གྱུར་ཏེ། །རང་འདོད་བརྟགས་པའི་ཁྱད་པར་ཅན། །དངོས་པོ་རྣམས་རྩོད་མེད་ཕྱིར་རོ། ༈ །ཅི་སྟེ་གྲུབ་པར་བསྟན་པ་ཡིས། །ཆོས་ཅན་བསྒྲུབ་བྱ་མིན་བརྗོད་ན། །རང་གི་ངོ་བོ་ཉིད་བསྟན་པ། །ཞེས་བྱ་འདི་ཉིད་ཀྱིས་དེ་རྟོགས། ༈ །གྲུབ་དང་སྒྲུབ་པའི་ངོ་བོར་ནི། །བསྟན་པ་དག་ནི་ཡོད་ཡིན་ན། །བསྒྲུབ་བྱ་ཉིད་དུ་བསྟན་པ་ཞེས། །བྱ་བ་འདི་ནི་འབྲས་ལྡན་འགྱུར། །རྗེས་སུ་དཔག་པ་སྤྱི་ཡི་ནི། །ཡུལ་ཅན་ཉིད་དུ་བཤད་པ་ཡིན། །འདིར་ནི་དེ་སྐད་མ་བསྟན་ཀྱང༌། །ཕྱོགས་ལ་འགལ་བ་ཅུང་ཟད་མེད། །གལ་ཏེ་ཆོས་ཅན་བསྒྲུབ་བྱར་བྱས། །དེ་ལས་ཅིར་འགྱུར་དེ་མི་ནུས། །ཅི་ཕྱིར་བརྟགས་རྗེས་འགྲོ་མེད་ཕྱིར། །འདི་དེ་དག་གི་སྐྱོན་མིན་ནམ། །ཡན་ལག་ཕྱི་མ་ལ་ལྟོས་པ། །ཕྱོགས་སྐྱོན་འདོད་མིན་དེ་ལྟ་ནའང༌། །གཏན་ཚིགས་ལ་སོགས་ཉེས་པ་ཡང༌། །ཕྱོགས་ཀྱི་སྐྱོན་དུ་ཐལ་འགྱུར་ཏེ། །ཐམས་ཅད་ཕྱོགས་ལ་གནོད་ཕྱིར་རོ། ༈ །དེ་ཕྱིར་དེ་ཙམ་དང་འབྲེལ་བ། །ཕྱོགས་ཀྱི་སྐྱོན་འདོད་གཞན་མིན་ཏེ། །མངོན་སུམ་ལ་སོགས་འགལ་བ་བཞིན། ༈ །རྒྱུ་སོགས་མཚན་ཉིད་བསལ་བྱ་ལ། །ལྟོས་པ་མེད་པར་མ་ཁྱབ་དང༌། །ལྡོག་པ་དག་ནི་སྤང་བའི་ཕྱིར། །ཕྱོགས་ཀྱི་མཚན་ཉིད་བཤད་པ་ཡིན། །རང་ཉིད་ཚིག་ཕྲད་ངོ་བོའི་སྒྲ། །མ་བསལ་བ་དང་བཅས་པ་དག །ལྡོག་པ་སེལ་བར་བྱེད་པ་ཡིན། །འདོད་སྒྲས་མ་ཁྱབ་སེལ་བར་བྱེད། །བསྒྲུབ་བྱར་ཁས་བླངས་ཕྱོགས་མཚན་ཉིད། །དེ་རྣམས་ལ་ནི་ཕྱོགས་ཉིད་མེད། །བསལ་བ་གནོད་དང་ལྷག་མ་ལ། །མཚན་ཉིད་འཇུག་པ་མེད་ཕྱིར་རོ། །རང་ཉིད་འདོད་པ་བརྗོད་པ་ཡིས། །ངེས་བཟུང་དོན་ནི་རྟོགས་ན་ཡང༌། ༈ །བྱེད་པའི་མཐའ་དང་འབྲེལ་པའི་ཕྱིར། །དུས་གཞན་གཅད་ཕྱིར་བཤད་པ་ཡིན། ༈ །འདོད་རྐྱེན་འདིར་ནི་ཡན་ལག་མིན། །འདོད་པར་གྱུར་པའི་ཚིག་དག་ལ། །ཡན་ལག་ཉིད་ཡིན་དེ་ཡིས་ནི། །གཏན་ཚིགས་མ་གྲུབ་ལ་སོགས་འགོག་༈ །རྗོད་བྱེད་མིན་ཕྱིར་ཡང་མི་རིགས། །དེས་ན་རང་ཉིད་བདག་ཉིད་འདོད། །བསྟན་བཅོས་ཀུན་ལ་ལྟོས་མེད་པར། །དེ་འདོད་པ་ནི་བསྒྲུབ་བྱ་ཉིད། །དེས་ན་མི་འདོད་དང་འབྲེལ་བའི། །འདོད་པ་ལ་ཡང་གནོད་པ་ན། །ཇི་ལྟར་སྒྲུབ་ལ་གནོད་མེད་ཕྱིར། །ཕྱོགས་དང་གཏན་ཚིགས་སྐྱོན་མེད་ཉིད། ༈ །ཁས་བླངས་དེ་ཡང་ཚད་མ་ནི། །དག་གིས་བཀག་མེད་ཡིན་པར་འདོད། །གཏན་ཚིགས་ཐེ་ཚོམ་ལ་བརྗོད་ཕྱིར། །བསལ་བ་གཏན་ཚིགས་རྟེན་མ་ཡིན། །རྗེས་སུ་དཔག་པའི་དབྱེ་བ་ཡིས། །གནོད་པ་དེ་ནི་རྣམ་བཞིར་བཤད། །དེ་ལ་ཁས་བླངས་འབྲས་རྟགས་ཏེ། །འགྲོ་ལ་གྲགས་པ་རང་བཞིན་རྟགས། ༈ །ཡང་དག་ངེས་ལྡན་བརྗོད་འདོད་པ། །བདག་གཞན་ཡིད་ཆེས་མཚུངས་པ་ཡི། །ཕྱིར་ན་རང་གི་ཚིག་དང་ནི། །བསྟན་བཅོས་གཅིག་ཏུ་བཤད་པ་ཡིན། །ཇི་ལྟར་བདག་ནི་ཚད་མིན་ན། །ཚིག་ནི་འཇུག་པར་མི་འགྱུར་བ། །དེ་བཞིན་བསྟན་བཅོས་མི་བརྟེན་ན། །དེར་གྲགས་དོན་ལ་དཔྱོད་པ་ཡང༌། །མཚུངས་པར་བསྟན་ཕྱིར་བསྟན་བཅོས་དེའི། །སྐབས་རྟེན་ཉིད་ལ་གནོད་བྱེད་ཅེས། །དོན་འདི་བསྟན་པའི་ཆེད་དུ་འདི། །རང་གི་ཚིག་དང་ལྷན་ཅིག་བཤད། །དེས་ན་འདི་ལ་དཔེ་དག་ཀྱང༌། །མཚུངས་པ་ཉིད་དུ་བསྟན་པ་ཡིན། །ཚད་མ་རྣམས་ནི་ཡོད་མིན་ན། །བསྟན་བཅོས་ཚིག་མི་རུང་ཕྱིར་རོ། །རང་ཚིག་འགལ་ལ་གསལ་བའི་དཔེ། །ལུང་ལ་ཕྱོགས་ཙམ་བསྟན་པ་ཡིན། ༈ །དེ་ལ་མ་འོངས་པ་ན་ཆོས། །བདེ་བ་མི་འགྲུབ་ཅེས་བྱ་ཡིན། ༈ །དེ་ལ་རྟེན་མིན་དངོས་པོ་ལ། །བསྟན་བཅོས་དང་འགལ་བརྗོད་ན་ཡང༌། །གནོད་པ་མ་ཡིན་གཉིས་པོ་དག །ནུས་པ་མཚུངས་ཕྱིར་གེགས་བྱེད་འགྱུར། །དཔེར་ན་རང་གི་ཚིག་བཞིན་ཏེ། །དེ་ཡང་དེ་ཚེ་རང་ཚིག་བདག་༈ །དེ་དག་གང་ལ་ཚད་མ་ཡོད། །དེ་ནི་གཞན་ལ་གནོད་བྱེད་འགྱུར། །དེ་ལྟ་མིན་ན་རིགས་བྲལ་གྱི། །དམ་བཅའ་ནུས་པ་མཚུངས་པ་ཡི། །དམ་བཅའ་ཇི་བཞིན་དོན་ཅན་གྱི། །རྗེས་དཔག་ལ་ནི་ཇི་ལྟར་གནོད། །ལུང་རྣམས་ཚད་མ་ཡིན་པ་ནི། །སྔར་ཉིད་རྣམ་པར་བཟློག་པ་ཡིན། ༈ །དེ་ཡི་ཕྱིར་ན་ཁས་བླངས་ནས། །དཔྱོད་པ་དག་ལ་སྐྱོན་འདི་འདོད། ༈ །དེས་ན་གནོད་ཕྱིར་རྗེས་དཔག་ལས། །ཁས་བླངས་ཕྱིར་རོལ་གྱུར་མིན་ཡང༌། །ཡུལ་གྱི་ཁྱད་པར་བསྟན་པ་ཡི། །ཕྱིར་ན་ཐ་དད་བྱས་པ་ཡིན། །དེ་ལྟ་མིན་ན་ཐལ་ཆེས་པའམ། །ལོགས་ཤིག་བྱས་པ་དོན་མེད་འགྱུར། ༈ །རང་གི་ཚིག་ཀྱང་ཐ་དད་པ། །ཚིག་ཙམ་བརྗོད་ལ་གེགས་བྱེད་ཡིན། ༈ །དེ་ཡིས་བསྟན་བཅོས་ཚད་མར་ནི། །ཁས་བླངས་ཕྱིར་ན་དངོས་ཀུན་ལ། །གནོད་བྱེད་ཅེ་ན་གལ་ཏེ་དེ། །མི་འདོད་གནོད་བྱེད་ཡིན་ནམ་ཅི། །རང་ཚིག་འགལ་ན་རང་ཚིག་དང༌། །བསྟན་བཅོས་འགལ་ཐ་དད་མེད་འགྱུར། །སྐྱེས་བུའི་འདོད་པས་བྱས་ན་འདི། །ཡོངས་སུ་རྫོགས་པའི་ཚད་མ་ཉིད། ༈ །དེས་ན་རབ་གྲགས་དོན་དག་ལ། །བསྟན་བཅོས་དོར་ནའང་ཉེས་པ་མེད། །ལྐོག་གྱུར་དག་ལ་བསྟན་བཅོས་ནི། །མི་འདོད་དཔྱོད་པ་ཉིད་མི་འཇུག ༈ །འདི་ལ་བརྟག་པ་ཕལ་ཆེར་ནི། །འགལ་བ་བརྗོད་ཡིན་འདི་ལྟ་སྟེ། །ཆགས་སོགས་ཆོས་མིན་རྩ་བ་དང༌། །ཁྲུས་ཀྱིས་ཆོས་དག་འགྱུར་བའོ། ༈ །མཐོང་དང་མ་མཐོང་བ་དག་ལ། །རིགས་པས་གྲུབ་དང་རང་ཚིག་གིས། །གནོད་མེད་བསྟན་བཅོས་གང་ཡིན་དེ། །གཟུང་བར་བྱ་ཕྱིར་དཔྱོད་འཇུག་འགྱུར། ༈ །སྐྱེས་བུའི་འདོད་དང་རྗེས་འབྲེལ་བ། །འདོད་སྒྲའི་བརྗོད་བྱ་ཉིད་དོན་ལ། །བཀག་མེད་ཕྱིར་ན་གནོད་མེད་དག །སྐྱེ་བོ་རྣམས་འདོད་ཡིད་ཆེས་ཡིན། ༈ །ཐ་སྙད་ལས་ནི་སྐྱེས་པ་ཡི། །ཆོས་དེ་གྲགས་པའི་སྒྲ་ཡིས་བརྗོད། །མངོན་སུམ་སོགས་ཀྱི་གཞལ་བྱ་ཡང་། །འཇལ་བྱེད་སྒྲ་སྒྲོ་བཏགས་ནས་བརྗོད། ༈ །དེ་ལ་བརྟེན་ནས་འབྱུང་བ་ཅན། །འདོད་པས་འཇུག་ཕྱིར་དགག་མེད་པ། །བྱས་དང་མ་བྱས་པ་རྣམས་སུ། །སྣ་ཚོགས་རང་བཞིན་ཉིད་ཀྱིས་རུང༌། ༈ །དོན་ཙམ་དང་ནི་རྗེས་འབྲེལ་ཅན། །བྱུང་བའམ་ནི་འབྱུང་འགྱུར་བ། །སྒྲ་ཡི་རུང་བ་ཉིད་དེ་ཡིས། །མི་མཐུན་པ་དག་གནོད་པར་འགྱུར། །གྲགས་པ་མེད་ཀྱང་དངོས་པོ་ལ། །རུང་ཉིད་དེ་ཡི་སྟོབས་ཉིད་ལས། །དེ་ལ་སྒྲ་ཀུན་འབྲེལ་དེས་ན། །དེ་ལ་དེ་ནི་གྲུབ་པ་ཡིན། །གཞན་དུ་འདིར་ནི་གནོད་པ་ཡི། །གཏན་ཚིགས་ཐུན་མོང་ཉིད་མི་འགྱུར། ༈ །དེ་འགོག་རྗེས་དཔག་ལས་འགྱུར་ཏེ། །སྒྲ་དོན་ལ་དབང་འཇུག་མེད་ཕྱིར། །གང་ལ་ཡོད་རྗེས་འགྲོ་མེད་དེ། །རྟགས་རྣམས་ཐུན་མོང་མིན་ཉིད་ཅེས། །དེ་ལྟར་གཏན་ཚིགས་དཔེར་བརྗོད་པ། །འབྲས་བུ་དང་ནི་ལྡན་པར་འདོད། ༈ །སྒྲ་ནི་བརྡ་ལ་བརྟེན་པ་ཅན། །དེ་ཡང་འདོད་ཙམ་བརྟེན་པ་ཡིན། །སྒྲ་ཡིས་གྲུབ་པ་མི་འགྲུབ་མིན། །དེ་ལྟར་སྒྲ་བྱུང་གྲགས་པ་གསུངས། ༈ །རྗེས་སུ་དཔག་པས་བསྒྲུབ་རྣམས་ལ། །འགལ་བ་འཁྲུལ་བ་མེད་པ་ཅན། །མེད་པར་སྟོན་ཡིན་དེ་ལྟ་བུའི། །གྲགས་པའི་རྗེས་དཔོག་ཡིན་ཕྱིར་རོ། ༈ །ཡང་ན་འཇིག་རྟེན་བརྗོད་པ་ལ། །རྗེས་དཔག་མེད་པར་བརྗོད་པ་ཡིན། །དེས་ན་རྗེས་སུ་དཔག་པ་ལས། །གྲགས་པ་ཐ་དད་ཡུལ་ཅན་ཉིད། །དེས་ན་དངོས་རྣམས་ཡོད་མེད་པའི། །རྗེས་སུ་འཇུག་ཅན་རྗེས་དཔག་ལས། །ཐ་དད་དེ་དབང་མི་འཇུག་པ། །དེ་འདོད་ལས་སྐྱེས་ཡིན་ཞེས་བསྟན། ༈ །རི་བོང་ཅན་ཟླར་མི་འདོད་པ། །དེ་གྲགས་གང་ཞིག་འདོད་པར་འགྱུར། །དེ་ཕྱིར་དེ་ལ་དཔེ་མེད་ཅན། །དེ་ནི་ཐུན་མོང་མ་ཡིན་འདོད། ༈ །དཔེ་འདི་ཉིད་དབང་བྱས་ནས་ནི། །དེ་སྐད་བཤད་མིན་མཚན་ཉིད་ཕྱིར། །དེ་བཞིན་ད་ཏྲིག་ཤིང་མིན་ཞེས། །བརྗོད་པ་ལ་ཡང་གནོད་ཕྱིར་རོ། །འདིར་ཡང་ག་བུར་དངུལ་སོགས་ལ། །འཇིག་རྟེན་ན་ནི་མཐོང་བའི་ཕྱིར། །བརྡ་ལས་འཇུག་པར་འགྱུར་བ་ལ། །ཐུན་མོང་མིན་པ་ཉིད་ཀྱང་ཅི། །གལ་ཏེ་ལ་ལར་དེ་གྲུབ་ན། །དེ་ནི་དངོས་སྟོབས་ལས་གྲུབ་ཡིན། །གྲགས་གྲུབ་ཁས་ལེན་རི་བོང་ཅན། །མ་ཡིན་པ་ལའང་བཟློག་མེད་ཕྱིར། །དངོས་པོ་ལ་ནི་གྲུབ་པ་དེ། །རི་བོང་ཅན་ལའང་བཟློག་པ་མེད། །དངོས་དེ་མེད་ན་རི་ཅན་ལ། །བཟློག་ཀྱང་ཉེས་པ་ཡོད་མ་ཡིན། ༈ །དེའི་ཕྱིར་དངོས་དེས་མེད་བརྡ་ཅན། །སྒྲ་ལས་བྱུང་བའི་ཆོས་རྣམས་ཀྱི། །རུང་བ་དོན་རྣམས་ཉིད་ཡིན་ཏེ། །འདོད་ལ་གེགས་བྱེད་མེད་ཕྱིར་རོ། ༈ །གལ་ཏེ་ལ་ལར་དེ་གྲུབ་ན། །དེ་ནི་དངོས་སྟོབས་ལས་གྲུབ་ཡིན། །གྲགས་པས་གྲུབ་པར་ཁས་ལེན་ན། །རི་བོང་ཅན་ལའང་བཟློག་མེད་ཕྱིར། ༈ །རུང་བ་ཉིད་དེ་འགོག་པ་ལ། །བརྡ་འགོག་མེད་ལས་སྐྱེས་པ་ཡི། །གྲགས་པ་ཞེས་བྱའི་རྗེས་སུ་དཔག །རུང་བ་ཡུལ་ཅན་གྱིས་གནོད་བྱེད། ༈ །འདིས་ནི་བརྡ་རྗེས་འཇུག་པ་ཡི། །སྒྲ་རྣམས་ལ་ནི་དོན་ངེས་པ། །ཡོད་མིན་ཅེས་བརྗོད་དེ་དག་རྣམས། །དེར་འགོག་པ་ནི་འགལ་བ་ཡིན། ༈ །དེས་ནི་རྒྱུ་མཚན་ཅན་སྒྲ་ཡི། །དོན་རྣམ་སྒྲ་རྣམས་ཀྱི་ནི་དོན། །དོན་དམ་པ་ཉིད་འགོག་པ་ལ། །གནོད་པ་མེད་པར་བསྟན་པ་ཡིན། །དེས་ན་ཡུལ་གྱི་ཁྱད་པར་ནི། །བསྟན་ཕྱིར་གྲགས་པ་རྗེས་དཔག་ལས། །ཕྱི་རོལ་གྱུར་པ་མ་ཡིན་ཡང༌། །ཐ་དད་བྱས་ཡིན་སྔ་མ་བཞིན། ༈ །གྲུབ་པ་ཐ་དད་བཤད་པ་ལ། །དགོས་པ་བསྟན་ཕྱིར་འདི་གཉིས་ནི། །རྒྱུ་དང་བཅས་པར་རབ་བརྗོད་དེ། །མངོན་སུམ་རྗེས་དཔག་གནོད་ལ་མིན། །མངོན་སུམ་གྱིས་གནོད་འདི་ལ་ཡང༌། །སྒྲ་ནི་དུ་མའི་དངོས་ཉིད་དུ། །གྲགས་པའི་ངོ་བོ་ཉིད་གང་ཞིག །སྣ་ཚོགས་སུ་ནི་སྣང་བ་ཡི། །བློ་ནི་སྐྱེ་བ་མེད་པའི་ཕྱིར། །ཉན་ལ་གཉིས་མེད་སྣང་གྱུར་པ། །དེ་དོན་དོན་བཤད་འདི་ཉིད་ནི། །སྤོང་ན་མངོན་སུམ་གྱིས་གནོད་འགྱུར། ༈ །ངོ་བོ་དེ་ཉིད་དེ་ལ་དོན། །ལྷག་མ་ལྡོག་པའི་མཚན་ཉིད་ཅན། །སྤྱི་ནི་དངོས་མེད་ངོ་བོ་ཡིན། །དེ་ཕྱིར་དེ་དབང་སྤྱོད་ཡུལ་མིན། ༈ །དེས་ན་སྤྱི་ཡི་ཆོས་རྣམས་ནི། །མངོན་སུམ་མིན་པར་གྲུབ་པའི་ཕྱིར། །སྤོང་ཡང་གནོད་པ་ཡོད་མིན་ཞེས། །མཉན་བྱ་སྨོས་པས་བསྟན་པ་ཡིན། ༈ །རྣམ་ཀུན་བརྗོད་བྱའི་དངོས་མིན་ཕྱིར། །གྲུབ་པས་དེ་ལ་བརྟེན་ཕྱིར་དང༌། །དེ་ཡི་སྟོབས་ཀྱིས་གནོད་པའི་ཕྱིར། །མཉན་བྱས་དབང་པོའི་སྤྱོད་ཡུལ་བཤད། ༈ །ཀུན་ཏུ་རྒོལ་བ་བདག་ཉིད་ཀྱི། །བསྒྲུབ་བྱར་འདོད་པའི་ཆོས་གང་ཡིན། །ཆོས་དེ་ལྡན་ལ་གནོད་འགྱུར་གྱི། །ཆོས་གཞན་གྱི་ནི་ཆོས་ཅན་མིན། །གཞན་དུ་ཆོས་ཅན་གཞན་ལ་ནི། །གནོད་ཀྱང་འདི་ལ་ཅི་ཞིག་བཀག །དོན་འདི་མཚན་ཉིད་ཀྱིས་རྟོགས་ཀྱང༌། །རང་གི་ཆོས་ཅན་སྨོས་པས་ནི། །ཆོས་ཅན་ལ་ནི་གནོད་པས་ཀྱང༌། །གནོད་འགྱུར་ཞེས་ནི་གྲུབ་དོན་ཏེ། །རྟེན་ནི་འགལ་བར་གྱུར་པ་ཡིས། །དེ་བརྟེན་པ་ནི་འགལ་བའི་ཕྱིར། ༈ །གཞན་དུ་དེ་ལྟའི་རྣམ་ཅན་ཆོས། །བསྒྲུབ་བྱ་ཡིན་ཞེས་བརྗོད་པའི་ཕྱིར། །དེ་གནོད་ཉིད་ཡིན་པར་སེམས་པ། །དེས་ན་རང་གི་ཆོས་ཅན་སྨོས། ༈ །འདི་ཡང་དོན་གྱིས་གྲུབ་མིན་ནམ། །བདེན་དེ་འགའ་ཞིག་ཆོས་ཅན་ནི། །འབའ་ཞིག་བཀག་པ་ལ་ཡང་ནི། །སྐྱོན་དང་ལྡན་པར་ཁས་ལེན་ཏོ། །དཔེར་ན་མཁའ་སོགས་གཞན་དག་གིས། །སྔོན་མེད་རང་བཞིན་སྐྱེད་མེད་མིན། །ཅིག་ཅར་སྒྲ་སོགས་རྒྱུ་མིན་ཕྱིར། །ཞེས་བཤད་པ་ལ་སུན་འབྱིན་པ། །དེ་བཞིན་མཁའ་སོགས་ཆོས་ཅན་གྱི། །ངོ་བོའང་དངོས་མེད་ཅེས་བརྗོད་བཞིན། །དེ་ལྟར་འདོད་པའི་བསྒྲུབ་བྱ་ལ། །གནོད་པ་འགའ་ཡང་མེད་པ་ཉིད། ༈ །འདིས་ནི་གཉིས་ཀ་བསྒྲུབ་བྱ་ཉིད། །ཡིན་ན་ཆོས་ཅན་ལ་གནོད་གང༌། །བསྒྲུབ་པར་བྱ་བའི་ཆོས་འགོག་པས། །དེ་ལ་གནོད་ཅེས་བསྟན་པ་ཡིན། །དེ་ལྟ་ཉིད་དུ་ཆོས་ཅན་ཡང༌། །བསྒྲུབ་བྱ་ཉིད་ཕྱིར་འབའ་ཞིག་མིན། ༈ །གལ་ཏེ་དེ་ལྟ་ན་འདིར་གནོད། །ཅིག་ཅར་སྒྲ་སོགས་རྒྱུ་མིན་ཕྱིར། །བདེ་སོགས་གཞན་གྱིས་བསྐྱེད་ནུས་མིན། །མ་ཡིན་ཞེས་བྱ་སྔ་མ་བཞིན། ༈ །གལ་ཏེ་འདི་ལ་གཏན་ཚིགས་ནི། །དེས་ན་འགལ་བར་འགྱུར་བ་ཉིད། །རིམ་བཞིན་བྱེད་དང་མི་རྟག་ཉིད། །འགལ་བ་མེད་ཕྱིར་མི་མཐུན་ཕྱོགས། །ལྡོག་ལ་ཐེ་ཚོམ་ཟ་བས་ན། །འདི་ནི་ལྷག་ལྡན་ཁྱད་པར་འདོད། ༈ །གང་ཕྱིར་རང་ཉིད་འདོད་པའི་ཆོས། །བསྒྲུབ་བྱ་དེ་ཕྱིར་དེ་རྟེན་ནི། །གནོད་ཡིན་འབའ་ཞིག་པ་ཉིད་དམ། །གཞན་རྟེན་ལ་མིན་ཞེས་བསྟན་ཏོ། ༈ །རང་ཉིད་སྒྲ་ཡིས་ཆོས་གཞན་ལ། །གནོད་པས་གནོད་མིན་ཞེས་བསྟན་པ། །དེ་བཞིན་རང་གི་ཆོས་ཅན་གྱིས། །ཆོས་ཅན་གཞན་ལ་ཡང་ཞེས་བརྗོད། ༈ །སྒྲུབ་བྱེད་སྐྱོན་ནི་ཐམས་ཅད་ཀྱིས། །ཕྱོགས་ཉིད་ལ་ནི་གནོད་འགྱུར་བ། །དེ་ལྟ་ན་ཡང་དམ་བཅའ་བ། །ཙམ་དང་འབྲེལ་བ་ཕྱོགས་སྐྱོན་ཡིན། །ཡན་ལག་ཕྱི་མ་ལ་ལྟོས་སྐྱོན། །གང་ཡིན་དེ་ནི་དེ་ཉིད་དང༌། །རྗེས་འབྲེལ་ཞེས་བཤད་དེ་ཡི་ཕྱིར། །རྟེན་སོགས་མ་གྲུབ་ཕྱོགས་སྐྱོན་མིན། ༈ །འདིས་སྒྲུབ་ཡན་ལག་གྱུར་པ་ཡི། །ཆོས་ཅན་ཆོས་ཀྱི་ཁྱད་པར་དང༌། །ཆོས་ཅན་རང་གི་ངོ་བོ་ལ། །གནོད་པ་དག་ནི་བསྟན་པ་ཡིན། །དེ་ལ་དོན་ནི་བསྟན་པ་ཡི། །དོན་དུ་དཔེ་ནི་ཕྱོགས་ཙམ་བརྗོད། ༈ །ལྡན་དོན་རྫས་ཀྱི་མཚན་ཉིད་ཅན། །མཐོང་བ་ལ་བརྟེན་གཞན་ཡོད་མིན། །མ་མཐོང་ཁྱད་པར་ཅན་མིན་ལ། །དམ་བཅའ་བ་ལ་དགོས་པ་མེད། ༈ །མ་མཐོང་བ་ལ་འབྲས་མེད་པ། །མཐོང་ན་ཡན་ལག་ཅན་སྒྲུབ་འདོད། །ཁྱད་པར་ཅན་མིན་གཞན་ཡོད་ནི། །སྒྲུབ་ན་གྲུབ་པ་སྒྲུབ་པ་ཉིད། ༈ །གལ་ཏེ་འདི་ལྕི་འོག་འགྲོར་འགྱུར། །སྲང་ནི་དམའ་བ་དག་ཏུ་འགྱུར། །དེས་ན་ཡོན་ཏན་བྱ་མེད་པ། །དེ་ཕྱིར་འདུ་བ་ཅན་རྒྱུ་མིན། ༈ །དེ་ཕྱིར་འབྲས་བུ་ངོ་བོ་དག །མཐོང་བ་མེད་ཕྱིར་དེ་མཐོང་མིན། །དེས་ན་མེད་ན་མི་འབྱུང་བ། །ཁྱད་པར་གཞན་ལ་གནོད་བྱེད་ཡིན། ༈ །ཕྲ་མོ་ནས་བརྩམས་རྫས་འཕྲེང་དག །གཅལ་ཉིད་ཕྱིར་ན་རྫས་གཞན་གྱི། །ལྕི་ཉིད་མི་རྟོགས་རས་བལ་གྱི། །འདབ་བཞག་བཞིན་ཞེས་གཞན་དག་ཟེར། ༈ །དེ་ཡི་ཅིག་ཅར་ལྡན་པ་དང༌། །སོ་སོར་ལྡན་པའི་རྡུལ་ཚོགས་དག །སོ་སོར་ལྷན་ཅིག་གཅལ་བ་ན། །དེ་ཕྱིར་ལྕིད་ནི་ཐ་དད་འགྱུར། །མ་ཤ་ལ་སོགས་རིམ་པ་ཡིས། །གྲངས་མཚུངས་པ་ནི་མི་རུང་ངོ༌། ༈ །གལ་ཏེ་ཡུངས་ཀར་ནས་བརྩམས་ཏེ། །ཚོགས་ཆེན་གོང་ནས་གོང་དུ་ནི། །འཕེལ་ལྡན་འབྲས་བུའི་འཕྲེང་བ་ཡི། །ལྕི་བ་རྟོགས་པ་མ་ཡིན་ན། །ཡུངས་ཀར་བར་གྱི་ལྕིད་དག་ཀྱང༌། །ཆུང་ངུ་ཤིན་ཏུ་རྟོགས་དཀའ་བས། །འབྲས་བུའི་ལྕིད་ནི་མི་རྟོགས་ཕྱིར། །དེ་ཡི་རྒྱུ་ཉིད་གཞལ་བྱར་འགྱུར། ༈ །དོན་དེ་མཐོང་མེད་རས་འདབ་བཞིན། །དེ་ཡི་འབྲས་བུའང་རྟོགས་པ་མེད། ༈ །ལྕིད་ཉིད་རྟོགས་མེད་བཞིན་དུ་དེའི། །ཡོན་ཏན་ཐམས་ཅད་རྟོགས་མེད་ཕྱིར། །མ་ཤ་ལ་སོགས་ལྷག་ཡོད་མིན། །དམའ་མེད་དེ་ནི་ཉེར་མཚོན་ཏེ། །གཟུགས་སོགས་ལྷག་དང་ལྷག་ཅི་བཞིན། །རང་གི་དབང་པོས་མཐོང་མེད་ཕྱིར། །ཁས་བླངས་རང་གི་ཚིག་སོགས་ཀྱིས། །གནོད་པ་དག་ནི་སྲིད་པས་ན། །ཇི་སྐད་བཤད་པའི་ཕྱོགས་ཀྱིས་ནི། །དཔེར་བརྗོད་གཞན་ཡང་རྟོགས་པར་བྱ། །བྱ་བ་དུས་གསུམ་ཡུལ་ཅན་ཕྱིར། །དེ་ལྟའི་བདག་མིན་གཞན་དག་ལ། །དེ་ལྟར་བཀོད་དེ་དེ་ཡི་ཚེ། །མི་འདོད་ན་ཡང་བསྒྲུབ་བྱར་འགྱུར། ༈ །ཤེས་བྱེད་སྐབས་ཀྱིས་མ་གྲུབ་པ། །ཐམས་ཅད་རྟོགས་པར་བྱེད་པ་ཡིན། །དེ་ཕྱིར་བསྒྲུབ་པར་བྱ་བའི་སྒྲ། །འདོད་པའི་ཁྱད་པར་ལ་བརྟེན་མིན། ༈ །དེས་ན་དཔེ་དང་གཏན་ཚིགས་དག །མ་གྲུབ་དཔེར་ནི་བྱས་པ་ཡིན། །གཞན་དུ་རི་བོང་རྭ་ལ་སོགས། །མ་གྲུབ་ཀུན་ཀྱང་བསྒྲུབ་བྱར་འགྱུར། །ཐམས་ཅད་རྣམ་འགས་མ་གྲུབ་ཕྱིར། །དེས་ན་ལས་ལ་སོགས་པ་ཡི། །ཁྱད་པར་ཉེ་བར་བཀོད་པ་ཡི། །ལན་གྱིས་རྣམ་འབྱེད་ནུས་མ་ཡིན། ༈ །སྔར་མ་གྲུབ་པའི་རང་བཞིན་ཕྱིར། །བསྒྲུབ་བྱའི་ཡན་ལག་ཅེས་རུང་མིན། ༈ །གང་གིས་ཁས་བླངས་མཚན་ཉིད་འགྱུར། །དེ་ཡང་བསྒྲུབ་བྱ་ཉིད་དུ་མཚུངས། ༈ །ཚོགས་པ་བསྒྲུབ་བྱ་ཉིད་ཡིན་ནའང༌། །གཉིས་པོ་ཕན་ཚུན་ཁྱད་པར་ཅན། །བསྒྲུབ་བྱ་དེ་ཚེ་གཏན་ཚིགས་དང༌། །དཔེ་ཡི་མཚན་ཉིད་མ་གྲུབ་འགྱུར། ༈ །མི་སྲིད་ཕྱིར་ནི་བསྒྲུབ་བྱའི་སྒྲ། །གལ་ཏེ་ཆོས་ཅན་ལ་འཇུག་འདོད། །བསྟན་བཅོས་ཅི་བྱ་ཅི་རིགས་པར། །རང་ཉིད་འཇུག་པར་འགྱུར་བ་མིན། ༈ །སྒྲུབ་བྱེད་བསྟན་པའི་ཤུགས་ཉིད་ལས། །དོན་དེ་བསྒྲུབ་བྱ་ཉིད་དུ་རྟོགས། ༈ །གཏན་ཚིགས་སོགས་མཚན་གྱིས་ཁྱབ་ཕྱིར། །སྒྲུབ་པར་བྱེད་ལ་དོགས་པའང་མེད། །སྔར་དེས་བཟུང་ན་དེ་ཡིས་ནི། །དམ་བཅའི་མཚན་ཉིད་བརྗོད་དོན་མེད། །དེ་ཕྱིར་ཤུགས་ཀྱིས་དེར་བརྗོད་པས། །ཁྱབ་པའི་འབྲས་ཅན་ཡིན་པར་རྟོགས། ༈ །འགལ་བ་འདོད་དང་འབྲེལ་མེད་དེ། །ཕན་མེད་ལྷན་ཅིག་མི་གནས་པ། ༈ །དེ་ལྟ་ན་ནི་རྟགས་ཀྱི་སྐྱོན། །ཐམས་ཅད་དམ་བཅའི་སྐྱོན་དུ་འགྱུར། །ཕྱོགས་སྐྱོན་གཞན་ལ་ལྟོས་པ་ནི། །མ་ཡིན་ཞེས་ཀྱང་བསྟན་ཟིན་ཏོ། ༈ །འདོད་པ་མེད་ན་མ་གྲུབ་ཡིན། །མི་རྟགས་གཏན་ཚིགས་དང་ལྡན་པས། །སྒྲ་ལ་དེ་ལྟར་རྗོད་བྱེད་ན། །དེ་ལྟར་དེ་ནི་བཟློག་པར་འགྱུར། ༈ །འདི་ལ་དཔེ་བསྟན་པ་ཉིད་ལས། །དོན་གཞན་ཅི་ཞིག་མཐོང་བ་ཡོད། ༈ །ཁྱད་པར་ལ་ནི་གཞན་བརྗོད་ནས། །སྤྱི་ཡི་རྗེས་སུ་འཇུག་པས་ན། །དེ་ཁྱབ་མ་ཡིན་སྤྱི་རྗེས་སུ། །འཇུག་ལ་འབྲས་བུའང་ཅི་ཞིག་ཡོད། ༈ །དེ་ཕྱིར་སྒྲ་ལ་གནས་པ་ཡི། །མི་རྟག་ཉིད་ཀྱིས་སེལ་ཞེས་གསུངས། ༈ །ཡུལ་གཞན་ལ་ནི་འགལ་སྨྲ་བས། །སྒྲ་ནི་གཞན་དུ་བརྗོད་པ་ཡིན། །སྤྱི་ནི་ཁྱད་པར་མི་སྤོང་ཕྱིར། །དེ་ཡང་འཐད་པ་མ་ཡིན་ནོ། ༈ །དཔེར་ན་སྐབས་འགར་ཤིང་ཤ་པ། །ཉིད་ནི་ཤིང་མིན་ཞེས་པ་བཞིན། །ཐམས་ཅད་མཉན་པ་གཅིག་ཉིད་ལ། །འཇུག་པ་འགོག་འགྱུར་དེ་ཙམ་གྱིས། །ཐམས་ཅད་མིན་མིན་ཁྱད་པར་ཀུན། །དེ་མེད་ན་དེ་མེད་འགྱུར་ཕྱིར། །ཤེས་བྱ་ཤེས་བྱེད་ཐ་དད་ཕྱིར། །ཆོས་ཅན་གཏན་ཚིགས་དངོས་གྱུར་ནི། །ཤེས་བྱེད་ཉིད་དུ་མ་གྲུབ་ཕྱིར། །ཆོས་ཅན་རང་སྒྲུབ་བྱེད་མ་གྲུབ། །དངོས་པོ་ཀུན་ལ་ཆོས་དང་ནི། །ཆོས་ཅན་རྣམ་དབྱེ་མེད་པའི་ཕྱིར། །ཀུན་ལ་ཉེས་མཚུངས་ཤེ་ན་མིན། །ལྡོག་པ་ཁྱད་པར་ཡོད་ཕྱིར་རོ། །དོན་དམ་པར་ནི་རྣམ་དཔྱད་ནི། །དེ་ལྟ་བུར་གྱུར་མ་གྲུབ་ཕྱིར། །ཀུན་རྫོབ་པ་ཡི་དངོས་རྣམས་ལ། །དེ་ཉིད་གཞན་ཉིད་འགོག་པར་འགྱུར། ༈ །དཔག་བྱ་དཔོག་པར་བྱེད་པ་ཡི། །དོན་གྱི་ཐ་སྙད་གནས་པ་འདི། །ཤེས་པ་ལ་གྲུབ་ཐ་དད་ལ། །བརྟེན་ནས་རྣམ་པར་བརྟགས་པ་ཡིན། ༈ །བདག་ཉིད་ཅི་ལྟའི་ཐ་དད་ཀྱི། །མཐར་ཐུག་ཤེས་ལ་ཐ་དད་པར། །ཆོས་དང་ཆོས་ཅན་སྣང་གྱུར་པ། །དེ་ནི་ཐ་སྙད་རྟེན་ཡིན་ནོ། ༈ །འདི་ནི་ཐ་སྙད་ཀྱིས་བཞག་པ། །ཐ་དད་བློ་དང་འབྲེལ་མེད་ཅན། །ཆོས་ཅན་དེ་ཉིད་སྒྲུབ་བྱེད་དུ། །བྱས་པ་དེས་ན་མ་གྲུབ་བསྟན། ༈ །དེས་ན་བྱེ་བྲག་སྤྱི་ཆོས་ཐ། །དད་ཕྱིར་རྟགས་དང་རྟགས་ཅན་ཉིད། །དཔེར་ན་རྩོལ་བྱུང་ཉིད་ཀྱི་ཕྱིར། །རྩོལ་བྱུང་སྒྲ་ནི་མི་རྟག་བཞིན། །ཕྱོགས་ཡན་ལག་ནའང་གནོད་མེད་ཕྱིར། །ཆོས་ཅན་ཐ་དད་མ་གྲུབ་མིན། །དཔེར་ན་གོང་བུ་རྭ་ཅན་འདི། །རྭ་ཅན་ཉིད་ཕྱིར་རྟ་མིན་བཞིན། །ཡང་ན་དེ་རྟོགས་ནས་ལྡོག་ཕྱིར། །བསྒྲུབ་བྱའི་དུས་སུ་ཡན་ལག་མིན། །ཆོས་ཐ་དད་ཕྱིར་ཁྱད་པར་ཡང༌། །དམ་བཅའི་དོན་དུ་འཐད་མ་ཡིན། ༈ །གཏན་ཚིགས་རབ་ཏུ་དབྱེ་བའི་དོན། །བདེ་བར་བཟུང་བ་གྲུབ་བྱའི་ཕྱིར། །ཕྱོགས་ཆོས་རབ་ཏུ་དབྱེ་བ་ཡིས། །མདོར་བསྡུས་པ་ནི་གསུངས་པ་ཡིན། ༈ །ཆོས་ཀྱི་ཚིག་ཕྲད་ཐ་དད་པར། །བྱེད་པས་མི་ལྡན་གཞན་ལྡན་པ། །ཤིན་ཏུ་མི་སྲིད་རྣམ་གཅོད་བྱེད། །ཁྱད་པར་ཁྱད་པར་ཅན་དག་དང༌། །བྱ་བ་དག་ནི་ལྷན་ཅིག་བརྗོད། ༈ །དེ་སྦྱར་མེད་ཀྱང་བརྗོད་འདོད་ལས། །དེ་དོན་ཉིད་ནི་རྟོགས་པར་འགྱུར། །གང་ཕྱིར་དག་འབྲས་རྣམ་གཅོད་ཕྱིར། །དཔེར་ན་ནག་པ་འཕོང་སྐྱེན་པའམ། །སྲིད་སྒྲུབ་འཕོང་སྐྱེན་ཞེས་པའམ། །སྔོན་པོ་མཚོ་སྐྱེས་འགྱུར་ཞེས་བཞིན། །དེར་ཡང་ཟླ་བོ་རྣམ་གཅོད་པ། །དོན་རྣམས་ལ་ནི་རྟོགས་འགྱུར་ཏེ། །དེ་ལྟར་གྲགས་དང་ནུས་པ་དང༌། །སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར། ༈ །དེས་ན་མི་ལྡན་རྣམ་གཅོད་པས། །ཆོས་ཅན་ཆོས་ཀྱི་ཁྱད་པར་ཡིན། །དེ་ཡི་ཁྱད་པར་ཅན་གྱི་ཆོས། །རྗེས་འགྲོ་མེད་པའི་སྐྱོན་རྟེན་མིན། ༈ །རང་བཞིན་འབྲས་བུ་གྲུབ་དོན་དུ། །གཏན་ཚིགས་གཉིས་དང་ལྡོག་པ་གཉིས། །རྩོད་ཕྱིར་ཁྱད་པར་སྤྱི་དག་སྟེ། །ལྷག་མ་ལྡོག་པའི་སྒྲུབ་བྱེད་ཡིན། ༈ །རང་བཞིན་ཉིད་ལས་གཞན་གྱིས་ནི། །གོ་བྱ་ལ་ཁྱབ་ཡོད་མིན་ཏེ། །རྒྱུ་ནི་འཁྲུལ་པ་སྲིད་ཕྱིར་རོ། །དེ་ཕྱིར་འབྲས་རྣམས་གཉིས་སུ་འཇུག་༈ །སྔར་ཡོད་པ་ཡི་ཤེས་པ་ནི། །རྩལ་མ་ཐག་བྱུང་ངེས་མིན་ཏེ། །སྒྲིབ་བྱེད་དབང་པོ་སྒྲ་ལ་དེ། །རྣམ་ཀུན་ཉེར་སྦྱོར་མིན་ཕྱིར་རོ། ༈ །ལྟོས་པ་མེད་པར་འགའ་ཞིག་ཚེ། །འབྲས་མི་བྱེད་པ་འགལ་བའི་ཕྱིར། །ཤེས་པ་འདི་འདྲ་རེས་འགའ་བའི། །འབྲས་བུར་གྲུབ་པས་དེ་རྟགས་ཡིན། ༈ །འདི་ཉིད་ཀྱིས་ནི་རང་བཞིན་ཉིད། །གྲུབ་ཀྱང་ཐ་དད་བྱས་པ་ནི། །འབྲས་དང་ལྷན་ཅིག་བསྟན་པ་ན། །ཐམས་ཅད་དེ་འདྲར་ཤེས་མི་འགྱུར། །རྗེས་སུ་དཔག་པར་བཤད་ཟིན་ཏོ། །གཏན་ཚིགས་བརྗོད་བྱས་རྟོགས་དོན་དུ། །རབ་ཏུ་དབྱེ་བ་ཙམ་བཤད་དེ། །མཚན་ཉིད་ལ་ནི་ཐ་དད་མེད། ༈ །དེས་འདིས་འབྲས་བུའི་རྟགས་ཀྱིས་ནི། །རང་བཞིན་ཕྱོགས་གཅིག་བརྟེན་པའི་བཤད། །དེས་ན་རྩོལ་ལས་གསལ་བ་དང༌། །སྐྱེ་བ་འདྲ་བར་དཔེར་བརྗོད་དོ། ༈ །ཡོད་པ་གང་མེད་མི་འབྱུང་བའམ། །རང་བདག་རྣམ་དབྱེར་མེད་ཅན་གང༌། །དེ་ནི་དེ་དང་འཁྲུལ་མི་འགྱུར། །ཞེས་བྱའི་དོན་དུ་འདི་རབ་ཕྱེ། །ལྡན་པ་ཅན་སོགས་གང་དག་ལ། །དེ་འདྲའི་འབྲེལ་པ་ཡོད་མིན་པ། །དེ་དག་འཁྲུལ་པ་སྲིད་པའི་ཕྱིར། །གཏན་ཚིགས་མིན་ཞེས་བཤད་པ་ཡིན། །འབྲེལ་པ་ཡོད་པ་ཡིན་ན་ཡང༌། །དེ་ཉིད་རྟོགས་པའི་སྒྲུབ་བྱེད་ཡིན། །ངེས་པ་མེད་ན་མི་འབྱུང་ཡིན། །ངེས་པ་མེད་པ་སྒྲུབ་བྱེད་མིན། ༈ །ལྡོག་པ་ཉིད་ནི་ངེས་པ་ཉིད། །མེད་ན་མི་འབྱུང་ཡིན་པར་བརྗོད། །དེ་ཡང་འབྲེལ་པ་མེད་ལ་མེད། །དེ་ཉིད་ཕྱིར་ན་རྗེས་འགྲོ་གནས། །རང་གི་བདག་གམ་རྒྱུ་དངོས་ནི། །གྲུབ་ན་ལྡོག་པ་གྲུབ་འགྱུར་བ། །དེ་ཡི་ཕྱིར་ན་ཁྱད་པར་ནི། །ལྡོག་མེད་རྗེས་འགྲོའང་ཡོད་མ་ཡིན། །མ་མཐོང་བ་ཙམ་ལ་བརྟེན་ནས། །ལྡོག་པའང་འབའ་ཞིག་ཅན་དུ་བཤད། །དེ་ཡི་ཕྱིར་ན་མ་ངེས་པ། །གཞན་དུ་གོ་བར་བྱེད་པར་འགྱུར། ༈ །གལ་ཏེ་བདག་ནི་ལྡོག་པ་ཡིས། །སྲོག་སོགས་དག་ནི་ལྡོག་འགྱུར་ན། །སྲོག་སོགས་མེད་པས་བདག་མེད་ལ། །ཁྱབ་འགྱུར་དེ་ཡང་ཡོད་མ་ཡིན། །གཞན་ལྡོག་པར་ནི་གྱུར་པ་ཡིས། །གཞན་ལྡོག་པར་ནི་མི་རུང་ཕྱིར། ༈ །དེ་བདག་དེ་ལས་བྱུང་ཞེ་ན། །གལ་ཏེ་བདག་ནི་དམིགས་པས་ན། །དེ་དམིགས་རྟོགས་པ་མེད་པར་ཡང༌། །མ་རྟོགས་ན་འདི་གྲུབ་པར་འགྱུར། །ཤིན་ཏུ་ལྐོག་ཏུ་གྱུར་པ་ལ། །མཐོང་དང་མ་མཐོང་དེ་གྲུབ་མེད། ༈ །གཞན་ལ་མཐོང་མེད་ངོ་བོ་ཅན། །བུམ་སོགས་ལ་མེད་ཅེས་གང་ལས། །ལྡོག་པ་ཤེས་པ་མེད་པ་ཡི། །ལྡོག་པའི་ཁྱབ་པའང་ཅི་ལྟར་ཡིན། །སྲོག་སོགས་ལ་ལར་མཐོང་བ་ཡིས། །གལ་ཏེ་དེ་ལྟར་བདག་མཐོང་ན། །ཡོད་མེད་ཉིད་ནི་རྟོགས་པར་འགྱུར། ༈ །རྒྱུ་གང་ཞིག་ནི་མེད་པ་ཡིས། །བུམ་པ་ལ་སོགས་མཐོང་མེད་པ། །ལུས་ལའང་གལ་ཏེ་དེ་མེད་ན། །ལུས་ལ་མེད་པར་རིགས་པ་ཡིན། ༈ །གལ་ཏེ་ཅུང་ཟད་ཆོས་མཐུན་ཕྱིར། །ཐ་དད་པར་ཡང་དེར་རྟོག་ན། །གཞལ་བྱ་ཉིད་ཕྱིར་བུམ་སོགས་རྣམས། །བདག་དང་བཅས་པར་ཅིས་མི་དཔོག །མི་འདོད་ཅེ་ན་ཚད་མ་ཉིད། །འདོད་པ་ཀུན་གྱི་རྒྱུ་ཡིན་ཏེ། །དེ་མེད་པར་ནི་དངོས་པོ་དང༌། །དངོས་མེད་རྣམ་གཞག་གང་གིས་ནུས། ༈ །སྲོག་དང་མིག་འབྱེད་ལ་སོགས་ནི། །དྲན་འདོད་རྩོལ་བ་ལས་སྐྱེས་ཡིན། །དེ་དག་ཡུལ་དབང་བློ་ལས་བྱུང༌། །དེ་ཡང་ཕན་ཚུན་རྐྱེན་ལ་ནི། །ལྟོས་པ་རང་གི་རིགས་ལས་བྱུང༌། །དེ་ཙམ་ལས་འདི་བདག་དངོས་འདི། །རྗེས་འགྲོ་ལྡོག་པ་ལ་བརྟེན་ཡིན། །གཞན་དུ་རྟོག་ན་ཐུག་པ་མེད། །འཁྲུལ་པ་ཉིད་ཀྱིས་མཉན་བྱ་དང༌། །སྲོག་སོགས་འདི་ནི་མཚུངས་པར་འགྱུར། ༈ །མ་ཡིན་ལྡོག་པ་ཅན་ཡིན་ཡང༌། །འདི་ནི་འཁྲུལ་པའི་ཕྱིར་ཞེ་ན། །ཅི་ལྟར་སྒྲུབ་མིན་ཉིད་ལས་དེ། །ལྡོག་མིན་འོ་ན་དོན་གྱིས་དེ། །བསྒྲུབ་བྱའི་རྗེས་འཇུག་མིན་དེ་ལྟར། །བརྗོད་འགྱུར་དེ་ནི་གཞན་ལའང་མཚུངས། ༈ །སྒྲུབ་མིན་ཉིད་ལས་རྣམ་བཅད་ཅེས། །བསྒྲུབ་བྱ་ལ་གནས་བརྗོད་པ་ཡིན། །དེ་ཉིད་ཕྱིར་ན་དོན་གོ་བས། །གཅིག་གིས་གཉིས་ཀ་བསྟན་པར་བརྗོད། །དེ་ཕྱིར་རྗེས་འགྲོ་མེད་པ་ལས། །འདི་འདྲའི་མི་འཁྲུལ་གྲུབ་མ་ཡིན། །བཀག་པ་འགོག་པར་བྱེད་པ་ནི། །སྒྲུབ་པ་ལས་གཞན་ཅི་འདྲ་ཞིག་༈ །བསྒྲུབ་བྱ་མེད་ལས་ལྡོག་མེད་པ། །དེས་ན་སྒྲུབ་མིན་ཉིད་ལ་མེད། ༈ །མེད་ཅེས་ལྡོག་པ་དེ་ཉིད་ནི། །ཅི་ལྟར་མེད་ལས་ལྡོག་པར་འདོད། །ལྡོག་པ་མེད་པ་སྒྲུབ་པ་ཡིན། །དངོས་ཡོད་མེད་ནའང་ཡོད་ཡིན་ལ། །དངོས་པོ་མེད་པའང་ཡོད་མིན་ཞེས། །བླུན་པོ་ཡི་ནི་དཔྱོད་ལ་ལྟོས། །གལ་ཏེ་དེ་ལས་ལྡོག་མེད་ན། །གཏན་ཚིགས་འཇུག་པར་འདོད་དམ་ཅི། །དེ་ཡང་མིན་ན་ལྡོག་བཀག་ནི། །འདི་ཉིད་ཡིན་ན་ཅི་སྟེ་འགོག་༈ །སྒྲུབ་དང་དགག་པ་མ་གཏོགས་པར། །སྒྲ་ལས་བྱུང་བའི་ཐ་སྙད་གཞན། །ཡོད་མིན་དེ་ཡང་མེད་པ་ལས། །མེད་ཕྱིར་འདིར་ནི་མི་སྨྲ་ཐོབ། ༈ །ཡོད་པ་རྣམས་ལ་དགག་པ་མེད། །དེ་ནི་མེད་ལའང་ཡོད་མ་ཡིན། །རིག་པ་འདི་ཡིས་འགྲོ་བ་ལ། །དགག་པའི་དོན་ནི་མེད་པར་འགྱུར། ༈ །གལ་ཏེ་ཡུལ་དུས་འགོག་ཅེ་ན། །ཅི་ལྟར་དེ་ཡོད་དེ་ལྟར་ནི། །མི་འགོག་ཅི་ལྟར་དེ་མེད་པ། །དེ་ལྟར་ཡང་ནི་འགོག་མི་འགྱུར། ༈ །དེ་ཕྱིར་དངོས་དངོས་མེད་རྟེན་ཅན། །ཕྱི་རོལ་རྟེན་མིན་སྒྲ་དོན་ལ། །བརྟེན་ནས་འདིར་ནི་སྒྲུབ་པ་དང་། །དགག་པ་ཐམས་ཅད་འདོད་པ་ཡིན། །དེ་འདྲ་མེད་ནའང་ཆོས་ཅན་དེ། །དེ་དག་དང་ནི་འབྲེལ་བར་སྣང༌། །དེ་ཡང་སྒྲ་འཇུག་པ་ཉིད་ལས། །ཡོད་ཅེས་ཐ་སྙད་རྟེན་པར་འདོད། ༈ །དེ་ལྟ་མིན་ན་དོན་རྣམས་ཀྱི། །ཆོས་གཅིག་བསྒྲུབས་སམ་བཀག་པ་ན། །བདག་ཉིད་ཐམས་ཅད་བསྒྲུབས་པ་དང༌། །བཀག་འགྱུར་བདག་ཐ་དད་མེད་ཕྱིར། །ཐ་དད་ཡིན་ན་གཞན་དང་གཞན། །བཀག་པ་དང་ནི་བསྒྲུབས་པ་བཞིན། །བསྒྲུབ་པ་དང་ནི་དགག་པ་དག །ཆོས་ཅན་གཅིག་ལ་འདུ་མི་འགྱུར། ༈ །སྣ་ཚོགས་ཆོས་ཀྱི་གཞིར་གྱུར་པ། །ཆོས་ཅན་གཅིག་གི་དབང་བྱས་ཏེ། །གཅིག་སྒྲུབ་པ་ན་དེ་བརྟེན་དང༌། །གཞན་རྣམས་བཏང་སྙོམས་ལྟ་བུ་དང༌། །འགོག་ན་དེ་ཡིས་དབེན་པ་དང༌། །དེ་ལས་གཞན་ལ་ལྟོས་ལྟ་བུར། ༈ །མེད་པ་ཡི་ནི་དོན་ཅན་གྱི། །ཐ་སྙད་ཇི་ལྟར་བློས་བསྟན་པ། །དེ་བཞིན་ཉིད་དེ་མ་བརྟགས་པར། །ཐ་དད་དོན་རྟེན་ཁས་ལེན་པ། །ཐོག་མེད་བག་ཆགས་ལས་བྱུང་བའི། །འཇིག་རྟེན་དོན་ལ་གནོད་མི་འགྱུར། །དེ་འབྲས་ཅན་དང་དེ་འབྲས་མེད། ༈ །དེ་དེ་ལས་ཐ་དད་དོན་གཅིག །ཐ་དད་རྟེན་ཅན་འཕེལ་བ་དང༌། །འགྲིབ་པ་ལྟ་བུར་བྱེད་པ་ཡི། །བསླད་པ་དེ་དང་དེ་དག་གིས། །འབྲེལ་པ་འགལ་ལས་དེ་ལྡན་ཉིད། །མིན་ཡང་མཐོང་བས་སྦྱོར་དེས་ན། །དེ་དག་བསླད་པའང་ཤེས་མ་ཡིན། །ཡོད་ཉིད་སྒྲུབ་བྱེད་འཇུག་པའི་ཕྱིར། །དེ་མེད་མ་ཡིན་ཐེ་ཚོམ་འགྱུར། །ཁས་བླངས་ཚད་མ་མིན་པ་ལས། །མེད་པ་ཉིད་ཀྱང་རིགས་མ་ཡིན། །མེད་ལས་ལྡོག་པ་མེད་ན་ཡང༌། །མཐུན་ཕྱོགས་ལས་ལྡོག་ཐེ་ཚོམ་ཟ། །དེ་ལ་ཐེ་ཚོམ་ཟ་ཕྱིར་ཏེ། །མི་མཐུན་ཕྱོགས་ལས་ལྡོག་པར་ཡང༌། །ཕུང་པོ་གཉིས་ལས་གཅིག་ལ་ནི། །ངེས་པར་གྲུབ་ན་གཞན་ལས་ནི། །ལྡོག་གྲུབ་མ་མཐོང་བ་ཡིན་ཡང༌། །མཐོང་མེད་དག་ལ་ཐེ་ཚོམ་ཟ། །གསལ་ལ་ཁྱབ་བྱེད་མ་ཡིན་ཡང༌། །དེ་ཡི་རིགས་གྱུར་དོན་ཡོད་པས། །མ་མཐོང་བས་འགར་ངེས་མེད་དེ། །མཁྲེགས་པ་མཚོན་གྱིས་མི་ཆོད་བཞིན། ༈ །ཡོད་ལ་འགལ་བ་མ་མཐོང་ན། །ཐེ་ཚོམ་གང་ལས་ལྡོག་པར་འགྱུར། །དེ་ཡང་ལ་ལར་དེ་འབྲས་དང༌། །བདག་ཏུ་ངེས་ལས་གཞན་ཅི་ཡོད། །དེས་ན་བདག་མེད་པ་ལས་ཀྱང༌། །འདི་ནི་ལྡོག་པར་ཐེ་ཚོམ་ཟ། ༈ །ལྡོག་ཏུ་ཆུག་པ་དེ་ལྟ་ནའང༌། །བདག་མེད་མེད་ལས་བདག་མི་འགྱུར། །གང་གིས་དེ་ནི་ལྡོག་མེད་ལ། །ངེས་པར་དངོས་པོར་འདོད་མ་ཡིན། །དཔེར་ན་སྲོག་སོགས་མཐུན་ཕྱོགས་ལ། །ལྡོག་པ་མེད་ཀྱང་ཡོད་མིན་བཞིན། །གལ་ཏེ་གཏན་ཚིགས་མཐུན་ཕྱོགས་ལས། །ལྡོག་མེད་དེ་རྒྱུས་རྗེས་འགྲོ་ཅན། །རྗེས་འགྲོ་ཅན་མིན་ལྡོག་མིན་ན། །བདག་མེད་མ་ཡིན་བདག་བཅས་མིན། ༈ །འཇུག་ལ་གང་གི་རང་བདག་ཉིད། །གང་མེད་མི་འབྱུང་ཅན་གྲུབ་པ། །དེ་ཕྱིར་དེ་ཉིད་ལྡོག་བྱེད་དེ། །འཇུག་པ་ན་ཡང་འཇུག་བྱེད་ཡིན། ༈ །མེད་ན་མི་འབྱུང་དེ་ཡང་ནི། །སྒྲུབ་པར་བྱེད་ལ་ལྟོས་པ་ཡིན། ༈ །འབྲས་བུ་མཐོང་དང་མ་མཐོང་བ། །དེ་དག་རྒྱུ་དང་འབྲས་བུ་ཉིད། །དེ་ཡོད་ན་ཡོད་ངེས་མེད་ཕྱིར། །དོན་གཞན་རྟོགས་པ་ཡོད་མ་ཡིན། །རྟག་ཏུ་ཡོད་པའམ་མེད་པ་ན། །དེ་དག་མེད་པར་མི་སྲིད་ཕྱིར། །འབྲས་བུའི་རང་བཞིན་ཐ་དད་རྣམས། །རྒྱུ་རྣམས་ལས་ནི་བྱུང་བའི་ཕྱིར། །དེ་དག་མེད་པར་གཞན་ལས་བྱུང༌། །ཅི་ལྟར་དེས་བསྐྱེད་རང་བཞིན་ཡིན། །ཚོགས་པའི་ནུས་པ་ཐ་དད་ཕྱིར། །དངོས་རྣམས་སྣ་ཚོགས་ངོ་བོ་ཉིད། །གལ་ཏེ་ཐ་དད་བྱེད་མིན་ན། །འགྲོ་འདི་ངོ་བོ་གཅིག་ཏུ་འགྱུར། ༈ །འདི་ཐ་དད་བྱེད་ཐ་དད་བྱེད། །མིན་ན་རང་བཞིན་གཅིག་ཉིད་ཉམས། ༈ །གཅིག་ནི་རང་བཞིན་དུ་མ་ན། ༈ །མེ་དང་མེ་མིན་རང་བཞིན་གཉིས། ༈ །དེས་ན་གཞན་ནི་དེས་བསྐྱེད་པའི། །རང་བཞིན་ཡིན་ན་དེ་དེ་ཉིད། །དེས་བསྐྱེད་རང་བཞིན་མ་ཡིན་ན། །དེ་ནི་དེ་ལས་ཅི་ལྟར་འབྱུང༌། ༈ །དེ་ལྟར་རྒྱུ་དང་འབྲས་བུ་དག །ཕན་ཚུན་རང་བཞིན་ངེས་པ་ཉིད། །དེས་ན་རང་བཞིན་མཐོང་བ་བཞིན། །འབྲས་མཐོང་ན་ཡང་དེ་རྟོགས་འགྱུར། ༈ །ཆུ་དང་འོ་མ་རུལ་འགྱུར་བཞིན། །དུ་མ་ལས་གཅིག་ཇི་ལྟར་འགྱུར། ༈ །གཤེར་ནུས་གང་ལས་རུལ་འགྱུར་ཏེ། །གཉི་གའང་གཅིག་ཉིད་ཅི་འདི་ནི། །ཐ་དད་གཅིག་པའི་བདག་ཉིད་དམ། །ཐ་དད་གཤེར་ཉིད་ཇི་ལྟར་ཡིན། །རང་རང་ངོ་བོ་ལ་གནས་ཕྱིར། །དེ་ཡི་རང་བཞིན་ཅན་གྱི་བློ། །ཐ་དད་མེད་ཕྱིར་གཅིག་ཅེས་བརྗོད། ༈ །དེ་བཞིན་མེ་ནི་ཐ་དད་ཀྱང༌། །ཆ་གང་གིས་ནི་མེར་རྟོགས་པའི། །རྟེན་ཡིན་དེས་ནི་དུ་བསྐྱེད་པ། །དེས་ནི་དེ་ལྟར་རྟོགས་པ་ཡིན། །མེར་ཤེས་ཡན་ལག་གཞན་ལས་ནི། །ལྟོས་པ་ཉིད་ལས་བྱུང་བའི་ཕྱིར། །དུ་བ་དེ་ལ་འཁྲུལ་མེད་ཅན། །དེ་ལྟར་འབྲས་གཞན་དེ་བཞིན་འགྲུབ། ༈ །དུ་བ་བུད་ཤིང་འགྱུར་བ་ཡི། །ཡན་ལག་རྟེན་ལ་མེར་འཇོག་ཕྱིར། །གལ་ཏེ་མེ་མིན་དེ་དུ་མིན། །གལ་ཏེ་དེ་དུ་མེ་དེ་ཉིད། ༈ །ཅི་ལྟར་རང་རྒྱུ་ལ་ལྟོས་ནས། །རང་བཞིན་མེད་ན་མི་འབྱུང་བར། །ཤེས་བྱ་འཇིག་དང་བྱས་པ་ཉིད། །གོང་དུ་ཇི་སྐད་བཤད་བཞིན་ནོ། ༈ །ལྡོག་ཅན་མཚུངས་པར་བསྟན་པའི་ཕྱིར། །མཉན་བྱ་ཉིད་ནི་བརྗོད་མཛད་ལས། །གཏན་ཚིགས་མིན་ཉིད་རྟོགས་པ་ཡི། །ཚུལ་འདིས་ཐམས་ཅད་དཔག་པར་བྱ། ༈ །རྒྱུ་དང་ངོ་བོ་ལྡོག་ཉིད་ཀྱིས། །དོན་ལྡོག་པར་ནི་བརྗོད་པ་ལས། །མི་དམིགས་དཔེ་ནི་གྲུབ་པའི་ཕྱིར། །ཐ་དད་པར་ནི་མ་བཤད་དོ། ༈ །དེ་ལའང་སྐྱེས་བུ་མཐོང་མེད་ལས། །སྲོག་སོགས་ལྡོག་པ་མེད་པའི་ཕྱིར། །གཏན་ཚིགས་ཐེ་ཚོམ་ཟ་བཤད་པས། །བལྟར་རུང་དོན་ལ་དེ་ཞེས་བསྟན། ༈ །འདིས་ནི་དངོས་ལའང་དངོས་པོའི་ཆ། །ཁས་བླངས་མེད་པར་དགག་པ་ཉིད། །སྒྲུབ་བྱེད་སྔ་མ་དག་གིས་ནི། །མ་ཡིན་སྒྲུབ་པར་བྱེད་ཕྱིར་རོ། ༈ །དེ་ལ་དམིགས་རུང་རྣམས་ཀྱི་ནི། །ཡོད་པ་དམིགས་པ་ལས་གཞན་མིན། །དེ་ཕྱིར་མི་ཤེས་ཤེས་བྱའི་ཕྱིར། །མི་དམིགས་དཔེ་གཅིག་བཞེད་པ་ཡིན། ༈ །ཡུལ་མེད་ཕྱིར་དེར་ཡུལ་ཅན་ནི། །ཤེས་བརྗོད་ཐེ་ཚོམ་འགོག་འགྱུར་ཏེ། །དཔེར་ན་སྲེག་པར་བྱེད་མིན་ཕྱིར། །མེ་མ་ཡིན་ཞེས་བྱ་བ་བཞིན། །དམིགས་སུ་རུང་བའི་མེད་པ་ནི། །མི་དམིགས་པ་ལས་གཞན་མ་ཡིན། །དེ་ཕྱིར་དེ་ཡོད་པ་ལས་དེའི། །རྒྱུ་མཚན་ཅན་གྱི་སྒྲ་ཤེས་སྒྲུབ། ༈ །སྣང་བ་མ་མཐོང་ན་མེད་ཅེས། །བྱ་བའི་ཐ་སྙད་འདི་གྲུབ་པས། །དེ་འབྲས་ཡིན་ཡང་དེ་ལས་ནི། །བློ་སྒྲ་ཐེ་ཚོམ་མེད་པར་འགྲུབ། །ཡུལ་ཡོད་ན་ཡང་རྨོངས་པས་འདིར། །གཞན་དག་རྗེས་སུ་མི་བརྗོད་པ། །གྲུབ་པ་དང་ནི་ཆོས་མཐུན་ལས། །བརྡ་དྲན་བྱེད་པ་འབའ་ཞིག་གོ། །ཅི་ལྟར་མཐོང་དང་མ་མཐོང་ལས། །རྒྱུ་དང་འབྲས་ཉིད་སྒྲུབ་བཞིན་ཏེ། །དེ་གཉིས་ལ་ནི་འབྲས་སོགས་སྒྲ། །ཐ་སྙད་དོན་དུ་བཀོད་པ་ཡིན། ༈ །རྒྱུ་ལས་འབྲས་བུ་བསྒྲུབས་པས་ན། །འདི་ནི་རང་བཞིན་ནང་འདུས་ཕྱིར། །གཏན་ཚིགས་རབ་དབྱེ་བཤད་པ་ལས། །ཐ་དད་པར་ནི་དཔེར་མ་བསྟན། །གཅིག་དམིགས་ཉམས་སུ་མྱོང་བ་ལས། །འདི་ནི་དམིགས་སོ་ཞེས་བྱའམ། །མ་དམིགས་སོ་ཞེས་རྟོག་ཅན་གྱི། །བློ་ནི་སྐྱེ་བར་འགྱུར་བ་ཡིན། ༈ །མྱོང་བ་ཁྱད་པར་ཅན་ཉིད་ལས། །དོན་རྣམས་ཁྱད་པར་ཅན་དུ་རྟོགས། །དེ་ལྟའི་བདག་ཉིད་ཅན་མྱོང་ནི། །འདི་ནི་ཐ་དད་བློ་རྒྱུ་ཡིན། ༈ །དེ་ཕྱིར་བློ་དབྱེ་རང་ཉིད་ལས། །གྲུབ་འགྱུར་དེ་དག་གིས་དེའི་དོན། །དེ་ལྟ་མིན་ན་ཐུག་མེད་ཕྱིར། །འགའ་ཡང་ཐ་དད་གྲུབ་མི་འགྱུར། ༈ །རང་བཞིན་ཁྱད་པར་ཅན་མྱོང་ལས། །གཞན་བསལ་བ་ནི་གཞན་མ་ཡིན། །དེ་ཕྱིར་དེ་མི་དམིགས་པ་ཡང༌། །དེ་ལས་ཁྱད་པར་ཅན་དམིགས་ཉིད། །དེས་ན་མི་དམིགས་པ་འདི་ནི། །རང་ཉིད་མངོན་སུམ་ལས་རྟོགས་པས། །རང་ཉིད་ཙམ་གྱིས་འཇུག་པ་ཅན། །དེ་མེད་རྣམ་གཞག་གོ་བྱེད་ཡིན། ༈ །གཞན་དུ་དོན་གྱི་མེད་པ་ཉིད། །མི་དམིགས་པ་ལས་རྟོགས་པར་འགྱུར། །གཞན་གྱིས་དམིགས་པ་མེད་པ་ཉིད། །ཡིན་པའི་ཕྱིར་ན་ཐུག་མེད་འགྱུར། ༈ །མི་སྣང་ངེས་པ་མི་རུང་ཕྱིར། །གཞན་དུ་གཞག་པ་འགོག་འགྱུར་དཔེར། །སེམས་ཅན་གཞན་ལ་རྟགས་མེད་པའི། །རྣམ་རྟོག་ལ་སོགས་མི་འགྲུབ་བཞིན། །འབྲས་བུ་ངེས་མེད་ཅན་འདིས་ནི། །ལྡོག་པ་སྒྲུབ་པར་ནུས་མ་ཡིན། །ངེས་པ་བསྒྲུབ་ཕྱིར་གཏན་ཚིགས་ལ། །དང་པོའི་དབང་དུ་བྱས་པ་ཡིན། །རང་གི་སྦྱོར་བ་དག་ལ་དེའི། །རང་གི་ངོ་བོའི་སྦྱོར་བའམ། །དོན་ལ་གནོད་བྱེད་ངོ་བོ་སྟེ། །ཡོད་ན་ཡོད་པས་མེད་ཕྱིར་རམ། །ཕན་ཚུན་ཐ་དད་གྲུབ་ཕྱིར་ཏེ། །བརྟན་དངོས་དང་ནི་འཇིག་པ་བཞིན། །ཚད་མ་གཞན་གྱིས་གནོད་ཕྱིར་ཡང༌། །དེས་གྱུར་དང་ནི་ལྟོས་བཅས་བཞིན། །རྒྱུ་གཞན་ལས་སྐྱེ་ཉེ་བར་ནི། །གདོན་མི་ཟ་བར་ག་ལ་ཡོད། །དངོས་པོའི་རྒྱུ་ལས་བྱུང་ཡིན་ན། །བརྒྱུད་པའི་དུབ་པས་ཅི་ཞིག་བྱ། །གལ་ཏེ་རྒྱུ་དེས་འཇིག་པ་གཞན། །བསྐྱེད་པས་དེ་ནི་འཇིག་འགྱུར་ན། །དངོས་པོ་དེ་ཉིད་འཇིག་པ་ཡི། །ངང་དུ་བསྐྱེད་ན་ཅི་ཞིག་འགྱུར། །དེ་ནི་བདག་ཉིད་གྲུབ་གྱུར་ན། །བདག་ལ་ཕན་འདོགས་བྱེད་པ་གང༌། །བདག་ལ་ཕན་འདོགས་བྱེད་མིན་ན། །དེ་ཡིས་ལྟོས་བྱ་གང་ཅི་ཞིག །ལྟོས་མེད་དངོས་པོ་ནམ་ཡང་ནི། །དེ་ལྟ་མིན་པར་ཅི་ལྟར་འགྱུར། །དཔེར་ན་དེ་ཉིད་འཇིག་ཀ་མར། །སྡོད་ལ་བརྟེན་པར་མི་འདོད་བཞིན། །ལྟོས་པ་མེད་ན་སྐད་ཅིག་ཀྱང༌། །དངོས་པོ་ཡོད་མིན་འགྱུར་ཞེ་ན། །དེ་ལྟར་གྱུར་ཏེ་དངོས་ཉིད་ཡིན། །དངོས་མེད་དེ་ལྟར་ཅི་ལྟར་འགྱུར། །གང་དག་དེ་ཡོད་གཞན་ལྟོས་མེད། །དེ་དག་དེ་ཡོད་ལ་དེས་ཡིན། །འབྲས་བུའི་ལས་ལ་གེགས་བྱེད་པ། །མེད་པ་ཅན་གྱི་ཚོགས་པ་བཞིན། ༈ །བློ་ཡི་ནུས་པ་ཆུང་བ་མེད་པ་དེ་དག་གིས་ཀྱང་ཟབ་མོའི་དེ་ཉིད་རྟོགས་མེད་ཅན། །བརྩོན་འགྲུས་ཤིན་ཏུ་ལྷག་པར་གྱུར་པ་དེ་དག་གིས་ཀྱང་མཆོག་གི་དེ་ཉིད་མཐོང་མེད་ལྡན། །འགྲོ་བ་རྣམས་ལ་མཚུངས་པར་ལེགས་བཤད་སླར་འཛིན་བྱེད་པ་མི་རྙེད་པ་ཅན་ཁོ་བོའི་གཞུང༌། །རྒྱ་མཚོ་ལ་ནི་ཆུ་བོ་བཞིན་དུ་རང་གི་ལུས་ལ་ཐིམ་ཞིང་ནུབ་པ་ཉིད་དུ་འགྱུར། །ཚུལ་དང་ཚུལ་མིན་རྣམ་པར་འབྱེད་མཁས་ལྟ་བ་ངན་པའི་ཚང་ཚིང་བསྲེག །འཕགས་པ་ཉིད་ཀྱིས་རྗེས་སུ་བཟུང་བས་ཡང་དག་རིག་པའི་ལམ་སྟོན་པ། །གཞུང་ལུགས་ཉིན་བྱེད་ཡོན་ཏན་བརྒྱ་ལྡན་བློ་ངན་ཉིད་སྤོང་འཇིགས་པ་སྤངས། །དེ་ལྟ་མོད་ཀྱི་བློ་མིག་རྣམ་དག་མཁས་པའི་པདྨོ་རྒྱས་བྱེད་ཡིན། །ཚད་མ་རྣམ་འགྲེལ་ལས་གཞན་གྱི་དོན་གྱི་ཚིག་ལེའུར་བྱས་པ་སྟེ་ལེའུ་བཞི་པའོ།། །།

ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་འདི་ནི་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་བ་གཞུང་ལུགས་ངན་པ་ཐམས་ཅད་ཆེས་ཤིན་ཏུ་འཁྲུལ་པར་འཇུག་པ་སྙན་པའི་གྲགས་པས་སའི་སྟེང་མ་ལུས་པར་ཁྱབ་པ་འགྲན་ཟླ་མེད་པའི་མཁས་པ་ཆེན་པོ། དཔལ་ཆོས་ཀྱི་གྲགས་པས་མཛད་པ་རྫོགས་སོ།། །།

རྒྱ་གར་གྱི་མཁན་པོ་སུ་བྷཱུ་ཏི་ཤྲཱི་ཤནྟི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར། དཔལ་ལྡན་དམ་པའི་ལས་ལ་མངོན་དགེས་པ། །སྨད་མེད་ཆེ་བའི་བདག་ཅན་རྒྱལ་པོ་མཆོག །དགེ་བའི་ཐུགས་མངའ་ངེས་པ་ས་སྐྱོང་བ། །མི་ཡི་བདག་པོ་དབང་སྡེའི་བཀས་བསྐུལ་ནས། །བརྩོན་ལྡན་ལྷག་པར་དཔྱོད་ལྡན་འཆད་པོ་དང༌། །ཉན་པོ་རྒོལ་དང་ཕྱིར་རྒོལ་དོན་ངེས་དང༌། །འབྲེལ་གཏམ་དགའ་སྟོན་རྒྱ་ཆེན་མྱོང་བྱའི་ཕྱིར། །འཛམ་གླིང་མཁས་པའི་རྒྱན་གྱུར་རྒྱན་འདི་བསྒྱུར། །ལྟ་ངན་ཀུན་སེལ་གཉིས་སུ་མེད་པ་ཡི། །དོན་དམ་རྣམ་དཔྱོད་ལྷུར་ལེན་བསྟན་བཅོས་འདི། །གཞུང་མང་དོན་དཀའ་སྒྲུབ་པར་དཀའ་ན་ཡང༌། །འབྲས་བུ་ཆེ་ཕྱིར་འབད་པར་རིགས་པ་ཡིན། །ལོག་པའི་རྒྱུན་ཕྱོགས་རྗེས་སུ་གཞོལ་གྱུར་པ། །ལྟ་བ་ཆུ་བོ་བཟློག་པར་དཀའ་མོད་ཀྱི། །ཡང་དག་རིག་པས་ལེགས་པར་བརྡ་སྤྲད་ན། །འགའ་ཡི་ཡིད་ལ་ཅི་སྟེ་འབབ་མི་འགྱུར། །སྒྲ་དོན་གཉི་ག་ཉམས་སུ་བདེར་ལོན་ཏེ། །མུན་སྤྲུལ་གྱིས་ནི་མ་བསླད་ལེགས་བསྒྱུར་བ། །སྔོན་གྱི་སྒྱུར་བྱེད་དམ་པ་དེ་དག་གི། །དྲི་ཙམ་བྲོ་བ་ད་ལྟ་ཁོ་བོར་ཟད། །དཔལ་ལྡན་ཁ་ཆེའི་རིག་པ་བའི། །གཙུག་གི་ནོར་བུ་སྐལ་ལྡན་ནི། །རྒྱལ་པོ་ཞེས་བྱ་ལ་ཐོས་ནས། །བློ་ལྡན་བཟང་པོས་འདི་བསྒྱུར་རོ། །གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་ཤར་ཕྱོགས་ན་ཡུལ་འཁོར་ལོ་འཛིན་པ་ཞེས་བྱ་བ། གྲུབ་པའི་གནས་སུ་གྲགས་པའི་འདབས། རྣམ་པར་རྒྱལ་བའི་ཞིང་ཞེས་བྱ་བར། ཁ་ཆེའི་པཎྜི་ཏ་ཆེན་པོ་སྐལ་ལྡན་རྒྱལ་པོ་དང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ། །དུས་ཕྱིས་སའི་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བའི་མཁས་པ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་ལ་སོགས་པ་རྣམས་དང༌། ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

                                                                                                                                                                                                                 རྩོམ་སྒྲིག་པ།  དཀོན་མཆོག་རྒྱ་མཚོ།


བརྒྱུད་འགོད།
0