བསྡུས་སྦྱོར་གྱི་སྙིང་པོ་ཀུན་བསྡུས་རིག་པའི་མཛོད་ཅེས་བྱ་བ་བཞུགས་སོ། །

སྤེལ་དུས།  2017-12-13   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  ཀུན་མཁྱེན་འཇམ་དབྱངས་བཞད་པ།   ཀློག་གྲངས།  

བསྡུས་སྦྱོར་གྱི་སྙིང་པོ་ཀུན་བསྡུས་རིག་པའི་མཛོད་ཅེས་བྱ་བ་བཞུགས་སོ། །

ཀུན་མཁྱེན་འཇམ་དབྱངས་བཞད་པས་མཛད།   

        ཤེས་བྱའི་ནེའུ་གསིང་ངོས་ཡངས་ལ། །རིགས་ལམ་མེ་ཏོག་རྒོད་པ་ཅན། །ཀྱེ་ཀྱེ་བློ་གྲོས་གཞོན་ནུ་རྣམས། །འདི་ན་རྩེད་འཇོ་བྱ་བར་རིགས། །ཆོས་ཅན་དབྱེ་གཞི་བཤད་པ་དང༌། །ཆོས་ཀྱི་དབྱེ་བ་བསྟན་པ་དང༌། །ངེས་པར་བྱ་བའི་རྣམ་བཞག་དང༌། །ངེས་བྱེད་ཐལ་འགྱུར་བཤད་པ་དང༌། །ལྟ་བ་དབུ་མར་འཇུག་པའི་ཚུལ། །ལྔ་པོ་སྐབས་འདིའི་བསྡུས་དོན་ཡིན། །ཤེས་བྱ་གཞལ་བྱ་གཞི་གྲུབ་ཡོད། །ཆོས་དང་གཞི་དང་རྟེན་འབྲེལ་དང༌། །དམིགས་པའི་ཆོས་ཅན་ཡུལ་རྣམས་ནི། །ཁྱབ་མཉམ་དབྱེ་གཞིའི་ཆོས་ཅན་ཡིན། །དབྱེ་ན་དངོས་པོ་རྟག་པ་གཉིས། །དགག་སྒྲུབ་མཚན་མཚོན་མཚན་གཞི་ནི། །བྱས་དང་མ་བྱས་སྐྱེས་མ་སྐྱེས། །འདུས་བྱས་མ་བྱས་དངོས་པོ་མེད། །འཇིག་དང་མི་འཇིག་ལ་སོགས་པའོ། །དངོས་པོ་ལ་ཡང་བེམ་པོ་དང༌། །ཤེས་པ་ལྡན་མིན་འདུ་བྱེད་གསུམ། །བེམ་པོ་ལ་ཡང་ཕྱི་ནང་གཉིས། །ཕྱི་དོན་གཟུགས་ལ་སོགས་པ་ལྔ། །གཟུགས་ལ་ཁ་དོག་དབྱིབས་ཀྱི་གཉིས། །རྒྱས་པར་ཕྱེ་ན་ཉི་ཤུ་སྟེ། །སྔོ་སེར་དམར་དང་དཀར་པོ་དང༌། །སྣང་མིན་སྤྲིན་དང་དུ་བ་དང༌། །རྡུལ་དང་ཁུག་སྣ་ཉི་མ་དང༌། །གྲིབ་མ་རིང་ཐུང་ལྷམ་པ་དང༌། །ཟླུམ་པོ་མཐོན་པོ་དམའ་བ་དང༌། །ཕྱ་ལེ་ཕྱ་ལེ་མ་ཡིན་པའོ། །སྒྲ་ལ་རྣམ་པ་བརྒྱད་ཡོད་དེ། །ཟིན་པའི་འབྱུང་བ་ལ་བརྟེན་པའི། །སེམས་ཅན་སྟོན་དང་མི་སྟོན་ལ། །ཡིད་འོང་མི་འོང་གཉིས་ཏེ་བཞི། །མ་ཟིན་པ་ལའང་དེ་བཞིན་ནོ། །དྲི་ལ་ཞིམ་དང་ང་བ་དང༌། །མཉམ་དང་མི་མཉམ་བཞི་རུ་དབྱེ། །རོ་ནི་མངར་སྐྱུར་ཁ་དང་སྐ། །ཚ་བ་ལན་ཚ་རྣམ་པ་དྲུག །རེག་བྱ་ས་ཆུ་མེ་རླུང་དང༌། །འཇམ་རྩུབ་ལྕི་ཡང་གྲང་བ་དང༌། །བཀྲེས་དང་སྐོམ་པ་བཅུ་གཅིག་གོ །ནང་དོན་མིག་ལ་སོགས་པ་ལྔ། །ཤེས་པ་ཚད་མ་ཚད་མིན་གཉིས། །ཚད་མ་ལ་ཡང་མངོན་རྗེས་གཉིས། །དབང་ཡིད་རང་རིག་རྣལ་འབྱོར་གྱི། །མངོན་གསུམ་རྣམ་པ་བཞི་རུ་འདོད། །རྗེས་དཔག་དངོས་སྟོབས་གྲགས་ཡིད་གསུམ། །མ་རྟོག་ལོག་རྟོགས་ཐེ་ཚོམ་སྟེ། །ཚད་མིན་བློ་ཡང་གསུམ་དུ་འགྱུར། །ལྡན་པ་མིན་པའི་འདུ་བྱེད་ལ། །ཐོབ་དང་མ་ཐོབ་སྐལ་མཉམ་དང༌། །སྙོམས་འཇུག་གཉིས་དང་སྲོག་དང་ནི། །སྐྱེ་གནས་མི་རྟག་རྒ་བ་དང༌། །མིང་གི་ཚོགས་སོགས་བཅུ་བཞི་ཡོད། །ཡང་ན་ཤེས་བྱ་རྣམ་དབྱེ་བ། །ཕུང་བོ་ཁམས་དང་སྐྱེ་མཆེད་དོ། །ཕུང་བོ་གཟུགས་ཚོར་འདུ་ཤེས་དང༌། །འདུ་བྱེད་རྣམ་ཤེས་ཕུང་བོ་ལྔ། །མཛོད་ལས་གཟུགས་ཕུང་བཅུ་གཅིག་གསུངས། །མིག་སོགས་འདུས་ཏེ་རེག་པ་ལས། །བྱུང་བའི་ཚོར་སོགས་རྣམ་པ་དྲུག །འདུ་ཤེས་ལ་ཡང་དེ་བཞིན་དྲུག །མཚུངས་ལྡན་ལྡན་མིན་འདུ་བྱེད་གཉིས། །མཚུངས་ལྡན་ལ་ཡང་ལྔ་བཅུ་གསུམ། །ལྡན་མིན་འདུ་བྱེད་སྔར་བཤད་དང༌། །གང་ཟག་ཀྱང་ནི་དེ་ཡིན་ཏེ། །དེ་ཡང་ལ་ནི་སྲིད་པ་གསུམ། །ངན་འགྲོ་དམྱལ་བ་སོགས་གསུམ་དང༌། །བདེ་འགྲོ་མི་དང་འདོད་ལྷ་དྲུག །བཅུ་བོ་འདོད་པའི་ཁམས་ཡིན་ནོ། །དམྱལ་བ་ཚ་གྲང་ཉི་ཚེ་དང༌། །ཉེ་འཁོར་བ་ཡིས་དབྱེ་བས་བཞི། །ཡི་དྭགས་དངོས་དང་འཐོར་བུ་གཉིས། །དུད་འགྲོའི་གནས་དང་ཁ་འཐོར་གཉིས། །མི་ལ་གླིང་གི་དབྱེ་བས་བཞི། །འདོད་ལྷ་རྒྱལ་ཆེན་རིགས་བཞི་དང༌། །སུམ་རྩེན་མཐའ་བྲལ་དགའ་ལྡན་དང༌། །འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་དོ། །གཟུགས་ཁམས་བསམ་གཏན་བཞི་ཡིན་ཏེ། །གཟུགས་མེད་རྣམ་ཤེས་མཁའ་མཐའ་ཡས། །ཅི་ཡང་མེད་པའི་སྐྱེ་མཆེད་དང༌། །འདུ་ཤེས་ཡོད་མིན་མེད་མིན་བཞི། །ཉན་རང་བྱང་ཆུབ་སེམས་དཔའ་ཡི། །སོ་སྐྱེས་ཚོགས་སྦྱོར་གཉིས་གཉིས་ཡོད། །ཉན་ཐོས་རྒྱུན་ཞུགས་ཕྱིར་འོང་དང༌། །ཕྱིར་མི་འོང་དང་དགྲ་བཅོམ་ལ། །ཞུགས་གནས་དབྱེ་བས་བརྒྱད་དུ་ཡོད། །རང་རྒྱལ་བསེ་རུ་ཚོགས་སྤྱོད་གཉིས། །བྱང་འཕགས་ས་བཅུའི་དབང་གིས་བཅུ། །སྒྲིབ་དང་བཅས་པ་སེམས་ཅན་ཏེ། །སྒྲིབ་སྤངས་སངས་རྒྱས་འཕགས་པའོ། །རྣམ་ཤེས་མིག་ལ་སོགས་པ་དྲུག །ཕྱི་དང་ནང་གི་ཁམས་བཅོ་བརྒྱད། །ཕྱི་ཡི་གཟུགས་ལ་སོགས་པ་དྲུག །ནང་གི་མིག་སོགས་རྣམ་དྲུག་དང༌། །མིག་གི་རྣམ་ཤེས་ཁམས་སོགས་དྲུག །སྐྱེ་མཆེད་རྣམ་པ་བཅུ་གཉིས་ཏེ། །ཕྱི་ཡི་གཟུགས་ལ་སོགས་པ་དྲུག །ནང་གི་མིག་སོགས་དྲུག་ཡིན་ནོ། །དེ་ཡང་མཚན་ཉིད་གསུམ་ཡིན་ཏེ། །ཀུན་བཏགས་གཞན་དབང་ཡོངས་གྲུབ་པོ། །ཡང་ན་ཀུན་རྫོབ་དོན་དམ་གཉིས། །གཞན་དུ་རང་མཚན་སྤྱི་མཚན་གཉིས། །སྒྲ་ཡི་དངོས་ཡུལ་ཡིན་མིན་གཉིས། །འདྲ་བ་ཐུན་མོང་ཡིན་མིན་གཉིས། །ཟག་བཅས་ཟག་མེད་གཉིས་སོགས་དབྱེ། །གཞན་ཡང་དགེ་སོགས་གསུམ་ཡོད་དེ། །རྣམ་བྱང་དགེ་བའི་ཕྱོགས་ལ་ཡང༌། །ལུས་ངག་ཡིད་ཀྱི་དགེ་བཅུ་དང༌། །བསོད་ནམས་བྱ་བ་རྣམ་གསུམ་དང༌། །ལམ་ལ་ལྔ་གསུམ་བཅོ་ལྔ་དང༌། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །ཕ་རོལ་ཕྱིན་པ་དྲུག་དང་བཅུ། །འདྲེས་དང་མ་འདྲེས་ཡོན་ཏན་དང༌། །ཆོས་ཕུང་བརྒྱ་ཁྲི་བཞི་སྟོང་དང༌། །གསུང་རབ་ཡན་ལག་བཅུ་གཉིས་དང༌། །འདུལ་མངོན་མདོ་སྡེའི་སྟེ་སྣོད་གསུམ། །བྱ་སྤྱོད་རྣལ་འབྱོར་བླ་མེད་དོ། །གསང་སྔགས་རྒྱུད་སྡེ་རྣམ་པ་བཞི། །སྨིན་བྱེད་བུམ་པའི་དབང་སོགས་བཞི། །གྲོལ་བྱེད་བསྐྱེད་རྫོགས་རིམ་པ་གཉིས། །འབྲས་བུ་སྐུ་བཞི་ཡེ་ཤེས་ལྔ། །གཞན་ཡང་འགོག་ལམ་བདེན་པ་གཉིས། །སྐུ་དང་ཡེ་ཤེས་འཕྲིན་ལས་སོགས། །ལུས་ངག་ཡིད་ཀྱི་དགེ་བ་བཅུ། །ཉོན་མོངས་ཤེས་བྱའི་སྒྲིབ་པ་གཉིས། །མཐོང་དང་སྒོམ་པའི་སྤང་བྱ་གཉིས། །དེ་སོགས་ཀུན་ཉོན་མི་དགེའི་ཕྱོགས། །སྒྲིབ་དང་མ་སྒྲིབ་ལུང་མ་བསྟན། །བྱེ་བྲག་སོ་སོར་ཕྱེ་བ་ན། །རྣམ་གྲངས་བགྲངས་ལས་འདས་པར་འགྱུར། །ངེས་པར་བྱ་བའི་རྣམ་བཞག་ལ། །རྫས་ལྡོག་འགལ་འབྲེལ་སྤྱི་བྱེ་བྲག།།མཚན་མཚོན་རྒྱུ་འབྲས་ཡོད་མེད་རྟོགས། །ཡིན་མིན་ལོག་དང་རྗེས་འགྲོ་ལྡོག །དགག་གཞི་རྩི་ཚུལ་སྔ་ཕྱི་བཙན། །སྐོར་འབེབས་དང་ནི་བཅུ་གསུམ་ཡོད། །རྫས་ཆོས་དེ་དང་ཉེ་དང་བཅས། །ཁྱོད་ཁྱོད་ཁྱོད་མིན་ཁྱོད་མ་ཡིན། །རང་ཡིན་ལྡོག་ཆོས་ཉེ་དང་བཅས། །ཁྱོད་ཁྱོད་ཁྱོད་མ་ཡིན་ཡང་ཁྱོད། །རང་མིན་ལྡོག་ཆོས་ཉེ་དང་བཅས། །ཁྱོད་ཁྱོད་མ་ཡིན་ཁྱོད་མིན་ཡང༌། །ཁྱོད་མ་ཡིན་པའི་ཁྱད་ཆོས་གནས། །དེ་གསུམ་གང་ལ་མི་ཉེ་བ། །ཁྱོད་ཁྱོད་མིན་ལ་ཁྱོད་མ་ཡིན། །ཁྱོད་ཡིན་སོ་སོའི་སྒྲུབ་བྱེད་ནི། །མཚན་གཞི་གང་ཡིན་དེའི་ལྡོག་པ། །དེ་མ་ཡིན་དང་འགལ་བའོ། །གཞི་དེ་ཡོད་ན་ཡོད་རྟོགས་དང༌། །མེད་ན་མེད་རྟོགས་ཚད་མ་ཀུན། །དེ་དང་འགལ་བ་ཐ་དད་ཀུན། །དགག་གཞི་ཅན་གྱི་ཆོས་ལ་ནི། །ཁྱབ་བྱ་འབྲེལ་བ་ལྟོས་བ་ཀུན། །དངོས་པོ་ཡིན་ན་རྒྱུ་འབྲས་ཀུན། །ཁོ་ཁོ་ཡིན་པའི་ཆོས་རྣམས་ཀྱི། །ལྡོག་པ་དང་འགལ་མ་ལུས་ཀུན། །ཡོད་མེད་ཀུན་དང་ཐ་དད་དུ། །གྱུར་བའི་སྒྲུབ་པ་ཐམས་ཅད་དང༌། །ཡོད་མེད་ཀུན་གྱི་བརྗོད་བྱེད་སྒྲ། །དེ་རྣམས་ཞེས་བརྗོད་སྒྲ་ལ་སོགས། །རྫས་ཆོས་ཡིན་པའི་ཆོས་རྣམས་ལ། །དེ་མིན་ཡོད་ན་དེ་དག་ཀུན། །རྫས་ཆོས་སུ་ནི་ངེས་པ་ཡིན། །ཤེས་བྱ་དངོས་པོ་སྒྲུབ་པ་སོགས། །རྐྱང་པ་སློབ་དཔོན་ངག་ལས་ཤེས། །ཡོད་པ་རྣམས་དང་ཐ་དད་དང༌། །དེ་དང་ཕན་ཚུན་ཐ་དད་དང༌། །ཁྱབ་བྱེད་འབྲེལ་ཡུལ་ལྟོས་ཡུལ་ཀུན། །དགག་གཞི་མེད་པའི་ཆོས་ཀྱི་སྟེང༌། །ཁྱབ་བྱ་འབྲེལ་བ་ལྟོས་བ་ཀུན། །ཡོད་མེད་ཀུན་དང་ཐ་དད་དང༌། །རྟག་པའང་ཡིན་པའི་གཞི་མཐུན་ཀུན། །ཡོད་དང་ཕན་ཚུན་ཐ་དད་དང༌། །དེ་ཡི་གཞི་མཐུན་ཐ་དད་དང༌། །མེད་པ་རྣམས་དང་མ་འབྲེལ་བ། །དེ་དང་ཕན་ཚུན་ཐ་མི་དད། །རང་ཡིན་ལྡོག་ཆོས་ཡིན་རྣམས་ལ། །དེ་མིན་ཡོད་ན་དེ་དག་ཀུན། །རང་ཡིན་ལྡོག་ཆོས་ཡིན་པར་ངེས། །རྟག་པ་བདག་མེད་ལ་སོགས་པ། །རྐྱང་པ་སློབ་དཔོན་ངག་ལས་ཤེས། །ཡོད་པ་རྣམས་ཀྱི་ལྡོག་པའམ་གཅིག །ཕན་ཚུན་ཐ་མི་དད་རྣམས་དང༌། །ཡིན་པ་ཡོད་པའི་ཆོས་རྣམས་དང༌། །ཁྱབ་མཉམ་ཀུན་དང་མཚན་གཞི་དང༌། །སྦྱར་བའི་མཚན་མཚོན་མ་ལུས་ཀུན། །ཡོད་མེད་ཀུན་དང་ཐ་དད་དང༌། །དངོས་པོ་རྐྱང་གི་གཞི་མཐུན་ཀུན། །ཡོད་མེད་ཀུན་དང་དངོས་འགལ་དང༌། །ཡིན་པ་མེད་པའི་ཆོས་ཀུན་དངོས། །རང་མིན་ལྡོག་ཆོས་ཡིན་རྣམས་ལ། །དེ་མིན་ཡོད་ན་དེ་དག་ཀུན། །རང་མིན་ལྡོག་ཆོས་ཡིན་པར་ངེས། །མཚན་ཉིད་ལ་སོགས་རྐྱང་བ་རྣམས། །སློབ་དཔོན་ངག་ལས་ཤེས་པར་བྱ། །ཡོད་མེད་ཀུན་དང་ཐ་དད་དང༌། །རང་མིན་ལྡོག་ཆོས་མིན་ནའམ། །རང་ཡིན་ལྡོག་ཆོས་མ་ཡིན་པའི། །གཞི་མཐུན་ཀུན་དང་རང་མིན་ལ། །ཉེ་བའི་ལྡོག་ཆོས་ཡིན་རྣམས་ལ། །དེ་མིན་ཡོད་ཀུན་རང་ཡིན་ལ། །ཉེ་བའི་ལྡོག་ཆོས་ཕུང་གསུམ་ཡིན། །ཡོད་མེད་ཀུན་དང་ཐ་དད་དང༌། །རང་མིན་ལྡོག་ཆོས་ཡིན་པའམ། །རང་ཡིན་ལྡོག་ཆོས་ཡིན་པ་ཡི། །གཞི་མཐུན་ཀུན་དང་རང་ཡིན་ལ། །ཉེ་བའི་ལྡོག་ཆོས་ཡིན་རྣམས་ལ། །དེ་མིན་ཡོད་ཀུན་རང་མིན་ལ། །ཉེ་བར་བྱེད་པའི་ལྡོག་ཆོས་ཡིན། །ཡོད་མེད་ཀུན་དང་ཐ་དད་དང༌། །རྫས་ཆོས་སྒྲུབ་པ་གང་རུང་གི །གཞི་མཐུན་རྣམས་དང་རྫས་ཆོས་ལ། །ཉེ་བའི་ལྡོག་ཆོས་ཡིན་རྣམས་ལ། །དེ་མིན་ཡོད་ཀུན་རྫས་ཆོས་ལ། །ཉེ་བར་བྱེད་པའི་ལྡོག་ཆོས་ཡིན། །ཡོད་མེད་ཀུན་དང་ཐ་དད་དང༌། །དགག་པ་ཡང་ནི་གཞི་མཐུན་ཀུན། །ཆོས་གང་དེ་གསུམ་མི་ཉེ་བ། །ཡིན་ལ་མ་ཡིན་ཡོད་པ་ཀུན། །དེ་གསུམ་གང་ལ་མི་ཉེ་བའི། །ལྡོག་ཆོས་ཕུང་བོ་གསུམ་པ་ཡིན། །འགལ་དང་མི་འགལ་འདི་ལྟ་སྟེ། །ལྷན་གཅིག་མི་གནས་ཕན་ཚུན་སྤང༌། །བྱ་རོག་འུག་པ་མེ་ཆུ་བཞིན། །ཚད་མའི་གཞུང་ལུགས་རྣམས་ལས་འབྱུང༌། །དེང་སང་བསྡུས་གྲྭ་ཡོངས་གྲགས་ལ། །འགག་པ་ཙམ་མམ་རྒྱུད་འགལ་ལ། །འགལ་ཁྱབ་དཀྱུས་མ་སྒོ་གཉིས་འབུད། །ལྡོག་པ་ཐ་དད་ཡིན་པར་དགོས། །དངོས་འགལ་ཡིན་ན་དེ་གཉིས་སྟེང༌། །ཁ་བུབ་གཉིས་དང་སྒོ་བཞི་འབུད། །ཁྱོད་དང་འགལ་བ་ཁྱོད་དང་ནི། །མི་འགལ་བ་དང་དངོས་འགལ་དང༌། །སྒྲུབ་པ་གང་གི་གཞི་མཐུན་ནི། །ཡིན་ཏེ་བདག་མེད་ཡིན་པའི་ཕྱིར། །ཞེས་པ་འདི་ལ་ཁྱབ་པ་ཡོད། །ཁྱོད་དང་མི་འགལ་བ་དེ་ནི། །འགལ་བ་དང་ནི་དངོས་འགལ་དང༌། །འགལ་བ་གང་གི་གཞི་མཐུན་ནི། །ཡིན་ཏེ་ཤེས་བྱ་ཡིན་པའི་ཕྱིར། །ཞེས་པ་འདི་ལ་ཁྱབ་པ་ཡོད། །ཁྱོད་རང་ཁྱོད་དང་མི་འགལ་ཏེ། །ཤེས་བྱ་བདག་མེད་ཡིན་པའི་ཕྱིར། །འབྲེལ་དང་མ་འབྲེལ་འདི་ལྟ་སྟེ། །བྱས་དང་མི་རྟག་ལྟ་བུ་ནི། །བདག་ཉིད་གཅིག་པའི་འབྲེལ་བ་དང༌། །མེ་དང་དེ་འབྲེལ་དུ་བ་བཞིན། །དེ་ལས་བྱུང་བའི་འབྲེལ་བ་ཞེས། །ཚད་མའི་གཞུང་ལུགས་རྣམས་ལས་གསུངས། །མེད་ན་མི་འབྱུང་ཞེས་པ་ཡི། །དོན་ཡང་དེ་བྱུང་འབྲེལ་ལ་གནས། །འོན་ཀྱང་བསྡུས་གྲྭ་ཡོངས་གྲགས་ལ། །ཁྱོད་ཆོས་དེ་དང་འབྲེལ་བར་ཐལ། །དེ་དང་ཐ་དད་ཡིན་གང་ཞིག །ཆོས་དེ་མེད་ན་ཁྱོད་ཀྱང་ནི། །མེད་པས་ཁྱབ་པའི་ཕྱིར་ཞེས་ན། །འབྲེལ་བའི་ཁྱབ་པར་འཆད་པ་ཡིན། །ཁྱོད་དང་འབྲེལ་བ་གང་ཡིན་ཏེ། །མ་འབྲེལ་བ་དང་དངོས་འགལ་དང༌། །སྒྲུབ་པ་ཡང་གི་གཞི་མཐུན་ནི། །ཡིན་ཏེ་ཤེས་བྱ་ཡིན་ཕྱིར་རོ། །ཁོ་དང་མ་འབྲེལ་བ་དེ་ནི། །འབྲེལ་བ་དང་ནི་དངོས་འགལ་དང༌། །དགག་པ་ཡང་གི་གཞི་མཐུན་ནི། །ཡིན་ཏེ་བདག་མེད་ཡིན་ཕྱིར་རོ། །མི་འཇིག་ཆོས་དང་རྟག་པ་ལས། །བདག་གཅིག་པ་ཡི་གོ་བ་ཡོད། །རྟག་པ་དངོས་པོ་ལྟ་བུ་ལ། །དེ་ཡི་གོ་བ་མེད་མོད་ཀྱང༌། །དེང་སང་ཡོངས་གྲགས་བདག་ཅིག་གི །འབྲེལ་བ་ཤེས་པའི་སྤྱི་ནོར་ཟེར། །དེ་ལ་མེད་ན་མི་འབྱུང་གི །འཁྱོག་བཤད་ཙམ་ནི་ཡོད་པར་མངོན། །དེ་བྱུང་འབྲེལ་བ་དངོས་པོ་ལ། །ཡོད་ཀྱི་གཞན་ལ་མེད་དོ་ལོ། །

སྤྱི་དང་བྱེ་བྲག་འདི་ལྟ་སྟེ། །བུམ་པ་ཤེས་བྱའི་བྱེ་བྲག་དང༌། །ཤེས་བྱ་བུམ་པའི་སྤྱི་ཡིན་པར། །ཁས་བླངས་སྒྲུབ་བྱེད་འགོད་པའི་ཚེ། །བུམ་པ་ཤེས་བྱའི་བྱེ་བྲག་སྟེ། །དེ་ཡིན་དེ་དང་བདག་གཅིག་འབྲེལ། །བུམ་པ་མིན་ལ་དེ་ཡིན་ལ། །དུ་མ་གྲུབ་པའི་ཕྱིར་ཞེས་འགོད། །དུ་མའི་མཚན་གཞི་གཉིས་སྟེང་འཛིན། །དེ་ལྟར་སྤྱི་དང་བྱེ་བྲག་འཇོག །ཁྱོད་དང་འགལ་བ་སྤྱི་ཡིན་ཞིང༌། །ཁྱོད་དང་ཐ་དད་སྤྱི་ཡིན་ཏེ། །བདག་མེད་ཡིན་པའི་ཕྱིར་ཞེས་པ། །འདི་ནི་རྡོ་རྗེ་བྲག་རི་ཡིན། །རྫས་ཆོས་རང་ཡིན་ལྡོག་ཆོས་ནི། །ཉེ་དང་བཅས་ལ་སྤྱི་ཡིས་ཁྱབ། །མཚན་གཞི་མེད་རྣམས་སྤྱི་མ་ཡིན། །དངོས་པོ་ལྟ་བུ་གཉིས་ཀ་ཡིན། །མཚན་མཚོན་རྣམ་གཞག་འདི་ལྟ་སྟེ། །མཚན་ཉིད་གོ་བྱེད་ཡིན་པ་ཡོད། །རྫས་ཡོད་ཆོས་གསུམ་ཚང་བའོ། །མཚོན་བྱ་གོ་བྱེད་ཡིན་པ་ཡོད། །བཏགས་ཡོད་ཆོས་གསུམ་ཚང་བའོ། །གཞུང་ལུགས་རྣམས་ལས་གོ་བྱ་དང༌། །གོ་བྱེད་མི་འཁྲུལ་བ་རུ་འཇུག །གོ་བྱའི་སྟེང་དུ་མཚན་གཞི་ནི། །གོ་བྱེད་ཀྱིས་ནི་འཁྲུལ་མེད་རྟོགས། །མཚན་མཚོན་གཞི་གསུམ་རྣམ་གཞག་གསུངས། །དེ་ཡི་ཚུལ་དང་རྗེས་མཐུན་པར། །བུམ་པ་མཚན་གཞི་དངོས་པོར་མཚོན། །དོན་བྱེད་ནུས་པ་ཡིན་པས་སོ། །ཞེས་པ་མཚན་མཚོན་སྦྱོར་བར་འཐད། །ཡོངས་གྲགས་ཁྱབ་མཉམ་སྒོ་གཉིས་དང༌། །ལྡོག་ཁྱབ་གཉིས་ནི་སྒོ་བཞི་འབུད། །མཚན་མཚོན་སྒོ་བཞི་ཡིན་ཞེས་གྲགས། །མཚན་གཞི་མཚོན་བྱའི་སྟེང་དུ་ནི། །མཚན་ཉིད་ཀྱིས་ནི་ངེས་པར་བྱེད། །གཞི་དེ་མཚོན་བྱ་ཡིན་པས་སྟེང༌། །མཚན་ཉིད་ཅི་ཙམ་བརྩེགས་ཀྱང་ཡོད། །མཚོན་བྱ་བཏགས་ཡོད་གཉིས་ཀ་མེད། །གཞི་དེ་མཚན་ཉིད་ཡིན་པས་སྟེང༌། །བཏགས་ཡོད་ཅི་ཙམ་བརྩེགས་ཀྱང་ཡོད། །མཚན་ཉིད་རྫས་ཡོད་གཉིས་ཀ་མེད། །ཡུལ་གྱི་མཚན་ཉིད་བློས་རིག་སོགས། །རྣམ་གྲངས་སློབ་དཔོན་ངག་ལས་ཤེས། །རྒྱུ་དང་འབྲས་བུའི་རྣམ་གཞག་ནི། །སྡེ་བདུན་མཛད་པའི་གཞུང་ལུགས་ལས། །རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །མེད་ན་མི་འབྱུང་འབྲས་བུར་གསུངས། །མེ་ཡི་འབྲས་བུ་དུ་བ་སྟེ། །འབྲས་བུ་ཆོས་ཀྱི་རྗེས་འཇུག་ཕྱིར། །ཞེས་གསུངས་རྒྱུ་འབྲས་འབྲེལ་བ་བསྟན། །སྐྱེད་པར་བྱེད་པ་རྒྱུའི་མཚན་ཉིད། །བསྐྱེད་པར་བྱ་བ་འབྲས་བུ་ཡི། །མཚན་ཉིད་ཉིད་དུ་འཐད་པ་ཡིན། །མི་རྟག་པ་ལ་རྒྱུ་འབྲས་ཡོད། །རྟག་ལ་རྒྱུ་འབྲས་ཡོད་མིན་ཏེ། །རེས་འགའ་བ་ཉིད་ཡིན་པས་ན། །སྡུག་བསྔལ་རྒྱུ་བཅས་གསུངས་ཕྱིར་རོ། །ཁ་ཅིག་ཕན་འདོགས་བྱ་བྱེད་ཟེར། །མི་འཐད་རྐྱེན་ཡང་རྒྱུར་ཐལ་ཕྱིར། །དངོས་པོ་ཐམས་ཅད་རང་རྒྱུའི་དུས། །མ་འོངས་རང་དུས་ད་ལྟ་བ། །རང་འབྲས་དུས་སུ་འདས་པར་ངེས། །རང་གི་རྒྱུ་ལས་སྐྱེས་པ་ནི། །འདུས་བྱས་ཀྱི་ནི་མཚན་ཉིད་ཡིན། །རང་ལ་ཆོས་ཅན་ཚང་བ་ཡང༌། །སྐབས་ཐོབ་ཤེས་དགོས་འདི་ལྟ་སྟེ། །བུམ་པ་ཆོས་ཅན་དུ་བཟུང་ནས། །རང་གི་རྒྱུ་ལས་སྐྱེས་པར་ཐལ། །འདོད་ལན་བཏབ་སྟེ་བརྩི་བའི་ཚེ། །བུམ་པ་བུམ་པའི་རྒྱུ་ལས་སྐྱེས། །ཞེས་ཟེར་རིགས་པ་འདིས་མཚོན་ནས། །རང་གི་རྒྱུ་དང་རང་གི་ནི། །འབྲས་བུ་རང་ལས་སྐྱེས་སོགས་འགྲེ། །བུམ་པ་ཆོས་ཅན་དུ་བཟུང་ནས། །རང་གི་རྒྱུ་ནི་ཡོད་པར་ཐལ། །འདོད་ལན་བཏབ་སྟེ་བརྩི་བའི་ཚེ། །བུམ་པའི་རྒྱུ་ནི་ཡོད་ཅེས་ཟེར། །རང་ལ་ཆོས་ཅན་ཚང་བའི་ཚུལ། །ཁས་བླངས་སྔ་ཕྱི་མི་འགལ་ཏེ། །གོང་དུ་གཉིས་འཕར་བྱེད་པ་དང༌། །ཕྱི་མར་གཅིག་འཕར་བྱེད་པ་ནི། །དོན་གྱིས་ཐོབ་པར་མཁས་པས་བཤད། །དཔེར་ན་རང་རིག་རང་མཚན་དང༌། །རང་ཡིན་ལྡོག་ཆོས་ལ་སོགས་ཀྱི། །རང་ལ་ཆོས་ཅན་མི་འཇུག་པ། །དཔྱོད་ལྡན་ཡོངས་ལ་གྲགས་བཞིན་ནོ། །ཡོད་རྟོགས་མེད་རྟོགས་འདི་ལྟ་སྟེ། །ཁྱད་གཞི་ཡོད་པ་གཞིར་བཅས་ལ། །མེད་རྟོགས་ཆ་ཡོད་ཡ་རྣམས་མེད། །ཡོད་རྟོགས་ཅི་ཙམ་བརྩེགས་ཀྱང་ཡོད། །ཡོད་རྟོགས་མེད་རྟོགས་སྤེལ་གྱུར་ཚེ། །ཡོད་རྟོགས་གཙོ་བས་ཆ་ཡ་རྩི། །ཁྱད་གཞི་མེད་པ་གཞིར་བཅས་ལ། །མེད་རྟོགས་ཡ་ཡོད་ཆ་རྣམས་མེད། །ཡོད་རྟོགས་ཅི་ཙམ་བརྩེགས་ཀྱང་མེད། །ཡོད་རྟོགས་མེད་རྟོགས་སྤེལ་གྱུར་ཚེ། །མེད་རྟོགས་གཙོ་བས་ཆ་ཡ་རྩི། །ཡིན་ལོག་མིན་ལོག་འདི་ལྟ་སྟེ། །ཁྱད་གཞི་ཡིན་པ་གཞིར་བཅས་ལ། །ཡིན་ལོག་ཆ་ཡིན་ཡ་རྣམས་མིན། །མིན་ལོག་ཅི་ཙམ་བརྩེགས་ཀྱང་ཡིན། །ཡིན་ལོག་མིན་ལོག་སྤེལ་གྱུར་ཚེ། །ཡིན་ལོག་གཙོ་བས་ཆ་ཡ་བརྩི། །ཁྱད་གཞི་མིན་པ་གཞིར་བཅས་ལ། །ཡིན་ལོག་ཡ་ཡིན་ཆ་རྣམས་མིན། །མིན་ལོག་ཅི་ཙམ་བརྩེགས་ཀྱང་མིན། །ཡིན་ལོག་མིན་ལོག་སྤེལ་གྱུར་ཚེ། །ཡིན་ལོག་གཙོ་བས་ཆ་ཡ་རྩི། །ཡིན་པར་རྟོགས་པའི་ཚད་མའི་ཡུལ། །ཡིན་པ་དང་ནི་ཁྱབ་མཉམ་ཡིན། །མིན་པར་རྟོགས་པའི་ཚད་མའི་ཡུལ། །མ་ཡིན་པ་དང་ཁྱབ་མཉམ་ཡིན། །རྗེས་སུ་འགྲོ་ལྡོག་འདི་ལྟ་སྟེ། །ཆོས་ཀྱི་གྲགས་པའི་གཞུང་ལུགས་ལས། །རྗེས་དཔག་བྱ་དང་དེ་མཐུན་ལ། །ཡོད་དང་མེད་ལ་མེད་པ་ཞེས། །གཏན་ཚིགས་ཀྱི་ནི་ཚུལ་གསུམ་གསུངས། །དེ་ཡི་ཕྱི་མའི་ཚུལ་གཉིས་དང༌། །ཕྱོགས་མཐུན་རྗེས་འགྲོ་ལྡོག་ཁྱབ་ཡིན། །དེས་ན་ཁྱབ་པའི་དབྱེ་བ་ལ། །རྗེས་ཁྱབ་ཐུར་ཁྱབ་ལྡོག་ཁྱབ་དང༌། །འགལ་ཁྱབ་ཁ་བུབ་ལྔ་རུ་བཤད། །དེ་དག་སོ་སོར་ངོས་འཛིན་ན། །རྟགས་དེ་ཡིན་ན་གསལ་བ་དེ། །ཡིན་པས་ཁྱབ་པ་རྗེས་ཁྱབ་ཡིན། །གསལ་བ་ཡིན་ན་རྟགས་དེ་ཉིད། །ཡིན་པས་ཁྱབ་པ་ཐུར་ཁྱབ་ཡིན། །གསལ་བ་མིན་ན་རྟགས་དེ་ཉིད། །མིན་པས་ཁྱབ་པ་ལྡོག་ཁྱབ་ཡིན། །རྟགས་དེ་ཡིན་ན་གསལ་བ་དེ། །མིན་པས་ཁྱབ་པ་འགལ་ཁྱབ་ཡིན། །རྟགས་མིན་གསལ་མིན་ཁྱབ་པ་ནི། །ཁ་བུབ་དུ་ནི་ཤེས་པར་བྱ། །ཕྱིན་ཅི་ལོག་གི་འབུད་ཚུལ་ནི། །གསལ་འགྱུར་རྟགས་མི་འགྱུར་དུ་གནས། །ཐུར་ཁྱབ་རྣལ་མ་ཆ་རྣམས་དང༌། །ལྡོག་ཁྱབ་རྣལ་མ་ཆ་རྣམས་དང༌། །རྗེས་ཁྱབ་ཁ་བུབ་ཆ་རྣམས་དང༌། །ལྡོག་ཁྱབ་ཁ་བུབ་ཆ་རྣམས་དང༌། །འགལ་ཁྱབ་ཁ་བུབ་ཆ་རྣམས་དང༌། །ཐུར་ཁྱབ་ཕྱིན་ཅི་ལོག་ངེས་པའི། །ལྡོག་ཁྱབ་ཕྱིན་ཅི་ལོག་ངེས་དང༌། །ལྡོག་ཁྱབ་ཕྱིན་ཅི་ལོག་ངེས་པའི། །ཐུར་ཁྱབ་ཕྱིན་ཅི་ལོག་ངེས་པའི། །ཐུར་ཁྱབ་ཕྱིན་ཅི་ལོག་ངེས་སོགས། །བཞི་བརྒྱད་བཅུ་གཉིས་བཞི་ཚན་དང༌། །ལྡོག་ཁྱབ་ཕྱིན་ཅི་ལོག་ངེས་པའི། །ལྡོག་ཁྱབ་ཕྱིན་ཅི་ལོག་ངེས་སོགས། །བཞི་བརྒྱད་བཅུ་གཉིས་བཞི་ཚན་དང༌། །ལྡོག་ཁྱབ་ཕྱིན་ཅི་ལོག་ངེས་པའི། །ལྡོག་ཁྱབ་ཕྱིན་ཅི་ལོག་ངེས་སོགས། །བཞི་བརྒྱད་བཅུ་གཉིས་བཞི་ཚན་དང༌། །རྗེས་ཁྱབ་དུ་མ་བརྩེགས་གྱུར་ཀྱང༌། །རྩ་བའི་རྗེས་ཁྱབ་སྟེང་དུ་གནས། །ཐུར་ཁྱབ་རྣལ་མ་ཡ་རྣམས་དང༌། །ལྡོག་ཁྱབ་ཕྱིན་ཅི་ལོག་ངེས་པའི། །ཐུར་ཁྱབ་ཕྱིན་ཅི་ལོག་ངེས་པའི། །ཐུར་ཁྱབ་རྣལ་མ་ངེས་པ་དང༌། །ཐུར་ཁྱབ་ཕྱིན་ཅི་ལོག་ངེས་པའི། །ཐུར་ཁྱབ་ཕྱིན་ཅི་ལོག་ངེས་པའི། །ལྡོག་ཁྱབ་རྣལ་མར་ངེས་པ་དང༌། །ཐུར་ཁྱབ་རྣལ་མར་ངེས་པ་ཡི། །ལྡོག་ཁྱབ་རྣལ་མར་ངེས་པ་ཡི། །ལྡོག་ཁྱབ་རྣལ་མར་ངེས་པ་དང༌། །ལྡོག་ཁྱབ་ཁ་བུབ་ཡ་རྣམས་ནི། །རྩ་བའི་ཐུར་ཁྱབ་སྟེང་དུ་གནས། །ལྡོག་ཁྱབ་རྣལ་མ་ཡ་རྣམས་དང༌། །ལྡོག་ཁྱབ་ཕྱིན་ཅི་ལོག་ངེས་པའི། །ཐུར་ཁྱབ་ཕྱིན་ཅི་ལོག་ངེས་པའི། །ལྡོག་ཁྱབ་རྣལ་མར་ངེས་པ་དང༌། །ལྡོག་ཁྱབ་ཕྱིན་ཅི་ལོག་ངེས་པའི། །ལྡོག་ཁྱབ་ཕྱིན་ཅི་ལོག་ངེས་པའི། །ཐུར་ཁྱབ་རྣལ་མར་ངེས་པ་ཡི། །ཐུར་ཁྱབ་ཕྱིན་ཅི་ལོག་ངེས་པའི། །ཐུར་ཁྱབ་ཕྱིན་ཅི་ལོག་ངེས་པའི། །ཐུར་ཁྱབ་རྣལ་མར་ངེས་པ་དང༌། །ཐུར་ཁྱབ་རྣལ་མར་ངེས་པ་ཡི། །ལྡོག་ཁྱབ་རྣལ་མར་ངེས་པ་ཡི། །ཐུར་ཁྱབ་རྣལ་མར་ངེས་པ་དང༌། །ལྡོག་ཁྱབ་རྣལ་མར་ངེས་པ་ཡི། །ཐུར་ཁྱབ་རྣལ་མར་ངེས་པ་ཡི། །ཐུར་ཁྱབ་རྣལ་མར་ངེས་པ་དང༌། །ཐུར་ཁྱབ་ཁ་བུབ་ཡ་རྣམས་ནི། །རྩ་བའི་ལྡོག་ཁྱབ་སྟེང་དུ་གནས། །རྗེས་ཁྱབ་ཁ་བུབ་ཡ་རྣམས་དང༌། །ལྡོག་ཁྱབ་ཕྱིན་ཅི་ལོག་ངེས་པའི། །ལྡོག་ཁྱབ་ཕྱིན་ཅི་ལོག་ངེས་དང༌། །ཐུར་ཁྱབ་ཕྱིན་ཅི་ལོག་ངེས་དང༌། །ཐུར་ཁྱབ་ཕྱིན་ཅི་ལོག་ངེས་དང༌། །ལྡོག་ཁྱབ་རྣལ་མར་ངེས་པ་ཡི། །ཐུར་ཁྱབ་རྣལ་མར་ངེས་པ་དང༌། །ཐུར་ཁྱབ་རྣལ་མར་ངེས་པ་ཡི། །ལྡོག་ཁྱབ་རྣལ་མར་ངེས་པ་རྣམས། །རྗེས་ཁྱབ་ཁ་བུབ་སྟེང་དུ་གནས། །འགལ་ཁྱབ་ཡ་རྣམས་གང་ཡིན་དང༌། །ལྡོག་ཁྱབ་རྣལ་མར་ངེས་པ་ཡི། །ལྡོག་ཁྱབ་ཕྱིན་ཅི་ལོག་ངེས་དང༌། །ཐུར་ཁྱབ་རྣལ་མར་ངེས་པ་ཡི། །ཐུར་ཁྱབ་ཕྱིན་ཅི་ལོག་ངེས་དང༌། །ལྡོག་ཁྱབ་ཕྱིན་ཅི་ལོག་ངེས་པའི། །ཐུར་ཁྱབ་རྣལ་མར་ངེས་པ་དང༌། །ཐུར་ཁྱབ་ཕྱིན་ཅི་ལོག་ངེས་པའི། །ལྡོག་ཁྱབ་རྣལ་མར་ངེས་པ་དང༌། །རྗེས་ཁྱབ་ཕྱིན་ཅི་ལོག་ངེས་རྣམས། །རྩ་བའི་འགལ་ཁྱབ་སྟེང་དུ་གནས། །རྟགས་གསལ་དངོས་འགལ་བཀོད་པའི་ཚེ། །ཐལ་འགྱུར་དེ་ཡི་རྗེས་ཁྱབ་དང༌། །ལྡོག་ཁྱབ་ལ་ནི་ཁྱད་པར་མེད། །རྟགས་གསལ་ཐ་མི་དད་བཀོད་ཚེ། །ཐལ་འགྱུར་དེ་ཡི་རྗེས་ཁྱབ་དང༌། །ཐུར་ཁྱབ་ལ་ནི་ཁྱད་པར་མེད། །ཡིན་འགོད་ཀྱིས་ནི་ཐུར་ཁྱབ་དང༌། །མིན་འགོད་ཀྱིས་ནི་ལྡོག་ཁྱབ་གཅིག །ཡིན་འགོད་ཀྱིས་ནི་ལྡོག་ཁྱབ་དང༌། །མིན་འགོད་ཀྱིས་ནི་ཐུར་ཁྱབ་གཅིག །གང་ཞིག་ལ་སོགས་རྟགས་མང་བོ། །ཡོད་ཀྱང་གོང་ཚད་ཁྱེར་བ་ནས། །ཕྱི་མ་ཁྱབ་པའི་རྗེས་སུ་འབྲང༌། །ཁ་བུབ་ཡོངས་གྲགས་ལ་མེད་ཀྱང༌། །རྩ་ཁྱབ་བཞི་བོར་མ་འདུས་ཤིང༌། །རིགས་པའི་རྣམ་གྲངས་ཡིན་པའི་ཕྱིར། །འདིར་བཀོད་པ་ལ་འགལ་བ་མེད། །དགག་གཞིའི་རྣམ་བཞག་འདི་ལྟ་སྟེ། །པང་ལེན་མིག་ཧུར་མཐར་སྐྱོར་དང༌། །རྒྱབ་ཁུར་མ་སྟེ་རྣམ་བཞི་དང༌། །རྣམ་གྲངས་ཤོང་རྫོང་མ་ཞེས་གྲགས། །དཔལ་ལྡན་གྲགས་པའི་གཞུང་ལུགས་ལས། །ཚད་མ་རྣམས་ནི་མི་འཇུག་པ། །མེད་ལ་མི་འཇུག་འབྲས་བུ་ཅན། །གཏན་ཚིགས་བྱེ་བྲག་ལ་ལྟོས་ནས། །འགའ་ཞིག་མེད་ཤེས་འབྲས་བུ་ཅན། །ཞེས་བྱ་སྣང་རུང་མི་སྣང་བ། །མི་དམིགས་པ་ཡི་གཏན་ཚིགས་གསུངས། །དག་པའི་ས་ཕྱོགས་མེད་པའི་ཕྱོགས། །ཚད་མའི་མི་དམིགས་པ་ཡི་ཕྱོགས། །འདི་རྣམས་དགག་གཞིའི་དོན་དུ་མཚུངས། །པང་ལེན་མ་ཡི་རྩི་ཚུལ་ནི། །བུམ་པས་དག་པའི་ས་ཕྱོགས་སུ། །གསེར་གྱི་བུམ་པ་མེད་ཅེས་ཏེ། །དགག་གཞིའི་པང་དུ་དགག་བྱ་ནི། །ཁྱད་ཆོས་རྣམས་དང་བཅས་པ་ལེན། །མིག་ཧུར་ཞེས་པ་དགག་བྱ་ནི། །འཛིན་ཅིང་ཆོས་གཞན་འདོར་བ་སྟེ། །གསེར་གྱི་བུམ་པས་དག་ཕྱོགས་སུ། །བུམ་པ་མེད་ཅེས་བརྗོད་པ་བཞིན། །དགག་གཞི་དགག་བྱ་ཁྱད་ཆོས་དང༌། །བཅས་པ་མཐའ་ནས་སྐྱོར་བ་ནི། །མཐའ་སྐྱོར་མ་ཡི་ཚུལ་ཡིན་ཏེ། །བུམ་པས་དག་པའི་ས་ཕྱོགས་སུ། །གསེར་གྱི་བུམ་པ་བུམ་པ་ཡིས། །དག་པའི་ཕྱོགས་སུ་མེད་ཅེས་བཞིན། །རྒྱབ་ཁུར་མ་ཡི་རྩི་ཚུལ་ནི། །དགག་བྱ་ཁྱད་ཆོས་དང་བཅས་པ། །དགག་གཞི་ཡིས་ནི་རྒྱབ་ཏུ་ཁུར། །གསེར་གྱི་བུམ་པ་བུམ་པ་ཡིས། །དག་པའི་ཕྱོགས་སུ་མེད་ཅེས་བཞིན། །དགག་བྱ་དངོས་དང་ཁྱད་ཆོས་ནི། །ཀུན་ལ་དགག་གཞི་འཇུག་རྩི་དང༌། །ཤོང་རྫོང་མ་རུ་གྲགས་པ་སྟེ། །བུམ་པས་དག་པའི་ས་ཕྱོགས་སུ། །གསེར་གྱི་བུམ་པས་དག་ཕྱོགས་སུ། །བུམ་པ་མེད་ཅེས་བྱ་བ་བཞིན། །དོན་ཐོབ་མིག་ཧུར་མ་ཉིད་གནས། །རྣམ་གྲངས་གཞན་རྣམས་ཤེས་པར་བྱ། །བརྩི་ཚུལ་ཞེས་པའི་རྣམ་བཞག་ནི། །ཁྱོད་ཤུལ་དུ་ནི་ཆོས་ཅན་འཚང༌། །བུམ་པ་ཁྱོད་མིན་ཁྱོད་ཆོས་ཅན། །དེར་ཐལ་དེའི་ཕྱིར་ཞེས་བཀོད་ནས། །འདོད་ལན་བཏབ་རྩིས་བུམ་པ་ནི། །བུམ་པ་ཁྱོད་མ་ཡིན་ཁྱོད་མིན། །བུམ་པ་ཁྱོད་མིན་ཁྱོད་ཡིན་ཞེས། །བརྩི་བ་ལྟ་བུས་རིགས་བསྒྲེས་ནས། །མང་དུ་བརྩིས་ན་ཕྲ་ཞིང་ཞིབ། །མི་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟ་བུའི་གཞུང་ཚིག་ལ། །རྩི་ཚུལ་སྐབས་སུ་བཀག་པ་མེད། །གཞན་དུ་ཁྱོད་ཤུལ་འདེད་པ་བཀག །སྔ་བཙན་ཕྱི་བཙན་རྣམ་བཞག་ལ། །ཆོས་ཅན་གསལ་བ་སོ་སོ་དང༌། །ལྷན་ཅིག་སྦྱར་བའི་རྩི་ཚུལ་གཉིས། །དང་པོ་ལ་ཡང་སྔ་བཙན་དང༌། །བར་བཙན་ཕྱི་བཙན་གསུམ་དུ་བཤད། །དང་པོ་སྔ་བཙན་འདི་ལྟ་སྟེ། །ཆོས་ཅན་དུ་མ་བརྩེགས་གྱུར་ཀྱང༌། །ཆོས་ཅན་སྔ་མ་དབང་བཙན་པས། །ལྷག་མ་གསལ་བར་སྦྱར་ནས་སུ། །རྟགས་གསལ་ཁྱབ་པ་འཁྲུལ་མེད་བརྩི། །གཉིས་པ་བར་བཙན་འདི་ལྟ་སྟེ། །ཆོས་ཅན་དུ་མ་བརྩེགས་གྱུར་ཀྱང༌། །ཡ་རྣམས་ཡོད་པར་གྱུར་བའི་ཚེ། །བར་བཙན་ཆོས་ཅན་ངོས་བཟུང་ནས། །ལྷག་མ་གསལ་བར་སྦྱར་ནས་སུ། །རྟགས་གསལ་ཁྱབ་པ་འཁྲུལ་མེད་བརྩི། །གསུམ་པ་ཕྱི་བཙན་འདི་ལྟ་སྟེ། །ཆོས་ཅན་དུ་མ་བརྩེགས་གྱུར་ཀྱང༌། །ཆོས་ཅན་ཕྱི་མ་དབང་བཙན་པས། །རྟགས་གསལ་ཁྱབ་པ་འཁྲུལ་མེད་བརྩི། །གསལ་བ་ལ་ཡང་སྔ་བཙན་ནི། །གསལ་བ་དུ་མ་བརྩེགས་གྱུར་ཀྱང༌། །གསལ་བ་སྔ་མ་དབང་བཙན་ཞིང༌། །ལྷག་མ་རྟགས་ལ་སྦྱར་ནས་སུ། །རྟགས་གསལ་ཁྱབ་པ་འཁྲུལ་མེད་བརྩི། །གཉིས་པ་བར་བཙན་འདི་ལྟ་སྟེ། །གསལ་བ་དུ་མ་བརྩེགས་གྱུར་ཀྱང༌། །ཡ་རྣམས་འདོད་པར་གྱུར་བའི་ཚེ། །བར་ཚུལ་གསལ་བར་ངོས་བཟུང་ནས། །ལྷག་མ་རྟགས་ལ་སྦྱར་ནས་སུ། །རྟགས་གསལ་ཁྱབ་པ་འཁྲུལ་མེད་བརྩི། །གསུམ་པ་ཕྱི་བཙན་འདི་ལྟ་སྟེ། །གསལ་བ་དུ་མ་བརྩེགས་གྱུར་ཀྱང༌། །གསལ་བ་ཕྱི་མ་དབང་བཙན་པས། །རྟགས་གསལ་ཁྱབ་པ་འཁྲུལ་མེད་བརྩི། །ལྷན་ཅིག་སྦྱར་བའི་བརྩི་ཚུལ་ནི། །ཆོས་ཅན་གསལ་བ་གཉིས་ཀ་ཡང༌། །དུ་མ་བརྩེགས་པར་གྱུར་བ་ན། །ཆོས་ཅན་སྔ་བཙན་གཞན་རྣམས་དང༌། །གསལ་བ་དང་པོ་ཚུལ་གསལ་བ། །ལྷག་མ་རྟགས་ལ་སྦྱར་ནས་སུ། །བརྩི་བ་ཆོས་ཅན་གསལ་བ་གཉིས། །སྔ་བཙན་གྱི་ནི་ལུགས་སུ་བཤད། །གཉིས་པ་བར་བཙན་འདི་ལྟ་སྟེ། །བར་བཙན་ཆོས་ཅན་ལྷག་མ་དང༌། །གསལ་བ་བར་ཚུལ་གསལ་བར་སྦྱར། །ལྷག་མ་རྟགས་ལ་སྦྱར་ནས་སུ།།བརྩི་བ་ཆོས་ཅན་གསལ་བ་གཉིས།།བར་བཙན་གྱི་ནི་ལུགས་སུ་བཤད། །གསུམ་པ་ཕྱི་བཙན་འདི་ལྟ་སྟེ། །ཆོས་ཅན་གསལ་བ་གཉིས་ཀ་ཡང༌། །དུ་མ་བརྩེགས་པར་གྱུར་བའི་ཚེ། །ཆོས་ཅན་ཕྱི་བཙན་གསལ་བ་ཡང༌། །ཕྱི་བཙན་བྱས་ཏེ་བརྩི་བ་ནི། །གཉིས་ཀ་ཕྱི་བཙན་དབང་དུ་བྱས། །དེས་མཚོན་ཆོས་ཅན་སྔ་བཙན་དང༌། །གསལ་བ་བར་བཙན་ཕྱི་བཙན་སོགས། །གང་འོས་རིགས་པས་ཤེས་པར་བྱ། །སྐོར་འབེབས་རྣམ་བཞག་ཅེས་བྱ་བ། །ཐལ་འགྱུར་རྟགས་གསལ་དོ་མཉམ་བརྩེགས། །སྔ་ཕྱི་བཙན་པ་འདིར་མི་འཐད། །རྗེས་འགྲོ་སོགས་དང་སྤེལ་ཀྱང་རུང༌། །ལག་ལེན་སློབ་དཔོན་ཞལ་ལ་རག །རྣམ་བཞག་ཞིབ་མོ་བཤད་ཟིན་ཏོ། །ངེས་པར་བྱེད་པའི་ཐལ་འགྱུར་ནི། །དཔལ་ལྡན་གྲགས་པས་གཞུང་ལུགས་ལས། །ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་ཞེས་དང་གཞན་དུ་ཡང༌། །གང་དུ་གསལ་འོངས་ཀྱིས་བརྗོད་པ། །ཞེས་སོགས་གསུངས་པའི་དོན་ལྟར་དུ། །ཤེས་པར་འདོད་པའི་ཆོས་ཅན་དང༌། །བསྒྲུབ་བྱའི་ཆོས་སུ་བཟུང་བྱ་དང༌། །ཤེས་བྱེད་ཀྱིས་ནི་གཏན་ཚིགས་གསུམ། །ཐལ་ངག་འགོད་པའི་རྒྱུ་ཡིན་ནོ། །གཞུང་ལུགས་རྣམས་ལས་བཤད་ལྟར་ན། །རང་རྒྱུད་ངག་དང་ཐལ་ངག་གཉིས། །དང་པོར་ཉན་བྱ་ཆོས་ཅན་བཟུང༌། །མི་རྟག་ཡིན་ཏེ་བྱས་པའི་ཕྱིར། །ཞེས་པ་ལྟ་བུའི་སྦྱོར་ངག་ཡིན། །གཉིས་པ་ཆོས་ཅན་དེ་ཉིད་བཟུང༌། །མ་བྱས་པར་ཐལ་རྟག་པའི་ཕྱིར། །ཞེས་པ་ལྟ་བུའི་ཐལ་ངག་ཡིན། །དང་པོ་བསྒྲུབ་བྱའི་དམ་བཅའ་ལ། །ཤེས་བྱེད་རྟགས་སུ་བཀོད་པ་ཡིན། །གཉིས་པ་རྒོལ་བ་ཕ་རོལ་གྱི། །ཁས་བླངས་རྟགས་སུ་བཀོད་ནས་ཀྱང༌། །མི་འདོད་ཚད་བསལ་ཐལ་བར་འཕངས། །ཚད་བསལ་འདི་ཡི་དབང་བྱས་ནས། །དེང་སང་བསལ་བ་ཞེས་པར་གྲགས། །དེ་ལྟའི་འགོད་ཚུལ་གཉིས་ཀ་ལའང༌། །ཡོངས་གྲགས་རྟགས་གསལ་ཞེས་འབོད་ལས། །དེས་ན་ལག་ཏུ་བླང་བྱ་ནི། །རྟགས་ལ་ན་སྦྱར་གསལ་བ་ལ། །དགོས་ཁྱབ་གཉིས་དང་ལྡོག་སྟེ་འབུལ། །ཆོས་ཅན་ཁྱབ་པའི་རྗེས་མི་འབྲང༌། །བཀོད་ཚེ་རྟགས་གསལ་རྗེས་སུ་འབྲངས། །རྟགས་ལ་ལ་སྦྱར་བ་ཡང་ཡོད། །ཆོས་ལ་ཤེས་བྱས་ཁྱབ་ཅེས་བཞིན། །འདི་ལ་ལ་བཞག་གོ་བ་ཚང། །གཞན་དུ་འཐད་པ་མིན་པར་གོ །འོན་ཀྱང་བྱེད་མཁན་ཤིན་ཏུ་མང༌། །འདོད་རྟགས་མ་གྲུབ་ཁྱབ་པ་མེད། །ཁྱབ་པ་འགལ་དང་ཐེ་ཚོམ་ཟ། །ལྔ་བོ་ལན་ཞེས་བྱ་བ་ཡིན། །ཡང་ན་ཁྱབ་ལན་གཅིག་ཏུ་བསྡུ། །རྣམ་པར་ཐར་བའི་སྒོ་བཞིར་གྲགས། །ལྟ་བ་དབུ་མར་འཇུག་ཚུལ་ནི། །ཕྱི་ནང་དངོས་པོ་ཀུན་ཆོས་ཅན། །བདག་མེད་ཡིན་ཏེ་ཅིའི་ཕྱིར་ན། །བདག་མེད་མ་ཡིན་པ་ཡི་ཕྱིར། །ཞེས་པའི་གཏན་ཚིགས་ཆེན་པོའི་དོན། །ཆོས་ཀུན་སྤྲོས་བྲལ་བདག་མེད་དེ། །བདག་མེད་མིན་པའང་བདག་མེད་དོ། །ཞེས་པའི་གནས་ཚུལ་དབུ་མར་ཞུགས། །གཞན་ཡང་བསྡུས་པའི་རིགས་པ་ལ། །དཔྱད་ན་ཐོག་མཐའ་མི་རྙེད་ཅིང༌། །དབུས་སུའང་གནས་པར་མི་འགྱུར་ཏེ། །ཁས་བླངས་ཐམས་ཅད་འཇིག་པར་འགྱུར། །ཐོག་མཐའ་མེད་ཅིང་དབུས་མི་དམིགས། །ཁས་བླངས་མེད་ཅིང་གྲུབ་མཐའ་མེད། །དེའི་ཚེ་དབུ་མ་ཆེན་པོའོ། །དལ་འབྱོར་སྐྱོན་མེད་དབང་བོ་ཚང༌། །བློ་གསལ་གཞོན་ནུ་ཤེས་འདོད་རྣམས། །རིགས་ཚུལ་འདི་ལ་བསླབ་པར་རིགས། །འདི་མི་ཤེས་ན་མི་ཡི་ལུས། །ལུག་གི་གོ་འཕང་ཅན་དུ་ངེས། །སློབ་དཔོན་སྨྲ་བའི་སེང་གེ་ཞེས། །ཐུབ་བསྟན་བཞད་རི་སྐྱེད་ཚལ་དང༌། །སྐུ་ཕྱོགས་འོག་མིན་གླིང་གི་གྲྭར། །ཐ་སྙད་ཚུལ་ལ་ལེགས་པར་སྦྱངས། །རིགས་པས་རྩོད་པར་སྨྲ་བ་ལ། །གངས་ཅན་ཙམ་ན་ཕུལ་བྱུང་བ། །དེ་ཡི་ལེགས་བཤད་རིགས་པའི་ཆོས། །བློ་གྲོས་ཅུང་ཟད་གསལ་བྱས་པ། །རབ་འབྱམས་གཞུང་ལུགས་སྨྲ་བ་ཡི། །ཆོས་ཀྱི་དབང་ཕྱུག་ཅེས་བྱའམ། །དགེ་སློང་འཇམ་དབྱངས་བཞད་པས་བཀོད། །གཞོན་ནུ་བློ་གསལ་ཤེས་འདོད་རྣམས། །ཚུར་ཤོག་ཅི་འདོད་དགོས་དགུ་ལོངས། །རྡོ་བཅལ་སྔོན་མོའི་སྟེང་དུ་སྦྱོངས། །ཀུན་ཡངས་ཕྱོགས་མེད་གྲྭ་ས་འགྲིམས། །ཀུན་ལ་གྲོགས་ཀྱི་དམ་པར་ལྟོས། །སྡང་ཚུལ་མ་སྟོན་ཉམས་དགའ་སྐྱོངས། །རྒྱལ་བ་མཉེས་པའི་མཆོད་སྤྲིན་ཡིན། །བསོད་ནམས་ཡེ་ཤེས་ཚོགས་ཆེན་ཡིན། །གྲྭ་ས་མཛེས་པའི་རྒྱན་ཕྲེང་ཡིན། །གྲོགས་བཤེས་དགའ་བའི་དགའ་སྟོན་ཡིན། །མཁས་པ་རྣམས་ལ་སྐྱེས་བཟང་ཡིན། །བླུན་པོ་མཁས་བར་སྦྱོར་བྱེད་ཡིན། །ཀུན་མཁྱེན་ཐོབ་པའི་དངོས་རྒྱུ་ཡིན། །

                                                             

རྩོམ་སྒྲིག་པ།  དཔལ་ལྡན་རྡོ་རྗེ།

 

བརྒྱུད་འགོད།
0