བསེ་བསྡུས་ལས་ཁ་དོག་དཀར་དམར་གྱི་རྣམ་བཞག

སྤེལ་དུས།  2017-12-22   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  བསེ་ངག་དབང་བཀྲ་ཤིས།   ཀློག་གྲངས།  

༄༅། །ཚད་མའི་དགོངས་འགྲེལ་གྱི་བསྟན་བཅོས་ཆེན་པོ་རྣམ་འགྲེལ་གྱི་དོན་གཅིག་ཏུ་དྲིལ་བ་བློ་རབ་འབྲིང་ཐ་མ་གསུམ་དུ་སྟོན་པ་ལེགས་བཤད་ཆེན་པོ་མཁས་པའི་མགུལ་རྒྱན་སྐལ་བཟང་རེ་བ་ཀུན་སྐོང་ཞེས་བྱ་བ་བཞུགས་སོ། །

ཁ་དོག་དཀར་དམར་གྱི་རྣམ་བཞག

བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །

ཁ་ཅིག་ན་རེ། ཁ་དོག་ཡིན་ན་དམར་པོ་ཡིན་པས་ཁྱབ་ཟེར་ན། ཆོས་དུང་དཀར་པོའི་ཁ་དོག་ཆོས་ཅན།དམར་པོ་ཡིན་པར་ཐལ། ཁ་དོག་ཡིན་པའི་ཕྱིར།ཁྱབ་པ་ཁས། མ་གྲུབ་ན། ཆོས་དུང་དཀར་པོའི་ཁ་དོག་ཆོས་ཅན། ཁ་དོག་ཡིན་པར་ཐལ། དཀར་པོ་ཡིན་པའི་ཕྱིར། མ་གྲུབ་ན། ཆོས་དུང་དཀར་པོའི་ཁ་དོག་ཆོས་ཅན། དཀར་པོ་ཡིན་པར་ཐལ། ཆོས་དུང་དཀར་པོའི་ཁ་དོག་དང་གཅིག་ཡིན་པའི་ཕྱིར། རྩ་བར་འདོད་ན།་ཆོས་དུང་དཀར་པོའི་ཁ་དོག་ཆོས་ཅན། དམར་པོ་མ་ཡིན་པར་ཐལ། དཀར་པོ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། དཀར་པོ་དང་དམར་པོ་གཉིས་ཀྱི་གཞི་མཐུན་མེད་པའི་ཕྱིར།་མ་གྲུབ་ན། དཀར་པོ་དང་དམར་པོ་གཉིས་ཀྱི་གཞི་མཐུན་མེད་པར་ཐལ། དཀར་པོ་དང་དམར་པོ་གཉིས་འགལ་བ་ཡིན་པའི་ཕྱིར།

གཞན་ཡང། སངས་རྒྱས་རིན་ཆེན་འབྱུང་ལྡན་གྱི་ཁ་དོག་ཆོས་ཅན། དམར་པོ་ཡིན་པར་ཐལ།་ཁ་དོག་ཡིན་པའི་ཕྱིར།ཁྱབ་པ་ཁས། མ་གྲུབ་ན། སངས་རྒྱས་རིན་ཆེན་འབྱུང་ལྡན་གྱི་ཁ་དོག་ཆོས་ཅན། ཁ་དོག་ཡིན་པར་ཐལ།་སེར་པོ་ཡིན་པའི་ཕྱིར། མ་གྲུབ་ན། སངས་རྒྱས་རིན་ཆེན་འབྱུང་ལྡན་གྱི་ཁ་དོག་ཆོས་ཅན། སེར་པོ་ཡིན་པར་ཐལ། སངས་རྒྱས་རིན་ཆེན་འབྱུང་ལྡན་གྱི་ཁ་དོག་དང་གཅིག་ཡིན་པའི་ཕྱིར། རྩ་བར་འདོད་ན། སངས་རྒྱས་རིན་ཆེན་འབྱུང་ལྡན་གྱི་ཁ་དོག་ཆོས་ཅན།་དམར་པོ་མ་ཡིན་པར་ཐལ། སེར་པོ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། དམར་པོ་དང་སེར་པོ་གཉིས་འགལ་བ་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། ཁ་དོག་ཡིན་ན་དཀར་པོ་ཡིན་པས་ཁྱབ་ཟེར་ན།སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་ཆོས་ཅན། དཀར་པོ་ཡིན་པར་ཐལ། ཁ་དོག་ཡིན་པའི་ཕྱིར།ཁྱབ་པ་ཁས། མ་གྲུབ་ན།་སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་ཆོས་ཅན། ཁ་དོག་ཡིན་པར་ཐལ། དམར་པོ་ཡིན་པའི་ཕྱིར། རྩ་བར་འདོང་སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་ཆོས་ཅན། དཀར་པོ་མ་ཡིན་པར་ཐལ། དམར་པོ་ཡིན་པའི་ཕྱིར། མ་གྲུབ་ན། སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་ཆོས་ཅན། དམར་པོ་ཡིན་པར་ཐལ། སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་གི་ལྡོག་པ་ཡིན་པའི་ཕྱིར། མ་གྲུབ་ན། སངས་རྒྱས་ཚེ་དཔག་མེད་ཀྱི་ཁ་དོག་ཆོས་ཅན། ཁྱོད་ཁྱོད་ཀྱི་ལྡོག་པ་ཡིན་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། གཞན་ཡང། སངས་རྒྱས་དོན་ཡོད་གྲུབ་པའི་ཁ་དོག་ཆོས་ཅན། དཀར་པོ་ཡིན་པར་ཐལ། ཁ་དོག་ཡིན་པའི་ཕྱིར།་ཁྱབ་པ་ཁས། མ་གྲུབ་ན། སངས་རྒྱས་དོན་ཡོད་གྲུབ་པའི་ཁ་དོག་ཆོས་ཅན།ཁ་དོག་ཡིན་པར་ཐལ། ལྗང་གུ་ཡིན་པའི་ཕྱིར། རྩ་བར་འདོད་ན། སངས་རྒྱས་དོན་ཡོད་གྲུབ་པའི་ཁ་དོག་ཆོས་ཅན། དཀར་པོ་མ་ཡིན་པར་ཐལ། སངས་རྒྱས་དོན་ཡོད་གྲུབ་པའི་ཁ་དོག་དང་གཅིག་ཡིན་པའི་ཕྱིར།         

ཁ་ཅིག་ན་རེ། རྩ་བའི་ཁ་དོག་ཡིན་ན། རྩ་བའི་ཁ་དོག་བཞི་པོ་གང་རུང་ཡིན་པས་ཁྱབ་ཟེར་ན། ནག་པོ་ཆོས་ཅན།་རྩ་བའི་ཁ་དོག་བཞི་པོ་གང་རུང་ཡིན་པར་ཐལ། རྩ་བའི་ཁ་དོག་ཡིན་པའི་ཕྱིར།ཁྱབ་པ་ཁས། མ་གྲུབ་ན། ནག་པོ་ཆོས་ཅན།་རྩ་བའི་ཁ་དོག་ཡིན་པར་ཐལ། ནག་པོ་ཡིན་པའི་ཕྱིར། རྩ་བར་འདོད་ན། ནག་པོ་ཆོས་ཅན། རྩ་བའི་ཁ་དོག་བཞི་པོ་གང་རུང་མ་ཡིན་པར་ཐལ།་དཀར་པོ་མ་ཡིན་པ་གང་ཞིག །སེར་པོ་ཡང་མ་ཡིན། དམར་པོ་ཡང་མ་ཡིན།སྔོན་པོ་ཡང་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན།་ནག་པོ་ཆོས་ཅན། དཀར་པོ་མ་ཡིན་པར་ཐལ། ནག་པོ་ཡིན་པའི་ཕྱིར།་མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། དཀར་པོ་དང་ནག་པོ་གཉིས་ཀྱི་གཞི་མཐུན་མེད་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། ནག་པོ་ཆོས་ཅན། སེར་པོ་མ་ཡིན་པར་ཐལ། ནག་པོ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། སེར་པོ་དང་ནག་པོ་གཉིས་འགལ་བ་ཡིན་པའི་ཕྱིར། རྟགས་ཕྱི་མ་གཉིས་ལ་རིགས་འདྲ།

ཁ་ཅིག་ན་རེ། ཡན་ལག་གི་ཁ་དོག་ཡིན་ན། ཡན་ལག་གི་ཁ་དོག་བརྒྱད་པོ་གང་རུང་ཡིན་པས་ཁྱབ་ཟེར་ན། འཇམ་དབྱངས་དམར་སེར་གྱི་ཁ་དོག་ཆོས་ཅན། ཡན་ལག་གི་ཁ་དོག་བརྒྱད་པོ་གང་རུང་ཡིན་པར་ཐལ། ཡན་ལག་གི་ཁ་དོག་ཡིན་པའི་ཕྱིར།ཁྱབ་པ་ཁས། མ་གྲུབ་ན། འཇམ་དབྱངས་དམར་སེར་གྱི་ཁ་དོག་ཆོས་ཅན།་ཡན་ལག་གི་ཁ་དོག་ཡིན་པར་ཐལ། དམར་པོ་དང་སེར་པོ་གཉིས་ཀྱི་ཡན་ལག་གི་ཁ་དོག་ཡིན་པའི་ཕྱིར། མ་གྲུབ་ན། འཇམ་དབྱངས་དམར་སེར་གྱི་ཁ་དོག་ཆོས་ཅན། དམར་པོ་དང་སེར་པོ་གཉིས་ཀྱི་ཡན་ལག་གི་ཁ་དོག་ཡིན་པར་ཐལ། དམར་སེར་ཡིན་པའི་ཕྱིར།་རྩ་བར་འདོད་ན། འཇམ་དབྱངས་དམར་སེར་གྱི་ཁ་དོག་ཆོས་ཅན།་ཡན་ལག་གི་ཁ་དོག་བརྒྱད་པ་གང་རུང་མ་ཡིན་པར་ཐལ། སྤྲིན་དང་དུ་བ། རྡུལ་དང་ཁུག་སྣ་བཞི་པོ་གང་རུང་མ་ཡིན་པ་གང་ཞིག །སྣང་བ་དང་མུན་པ། གྲིབ་མ་དང་ཉི་མའི་འོད་ཟེར་བཞི་པོ་གང་རུང་མ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་གྲུབ་སྟེ། འཇམ་དབྱངས་དམར་སེར་གྱི་ཁ་དོག་དང་གཅིག་ཡིན་པའི་ཕྱིར།

གཞན་ཡང། ལྗང་གུ་ཆོས་ཅན། ཡན་ལག་གི་ཁ་དོག་བརྒྱད་པོ་གང་རུང་ཡིན་པར་ཐལ། ཡན་ལག་གི་ཁ་དོག་ཡིན་པའི་ཕྱིར།ཁྱབ་པ་ཁས། མ་གྲུབ་ན། ལྗང་གུ་ཆོས་ཅན། ཡན་ལག་གི་ཁ་དོག་ཡིན་པར་ཐལ། ནག་པོ་དང་སེར་པོ་གཉིས་ཀྱི་ཡན་ལག་གི་ཁ་དོག་ཡིན་པའི་ཕྱིར། མ་གྲུབ་ན། ལྗང་གུ་ཆོས་ཅན། ནག་པོ་དང་སེར་པོ་གཉིས་ཀྱི་ཡན་ལག་གི་ཁ་དོག་ཡིན་པར་ཐལ། ལྗང་གུ་ཡིན་པའི་ཕྱིར། རྩ་བར་འདོད་ན། ལྗང་གུ་ཆོས་ཅན། ཡན་ལག་གི་ཁ་དོག་བརྒྱད་པོ་གང་རུང་མ་ཡིན་པར་ཐལ། ལྗང་གུ་དང་གཅིག་ཡིན་པའི་ཕྱིར།

 ཁ་ཅིག་ན་རེ། གཟུགས་ཡིན་ན། ཁ་དོག་ཡིན་པས་ཁྱབ་ཟེར་ན། ཙནྡན་གྱི་དྲི་ཆོས་ཅན། ཁ་དོག་ཡིན་པར་ཐལ། གཟུགས་ཡིན་པའི་ཕྱིར།ཁྱབ་པ་ཁས། མ་གྲུབ་ན། ཙནྡན་གྱི་དྲི་ཆོས་ཅན།་གཟུགས་ཡིན་པར་ཐལ། གཟུགས་རུང་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། གཟུགས་རུང་གཟུགས་ཀྱི་མཚན་ཉིད་ཡིན་པའི་ཕྱིར།་རྩ་བར་འདོད་ན། ཙནྡན་གྱི་དྲི་ཆོས་ཅན། ཁ་དོག་མ་ཡིན་པར་ཐལ། དྲི་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། དྲི་དང་ཁ་དོག་གཉིས་ཀྱི་གཞི་མཐུན་མེད་པའི་ཕྱིར། མ་གྲུབ་ན།་ཙནྡན་གྱི་དྲི་ཆོས་ཅན། དེར་ཐལ། དྲི་དང་ཁ་དོག་གཉིས་འགལ་བ་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། གཟུགས་ཡིན་ན། གཟུགས་ཀྱི་སྐྱེ་མཆེད་ཡིན་པས་ཁྱབ་ཟེར་ན། སྒྲ་ཆོས་ཅན། གཟུགས་ཀྱི་སྐྱེ་མཆེད་ཡིན་པར་ཐལ།་གཟུགས་ཡིན་པའི་ཕྱིར།ཁྱབ་པ་ཁས། མ་གྲུབ་ན། སྒྲ་ཆོས་ཅན།་གཟུགས་ཡིན་པར་ཐལ། བེམ་པོ་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། བེམ་པོ་ཡིན་པར་ཐལ། རྡུལ་དུ་གྲུབ་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། རྡུལ་དུ་གྲུབ་པ་བེམ་པོའི་མཚན་ཉིད་ཡིན་པའི་ཕྱིར། རྩ་བར་འདོད་ན། སྒྲ་ཆོས་ཅན། གཟུགས་ཀྱི་སྐྱེ་མཆེད་མ་ཡིན་པར་ཐལ། མིག་ཤེས་ཀྱི་བཟུང་བྱ་མ་ཡིན་པའི་ཕྱིར།་མ་གྲུབ་ན། སྒྲ་ཆོས་ཅན། མིག་ཤེས་ཀྱི་བཟུང་བྱ་མ་ཡིན་པར་ཐལ། རྣ་ཤེས་ཀྱི་མཉན་བྱ་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། རྣ་ཤེས་ཀྱི་མཉན་བྱ་ཡིན་པར་ཐལ། སྒྲའི་སྐྱེ་མཆེད་ཡིན་པའི་ཕྱིར། གཞན་ཡང། བུ་རམ་གྱི་རོ་ཆོས་ཅན། གཟུགས་ཀྱི་སྐྱེ་མཆེད་ཡིན་པར་ཐལ། གཟུགས་ཡིན་པའི་ཕྱིར།ཁྱབ་པ་ཁས། མ་གྲུབ་ན། བུ་རམ་གྱི་རོ་ཆོས་ཅན། གཟུགས་ཡིན་པར་ཐལ། རོ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་

པ་ཡོད་པར་ཐལ། གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་པོ་གང་རུང་ཡིན་ན། གཟུགས་ཡིན་དགོས་པའི་ཕྱིར། རྩ་བར་འདོད་ན། བུ་རམ་གྱི་རོ་ཆོས་ཅན། གཟུགས་ཀྱི་སྐྱེ་མཆེད་མ་ཡིན་པར་ཐལ། མིག་ཤེས་ཀྱི་བཟུང་བྱ་མ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།་མིག་ཤེས་ཀྱི་བཟུང་བྱ་གཟུགས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད་ཡིན་པའི་ཕྱིར།།

༈ རང་གི་ལུགས་ལ། གཟུགས་ཀྱི་མཚན་ཉིད་ཡོད་དེ། གཟུགས་རུང་དེ་ཡིན་པའི་ཕྱིར། གཟུགས་དང་བེམ་པོ་གཉིས་དོན་གཅིག །གཟུགས་ལ་དབྱེ་ན་གཉིས་ཡོད་དེ།ཕྱིའི་གཟུགས་དང་ནང་གི་གཟུགས་གཉིས་ཡོད་པའི་ཕྱིར།ཕྱིའི་གཟུགས་ཀྱི་མཚན་ཉིད་ཡོད་དེ།སྐྱེ་བོའི་ཤེས་རྒྱུད་ཀྱིས་མ་བསྡུས་པའི་གཟུགས་དེ་ཡིན་པའི་ཕྱིར།ཕྱིའི་གཟུགས་ལ་དབྱེ་ན་ལྔ་ཡོད་དེ། གཟུགས་ཀྱི་སྐྱེ་མཆེད་དང། སྒྲའི་སྐྱེ་མཆེད་དང། དྲིའི་སྐྱེ་མཆེད་དང། རོའི་སྐྱེ་མཆེད་དང། རེག་བྱའི་སྐྱེ་མཆེད་དང་ལྔ་ཡོད་པའི་ཕྱིར། གཟུགས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད་ཡོད་དེ། མིག་ཤེས་ཀྱི་བཟུང་བྱ་དེ་ཡིན་པའི་ཕྱིར། གཟུགས་ཀྱི་སྐྱེ་མཆེད་ལ་དབྱེ་ན་གཉིས་ཡོད་དེ།་དབྱིབས་དང་ཁ་དོག་གཉིས་ཡོད་པའི་ཕྱིར། དབྱིབས་ལ་དབྱེ་ན་བརྒྱད་ཡོད་དེ། རིང་པོ་དང་ཐུང་བ། མཐོ་བ་དང་དམའ་བ།་ལྷམ་པ་དང་ཟླུམ་པོ། །ཕྱ་ལེ་བ་དང་ཕྱ་ལེབ་མ་ཡིན་པ་དང་བཅས་པ་བརྒྱད་ཡོད་པའི་ཕྱིར། ལྷམ་པ་བཞག་ཏུ་ཡོད་དེ།གྲུ་བཞི་ལྟ་བུའི་དབྱིབས་དེ་ཡིན་པའི་ཕྱིར།ཟླུམ་པོ་བཞག་ཏུ་ཡོད་དེ། གོར་གོར་རམ་སྒོ་ང་ལྟ་བུའི་དབྱིབས་དེ་ཡིན་པའི་ཕྱིར།ཕྱ་ལེ་བ་བཞག་ཏུ་ཡོད་དེ། ངོས་མཉམ་པའི་དབྱིབས་དེ་ཡིན་པའི་ཕྱིར།ཕྱ་ལེ་བ་མ་ཡིན་པ་བཞག་ཏུ་ཡོད་དེ། ངོས་མི་མཉམ་པའི་དབྱིབས་ལྟ་བུ་དེ་ཡིན་པའི་ཕྱིར། ཁ་དོག་ལ་དབྱེ་ན་གཉིས་ཡོད་དེ། རྩ་བའི་ཁ་དོག་དང། ཡན་ལག་གི་ཁ་དོག་གཉིས་ཡོད་པའི་ཕྱིར། རྩ་བའི་ཁ་དོག་ལ་དབྱེ་ན་བཞི་ཡོད་དེ། དཀར་པོ་དང་སེར་པོ་དང་དམར་པོ་དང་སྔོན་པོ་བཞི་ཡོད་པའི་ཕྱིར། ཡན་ལག་གི་ཁ་དོག་ལ་དབྱེ་ན་བརྒྱད་ཡོད་དེ།སྤྲིན་དང་དུ་བ། རྡུལ་དང་ཁུག་སྣ། སྣང་བ་དང་མུན་པ། གྲིབ་མ་དང་ཉི་མའི་འོད་ཟེར་བརྒྱད་ཡོད་པའི་ཕྱིར། ཁ་དོག་དང་དབྱིབས་གཉིས་ཀ་ཡིན་མིན་གྱི་མུ་བཞི་ཡོད་དེ། ཁ་དོག་ཡིན་ལ་དབྱིབས་མ་ཡིན་པའི་མུ་དང།་དབྱིབས་ཡིན་ལ་ཁ་དོག་མ་ཡིན་པའི་མུ་དང། ཁ་དོག་དང་དབྱིབས་གཉིས་ཀ་ཡིན་པའི་མུ་དང། དབྱིབས་དང་ཁ་དོག་གཉིས་ཀ་གང་ཡང་མ་ཡིན་པའི་མུ་བཞི་ཡོད་པའི་ཕྱིར། ཁ་དོག་ཡིན་ལ་དབྱིབས་མ་ཡིན་པའི་མུ་ཡོད་དེ། རྩ་བའི་ཁ་དོག་བཞི་པོ་དེ་ཡིན་པའི་ཕྱིར། དབྱིབས་ཡིན་ལ་ཁ་དོག་མ་ཡིན་པའི་མུ་ཡོད་དེ། རིང་པོ་དང་ཐུང་དུ་ལྷམ་པ་དང་ཟླུམ་པོ་བཞི་བོ་དེ་ཡིན་པའི་ཕྱིར། ཁ་དོག་དང་དབྱིབས་གཉིས་ཀ་ཡིན་པའི་མུ་ཡོད་དེ།སྤྲིན་དང་དུ་བ། རྡུལ་དང་ཁུག་སྣ་བཞི་པོ་དེ་ཡིན་པའི་ཕྱིར། དབྱིབས་དང་ཁ་དོག་གཉིས་ཀ་གང་ཡང་མ་ཡིན་པའི་མུ་ཡོད་དེ། ས་ཆུ་མེ་རླུང་བཞི་པོ་དེ་ཡིན་པའི་ཕྱིར། གཟུགས་ཀྱི་སྐྱེ་མཆེད་དང། གཟུགས་ཀྱི་ཁམས་དང།་བསྟན་ཡོད་ཀྱི་གཟུགས་གསུམ་དོན་གཅིག །བསྟན་ཡོད་ཀྱི་གཟུགས་ཀྱི་མཚན་གཞི་ཡོད་དེ། ཁ་དོག་དང་དབྱིབས་གཉིས་དེ་ཡིན་པའི་ཕྱིར། ཁ་དོག་དང་དབྱིབས་གཉིས་ཆོས་ཅན། ཁྱོད་ལ་བསྟན་ཡོད་ཀྱི་གཟུགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མིག་གི་ཡུལ་དུ་བསྟན་དུ་ཡོད་པས་ན། དེ་ལྟར་དུ་བརྗོད་པ་ཡིན་པའི་ཕྱིར།སྒྲའི་སྐྱེ་མཆེད་ཀྱི་མཚན་ཉིད་ཡོད་དེ། རྣ་ཤེས་ཀྱི་མཉན་བྱ་དེ་ཡིན་པའི་ཕྱིར།

སྒྲ་ལ་དབྱེ་ན་གཉིས་ཡོད་དེ། ཟིན་པའི་འབྱུང་བ་ལས་གྱུར་པའི་སྒྲ་དང། མ་ཟིན་པའི་འབྱུང་བ་ལས་གྱུར་པའི་སྒྲ་གཉིས་ཡོད་པའི་ཕྱིར། ཟིན་པའི་འབྱུང་བ་ལས་གྱུར་བའི་སྒྲ་བཞག་ཏུ་ཡོད་དེ།སྐྱེས་བུས་ཐལ་མོ་བརྡབ་པའི་སྒྲ་དེ་ཡིན་པའི་ཕྱིར། མ་ཟིན་པའི་འབྱུང་བ་ལས་གྱུར་པའི་སྒྲ་བཞག་ཏུ་ཡོད་དེ། ཆུ་སྒྲ་དེ་ཡིན་པའི་ཕྱིར།སྒྲ་ལ་རྗོད་བྱེད་ཀྱི་སྒྲའི་སྒོས་དབྱེ་ན་གཉིས་ཡོད་དེ། སེམས་ཅན་ལ་སྟོན་པའི་སྒྲ་དང། སེམས་ཅན་ལ་མི་སྟོན་པའི་སྒྲ་གཉིས་ཡོད་པའི་ཕྱིར། སེམས་ཅན་ལ་སྟོན་པའི་སྒྲ་དང། རྗོད་བྱེད་ཀྱི་སྒྲ་གཉིས་དོན་གཅིག་།མཚན་གཞི་ནི་ཡོད་དེ།སྒྲ་མི་རྟག་ཅེས་བརྗོད་པའི་སྒྲ་དེ་ཡིན་པའི་ཕྱིར། སེམས་ཅན་ལ་མི་སྟོན་པའི་སྒྲ་དང་རྗོད་བྱེད་ཀྱི་སྒྲ་མ་ཡིན་པར་གྱུར་པའི་སྒྲ་གཉིས་དོན་གཅིག །མཚན་གཞི་ནི་ཡོད་དེ། རྔའི་སྒྲ་དང་དུང་གི་སྒྲ་ལ་སོགས་པ་དེ་ཡིན་པའི་ཕྱིར།

དྲིའི་སྐྱེ་མཆེད་ཀྱི་མཚན་ཉིད་ཡོད་དེ།སྣ་ཤེས་ཀྱི་མྱོང་བྱ་དེ་ཡིན་པའི་ཕྱིར།དྲི་

ལ་དབྱེ་ན་གཉིས་ཡོད་དེ། ལྷན་སྐྱེས་ཀྱི་དྲི་དང་སྦྱར་བྱུང་གི་དྲི་གཉིས་ཡོད་པའི་ཕྱིར། ལྷན་སྐྱེས་ཀྱི་དྲི་བཞག་ཏུ་ཡོད་དེ།་ཙནྡན་གྱི་དྲི་དེ་ཡིན་པའི་ཕྱིར།སྦྱར་བྱུང་གི་དྲི་བཞག་ཏུ་ཡོད་དེ།སྦྱར་སྤོས་ཀྱི་དྲི་དེ་ཡིན་པའི་ཕྱིར། ལྷན་སྐྱེས་ཀྱི་དྲི་ལ་དབྱེ་ན་གཉིས་

ཡོད་དེ། ཞིམ་པའི་ལྷན་སྐྱེས་ཀྱི་དྲི་དང་མི་ཞིམ་པའི་ལྷན་སྐྱེས་ཀྱི་དྲི་གཉིས་ཡོད་པའི་ཕྱིར། ཞིམ་པའི་ལྷན་སྐྱེས་ཀྱི་དྲི་བཞག་ཏུ་ཡོད་དེ། གུར་ཀུམ་གྱི་དྲི་དང་ག་བུར་གྱི་དྲི་གཉིས་ལྟ་བུ་དེ་ཡིན་པའི་ཕྱིར། མི་ཞིམ་པའི་ལྷན་སྐྱེས་ཀྱི་དྲི་བཞག་ཏུ་ཡོད་དེ། ཤིང་ཀུན་གྱི་དྲི་དང་མུ་ཟིའི་དྲི་གཉིས་ལྟ་བུ་དེ་ཡིན་པའི་ཕྱིར།་སྦྱར་བྱུང་གི་དྲི་ལ་དབྱེ་ན་གཉིས་ཡོད་དེ། ཞིམ་པའི་སྦྱར་བྱུང་གི་དྲི་དང་མི་ཞིམ་པའི་སྦྱར་བྱུང་གི་དྲི་གཉིས་ཡོད་པའི་ཕྱིར། ཞིམ་པའི་སྦྱར་བྱུང་གི་དྲི་བཞག་ཏུ་ཡོད་དེ།སྦྱར་སྤོས་དང་དབུས་སྤོས་ཀྱི་དྲི་གཉིས་ལྟ་བུ་དེ་ཡིན་པའི་ཕྱིར། མི་ཞིམ་པའི་སྦྱར་བྱུང་གི་དྲི་བཞག་ཏུ་ཡོད་དེ།སྨན་དྲི་མི་ཞིམ་པ་མང་པོ་སྦྱར་བའི་དྲི་དེ་ཡིན་པའི་ཕྱིར།

རོའི་སྐྱེ་མཆེད་ཀྱི་མཚན་ཉིད་ཡོད་དེ། ལྕེ་ཤེས་ཀྱི་མྱོང་བྱ་དེ་ཡིན་པའི་ཕྱིར། རོ་ལ་དབྱེ་ན་དྲུག་ཡོད་དེ། མངར་བ་དང་སྐྱུར་བ། ཁ་བ་དང་བསྐ་བ། ཚ་བ་དང་ལན་ཚྭ་བ་དྲུག་ཡོད་པའི་ཕྱིར། མངར་བ་བཞག་ཏུ་ཡོད་དེ། བུ་རམ་གྱི་རོ་དང། འོ་མའི་རོ་ལྟ་བུ་དེ་ཡིན་པའི་ཕྱིར།སྐྱུར་བ་བཞག་ཏུ་ཡོད་དེ།སྐྱུར་རུ་རའི་རོ་དང་ཞོའི་རོ་ལྟ་བུ་དེ་ཡིན་པའི་ཕྱིར། ཁ་བ་བཞག་ཏུ་ཡོད་དེ། ཏིག་ཏའི་རོ་ལྟ་བུ་དེ་ཡིན་པའི་ཕྱིར།་བསྐ་བ་བཞག་དུ་ཡོད་དེ། ཨ་རུ་རའི་རོ་ལྟ་བུ་དེ་ཡིན་པའི་ཕྱིར།་ཏྶྭ་བ་བཞག་ཏུ་ཡོད་དེ།སྨན་ཚ་བ་གསུམ་གྱི་རོ་ལྟ་བུ་དེ་ཡིན་པའི་ཕྱིར། ལན་ཚྭ་བ་བཞག་ཏུ་ཡོད་དེ། བ་ཚྭ་དང་སོག་ཚྭའི་རོ་ལྟ་བུ་དེ་ཡིན་པའི་ཕྱིར།

རེག་བྱའི་སྐྱེ་མཆེད་ཀྱི་མཚན་ཉིད་ཡོད་དེ། ལུས་ཤེས་ཀྱི་མྱོང་བྱ་དེ་ཡིན་པའི་ཕྱིར། རེག་བྱ་ལ་དབྱེ་ན་གཉིས་ཡོད་དེ། འབྱུང་བར་གྱུར་བའི་རེག་བྱ་དང། འབྱུང་འགྱུར་དུ་གྱུར་པའི་རེག་བྱ་གཉིས་ཡོད་པའི་ཕྱིར། འབྱུང་བར་གྱུར་པའི་རེག་བྱ་ལ་དབྱེ་ན་བཞི་ཡོད་དེ། ས་ཆུ་མེ་རླུང་བཞི་པོ་དེ་ཡིན་པའི་ཕྱིར། སའི་མཚན་ཉིད་ཡོད་དེ།སྲ་ཞིང་འཐས་པ་དེ་ཡིན་པའི་ཕྱིར། ཆུའི་མཚན་ཉིད་ཡོད་དེ།རླན་ཞིང་གཤེར་བ་དེ་ཡིན་པའི་ཕྱིར། མེའི་མཚན་ཉིད་ཡོད་དེ། ཚ་ཞིང་སྲེག་པ་དེ་ཡིན་པའི་ཕྱིར།རླུང་གི་མཚན་ཉིད་ཡོད་དེ། ཡང་ཞིང་གཡོ་བ་དེ་ཡིན་པའི་ཕྱིར། འབྱུང་འགྱུར་གྱི་རེག་བྱ་ལ་དབྱེ་ན་བདུན་ཡོད་དེ། འཇམ་པ་དང་རྩུབ་པ། ལྕི་བ་དང་ཡང་པ། གྲང་བ་དང་བཀྲེས་པ། སྐོམ་པ་དང་བདུན་པོ་དེ་ཡིན་པའི་ཕྱིར།

ནང་གི་གཟུགས་ཀྱི་མཚན་ཉིད་ཡོད་དེ།སྐྱེས་བུའི་ཤེས་རྒྱུད་ཀྱིས་བསྡུས་པའི་གཟུགས་དེ་ཡིན་པའི་ཕྱིར། ནང་གི་གཟུགས་ལ་དབྱེ་ན་ལྔ་ཡོད་དེ། མིག་གི་དབང་པོ་དང། རྣ་བའི་དབང་པོ་དང། སྣའི་དབང་པོ་དང། ལྕེའི་དབང་པོ་དང། ལུས་ཀྱི་དབང་པོ་དང་ལྔ་ཡོད་པའི་ཕྱིར། མིག་གི་དབང་པོའི་མཚན་ཉིད་ཡོད་དེ། རང་འབྲས་མིག་ཤེས་ཀྱི་ཐུན་མོང་མིན་པའི་བདག་རྐྱེན་བྱེད་པའི་ཆ་ནས་བཞག་པའི་ནང་གི་གཟུགས་ཅན་དྭངས་པ་དེ་ཡིན་པའི་ཕྱིར། མིག་དང་མིག་གི་དབང་པོ་དང། མིག་གི་ཁམས་གསུམ་དོན་གཅིག །མིག་དབང་ལ་དབྱེ་ན་གཉིས་ཡོད་དེ། རྟེན་བཅས་ཀྱི་མིག་དབང་དང། རྟེན་མཚུངས་ཀྱི་མིག་དབང་གཉིས་ཡོད་པའི་ཕྱིར། རྟེན་བཅས་ཀྱི་མིག་དབང་བཞག་ཏུ་ཡོད་དེ།་དཀར་པོ་དང་སྔོན་པོ་ལ་སོགས་པ་མཐོང་བའི་མིག་དབང་དེ་ཡིན་པའི་ཕྱིར། རྟེན་མཚུངས་ཀྱི་མིག་དབང་བཞག་ཏུ་ཡོད་དེ། གཉིད་ལོག་པའི་སྐབས་ཀྱི་མིག་དབང་དེ་ཡིན་པའི་ཕྱིར།་རྣ་བའི་དབང་པོའི་མཚན་ཉིད་ཡོད་དེ། རང་འབྲས་རྣ་ཤེས་ཀྱི་ཐུན་མོང་མིན་པའི་བདག་རྐྱེན་བྱེད་པའི་ཆ་ནས་བཞག་པའི་ནང་གི་གཟུགས་ཅན་དྭངས་པ་དེ་ཡིན་པའི་ཕྱིར། རྣ་དབང་ལ་དབྱེ་ན་གཉིས་ཡོད་དེ། རྟེན་བཅས་ཀྱི་རྣ་དབང་དང། རྟེན་མཚུངས་ཀྱི་རྣ་དབང་གཉིས་ཡོད་པའི་ཕྱིར།སྣའི་དབང་པོའི་མཚན་ཉིད་ཡོད་དེ། རང་འབྲས་སྣ་ཤེས་ཀྱི་ཐུན་མོང་མིན་པའི་བདག་རྐྱེན་བྱེད་པའི་ཆ་ནས་བཞག་པའི་ནང་གི་གཟུགས་ཅན་དྭངས་པ་དེ་ཡིན་པའི་ཕྱིར།སྣ་དབང་ལ་དབྱེ་ན་གཉིས་ཡོད་དེ། རྟེན་བཅས་ཀྱི་སྣ་དབང་དང། རྟེན་མཚུངས་ཀྱི་སྣ་དབང་གཉིས་ཡོད་པའི་ཕྱིར། ལྕེའི་དབང་པོའི་མཚན་ཉིད་ཡོད་དེ། རང་འབྲས་ལྕེ་ཤེས་ཀྱི་ཐུན་མོང་མིན་པའི་བདག་རྐྱེན་བྱེད་པའི་ཆ་ནས་བཞག་པའི་ནང་གི་གཟུགས་ཅན་དྭངས་པ་དེ་ཡིན་པའི་ཕྱིར། ལྕེ་དབང་ལ་དབྱེ་ན་གཉིས་ཡོད་དེ། རྟེན་བཅས་ཀྱི་ལྕེ་དབང་དང། རྟེན་མཚུངས་ཀྱི་ལྕེ་དབང་གཉིས་ཡོད་པའི་ཕྱིར། ལུས་ཀྱི་དབང་པོའི་མཚན་ཉིད་ཡོད་དེ། རང་འབྲས་ལུས་ཤེས་ཀྱི་ཐུན་མོང་མིན་པའི་བདག་རྐྱེན་བྱེད་པའི་ཆ་ནས་བཞག་པའི་ནང་གི་གཟུགས་ཅན་དྭངས་པ་དེ་ཡིན་པའི་ཕྱིར། ལུས་དབང་ལ་དབྱེ་ན་གཉིས་ཡོད་དེ། རྟེན་བཅས་ཀྱི་ལུས་དབང་དད། རྟེན་མཚུངས་ཀྱི་ལུས་དབང་གཉིས་ཡོད་པའི་ཕྱིར།  །

༈དེ་ལ་རྩོད་པ་སྤོང་བ་ལ། ཁ་ཅིག་ན་རེ།རླུང་ཆོས་ཅན། འབྱུང་འགྱུར་ཡིན་པར་ཐལ། འབྱུང་འགྱུར་གྱི་རེག་བྱ་བདུན་པོ་གང་རུང་ཡིན་པའི་ཕྱིར། མ་གྲུབ་ན། རླུང་ཆོས་ཅན། འབྱུང་འགྱུར་གྱི་རེག་བྱ་བདུན་པོ་གང་རུང་ཡིན་པར་ཐལ། ཡང་བ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། བྱས་པ་ལ་ཁོ་ན་རེ།ཁྱབ་པ་ཡོད་པར་ཐལ། ཡང་བ་ཡིན་ན། འབྱུང་འགྱུར་གྱི་རེག་བྱ་བདུན་པོ་གང་རུང་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། ཡང་བ་ཡིན་ན་འབྱུང་འགྱུར་གྱི་རེག་བྱ་བདུན་པོ་གང་རུང་ཡིན་པས་ཁྱབ་པར་ཐལ། འབྱུང་འགྱུར་གྱི་རེག་བྱ་བདུན་པོ་འདྲེན་པའི་ཚེ་ན་ཡང་བ་གཅིག་ལ་འདྲེན་དགོས་པའི་ཕྱིར་ཟེར་ན་མ་ཁྱབ། རྩ་བར་འདོད་ན། རླུང་ཆོས་ཅན།་འབྱུང་འགྱུར་མ་ཡིན་པར་ཐལ། འབྱུང་བ་ཡིན་པའི་ཕྱིར། མ་གྲུབ་ན།་རླུང་ཆོས་ཅན། འབྱུང་བ་ཡིན་པར་ཐལ། འབྱུང་བ་བཞི་བོ་གང་རུང་ཡིན་པའི་ཕྱིར། མ་གྲུབ་ན། རླུང་ཆོས་ཅན། འབྱུང་བ་བཞི་བོ་གང་རུང་ཡིན་པར་ཐལ། རླུང་ཡིན་པའི་ཕྱིར། ཁ་ཅིག་ན་རེ།་རྟ་དཀར་བོ་ཆོས་ཅན། ཁ་དོག་ཡིན་པར་ཐལ། རྩ་བའི་ཁ་དོག་བཞི་པོ་གང་རུང་ཡིན་པའི་ཕྱིར། མ་གྲུབ་ན། རྟ་དཀར་པོ་ཆོས་ཅན། རྩ་བའི་ཁ་དོག་བཞི་བོ་གང་རུང་ཡིན་པར་ཐལ། དཀར་པོ་ཡིན་པའི་ཕྱིར། མ་གྲུབ་ན། རྟ་དཀར་པོ་ཆོས་ཅན། དཀར་པོ་ཡིན་པར་ཐལ། ཁྱོད་རྟ་དཀར་པོ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། རྩ་བར་འདོད་ན། རྟ་དཀར་པོ་ཆོས་ཅན། དཀར་པོ་མ་ཡིན་པར་ཐལ། ཁ་དོག་མ་ཡིན་པའི་ཕྱིར། མ་གྲུབ་ན། རྟ་དཀར་པོ་ཆོས་ཅན། ཁ་དོག་མ་ཡིན་པར་ཐལ། གཟུགས་མ་ཡིན་པའི་ཕྱིར། མ་གྲུབ་ན། རྟ་དཀར་པོ་ཆོས་ཅན། གཟུགས་མ་ཡིན་པར་ཐལ། གང་ཟག་ཡིན་པའི་ཕྱིར། མ་གྲུབ་ན། རྟ་དཀར་པོ་ཆོས་ཅན། གང་ཟག་ཡིན་པར་ཐལ། རྟ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཤེས་བྱ་ཆོས་ཅན། གཟུགས་ཡིན་པར་ཐལ།་དབྱིབས་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དབྱིབས་ཡིན་པར་ཐལ། ཕྱ་ལེ་བ་དང་ཕྱ་ལེ་བ་མ་ཡིན་པ་གཉིས་པོ་གང་རུང་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། ཕྱ་ལེ་བ་དང་ཕྱ་ལེ་བ་མ་ཡིན་པ་གཉིས་པོ་གང་རུང་ཡིན་པར་ཐལ།་ཕྱ་ལེ་བ་མ་ཡིན་པ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན།ཕྱ་ལེ་བ་མ་ཡིན་པ་ཡིན་པར་ཐལ། ཕྱ་ལེ་བ་མ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། རྩ་བར་འདོད་ན། ཤེས་བྱ་ཆོས་ཅན།་གཟུགས་མ་ཡིན་པར་ཐལ། དངོས་པོ་མ་ཡིན་པའི་ཕྱིར། མ་གྲུབ་ན།་ཤེས་བྱ་ཆོས་ཅན། དངོས་པོ་མ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། རྟག་པ་ཡིན་པར་ཐལ། ཤེས་བྱ་དང་གཅིག་ཡིན་པའི་ཕྱིར།།

རྩོམ་སྒྲིག་པ། དཀོན་མཆོག་རྒྱ་མཚོ། 

བརྒྱུད་འགོད།
0