བསེ་བསྡུས་གྲྭ་ལས་ཡོད་རྟོགས་མེད་རྟོགས་ཀྱི་རྣམ་བཞག

སྤེལ་དུས།  2018-01-08   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  བསེ་ངག་དབང་བཀྲ་ཤིས།   ཀློག་གྲངས།  

༄༅། །ཡོད་རྟོགས་མེད་རྟོགས་ཀྱི་རྣམ་བཞག་བཤད་པ་ལ།

ཁ་ཅིག་ན་རེ། ཡོད་པར་རྟོགས་པའི་ཚད་མ་ཡོད་ན། དངོས་པོར་རྟོགས་པའི་ཚད་མ་ཡོད་པས་ཁྱབ་ཟེར་ན། ཤེས་བྱ་ཆོས་ཅན། དངོས་པོར་རྟོགས་པའི་ཚད་མ་ཡོད་པར་ཐལ། ཡོད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར།་ཁྱབ་པ་ཁས། མ་གྲུབ་ན། ཤེས་བྱ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། ཡོད་པ་ཡིན་པའི་ཕྱིར། མ་གྲུབ་ན།་ཤེས་བྱ་ཆོས་ཅན། ཡོད་པ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར།་རྩ་བར་འདོད་ན། ཤེས་བྱ་ཆོས་ཅན། དངོས་པོར་རྟོགས་པའི་ཚད་མ་མེད་པར་ཐལ། དངོས་པོ་མ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དངོས་པོ་མ་ཡིན་པར་ཐལ། དངོས་མེད་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དངོས་མེད་ཡིན་པར་ཐལ།་དོན་བྱེད་མི་ནུས་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། དོན་བྱེད་མི་ནུས་པ་དངོས་མེད་ཀྱི་མཚན་ཉིད་ཡིན་པའི་ཕྱིར།ཁ་ཅིག་ན་རེ། དངོས་མེད་དུ་རྟོགས་པའི་ཚད་མ་ཡོད་ན། རྟག་པར་རྟོགས་པའི་ཚད་མ་ཡོད་པས་ཁྱབ་ཟེར་ན། རི་བོང་རྭ་ཆོས་ཅན།་རྟག་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། དངོས་མེད་དུ་རྟོགས་པའི་ཚད་མ་ཡོད་པའི་ཕྱིར།ཁྱབ་པ་ཁས། མ་གྲུབ་ན།རི་བོང་རྭ་ཆོས་ཅན། དངོས་མེད་དུ་རྟོགས་པའི་ཚད་མ་ཡོད་པར་ཐལ། དངོས་མེད་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། དངོས་མེད་ཡིན་པར་ཐལ། དངོས་པོ་མ་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། དངོས་པོ་མ་ཡིན་པར་ཐལ། མེད་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། རི་བོང་རྭ་ཆོས་ཅན། རྟག་པར་རྟོགས་པའི་ཚད་མ་མེད་པར་ཐལ། རྟག་པ་མ་ཡིན་པའི་ཕྱིར།་མ་གྲུབ་ན། རི་བོང་རྭ་ཆོས་ཅན། རྟག་པ་མ་ཡིན་པར་ཐལ། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པར་ཐལ། ཆོས་མ་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། ཆོས་མ་ཡིན་པར་ཐལ།་མེད་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཆོས་དང་ཡོད་པ་གཉིས་དོན་གཅིག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། མ་བྱས་པར་རྟོགས་པའི་ཚད་མ་མ་བྱས་པར་རྟོགས་པའི་ཚད་མ་ཡོད་ན། མ་བྱས་པར་རྟོགས་པའི་ཚད་མ་ཡོད་པས་ཁྱབ་ཟེར་ན། སྒྲ་ཆོས་ཅན། མ་བྱས་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། མ་བྱས་པར་རྟོགས་པའི་ཚད་མ་མ་བྱས་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར།ཁྱབ་པ་ཁས། མ་གྲུབ་ན། སྒྲ་ཆོས་ཅན། མ་བྱས་པར་རྟོགས་པའི་ཚད་མ་མ་བྱས་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། མ་བྱས་པར་རྟོགས་པའི་ཚད་མ་བྱས་པར་རྟོགས་པའི་ཚད་མ་མེད་པའི་ཕྱིར། མ་གྲུབ་ན།་སྒྲ་ཆོས་ཅན། མ་བྱས་པར་རྟོགས་པའི་ཚད་མ་བྱས་པར་རྟོགས་པའི་ཚད་མ་མེད་པར་ཐལ། དངོས་པོ་ཡིན་པའི་ཕྱིར། རྩ་བར་འདོད་ན། སྒྲ་ཆོས་ཅན། མ་བྱས་པར་རྟོགས་པའི་ཚད་མ་མེད་པར་ཐལ། མ་བྱས་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན།་མ་བྱས་པ་མ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། མ་གྲུབ་ན།་སྒྲ་ཆོས་ཅན། བྱས་པ་ཡིན་པར་ཐལ།གཟུགས་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་པོ་གང་རུང་ཡིན་ན་བྱས་པ་ཡིན་པས་ཁྱབ་པའི་ཕྱིར། ཁ་ཅིག་ན་རེ། མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་ན། མེད་པར་རྟོགས་པའི་ཚད་མ་ཡོད་པས་ཁྱབ་ཟེར་ན། བུམ་པ་ཆོས་ཅན། མེད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར།ཁྱབ་པ་ཁས། མ་གྲུབ་ན། བུམ་པ་ཆོས་ཅན། མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། གཞི་གྲུབ་པའི་ཕྱིར། རྩ་བར་འདོད་ན། བུམ་པ་ཆོས་ཅན།མེད་པར་རྟོགས་པའི་ཚད་མ་མེད་པར་ཐལ། ཡོད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། ཡོད་པ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཡོད་པ་ཡིན་པར་ཐལ། རྟག་དངོས་གང་རུང་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན།་རྟག་དངོས་གང་རུང་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྟག་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་ན། རྟག་པར་རྟོགས་པའི་ཚད་མ་དང་མེད་པར་རྟོགས་པའི་ཚད་མ་གང་རུང་ཡོད་པས་ཁྱབ་ཟེར་ན། ཀྭ་བ་ཆོས་ཅན། རྟག་པར་རྟོགས་པའི་ཚད་མ་དང། མེད་པར་རྟོགས་པའི་ཚད་མ་གང་རུང་ཡོད་པར་ཐལ། རྟག་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར།ཁྱབ་པ་ཁས། མ་གྲུབ་ན། ཀྭ་བ་ཆོས་ཅན། རྟག་པ་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། རྟག་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། ཀྭ་བ་ཆོས་ཅན། རྟག་པ་མ་ཡིན་པར་ཐལ། དངོས་མེད་མ་ཡིན་པའི་ཕྱིར། མ་གྲུབ་ན། ཀྭ་བ་ཆོས་ཅན། དངོས་མེད་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། ཀྭ་བ་ཆོས་ཅན། དངོས་པོ་ཡིན་པར་ཐལ། དོན་བྱེད་ནུས་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་ཡིན་པའི་ཕྱིར།་རྩ་བར་འདོད་ན། ཀྭ་བ་ཆོས་ཅན། རྟག་པར་རྟོགས་པའི་ཚད་མ་དང། མེད་པར་རྟོགས་པའི་ཚད་མ་གང་རུང་མེད་པར་ཐལ། རྟག་པར་རྟོགས་པའི་ཚད་མ་མེད་པ་གང་ཞིག །མེད་པར་རྟོགས་པའི་ཚད་མ་མེད་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། ཀྭ་བ་ཆོས་ཅན། རྟག་པར་རྟོགས་པའི་ཚད་མ་མེད་པར་ཐལ། རྟག་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། ཀྭ་བ་ཆོས་ཅན། རྟག་པ་མ་ཡིན་པར་ཐལ། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། ཀྭ་བ་ཆོས་ཅན།་ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པར་ཐལ། ཆོས་དང་སྐད་ཅིག་མ་ཡིན་པའི་གཞི་མཐུན་པ་ཡིན་པའི་ཕྱིར། མ་གྲུབ་ན། ཀྭ་བ་ཆོས་ཅན། ཆོས་དང་སྐད་ཅིག་མ་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ། ཆོས་ཡིན་པ་གང་ཞིག །སྐད་ཅིག་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། ཀྭ་བ་ཆོས་ཅན་ཆོས་ཡིན་པར་ཐལ། རང་གི་ངོ་བོ་འཛིན་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། རང་གི་ངོ་བོ་འཛིན་པ་ཆོས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། ཀྭ་བ་ཆོས་ཅན།་སྐད་ཅིག་མ་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། སྐད་ཅིག་མ་མི་རྟག་པའི་མཚན་ཉིད་ཡིན་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། ཀྭ་བ་ཆོས་ཅན།་མེད་པར་རྟོགས་པའི་ཚད་མ་མེད་པར་ཐལ། མེད་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། ཀྭ་བ་ཆོས་ཅན། མེད་པ་མ་ཡིན་པར་ཐལ།ཚད་མས་མི་དམིགས་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། ཀྭ་བ་ཆོས་ཅན། ཚད་མས་མི་དམིགས་པ་མ་ཡིན་པར་ཐལ། ཚད་མས་དམིགས་པ་ཡིན་པའི་ཕྱིར། མ་གྲུབ་ན། ཀྭ་བ་ཆོས་ཅན། ཚད་མས་དམིགས་པ་ཡིན་པར་ཐལ། རྣམ་མཁྱེན་གྱི་གཞལ་བྱ་ཡིན་པའི་ཕྱིར། 

 ༈རང་གི་ལུགས་ལ། ཡོད་པར་རྟོགས་པའི་ཚད་མ་ཡོད་པ་དང་ཡོད་པ་གཉིས་ཡིན་ཁྱབ་མཉམ་ཡིན་ཏེ། ཡོད་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་ན། ཡོད་པ་ཡིན་པས་ཁྱབ། ཡོད་པ་ཡིན་ན་ཡོད་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་པས་ཁྱབ་པའི་ཕྱིར། མེད་པར་རྟོགས་པའི་ཚད་མ་ཡོད་པ་དང་མེད་པ་གཉིས་ཡིན་ཁྱབ་མཉམ་ཡིན་ཏེ། མེད་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་ན་མེད་པ་ཡིན་པས་ཁྱབ། མེད་པ་ཡིན་ན་མེད་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་པས་ཁྱབ་པའི་ཕྱིར། རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པ་གཉིས་ཡིན་ཁྱབ་མཉམ་ཡིན་ཏེ། རྟག་པ་ཡིན་ན། རྟག་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་པས་ཁྱབ་པ་དང། རྟག་པར་རྟོགས་པའི་ཚད་མ་ཡོ་དཔ་ཡིན་ན། རྟག་པ་ཡིན་པས་ཁྱབ་པའི་ཕྱིར། དངོས་པོར་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོ་གཉིས་ཡིན་ཁྱབ་མཉམ་ཡིན་ཏེ། དངོས་པོ་ཡིན་ན། དངོས་པོར་རྟོགས་པའི་ཚད་མ་ཡོད་པ་ཡིན་པས་ཁྱབ། དངོས་པོར་རྟོགས་པའི་ཚད་མ་ཡོད་པ་ཡིན་ན། དངོས་པོ་ཡིན་པས་ཁྱབ་པའི་ཕྱིར། མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པ་དང། ཡོད་པ་གཉིས་ཡིན་ཁྱབ་མཉམ་ཡིན་ཏེ།་ཡོད་པ་ཡིན་ན་མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་པས་ཁྱབ། མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་ན་ཡོད་པ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་ན། ཡོད་པ་ཡིན་པས་ཁྱབ་པར་ཐལ།མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་གཉིས་དང། བཞི་དང། དྲུག་ལ་སོགས་པ་ཆ་བྱུང་ན་ཡོད་པ་ཡིན་པས་ཁྱབ་པའི་ཕྱིར། རྟག་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་པ་དང། རྟག་པ་གཉིས་ཡིན་ཁྱབ་མཉམ་ཡིན་ཏེ། རྟག་པ་ཡིན་ན་རྟག་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་པ་ཡིན་པས་ཁྱབ། རྟག་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་པ་ཡིན་ན་རྟག་པ་ཡིན་པས་ཁྱབ་པའི་ཕྱིར།་དངོས་པོར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་ཡོད་པ་དང། དངོས་པོ་གཉིས་ཡིན་ཁྱབ་མཉམ་ཡིན་ཏེ། དངོས་པོ་ཡིན་ན་དངོས་པོར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་པས་ཁྱབ། དངོས་པོར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་ན། དངོས་པོ་ཡིན་པས་ཁྱབ་པའི་ཕྱིར།་ཡོད་པར་རྟོགས་པའི་ཚད་མ་ཡོད་པ་དང་ཡོད་པར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་ཡོད་པ་གཉིས་ཡིན་ཁྱབ་མཉམ་ཡིན་ཏེ། ཡོད་པར་རྟོགས་པའི་ཚད་མ་ཡོད་ན་ཡོད་པར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་ཅི་ཙམ་བརྩེགས་ཀྱང་ཡོད་པ་ཡིན་པས་ཁྱབ་པའི་ཕྱིར། ཡོད་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་པར་ཐལ། ཡོད་པར་རྟོགས་པའི་ཚད་མ་དངོས་པོ་ཡིན་པའི་ཕྱིར། ཡོད་པའི་མཚན་ཉིད་ཡོད་དེ། ཚད་མས་དམིགས་པ་དེ་ཡིན་པས་ཕྱིར། ཡོད་པ་དང་ཤེས་བྱ་དང་གཞི་གྲུབ་དང་ཆོས་རྣམས་དོན་གཅིག །ཤེས་བྱའི་མཚན་ཉིད་ཡོད་དེ།བློའི་ཡུལ་དུ་བྱ་རུང་དེ་ཡིན་པའི་ཕྱིར། གཞི་གྲུབ་ཀྱི་མཚན་ཉིད་ཡོད་དེ། ཚད་མས་གྲུབ་པ་དེ་ཡིན་པའི་ཕྱིར། ཆོས་ཀྱི་མཚན་ཉིད་ཡོད་དེ། རང་གི་ངོ་བོ་འཛིན་པ་དེ་ཡིན་པའི་ཕྱིར། ཡོད་པ་ལ་དབྱེ་ན་གཉིས་ཡོད་དེ། དངོས་པོ་དང་རྟག་པ་གཉིས་ཡོད་པའི་ཕྱིར།དངོས་པོའི་མཚན་ཉིད་ཡོད་དེ། དོན་བྱེད་ནུས་པ་དེ་ཡིན་པའི་ཕྱིར། དངོས་པོ་དང་བྱས་པ་དང་མི་རྟག་པ་གསུམ་དོན་གཅིག།དངོས་པོ་ལ་དབྱེ་ན་གསུམ་ཡོད་དེ། གཟུགས་དང། ཤེས་པ་དང། ལྡན་མིན་འདུ་བྱེད་གསུམ་ཡོད་པའི་ཕྱིར། བེམ་པོའི་མཚན་ཉིད་ཡོད་དེ།་རྡུལ་དུ་གྲུབ་པ་དེ་ཡིན་པའི་ཕྱིར། བེམ་པོ་དང་གཟུགས་གཉིས་དོན་གཅིག །བེམ་པོ་དང་གཟུགས་གཉིས་ལ་དབྱེ་ན། ཕྱིའི་གཟུགས་དང།་ནང་གི་གཟུགས་གཉིས་ཡོད།ཕྱིའི་གཟུགས་དང་ནང་གི་གཟུགས་གཉིས་ལ་དབྱེ་ན་རེ་རེ་ནས་ལྔ་ལྔ་ཡོད་དེ།སྔར་བཤད་ཟིན་པ་ལྟར་ཡོད་པའི་ཕྱིར། ཤེས་པའི་མཚན་ཉིད་ཡོད་དེ། གསལ་ཞིང་རིག་པ་དེ་ཡིན་པའི་ཕྱིར། ཤེས་པ་དང། བློ་དང་། རིག་པ་གསུམ་དོན་གཅིག་མཚན་གཞི་ནི་ཡོད་དེ། རྣམ་མཁྱེན་དེ་ཡིན་པའི་ཕྱིར། རྟག་པ་ལ་དབྱེ་ན། གཉིས་ཡོད་དེ། རྣམ་པ་ཐམས་ཅད་པའི་རྟག་པ་དང། རེ་འགའ་བའི་རྟག་པ་གཉིས་ཡོད་པའི་ཕྱིར། རྣམ་པ་ཐམས་ཅད་པའི་རྟག་པ་བཞག་ཏུ་ཡོད་དེ། ཤེས་བྱ་དང་ཡོད་པ་གཉིས་དེ་ཡིན་པའི་ཕྱིར། རེ་འགའ་བའི་རྟག་པ་བཞག་ཏུ་ཡོད་དེ། བུམ་པའི་ལྡོག་པ་དང། ཀྭ་བའི་ལྡོག་པ་གཉིས་དེ་ཡིན་པའི་ཕྱིར།  

༈དེ་ལ་རྩོད་པ་སྤོང་བ་ལ། ཁ་ཅིག་ན་རེ། བུམ་པ་ཆོས་ཅན། རྟག་པ་ཡིན་པར་ཐལ། རྟག་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། རྟག་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་པར་ཐལ།་རྟག་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར་ཟེར་ན། འགལ་ཁྱབ་ལ་འཕུད། ཁ་ཅིག་ན་རེ། ཤེས་བྱ་ཆོས་ཅན། དངོས་པོ་ཡིན་པར་ཐལ། དངོས་པོར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར་ཟེར་ན། འགལ་ཁྱབ་ལ་འཕུང། མ་གྲུབ་ན། ཤེས་བྱ་ཆོས་ཅན། དངོས་པོར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། དངོས་པོ་མ་ཡིན་པའི་ཕྱིར།

རྩོམ་སྒྲིག་པ། དཀོན་མཆོག་རྒྱ་མཚོ། 

བརྒྱུད་འགོད།
0