བསྡུས་གྲྭའི་རྣམ་བཞག་ལེགས་པར་བཤད་པ་བཞུགས་སོ། །

སྤེལ་དུས།  2019-06-18   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  ​ཀུན་མཁྱེན་འཇམ་དབྱངས་བཞད་པ།   ཀློག་གྲངས།  

 ༄༅། །བསྡུས་གྲྭའི་རྣམ་བཞག་ལེགས་པར་བཤད་པ་བཞུགས་སོ། །

ཀུན་མཁྱེན་འཇམ་དབྱངས་བཞད་པས་མཛད།

༄༅།།ན་མོ་གུ་རུ་མཉྫུ་གྷོཥཱ་ཡ། ཡིད་བཞིན་ནོར་བུ་ལས་ལྷག་འདོད་པའི་དོན། །ཀུན་སྟེར་ཆོས་ཀུན་རྩ་བ་ཤེས་རབ་སྟེ། །སྣང་བས་ས་གསུམ་གསལ་མཛད་སྟེར་མཛད་པའི། །བླ་མ་ལྷར་བཅས་ཞབས་ལ་གུས་ཕྱག་འཚལ། །གསུང་རབ་ཀུན་གྱི་རིགས་པ་ལེགས་བཏུས་པར། །རིགས་ཆུང་རིགས་འབྲིང་རིགས་ཆེན་ཞེས་གྲགས་པའི། །རིགས་པའི་སྒོ་འབྱེད་འཇམ་དབྱངས་མངོན་སུམ་དུ། །སྒྲུབ་པའི་ཚུལ་འཆད་སྐལ་ལྡན་རྣམས་ཀྱིས་ཟུངས། །

འདིར་བློ་ཆུང་བའི་རིགས་ཆུང་ངམ་བསྡུས་ཆུང་དང༌། འབྲིང་ལ་རིགས་འབྲིང་ངམ་བསྡུས་འབྲིང་དང༌། ཆེན་པོ་ལ་རིགས་ཆེན་ནམ་བསྡུས་ཆེན་གྱི་རྣམ་བཞག་གསུམ་ལས། དང་པོ་ལ། ཁ་ཅིག་ན་རེ། ཁ་དོག་ཡིན་ན་དམར་པོ་ཡིན་པས་ཁྱབ་ཅེས་ཟེར་ན། ཆོས་དུང་དཀར་པོའི་ཁ་དོག་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། དེར་ཐལ། དཀར་པོ་ཡིན་པའི་ཕྱིར། དེར་ཐལ། ཆོས་དུང་གི་ཁ་དོག་ཡིན་པའི་ཕྱིར། འཁོར་གསུམ། རྩ་བར་འདོད་ན། དམར་པོ་མ་ཡིན་པར་ཐལ། དཀར་པོ་ཡིན་པའི་ཕྱིར། དེར་ཐལ། ཆོས་དུང་དཀར་པོའི་ཁ་དོག་དང་གཅིག་ཡིན་པའི་ཕྱིར། འཁོར་གསུམ། གཞན་ཡང༌། ཨིནྡྲ་ནི་ལའི་ཁ་དོག་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། དེར་ཐལ། སྔོན་པོ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེའི་ཁ་དོག་ཡིན་པའི་ཕྱིར། འཁོར་གསུམ། རྩ་བར་འདོད་ན། མ་ཡིན་པར་ཐལ། སྔོན་པོ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་དང་གཅིག་ཡིན་པའི་ཕྱིར། གཞན་ཡང༌། པུཎྜ་རི་ཀའི་ཁ་དོག་ཆོས་ཅན། དམར་པོ་ཡིན་པར་ཐལ། ཁ་དོག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དཀར་པོ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེའི་ཕྱིར། འཁོར་གསུམ། རྩ་བར་འདོད་ན། དམར་པོ་མ་ཡིན་པར་ཐལ། དཀར་པོ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་གཉིས་འགལ་བའི་ཕྱིར། དེར་ཐལ། བདག་མེད་ཡིན་པའི་ཕྱིར། གཞན་ཡང༌། སངས་རྒྱས་དོན་ཡོད་གྲུབ་པའི་ཁ་དོག་ལྗང་ཁུ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་དེར་ཐལ། ལྗང་ཁུ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་དང་གཅིག་ཡིན་པའི་ཕྱིར། འཁོར་གསུམ། རྩ་བར་འདོད་ན། དེ་ཆོས་ཅན། དམར་པོ་མ་ཡིན་པར་ཐལ། ལྗང་ཁུ་ཡིན་པའི་ཕྱིར། མ་གྲུབ་ན། དོན་ཡོད་གྲུབ་པའི་ཁ་དོག་ལྗང་ཁུ་ཡིན་པར་ཐལ། དེའི་ཁ་དོག་ལྗང་ཁུ་ཡོད་པའི་ཕྱིར། འཁོར་གསུམ། ཁ་དོག་ཡིན་ན་དཀར་པོ་ཡིན་པས་ཁྱབ་པར་ཐལ། ཁ་དོག་ཡིན་ན་དམར་པོ་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། དེ་ལྟར་ཁྱབ་ན་གང་དྲན་དྲན་ཡིན་དགོས་པའི་ཕྱིར། རྩ་བར་འདོད་ན། སངས་རྒྱས་རིན་འབྱུང་གི་ཁ་དོག་སེར་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། སེར་པོ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། འཁོར་གསུམ། རྩ་བར་འདོད་ན། དེ་ཆོས་ཅན། དཀར་པོ་མ་ཡིན་པར་ཐལ། སེར་པོ་ཡིན་པའི་ཕྱིར། འཁོར་གསུམ། ཁྱབ་སྟེ། དཀར་སེར་གཉིས་ཀ་ཡིན་པ་མེད་པའི་ཕྱིར། དེར་ཐལ། གང་ཟག་གི་བདག་མེད་ཡིན་པའི་ཕྱིར། དེར་ཐལ། ཡོད་མེད་གང་རུང་ཡིན་པའི་ཕྱིར། འཁོར་གསུམ། གཞན་ཡང༌། སངས་རྒྱས་འོད་དཔག་མེད་ཀྱི་ཁ་དོག་དམར་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། དེར་ཐལ། དམར་པོ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་དང་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། འཁོར་གསུམ། དེ་དག་གོ་ཐོབ་རགས་པ་ཡིན། རྩོད་ཚེ་ཁྱོད་ཅག་གིས་འཁྲི་ན། ཆོས་དུང་དཀར་པོའི་ཁ་དོག་དཀར་པོ་ཆོས་ཅན། ཁ་དོག་དཀར་པོ་ཡིན་པར་ཐལ། ཆོས་དུང་དཀར་པོའི་ཁ་དོག་དཀར་པོ་དང་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཁ་དོག་དང་སེར་པོའི་གཞི་མཐུན་མེད་པར་ཐལ། ཁ་དོག་དཀར་པོ་ཡིན་པའི་ཕྱིར། རྟགས་ཁས། འཁོར་གསུམ། མ་ཁྱབ་ན། ཁ་དོག་ཆོས་ཅན། ཁྱོད་དཀར་པོ་ཡིན་ན་ཁྱོད་དང་སེར་པོའི་གཞི་མཐུན་མེད་པས་ཁྱབ་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། ཁས་ལེན་དུས་ཞིབ་ཆ་དགོས། འདོད་ན། བུམ་པ་ཆོས་ཅན། ཁ་དོག་ཡིན་ན་སེར་པོ་མ་ཡིན་དགོས་པར་ཐལ། ཁ་དོག་དང་སེར་པོའི་གཞི་མཐུན་མེད་པའི་ཕྱིར། མ་གྲུབ་ན། ཁ་དོག་དཀར་པོ་ཡིན་པར་བུད། འདོད་ན། བུམ་པ་ཆོས་ཅན། ཁ་དོག་ལ་རྩ་བའི་ཁ་དོག་དཀར་སེར་དམར་ནག་བཞི་དང༌། ཡན་ལག་གི་ཁ་དོག་བརྒྱད་མེད་པར་ཐལ། ཁ་དོག་དང་སེར་པོའི་གཞི་མཐུན་མེད་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། ཁ་དོག་ལ་དང་པོ་བཞི་ཡོད་པ་གང་ཞིག །ཡན་ལག་གི་ཁ་དོག་བརྒྱད་ཡོད་པའི་ཕྱིར།

བྱས་པ་ལ་ཁོ་ན་རེ། ཆོས་དུང་དཀར་པོའི་ཁ་དོག་དཀར་པོ་ཆོས་ཅན། ཁ་དོག་དཀར་པོ་མ་ཡིན་པར་ཐལ། ཁ་དོག་དང་སེར་པོའི་གཞི་མཐུན་ཡོད་པའི་ཕྱིར། འདོད་བྱས་པ་ལ་ཁོ་ན་རེ། ཆོས་དུང་གི་ཁ་དོག་དཀར་པོ་ཆོས་ཅན། ཁ་དོག་དཀར་པོའི་བྱེ་བྲག་མ་ཡིན་པར་ཐལ། ཁ་དོག་དཀར་པོ་མ་ཡིན་པའི་ཕྱིར། འཁོར་གསུམ། འདོད་ན། དེ་ཆོས་ཅན། ཁ་དོག་དཀར་པོའི་བྱེ་བྲག་མེད་པར་ཐལ། ཆོས་དུང་གི་ཁ་དོག་དཀར་པོ་ཁ་དོག་དཀར་པོའི་བྱེ་བྲག་མ་ཡིན་པའི་ཕྱིར་ན། རྟགས་མ་གྲུབ་བྱས་པ་ལ་ཁོ་ན་རེ། ཆོས་དུང་གི་ཁ་དོག་དཀར་པོ་ཆོས་ཅན། ཁ་དོག་དཀར་པོའི་བྱེ་བྲག་ཡིན་པར་ཐལ། ཁྱོད་ཁ་དོག་དཀར་པོའི་བྱེ་བྲག་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། ཁྱོད་ཁ་དོག་དཀར་པོའི་བྱེ་བྲག་ཡིན་ན། ཁ་དོག་དཀར་པོའི་བྱེ་བྲག་ཡིན་པས་ཁྱབ་པར་ཐལ། ཁྱོད་ཁ་དོག་དཀར་པོ་ཡིན་ན་ཁ་དོག་དཀར་པོ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན་དངོས། མ་ཁྱབ་ན། ཁྱོད་ཁ་དོག་དཀར་པོ་ཡིན་ན་ཁ་དོག་དཀར་པོ་ཡིན་པས་ཁྱབ་པར་ཐལ། མ་ཁྱབ་པ་དེའི་ཕྱིར། འདོད་ན། ཁྱོད་ཁ་དོག་སེར་པོ་ཡིན་ན་ཁ་དོག་སེར་པོ་ཡིན་པས་ཁྱབ་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། སངས་རྒྱས་རིན་འབྱུང་གི་ཁ་དོག་སེར་པོ་ཆོས་ཅན། ཁ་དོག་དང་དཀར་པོ་གཉིས་འགལ་བར་ཐལ། ཁ་དོག་དང་དཀར་པོའི་གཞི་མཐུན་མེད་པའི་ཕྱིར། མ་གྲུབ་ན་དངོས། དེ་ཆོས་ཅན། དེར་ཐལ། ཁ་དོག་སེར་པོ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁ་དོག་སེར་པོ་ཡིན་པར་ཐལ། ཁྱོད་ཁ་དོག་སེར་པོ་ཡིན་པའི་ཕྱིར། འཁོར་གསུམ། དེར་ཐལ། ཁྱོད་ཁ་དོག་སེར་པོའི་བྱེ་བྲག་ཡིན་པའི་ཕྱིར། དེ་དེ་ཡིན་པར་ཐལ། ཁ་དོག་སེར་པོའི་བྱེ་བྲག་ཡོད་པའི་ཕྱིར། འཁོར་གསུམ། གོང་དུ་འདོད་ན། སངས་རྒྱས་རིན་འབྱུང་གི་ཁ་དོག་སེར་པོ་ཆོས་ཅན། ཁ་དོག་དང་དཀར་པོ་གཉིས་མི་འགལ་བར་ཐལ། དཀར་པོ་ཡིན་ན་ཁ་དོག་ཡིན་དགོས་པའི་ཕྱིར། འཁོར་གསུམ། དེ་དགོས་པར་ཐལ། གང་ཟག་གི་བདག་མེད་ཡིན་པའི་ཕྱིར། འཁོར་གསུམ། དེ་བཞིན་དུ་སྤྲོ་སླ། ཁ་དོག་དཀར་དམར་བཤད་ཟིན་ཏོ། །

གཉིས་པ་ཡོད་རྟོགས་མེད་རྟོགས་ནི། ཁ་ཅིག་ན་རེ། ཡོད་པ་ཡིན་ན། རྟག་པར་རྟོགས་པའི་ཚད་མ་ཡོད་པས་ཁྱབ་ཟེར་ན། བུམ་པ་ཆོས་ཅན། རྟག་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། ཡོད་པ་ཡིན་པའི་ཕྱིར། དེར་ཐལ། ཚད་མས་དམིགས་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཚད་མས་དམིགས་པ་ཡོད་པའི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། ཡོད་པའི་མཚན་ཉིད་ཡོད་པའི་ཕྱིར། དེར་ཐལ། ཡོད་པ་མཚོན་བྱ་ཡིན་པའི་ཕྱིར་ཏེ། བདག་མེད་ཡིན་པའི་ཕྱིར། རྩ་བར་འདོད་ན། བུམ་པ་ཆོས་ཅན། རྟག་པ་ཡིན་པར་ཐལ། རྟག་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། འཁོར་གསུམ། རྟགས་ཁས། མ་ཁྱབ་ཟེར་ན། ཁྱབ་པར་ཐལ། ཁྱོད་རྟག་པར་རྟོགས་པའི་ཚད་མ་ཡོད་ན་ཁྱོད་རྟག་པ་ཡིན་དགོས་པའི་ཕྱིར། དེར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། གཞན་ཡང༌། བུམ་པ་ཆོས་ཅན། ཁྱོད་དངོས་པོར་རྟོགས་པའི་ཚད་མ་མེད་པར་ཐལ། རྟག་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། རྟགས་ཁས། མ་གྲུབ་ན། དེར་ཐལ། ཡོད་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྩ་བར་འདོད་མི་ནུས་ཏེ། དངོས་པོར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། དེར་ཐལ། ཁྱོད་དངོས་པོར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། དེར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། དེར་ཐལ། བུམ་པ་ཡིན་པའི་ཕྱིར། གཞན་ཡང༌། བུམ་པ་ཆོས་ཅན། རྟག་པར་རྟོགས་པའི་ཚད་མ་མེད་པར་ཐལ། རྟག་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་རྟག་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། ཁྱོད་རྟག་པ་མ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་མི་རྟག་པ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། གཞན་ཡང༌། བུམ་པ་ཆོས་ཅན། ཁྱོད་མི་རྟག་པར་རྟོགས་པའི་ཚད་མ་མེད་པར་ཐལ། ཁྱོད་རྟག་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། ཁྱོད་མི་རྟག་པ་མ་ཡིན་པར་ཐལ། ཁྱོད་མི་རྟག་པར་རྟོགས་པའི་ཚད་མ་མེད་པའི་ཕྱིར། རྟགས་ཁས། འཁོར་གསུམ། འདོད་ན། དེ་ཆོས་ཅན། བུམ་པ་མ་ཡིན་པར་ཐལ། མི་རྟག་པ་མ་ཡིན་པའི་ཕྱིར། འདོད་ན། བུམ་པ་བུམ་པ་ཡིན་པར་ཐལ། བུམ་པ་ཡོད་པའི་ཕྱིར། དེར་ཐལ། ལྟོ་ལྡིར་བ་ཡོད་པའི་ཕྱིར། ཁྱབ་སྟེ། ལྟོ་ལྡིར་བ་བུམ་པའི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། བུམ་པའི་མཚན་ཉིད་ཡོད་པའི་ཕྱིར། དེ་བཞིན་དུ་ཀ་བ་དང་སྒྲ་སོགས་འཕེན་ཤེས་སླའོ། །ཁ་ཅིག་ན་རེ། ཡོད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་ན། ཡོད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པས་ཁྱབ་ཟེར་ན། སྒྲ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། ཡོད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། མ་གྲུབ་ན། སྒྲ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། ཡོད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་མེད་ངེས་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་ཡོད་པར་རྟོགས་པའི་ཚད་མ་ཆོས་ཅན། ཁྱོད་མེད་པར་རྟོགས་པའི་ཚད་མ་མེད་པར་ཐལ། ཁྱོད་ཡོད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། འདོད་ན་དངོས་འགལ། མ་གྲུབ་ན། དེར་ཐལ། ཁྱོད་ཡོད་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། ཁྱོད་ཡོད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། ཁྱོད་ཡོད་པ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། ཁྱབ་སྟེ། ཡོད་པ་དང་ཤེས་བྱ་དང་གཞི་གྲུབ་དང་ཚད་མས་གྲུབ་པ་དང་ཚད་མས་དམིགས་པ་དང་བློའི་ཡུལ་དུ་བྱ་རུང་བ་དྲུག་དོན་གཅིག་མིང་གི་རྣམ་གྲངས་དང་ཕན་ཚུན་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། དེ་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་ན། མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པའི་ཁྱབ་ཟེར་ན། ཀ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེར་ཐལ། མེད་པར་རྟོགས་པའི་ཚད་མ་མེད་པའི་ཕྱིར། མ་ཁྱབ་ཟེར་ན། ཀ་བ་མེད་པར་རྟོགས་པའི་ཚད་མ་ཆོས་ཅན། ཁྱོད་མེད་ན་ཁྱོད་མེད་པར་རྟོགས་པའི་ཚད་མ་ཡོད་དགོས་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། འཁོར་གསུམ། འདོད་ན། རྩིས་དང་བྱས་པས། དངོས་འགལ་ལ་འགྲོ། རྩ་བར་འདོད་ན། ཀ་བ་ཆོས་ཅན། ཁྱོད་མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་མེད་པར་ཐལ། ཁྱོད་མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། མ་ཁྱབ་ན། ཀ་བ་མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཆོས་ཅན། ཁྱོད་མེད་པར་རྟོགས་པའི་ཚད་མ་ཡོད་ན་ཁྱོད་མེད་དགོས་པར་ཐལ། བདག་མེད་ཡིན་པའི་ཕྱིར། འདོད་ན་དངོས། གོང་གི་མ་ཁྱབ་མཚམས་ལ་འདོད་མི་ནུས་ཏེ། ཁྱོད་མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། དེར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། དེར་ཐལ། ཁྱོད་རྟག་པ་དང་དངོས་པོ་གང་རུང་ཡིན་པའི་ཕྱིར། དེར་ཐལ། དངོས་པོ་ཡིན་པའི་ཕྱིར། དེར་ཐལ། བེམ་པོ་དང་ཤེས་པ་དང་ལྡན་མིན་འདུ་བྱེད་གསུམ་པོ་གང་རུང་ཡིན་པའི་ཕྱིར། དེར་ཐལ། བེམ་པོ་ཡིན་པའི་ཕྱིར། དེར་ཐལ། རྡུལ་དུ་གྲུབ་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྡུལ་དུ་གྲུབ་པ་བེམ་པོའི་མཚན་ཉིད་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྟག་པ་ཡིན་ན་རྟག་པར་རྟོགས་པའི་ཚད་མ་རྟག་པར་རྟོགས་པའི་ཚད་མ་ཡོད་པས་ཁྱབ་པར་ཐལ། དངོས་པོ་ཡིན་ན་དངོས་པོར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་པས་ཁྱབ་པའི་ཕྱིར་ན་མ་ཁྱབ། ཁོ་རང་ལ་འདོད་ན། བུམ་པ་དང་གཅིག་ཆོས་ཅན། རྟག་པར་རྟོགས་པའི་ཚད་མ་རྟག་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། རྟག་པ་ཡིན་པའི་ཕྱིར། འཁོར་གསུམ། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་དང་གཅིག་རྟག་པ་ཡིན་པར་ཐལ། ཁྱོད་དང་གཅིག་ཡོད་པའི་ཕྱིར། དེར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། གཞན་ཡང༌། བུམ་པ་དང་གཅིག་ཆོས་ཅན། རྟག་པ་ཡིན་པར་ཐལ། རྟག་དངོས་གང་རུང་གང་ཞིག །དངོས་པོ་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེ་ཆོས་ཅན། རྟག་དངོས་གང་རུང་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། རྟག་གཉིས་པ་མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་དང་གཅིག་དངོས་པོ་མ་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། དེ་བཞིན་དུ་ཤེས་པར་རྟོགས་པ་དང་དགག་སྒྲུབ་སྒྲ་དྲི་སོགས་དུ་མ་ལ་སྤྲོ་སླ། བསྡུས་ཚན་གཉིས་པ་ཡོད་རྟོགས་མེད་རྟོགས་བཤད་ཟིན་ཏོ། །

གསུམ་པ་ཡིན་ལོག་མིན་ལོག་ནི། ཆོས་དེ་ཡིན་ན་ཆོས་དེ་ཡིན་པ་ལས་ལོག་པ་ཡིན་པས་ཁྱབ་ཟེར་ན། འོ་ན། ཚད་མ་ཆོས་ཅན། ཤེས་པ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། ཤེས་པ་ཡིན་པའི་ཕྱིར། འཁོར་གསུམ། དེར་ཐལ། ཚད་མ་དང་ཚད་མིན་གྱི་ཤེས་པ་གང་རུང་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཤེས་པ་ཡིན་པ་ལས་ལོག་པ་མ་ཡིན་པར་ཐལ། ཤེས་པ་མ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། དེར་ཐལ། ཤེས་པ་མ་ཡིན་པ་མ་ཡིན་པའི་ཕྱིར། ཁོ་ན་རེ། མ་ཁྱབ་ཟེར་ན། ཁྱབ་པར་ཐལ། ཤེས་པ་མ་ཡིན་པ་ལས་ལོག་པ་དང་ཤེས་པ་མ་ཡིན་པ་མ་ཡིན་པ་གཉིས་དོན་གཅིག་དང་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་པ་ཆོས་ཅན། ཁྱོད་མ་ཡིན་པ་ལས་ལོག་པ་དང་ཁྱོད་མ་ཡིན་པ་མ་ཡིན་པ་གཉིས་དོན་གཅིག་དང་ཡིན་ཁྱབ་མཉམ་ཡིན་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། མ་ཁྱབ་མཚམས་ལ་རྟགས་མ་གྲུབ་ཟེར་ན། ཚད་མ་ཆོས་ཅན། ཤེས་པ་མ་ཡིན་པ་མ་ཡིན་པར་ཐལ། ཤེས་པ་ཡིན་པའི་ཕྱིར། འཁོར་གསུམ། གཞན་ཡང༌། ཚད་མ་ཆོས་ཅན། ཤེས་པ་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། ཤེས་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། དེར་ཐལ། ཤེས་པ་མ་ཡིན་པ་མ་ཡིན་པ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་པར་ཐལ། དེ་གཉིས་དོན་གཅིག་དང་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། མ་གྲུབ་ཟེར་ན། ཤེས་པ་ཆོས་ཅན། ཁྱོད་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་དང་ཁྱོད་མ་ཡིན་པ་མ་ཡིན་པ་གཉིས་དོན་གཅིག་དང་ཡིན་ཁྱབ་མཉམ་ཡིན་པར་ཐལ། ཁྱོད་ཡོད་མེད་གང་རུང་ཡིན་པའི་ཕྱིར། དེར་ཐལ། བདག་མེད་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཆོས་དེ་མ་ཡིན་ན་ཆོས་དེ་མ་ཡིན་པ་ལས་ལོག་པ་ཡིན་པས་ཁྱབ་ཟེར་ན། ཀ་བུམ་གཉིས་ཆོས་ཅན། མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། མ་ཡིན་པའི་ཕྱིར། འཁོར་གསུམ། མ་གྲུབ་ན། ཀ་བུམ་གཉིས་མ་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། རྩ་བར་འདོད་ན། ཀ་བུམ་གཉིས་ཆོས་ཅན། མ་ཡིན་པ་ལས་ལོག་པ་མ་ཡིན་པར་ཐལ། ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། དེར་ཐལ། མ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་པར་ཐལ། དེ་ཡིན་པ་ལས་ལོག་པ་དང༌། དེ་མ་ཡིན་པ་གཉིས་དོན་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། ཀ་བུམ་གཉིས་ཆོས་ཅན། ཁྱོད་ཡིན་པ་ལས་ལོག་པ་དང་ཁྱོད་མ་ཡིན་པ་གཉིས་དོན་གཅིག་ཡིན་པར་ཐལ། ཁྱོད་ཡོད་མེད་གང་རུང་ཡིན་པའི་ཕྱིར། འཁོར་གསུམ། བྱས་པ་ལ་ཁོ་ན་རེ། ཀ་བུམ་གཉིས་ཆོས་ཅན། ཁྱོད་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། ཁྱོད་མ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། དེར་ཐལ། ཡིན་པ་ལས་ལོག་པ་དང་ཡིན་པ་མ་ཡིན་པ་གཉིས་དོན་གཅིག་པའི་ཕྱིར། དེར་ཐལ། ལོག་པ་ཞེས་པ་མ་ཡིན་པའི་དོན་ཡིན་པའི་ཕྱིར། འཁོར་གསུམ། དེར་ཐལ། མ་ཡིན་པ་ལས་ལོག་པ་དུ་མ་བརྩེགས་ཀྱང་ཡིན་པའི་དོན་ཡིན་པའི་ཕྱིར། དེར་ཐལ། མ་ཡིན་པ་མ་ཡིན་པ་དང་མ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་གཉིས་དོན་གཅིག་པའི་ཕྱིར། དེར་ཐལ། བདག་མེད་ཡིན་པའི་ཕྱིར། གཞན་ཡང༌། ཀ་བུམ་གཉིས་ཆོས་ཅན། མ་ཡིན་པ་ལས་ལོག་པ་མ་ཡིན་པར་ཐལ། མ་ཡིན་པ་ལས་གཞན་མ་ཡིན་པའི་ཕྱིར། དེར་ཐལ། མ་ཡིན་པ་ཁོ་ན་ཡིན་པའི་ཕྱིར། དེར་ཐལ། བདག་མེད་ཡིན་ན་ཁྱོད་མ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། ཁྱོད་ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་དང་གཅིག་ཡིན་པའི་ཕྱིར། གཞན་ཡང༌། ཀ་བུམ་གཉིས་ཆོས་ཅན། མ་ཡིན་པ་ལས་ལོག་པ་མ་ཡིན་པར་ཐལ། ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། དེ་ཆོས་ཅན། ཁྱོད་ཡིན་པ་ལས་ལོག་པ་དང་ཁྱོད་མ་ཡིན་པ་ལས་ལོག་པ་གཉིས་ཀ་མ་ཡིན་པར་ཐལ། ཁྱོད་ཡིན་པ་དང་ཁྱོད་མ་ཡིན་པ་གཉིས་ཀ་མ་ཡིན་པའི་ཕྱིར། དེར་ཐལ། བདག་མེད་ཡིན་པའི་ཕྱིར། གོ་ཐོབ་བྱས། དེ་ལ་ཁོ་ན་རེ། རྟག་དངོས་གཉིས་ཆོས་ཅན། ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། རྟགས་དེར་ཐལ། ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་པར་ཐལ། ཡིན་པ་ལས་ལོག་པ་དུ་མ་བརྩེགས་ཀྱང་ཡ་བྱུང་ན་མ་ཡིན་པ་དང་འདྲ་ལ། ཆ་བྱུང་ན་ཡིན་པ་དང་འདྲ་བའི་ཕྱིར་རོ། རྩ་བར་འདོད་མི་ནུས་ཏེ། མ་ཡིན་པ་མ་ཡིན་པ་མ་ཡིན་པའི་ཕྱིར། མ་ཡིན་པ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་དང་གཅིག་ཡིན་པའི་ཕྱིར། དེ་བཞིན་དུ་ཤེས་བྱ་དང་ཀ་བ་དང༌། བུམ་པ། ཡོད་པ། བདག་མེད་སོགས་དང་དུ་མ་ལ་ཡིན་ལོག་མིན་ལོག་སྦྱར་ནས་དཔྱད་ཤེས་སླའོ། །གསུམ་པ་བཤད་ཟིན་ཏོ། །

བཞི་པ་རྒྱུ་འབྲས་ཆུང་ངུ་འཁོར་ལོ་མ་ནི། ཁ་ཅིག་ན་རེ། ཁྱོད་བུམ་པའི་རྒྱུ་ཡིན་ན། ཁྱོད་ཡིན་ན་བུམ་པའི་རྒྱུ་ཡིན་པས་ཁྱབ་ཟེར་ན། བུམ་པའི་སྔ་ལོགས་སུ་བྱུང་བའི་སྔ་ལོགས་སུ་བྱུང་བའི་སྔ་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བའི་དངོས་པོ་ཆོས་ཅན། ཁྱོད་ཡིན་ན་བུམ་པའི་རྒྱུ་ཡིན་དགོས་པར་ཐལ། ཁྱོད་བུམ་པའི་རྒྱུ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་དེའི་བརྒྱུད་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་ཀྱི་དེ་ཁྱོད་ཀྱི་བརྒྱུད་རྒྱུ་ཡིན་པར་ཐལ། ཁྱོད་འདུས་བྱས་ཡིན་པའི་ཕྱིར། འཁོར་གསུམ། རྩ་བར་འདོད་ན། བུམ་པ་ཆོས་ཅན། བུམ་པའི་རྒྱུ་ཡིན་པར་ཐལ། བུམ་པའི་སྔ་ལོགས་སུ་བྱུང་བའི་སྔ་ལོགས་སུ་བྱུང་བའི་སྔ་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བ་ཡིན་པའི་ཕྱིར། འཁོར་གསུམ། མ་གྲུབ་ན། བུམ་པ་ཆོས་ཅན། དེར་ཐལ། ཁྱོད་ཁྱོད་ཀྱི་སྔ་ལོགས་སུ་བྱུང་བའི་སྔ་ལོགས་སུ་བྱུང་བའི་སྔ་ལོགས་སུ་བྱུང་བའི་འབྲས་བུ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཁྱོད་ཀྱི་སྔ་ལོགས་སུ་བྱུང་བའི་སྔ་ལོགས་སུ་བྱུང་བའི་སྔ་ལོགས་སུ་བྱུང་བ་ཁྱོད་ཀྱི་བརྒྱུད་རྒྱུ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་འབྲས་བུ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་པར་ཐལ། དངོས་པོ་དང་འདུས་བྱས་དང་འབྲས་བུ་རྣམས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར་ཏེ། བདག་མེད་ཡིན་པའི་ཕྱིར། གོང་དུ་འདོད་ན། བུམ་པ་ཆོས་ཅན། བུམ་པའི་སྔ་ལོགས་སུ་བྱུང་བར་ཐལ། བུམ་པའི་རྒྱུ་ཡིན་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། ཁྱོད་ཁྱོད་ཀྱི་སྔ་ལོགས་སུ་བྱུང་བ་མ་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་པར་ཐལ། བུམ་པ་བུམ་པ་དང་ཅིག་ཆར་དུ་གྲུབ་པའི་ཕྱིར། གཞན་ཡང༌། བུམ་པ་ཆོས་ཅན། ཁྱོད་ཁྱོད་ཀྱི་རྒྱུ་མ་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། འཁོར་གསུམ། ཡང་ཁ་ཅིག །དེ་ཡིན་ན་བུམ་པའི་རྒྱུ་དང་བུམ་པ་དང་དུས་མཉམ་གང་རུང་གིས་ཁྱབ་ཟེར་ན། བུམ་པའི་འབྲས་བུ་ཆོས་ཅན། བུམ་པའི་རྒྱུ་དང་བུམ་པ་དང་དུས་མཉམ་གང་རུང་ཡིན་པར་ཐལ། བུམ་པའི་སྔ་ལོགས་སུ་བྱུང་བའི་སྔ་ལོགས་སུ་བྱུང་བའི་སྔ་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བ་ཡིན་པའི་ཕྱིར། དེར་ཐལ། བུམ་པའི་འབྲས་བུ་ཡིན་པའི་ཕྱིར། རྩ་བར་འདོད་ན། མ་ཡིན་པར་ཐལ། བུམ་པའི་རྒྱུ་མ་ཡིན་པ་གང་ཞིག །བུམ་པ་དང་དུས་མཉམ་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། དེ་ཆོས་ཅན། བུམ་པའི་རྒྱུ་མ་ཡིན་པར་ཐལ། བུམ་པའི་སྔོན་དུ་བྱུང་བ་མ་ཡིན་པའི་ཕྱིར། བྱེ་སྨྲས་མ་ཁྱབ་ཟེར། དེར་ཐལ། བུམ་པའི་འབྲས་བུ་ཡིན་པའི་ཕྱིར། མ་གྲུབ་ན། དེ་དེ་ཡིན་པར་ཐལ། དེ་ཡོད་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ཟེར་ན། དེ་ཆོས་ཅན། བུམ་པ་དང་དུས་མཉམ་མ་ཡིན་པར་ཐལ། བུམ་པའི་རྗེས་སུ་བྱུང་བའི་ཕྱིར། དེར་ཐལ། བུམ་པའི་དངོས་འབྲས་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པའི་འབྲས་བུ་ཆོས་ཅན། བུམ་པའི་དངོས་འབྲས་ཡིན་པར་ཐལ། བུམ་པས་དངོས་སུ་སྐྱེད་པར་བྱ་བ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། དེ་བུམ་པའི་དངོས་འབྲས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་ཁྱབ་མཚམས་ལ་མ་གྲུབ་ན། དེར་ཐལ། བུམ་པའི་འབྲས་བུ་གང༌། ཁྱོད་དང་བུམ་པའི་བར་ཆོས་གཞན་གྱིས་མ་ཆོད་པའི་ཕྱིར། དེ་བཞིན་དུ་བུམ་པའི་སྔ་ལོགས་སུ་བྱུང་བའི་སྔ་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བ་དེ་བུམ་པའི་དངོས་རྒྱུ་ཡིན་ཀྱང༌། དེས་མ་ཁྱབ་ཚུལ་དང༌། བུམ་པའི་སྔ་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བ་བུམ་པ་དང་དུས་མཉམ་ཡང༌། དེས་མ་ཁྱབ་ཚུལ་སོགས་འཕེན།

ཡང་ཁ་ཅིག་ན་རེ། ཁྱོད་བུམ་པའི་དངོས་འབྲས་ཡིན་ན་ཁྱོད་ཡིན་ན་བུམ་པའི་འབྲས་བུ་དང་དངོས་འབྲས་གཉིས་ཀ་ཡིན་པས་ཁྱབ་ཟེར་ན། བུམ་པའི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བའི་སྔ་ལོགས་སུ་བྱུང་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཁྱོད་བུམ་པའི་འབྲས་བུ་གང༌། ཁྱོད་དང་བུམ་པའི་བར་ཆོས་གཞན་གྱིས་མ་ཆོད་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཆོས་ཅན་དེ་དང་གཅིག་ཡིན་པའི་ཕྱིར། འཁོར་གསུམ། རྩ་བར་འདོད་ན། བུམ་པའི་རྒྱུ་ཆོས་ཅན། བུམ་པའི་འབྲས་བུ་དང་བུམ་པའི་དངོས་འབྲས་གཉིས་ཀ་ཡིན་པར་ཐལ། བུམ་པའི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བའི་སྔ་ལོགས་སུ་བྱུང་བ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། བུམ་པའི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བ་ཁྱོད་ཀྱི་འབྲས་བུ་མ་ཡིན་པར་ཐལ། ཁྱོད་བུམ་པའི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བའི་སྔ་ལོགས་སུ་བྱུང་བ་མ་ཡིན་པའི་ཕྱིར། རྟགས་ཁས། འཁོར་གསུམ། འདོད་མི་ནུས་ཏེ། ཁྱོད་དེའི་བརྒྱུད་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཁྱོད་ཀྱི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བའི་བརྒྱུད་རྒྱུ་ཡིན་པར་ཐལ། ཁྱོད་ཁྱོད་ཀྱི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བའི་བརྒྱུད་རྒྱུ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། དེས་རིགས་པ་གཞན་ལ་སྦྱོར་སླ། ཚིག་ལ་འཁྲི་ན། བུམ་པ་ཆོས་ཅན། བུམ་པ་དང་དུས་མཉམ་མ་ཡིན་པར་ཐལ། བུམ་པའི་ཕྱི་ལོགས་སུ་བྱུང་བའི་དངོས་པོ་ཡིན་པའི་ཕྱིར། དེར་ཐལ། བུམ་པའི་ཕྱི་ལོགས་སུ་བྱུང་བའི་རྒྱུ་འབྲས་གཉིས་ཀ་ཡིན་པའི་ཕྱིར། དེར་ཐལ། བུམ་པའི་ཕྱི་ལོགས་སུ་བྱུང་བའི་རྒྱུ་ཡིན་པའི་ཕྱིར་ན། རྣམ་པ་གཅིག་ཏུ་མ་ཁྱབ། བྱས་པ་ལ་ཁོ་ན་རེ། ཁྱབ་པར་ཐལ། རྒྱུ་ཡིན་ན་རྒྱུ་འབྲས་གཉིས་ཀ་ཡིན་དགོས་པའི་ཕྱིར་ན། ཡང་མ་ཁྱབ། བྱས་པ་ལ་ཁོ་ན་རེ། བུམ་པ་ཆོས་ཅན། བུམ་པའི་ཕྱི་ལོགས་སུ་བྱུང་བའི་རྟག་དངོས་གང་རུང་ཡིན་པར་ཐལ། བུམ་པའི་ཕྱི་ལོགས་སུ་བྱུང་བའི་རྒྱུ་འབྲས་གང་རུང་ཡིན་པའི་ཕྱིར་ན་ཡང་མ་ཁྱབ་སྟེ། བུམ་པའི་ཕྱི་ལོགས་སུ་བྱུང་བ་དེའི་རྒྱུ་ཡིན་གྱི། བུམ་པའི་ཕྱི་ལོགས་སུ་བྱུང་བ་དང༌། རྒྱུ་ཡིན་པར་ཁས་མི་ལེན་པས། དེ་སྒྲ་སྦྱོར་ཤེས་དགོས། ཁོ་རང་ལ། བུམ་པའི་འབྲས་བུ་མེད་པར་ཐལ། བུམ་པའི་འབྲས་བུ་ཡིན་ན་བུམ་པའི་ཕྱི་ལོགས་སུ་བྱུང་བའི་འབྲས་བུ་ཡིན་པས་མ་ཁྱབ་པའི་ཕྱིར། ཁྱབ་པ་མ་བྱུང་ཟེར་ན། འོ་ན། བུམ་པའི་འབྲས་བུ་བུམ་པ་དང་དུས་མཉམ་དུ་གྲུབ་པ་ཡང་ཡོད་པར་ཐལ། བུམ་པའི་འབྲས་བུ་ཡིན་ན་བུམ་པའི་ཕྱི་ལོགས་སུ་བྱུང་བའི་འབྲས་བུ་ཡིན་པས་མ་ཁྱབ་པའི་ཕྱིར། འཁོར་གསུམ། མ་གྲུབ་ན། བུམ་པའི་ཕྱི་ལོགས་སུ་བྱུང་བ་ཆོས་ཅན། བུམ་པའི་ཕྱི་ལོགས་སུ་བྱུང་བའི་འབྲས་བུ་ཡིན་པར་ཐལ། བུམ་པའི་འབྲས་བུ་ཡིན་པའི་ཕྱིར། འཁོར་གསུམ། རྟགས་གྲུབ་སྟེ། ཆོས་ཅན་དེའི་ཕྱིར། འདོད་ན། བུམ་པའི་ཕྱི་ལོགས་སུ་བྱུང་བ་ཆོས་ཅན། ཁྱོད་ཁྱོད་ཀྱི་འབྲས་བུ་མ་ཡིན་པར་ཐལ། གང་ཟག་གི་བདག་མེད་ཡིན་པའི་ཕྱིར། སོགས་བྱ།

ལྔ་པ་ཡུལ་ཡུལ་ཅན་ལ། ཁ་ཅིག་ན་རེ། གཞི་གྲུབ་ན་ཡུལ་དང་ཡུལ་ཅན་གཉིས་ཀ་ཡིན་པས་ཁྱབ་ཟེར་ན། བུམ་པ་ཆོས་ཅན། ཡུལ་དང་ཡུལ་ཅན་གཉིས་ཀ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། ཡོད་པ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་པར་ཐལ། ཡོད་པ་དང་ཚད་མས་དམིགས་པ་དང་ཤེས་བྱ་དང་ཡུལ་དང་ཆོས་རྣམས་དོན་གཅིག་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཡུལ་ཅན་ཡིན་པར་ཐལ། ཡུལ་དང་ཡུལ་ཅན་གཉིས་ཀ་ཡིན་པའི་ཕྱིར། འཁོར་གསུམ། འདོད་ན། ཁྱོད་ཀྱི་ཡུལ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་ཀྱི་དམིགས་ཡུལ་དང་བརྗོད་ཡུལ་སྣང་ཡུལ་གསུམ་གང་རུང་ཡོད་པར་ཐལ། ཁྱོད་ཡུལ་ཅན་ཡིན་པའི་ཕྱིར། འཁོར་གསུམ། འདོད་མི་ནུས་ཏེ། ཁྱོད་ཀྱི་དམིགས་ཡུལ་མེད་པ་གང་ཞིག །ཁྱོད་ཀྱི་བརྗོད་ཡུལ་དང་ཁྱོད་ཀྱི་སྣང་ཡུལ་གང་ཡང་མེད་པའི་ཕྱིར། དང་པོ་གྲུབ་སྟེ། ཁྱོད་གང་ཟག་དང་ཤེས་པ་གང་རུང་མ་ཡིན་པའི་ཕྱིར། དེར་ཐལ། བུམ་པ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དེར་ཐལ། ཁྱོད་སྒྲ་དང་དབང་པོ་དྲུག་གང་རུང་མ་ཡིན་པའི་ཕྱིར། དེར་ཐལ། དེ་གང་རུང་མ་ཡིན་པའི་ཡོད་པ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་དང་གཅིག་ཡིན་པའི་ཕྱིར། གཞན་ཡང༌། ཀ་བ་ཆོས་ཅན། དེ་གཉིས་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། ཚད་མའི་གྲུབ་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཡུལ་ཅན་ཡིན་པར་ཐལ། དེ་གཉིས་ཀ་ཡིན་པའི་ཕྱིར། འཁོར་གསུམ་ཁས། འདོད་མི་ནུས་ཏེ། ཁྱོད་ཀྱི་ཡུལ་མེད་པའི་ཕྱིར། དེར་ཐལ། ཁྱོད་ཡུལ་མེད་པའི་ཕྱིའི་བེམ་པོ་ཡིན་པའི་ཕྱིར། ཀ་བ་དང་གཅིག་ཡིན་པའི་ཕྱིར། གཞན་ཡང༌། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། དེ་གཉིས་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། ཡོད་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཡུལ་ཅན་ཡིན་པར་ཐལ། དེ་གཉིས་ཀ་ཡིན་པའི་ཕྱིར། འཁོར་གསུམ། འདོད་ན། ཡུལ་ཅན་མ་ཡིན་པར་ཐལ། མེད་དགག་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེའི་ཕྱིར། དེ་བཞིན་དུ་བུམ་པའི་ལྡོག་པ་སོགས་ཀྱང་འཕེན། ཡང་ཁ་ཅིག་ན་རེ། ཡུལ་ཡུལ་ཅན་གཉིས་འགལ་ཟེར་ན། ཡུལ་ཡིན་ན་ཡུལ་ཅན་མ་ཡིན་པས་ཁྱབ་པར་ཐལ། དེ་གཉིས་འགལ་པའི་ཕྱིར། འཁོར་གསུམ། འདོད་ན། ཚད་མ་ཆོས་ཅན། ཡུལ་ཅན་མ་ཡིན་པར་ཐལ། ཡུལ་ཡིན་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ་སོང༌། དེར་ཐལ། བློའི་ཡུལ་ཡིན་པའི་ཕྱིར། དེར་ཐལ། བློའི་ཡུལ་དུ་བྱ་རུང་ཡིན་པའི་ཕྱིར། དེར་ཐལ། ཤེས་བྱ་ཡིན་པའི་ཕྱིར། ཁྱབ་སྟེ། བློའི་ཡུལ་དུ་བྱ་རུང་ཤེས་བྱའི་མཚན་ཉིད་ཡིན་པའི་ཕྱིར། རྣམ་འགྲེལ་ལས། ཤེས་བྱར་འཛིན་ཕྱིར་མེད་པ་ལ། །ཉེས་པ་དག་ཏུ་ཐལ་མི་འགྱུར། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། ཚད་མ་ཆོས་ཅན། ཡུལ་ཅན་ཡིན་པར་ཐལ། རྗོད་བྱེད་ཀྱི་སྒྲ་དང་ཤེས་པ་དང་གང་ཟག་གསུམ་གང་རུང་ཡིན་པའི་ཕྱིར། ཁྱབ་སྟེ། དེ་གསུམ་ལ་རང་རང་གི་འཇུག་ཡུལ་རེ་ཡོད་པའི་ཕྱིར། དེར་ཐལ། རྗོད་བྱེད་ཀྱི་སྒྲ་ལ་རང་གི་བརྗོད་བྱའི་ཡུལ་ཡོད་པ་གང་ཞིག །ཤེས་པ་དང་གང་ཟག་གཉིས་ལ་རང་རང་གི་དམིགས་ཡུལ་རེ་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་འགྲེལ་ལས། སྒྲ་ཡི་ཡུལ་དང་ཡུལ་མིན་པར། ཞེས་པའི་སྒྲ་ཡི་ཡུལ་དང་ཞེས་པའི་དོན་ཡོད་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཡོད་ན་ཤེས་པ་དང་གང་ཟག་གཉིས་ཀའི་དམིགས་ཡུལ་ཡིན་པས་ཁྱབ་པའི་ཕྱིར། མཛོད་ལས། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་གསུངས་པའི་ཕྱིར། མངོན་རྟོགས་རྒྱན་ལས་ཀྱང་ངོ༌། གཞན་ཡང༌། ཚད་མ་ཆོས་ཅན། ཡུལ་ཅན་མ་ཡིན་པར་ཐལ། ཡུལ་ཡིན་པའི་ཕྱིར། དེར་ཐལ། ཤེས་པའི་དམིགས་ཡུལ་ཡིན་པའི་ཕྱིར། དེར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་སྟེ། གཞི་གྲུབ་དང་ཡོད་པ་དང་དེ་གསུམ་དོན་གཅིག་པའི་ཕྱིར། ཚད་མ་ལས། ཡོད་པ་དམིགས་པ་ལས་གཞན་མིན། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཡུལ་ཅན་ཡིན་པར་ཐལ། ཤེས་པ་ཡིན་པའི་ཕྱིར། དེར་ཐལ། ཚད་མ་ཡིན་པའི་ཕྱིར། གཞན་ཡང༌། དེ་ཆོས་ཅན། ཡུལ་ཅན་ཡིན་པར་ཐལ། ཁྱོད་ཀྱི་ཡུལ་ཡོད་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་དམིགས་ཡུལ་ཡང་ཡོད། ཁྱོད་ཀྱི་སྣང་ཡུལ་ཡང་ཡོད། ཁྱོད་ཀྱི་གཞལ་བྱ་ཡང་ཡོད། ཁྱོད་ཀྱི་འཛིན་སྟངས་ཀྱི་ཡུལ་ཡང་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཁྱོད་ཀྱི་དམིགས་བྱའི་ཡུལ་ཡོད་པའི་ཕྱིར། དེར་ཐལ། ཁྱོད་ཤེས་པ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། ཁྱོད་ལ་སྣང་བའི་ཆོས་ཡོད་པའི་ཕྱིར། དེར་ཐལ། ཁྱོད་དོན་མཐུན་གྱི་ཤེས་པ་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། ཁྱོད་ཀྱི་རྟོགས་བྱའི་ཆོས་ཡོད་པའི་ཕྱིར། དེར་ཐལ། ཁྱོད་ཚད་མ་ཡིན་པའི་ཕྱིར། བཞི་པ་གྲུབ་སྟེ། ཁྱོད་ཀྱི་འཛིན་སྟངས་སུ་བྱས་པའི་ཆོས་ཡོད་པའི་ཕྱིར། དེར་ཐལ། བློ་དོན་མཐུན་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཡུལ་ཅན་ཡིན་ན་རྗོད་བྱེད་ཀྱི་སྒྲ་དང་ཤེས་པ་དང་གང་ཟག་གསུམ་པོ་གང་རུང་ཡིན་པས་ཁྱབ་ཟེར་ན། མིག་དབང་ཆོས་ཅན། སྒྲ་ཤེས་གང་ཟག་གསུམ་གང་རུང་ཡིན་པར་ཐལ། ཡུལ་ཅན་ཡིན་པའི་ཕྱིར། དེར་ཐལ། དེའི་ཡུལ་གཟུགས་ཀྱི་སྐྱེ་མཆེད་ཡོད་པའི་ཕྱིར། དེར་ཐལ། ཡུལ་ཅན་མིག་དབང་རྣ་དབང་སྣ་དབང་ལྕེ་དབང་ལུས་དབང་ལྔ་དང༌། དེ་ལྔའི་ཡུལ་གཟུགས་ཀྱི་སྐྱེ་མཆེད། སྒྲའི་དེ། དྲིའི་དེ། རོའི་དེ། རེག་བྱའི་སྐྱེ་མཆེད་ལྔ་དང་གཟུགས་ཅན་བཅུ་ཡོད་པའི་ཕྱིར། མཛོད་ལས། གཟུགས་ཅན་བཅུ་ནི་བསགས་པའོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སྒྲ་ཤེས་གང་ཟག་གང་ཡང་མ་ཡིན་པའི་ཕྱིར། དེར་ཐལ། དབང་པོ་གཟུགས་ཅན་པ་ཡིན་པའི་ཕྱིར། དེར་ཐལ། མིག་དབང་ཡིན་པའི་ཕྱིར། དེ་བཞིན་དུ་རྣ་དབང་སོགས་འཕེན་སླ།

ཡང་ཁ་ཅིག །སྒྲ་ཡིན་ན། ཡུལ་ཅན་ཡིན་པས་ཁྱབ་ཟེར་ན། རོལ་མོའི་སྒྲ་ཕལ་པ་ཆོས་ཅན། ཡུལ་ཅན་ཡིན་པར་ཐལ། སྒྲ་ཡིན་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། དེར་ཐལ། རོལ་མོའི་སྒྲ་ཡིན་པའི་ཕྱིར། ཆོས་ཅན་དེའི་ཕྱིར། འདོད་ན། ཁྱོད་ཀྱི་བརྗོད་བྱ་ཡོད་པར་ཐལ། སྒྲ་གང་ཞིག །ཡུལ་ཅན་ཡིན་པའི་ཕྱིར། འདོད་ན། རྗོད་བྱེད་ཀྱི་སྒྲ་ཡིན་པར་ཐལ། ཁྱོད་བརྗོད་བྱ་དང་ལྡན་པའི་སྒྲ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྗོད་བྱེད་མ་ཡིན་པའི་སྒྲ་ཡིན་པའི་ཕྱིར། ཆོས་ཅན་དེ་དང་གཅིག་ཡིན་པའི་ཕྱིར། ཡང་ཁ་ཅིག །བརྗོད་བྱེད་ཀྱི་སྒྲ་ཡིན་ན། ཁྱོད་ཀྱི་བརྗོད་དོན་ཡོད་པས་ཁྱབ་ཟེར་ན། གང་ཟག་རྟག་པ་ཡིན་ཞེས་པའི་སྒྲ་ཆོས་ཅན། ཁྱོད་ཀྱི་བརྗོད་དོན་ཡོད་པར་ཐལ། ཁྱོད་རྗོད་བྱེད་ཀྱི་སྒྲ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་གང་ཟག་རྟག་པ་རྗོད་པར་བྱེད་པའི་སྒྲ་ཡིན་པའི་ཕྱིར། ཆོས་ཅན་དེའི་ཕྱིར། རྩ་བར་འདོད་ན། གང་ཟག་རྟག་པ་ཡིན་པ་ཡོད་པར་ཐལ་ལོ། འདོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། གང་ཟག་རྟག་པར་སྟོན་པའི་སྒྲ་ཡིན་ན། ཁྱོད་ཀྱི་བརྗོད་བྱ་མེད་པས་ཁྱབ་ཟེར་ན། གང་ཟག་རེ་ཞིག་རྟག་པར་སྟོན་པའི་མདོ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་ཡོད་པའི་ཕྱིར། དེར་ཐལ། གང་ཟག་རྟག་གཅིག་རང་དབང་ཅན་དུ་སྟོན་པའི་མདོ་ཡོད་པའི་ཕྱིར། རྟགས་སླ། རྩ་བར་འདོད་མི་ནུས་ཏེ། དེའི་བརྗོད་བྱ་ཡོད་པའི་ཕྱིར། དེར་ཐལ། ཁྱོད་མདོ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཡུལ་དང་ཤེས་བྱ་དོན་གཅིག་ཀྱང་ཡུལ་དང་གཞལ་བྱ་དོན་མི་གཅིག་སྟེ། སྒྲ་རྟག་པའི་དོན་སྤྱི་དེ་ཡུལ་དང་ཤེས་བྱ་གཉིས་ཀ་ཡིན་ཀྱང༌། གཞལ་བྱ་མ་ཡིན་པའི་ཕྱིར་ཏེ། སྒྲ་རྟག་འཛིན་རྟོག་པའི་གཞལ་བྱ་མ་ཡིན་པའི་ཕྱིར་ཟེར་རོ། འོ་ན། ཡུལ་ཡིན་ན་གཞལ་བྱ་ཡིན་དགོས་ན། བློ་དེའི་ཡུལ་ཡིན་ན་བློ་དེའི་གཞལ་བྱ་ཡིན་དགོས་པར་ཐལ། ཡུལ་དང་གཞལ་བྱ་དོན་མི་གཅིག་པའི་རྒྱུ་མཚན་དེའི་ཕྱིར། འདོད་ན། མེའི་རྒྱུ་ཡིན་ན་མེའི་འབྲས་བུ་ཡིན་དགོས་པར་ཐལ། རྒྱུ་ཡིན་ན་འབྲས་བུ་ཡིན་དགོས་པའི་ཕྱིར། འཁོར་གསུམ། གཞན་ཡང༌། བུམ་པའི་སྒྲ་དོན་ཆོས་ཅན། བུམ་པ་ཞེས་པའི་སྒྲའི་ཤེས་བྱ་ཡིན་པར་ཐལ། བུམ་པ་ཞེས་པའི་སྒྲའི་ཡུལ་ཡིན་པའི་ཕྱིར། མ་ཁྱབ་ན། ཡུལ་དང་ཤེས་བྱ་ཡང་དོན་མི་གཅིག་པར་ཐལ། མ་ཁྱབ་པ་དེའི་ཕྱིར། འཁོར་གསུམ་སོང༌། མ་ཁྱབ་མཚམས་ལ། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་ཀྱི་སྒྲ་དོན་ཁྱོད་ཅེས་བརྗོད་པའི་སྒྲའི་ཡུལ་ཡིན་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། འཁོར་གསུམ། ཡང་ཁ་ཅིག་ན་རེ། ཡུལ་དང་གཞལ་བྱ་དོན་མི་གཅིག་སྟེ། གཞལ་བྱ་ལ་རང་མཚན་ཁོ་ནར་ངེས་པའི་ཕྱིར་ཟེར་ན། གཞལ་བྱ་ཡིན་ན་རང་མཚན་ཡིན་པས་ཁྱབ་པར་ཐལ། གཞལ་བྱ་ལ་རང་མཚན་ཁོ་ནར་ངེས་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། གཞལ་བྱ་ལ་རང་མཚན་སྤྱི་མཚན་གཉིས་ཡོད་པའི་ཕྱིར། རྣམ་འགྲེལ་ལས། གཞལ་བྱ་གཉིས་ཕྱིར་ཞེས་གསུངས་པའི་ཕྱིར། འཁོར་གསུམ། ཡང་ཁ་ཅིག་ན་རེ། ཡུལ་ཡིན་ན་དངོས་པོ་ཡིན་པས་ཁྱབ་ཟེར་ན། དངོས་མེད་ཆོས་ཅན། དངོས་པོ་ཡིན་པར་ཐལ། ཡུལ་ཡིན་པའི་ཕྱིར། དེར་ཐལ། བློས་རིག་པར་བྱ་བ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ཡུལ་གྱི་མཚན་ཉིད་ཡིན་པའི་ཕྱིར། སྡེ་བདུན་རྒྱན་ལས། ཡུལ་གྱི་མཚན་ཉིད་བློས་རིག་པར་བྱ་བའོ། །ཞེས་གསུངས་པའི་ཕྱིར།

དེ་ལ་ཁོ་ན་རེ། ཟླ་གཅིག་ཟླ་གཉིས་ཡིན་པ་ཆོས་ཅན། ཡུལ་ཡིན་པར་ཐལ། བློས་རིག་པར་བྱ་བ་ཡིན་པའི་ཕྱིར། དེར་ཐལ། ཟླ་གཅིག་ཟླ་གཉིས་སུ་འཛིན་པའི་བློས་རིག་པར་བྱ་བ་ཡིན་པའི་ཕྱིར་ན་ཁ་ཅིག་མ་ཁྱབ་ཟེར། དེར་ཐལ། ཟླ་གཅིག་ཟླ་གཉིས་སུ་འཛིན་པའི་བློས་བཟུང་བའི་ཕྱིར་ན་མ་ཁྱབ་སྟེ། དེས་དེ་བཟུང་ཡང་དེས་རིག་པར་བྱ་བ་མེད་པའི་ཕྱིར། དེར་ཐལ། དེ་ལོག་ཤེས་ཡིན་པའི་ཕྱིར། འདི་ལ་སྔོན་གྱི་སྟོན་པ་མང་པོའང་འཁྲུལ་བས་ཞིབ་ཆ་དེ་ལྟར་ཤེས་པར་གྱིས། གཞན་ཡང༌། ཟླ་གཅིག་ཟླ་གཉིས་ཡིན་པ་དེ་ཟླ་གཉིས་སུ་སྣང་བའི་བློའི་ཡུལ་དུ་བྱ་རུང་ཡིན་པར་ཐལ། དེ་བློ་དེས་རིག་པར་བྱ་བ་ཡིན་པའི་ཕྱིར། ཁྱབ་སྟེ། ཟླ་གཅིག་ཟླ་གཉིས་སུ་འཛིན་བློས་རིག་པར་བྱ་རུང་བ་མི་སྲིད་པའི་ཕྱིར། དེར་ཐལ། དེ་ལོག་ཤེས་ཡིན་པའི་ཕྱིར། རྩ་བར་འདོད་ན། ཁྱོད་ལོག་ཤེས་མ་ཡིན་པར་ཐལ། ཟླ་གཅིག་ཟླ་གཉིས་ཡིན་པ་ཁྱོད་ཀྱི་ཡུལ་དུ་བྱ་རུང་བ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། དེ་དེའི་ཡུལ་དུ་བྱ་བ་མི་སྲིད་པའི་ཕྱིར། མ་ཁྱབ་ན། རུང་བ་ཞེས་པའི་དོན་མེད་པར་ཐལ་ལོ། གོང་དུ་མ་གྲུབ་ན། དེར་ཐལ། དེའི་ཡུལ་དུ་བྱ་མི་སྲིད་པའི་ཕྱིར། དེ་བཞིན་དུ་སྤྲོ་ཚུལ་དུ་མ་ཤེས་སླའོ། །

དྲུག་པ་ལྡོག་པ་ངོས་འཛིན་ནི། ཁ་ཅིག་ན་རེ། བུམ་པ་ཡིན་ན། བུམ་པའི་ལྡོག་པ་ཡིན་པས་ཁྱབ་ཟེར་ན། གསེར་བུམ་ཆོས་ཅན། བུམ་པའི་ལྡོག་པ་ཡིན་པར་ཐལ། བུམ་པ་ཡིན་པའི་ཕྱིར། དེར་ཐལ། བུམ་པའི་བྱེ་བྲག་ཡིན་པའི་ཕྱིར། ཆོས་ཅན་དེ་དང་གཅིག་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། བུམ་པའི་རང་ལྡོག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་དང་གཅིག་ཡིན་པར་ཐལ། འདོད་པའི་ཕྱིར། མ་ཁྱབ་ན། ཁྱོད་ཀྱི་ལྡོག་པ་ཡིན་ན་ཁྱོད་དང་གཅིག་ཡིན་པས་ཁྱབ་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། གོང་དུ་འདོད་ན། དེ་ཆོས་ཅན། བུམ་པ་དང་གཅིག་མ་ཡིན་པར་ཐལ། བུམ་པ་དང་ཐ་དད་ཡིན་པའི་ཕྱིར། དེར་ཐལ། གསེར་བུམ་དང་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ། ཁྱོད་ཁྱོད་དང་ལྡོག་པ་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། གསེར་བུམ་དང་གསེར་བུམ་ཆོས་ཅན། རང་ལྡོག་གཅིག་ཡིན་པར་ཐལ། རང་ལྡོག་གཅིག་དང་སོ་སོ་བ་གང་རུང་གང་ཞིག །རང་ལྡོག་སོ་སོ་བ་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། གཞི་གྲུབ་པའི་ཕྱིར། གཉིས་པ་གྲུབ་སྟེ། སོ་སོ་བ་མ་ཡིན་པའི་ཆོས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་གཅིག་གི་མཚན་ཉིད་ཡིན་པའི་ཕྱིར། སྡེ་བདུན་རྒྱན་ལས། གཅིག་གི་མཚན་ཉིད་སོ་སོ་མིན་པའི་ཆོས། ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། གཞི་གྲུབ་ན། རང་ལྡོག་གཅིག་ཡིན་པས་ཁྱབ་པར་ཐལ། གཞི་གྲུབ་ན། ཁྱོད་ཁྱོད་དང་གཅིག་ཡིན་པས་ཁྱབ་པའི་ཕྱིར་ན་མ་ཁྱབ། རྟགས་དེར་ཐལ། གཞི་གྲུབ་ན། ཁྱོད་ཁྱོད་དང་ཐ་དད་མ་ཡིན་པས་ཁྱབ་པའི་ཕྱིར། རྩ་བར་འདོད་ན། ཀ་བ་དང་བུམ་པ་གཉིས་ཆོས་ཅན། རང་ལྡོག་གཅིག་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། འདོད་མི་ནུས་ཏེ། རང་ལྡོག་པ་ཐ་དད་པའི་ཆོས་ཡིན་པའི་ཕྱིར། དེར་ཐལ། རང་ལྡོག་པ་སོ་སོ་བའི་ཆོས་ཡིན་པའི་ཕྱིར། རྟགས་སླ། ཁྱབ་སྟེ། དེ་རང་ལྡོག་ཐ་དད་པའི་མཚན་ཉིད་ཡིན་པའི་ཕྱིར། སྡེ་བདུན་རྒྱན་ལས། ལྡོག་པ་ཐ་དད་པ་ཉིད་ཀྱི་མཚན་ཉིད། རང་ལྡོག་སོ་སོ་བ། དཔེར་ན་རིམ་བཞིན་ཀ་བུམ་ལྟ་བུ་དང༌། བྱས་མི་རྟག་བུའོ། ཞེས་གསུངས་པའི་ཕྱིར། དེས་ན་ཀ་བུམ་གཉིས་རྫས་སོ་སོ་བ་དང་ལྡོག་པ་སོ་སོ་བ་གཉིས་ཀ་ཡིན་ལ། བྱས་མི་རྟག་ནི་རྫས་གཅིག་ཀྱང་ལྡོག་པ་སོ་སོ་བ་ཡིན་པའི་ཕྱིར། དེར་ཐལ། བྱས་མི་རྟག་གཉིས་ངོ་བོ་གཅིག་ཀྱང་ཞེན་རིག་གི་ངོར་ཐ་དད་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་ངོ་བོ་གཅིག་ཀྱང་བྱས་འཛིན་རྟོག་པས་མི་རྟག་པར་འཛིན་པར་མ་ངེས་པའི་ཕྱིར། རྣམ་འགྲེལ་ལས། དངོས་པོའི་ངོ་བོ་གཅིག་ཉིད་ཕྱིར། །ངོ་བོ་ཐ་དད་བློ་གང་ལས། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། བུམ་པ་ཆོས་ཅན། བྱས་པ་དང་ངོ་བོ་གཅིག་པར་ཐལ། བྱས་པའི་བྱེ་བྲག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། བྱས་པ་དང་རྫས་གཅིག་པར་ཐལ། བྱས་པ་དང་ངོ་བོ་གཅིག་པའི་ཕྱིར་ན་རྣམ་པ་གཅིག་ཏུ་མ་ཁྱབ་སྟེ། བྱས་པའི་ལྡོག་པ་བྱས་པ་དང་ངོ་བོ་གཅིག་ཀྱང་བྱས་པ་དང་རྫས་མི་གཅིག་པའི་ཕྱིར་ཏེ། དེ་རྫས་སུ་མ་གྲུབ་པའི་ཕྱིར་ཏེ། དེ་དངོས་མེད་ཡིན་པའི་ཕྱིར། གོང་དུ་འདོད་བྱས་པ་ལ། དེ་ཆོས་ཅན། བྱས་པ་དང་ཉེར་ལེན་གཅིག་ལས་སྐྱེས་པར་ཐལ། བྱས་པ་དང་རྫས་གཅིག་པའི་ཕྱིར་ན་མ་ཁྱབ་སྟེ། རྫས་རིགས་གཅིག་པ་དང༌། རྫས་རིགས་མཐུན་པ་ཉེར་ལེན་གཅིག་ལས་སྐྱེས་པར་འཇོག་དགོས་པའི་ཕྱིར། དེར་ཐལ། རྫས་རིགས་གཅིག་དང་རྫས་རིགས་ཐ་དད་པ་ནི་ཉེར་ལེན་གཅིག་ལས་སྐྱེས་པ་དང་ཉེར་ལེན་ཐ་དད་པ་ལས་སྐྱེས་པར་འཇོག་པའི་ཕྱིར། རྣམ་འགྲེལ་ལས། ཐ་དད་རྒྱུ་ཐ་དད་ལས་ཡིན། །ཞེས་པར་ཤཱཀྱ་བློས། དེ་བས་ན་རིགས་མཐུན་པ་དང་རིགས་མཐུན་པ་མ་ཡིན་པའི་རྒྱུན་ཐ་དད་པ་རྣམ་པར་བཞག་པ་ནི་ཉེ་བར་ལེན་པས་བྱས་པ་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། རྫས་རིགས་གཅིག་ན། རྫས་གཅིག་པས་ཁྱབ་ཟེར་ན། ནས་ཀྱི་ས་བོན་འབྲུ་གཅིག་ལས་སྐྱེས་པའི་ནས་འབྲུ་སྔ་མ་དང་ཕྱི་མ་རིམ་པས་སྐྱེས་པ་རྣམས་ཆོས་ཅན། རྫས་གཅིག་པར་ཐལ། རྫས་རིགས་གཅིག་པའི་ཕྱིར། འཁོར་གསུམ། དེར་ཐལ། རྫས་ནས་ཀྱི་རིགས་སུ་གཅིག་ཡིན་པའི་ཕྱིར། དེར་ཐལ། ནས་གཅིག་གིས་ཉེར་ལེན་བྱས་ནས་སྐྱེས་པའི་ནས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ལ་རྫས་རིགས་གཅིག་པ་དང༌། འདྲ་བ་དང༌། རྫས་རིགས་མཐུན་པ་གསུམ་ཆར་འཇོག་པའི་ཕྱིར། སྡེ་བདུན་རྒྱན་ལས། ཉེར་ལེན་གཅིག་ལས་སྐྱེས་པའི་དངོས་པོ་ཐ་དད་པ་རྣམས་ཕན་ཚུན་རྫས་ཀྱིས་མཐུན་པ་དང་གཅིག་པ་དང་འདྲ་བ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེ་འདྲའི་ནས་རྣམས་རྫས་གཅིག་མ་ཡིན་པར་ཐལ། རྫས་ཐ་དད་ཡིན་པའི་ཕྱིར། དེར་ཐལ། སྔ་ཕྱི་སོ་སོར་གྲུབ་པའི་ནས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་རྒྱུ་འབྲས་ཡིན་པའི་ཕྱིར། རྒྱུ་འབྲས་རྫས་གཅིག་མི་རུང་བའི་ཕྱིར། རིགས་གཅིག་ན་རྫས་གཅིག་པས་ཁྱབ་པར་ཐལ། རྫས་རིགས་གཅིག་ན་རྫས་གཅིག་པས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་ན། བུམ་པའི་ནམ་མཁའ་དང༌། ཁང་པའི་ནམ་མཁའ་གཉིས་ཆོས་ཅན། རྫས་གཅིག་པར་ཐལ། རིགས་གཅིག་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ནམ་མཁར་རིགས་གཅིག་པའི་ཕྱིར། དེར་ཐལ། གཟུགས་ཅན་བཀག་ཙམ་གྱིས་ནམ་མཁར་རིགས་གཅིག་པའི་ཕྱིར། དེར་ཐལ། དངོས་པོ་ལ་སོགས་པ་སྒྲུབ་པའི་རིགས་གཅིག་ཚུལ་དང༌། བུམ་མེད་སོགས་དགག་བའི་རིགས་གཅིག་ཚུལ་གཉིས་ཡོད་པའི་ཕྱིར། སྡེ་བདུན་རྒྱན་ལས། བུམ་པ་ལ་སོགས་པ་སྒྲུབ་པ་དངོས་པོ་པ་རྣམས་ཀྱི་རིགས་གཅིག་ཚུལ་དང༌། བུམ་མེད་ལ་སོགས་པ་དགག་པ་རྣམས་ཀྱི་རིགས་གཅིག་ཚུལ་གཉིས་ཡིན་ལ། ཞེས་གསུངས་པའི་ཕྱིར།

རང་ལུགས་ལ། སོ་སོ་བ་མ་ཡིན་པའི་ཆོས་གཅིག་གི་མཚན་ཉིད། མཚན་གཞི་བུམ་པ་ལྟ་བུ། དེ་ལ་དབྱེ་ན་ངོ་བོ་གཅིག་པ་དང༌། ལྡོག་པ་གཅིག་པ་དང༌། རིགས་གཅིག་པ་དང༌། རྫས་རིགས་གཅིག་པ་དང་བཞི། ངོ་བོ་སོ་སོ་བ་མ་ཡིན་པར་སྐྱེས་པ་དེ། རྫས་གཅིག་གི་མཚན་ཉིད། མཚན་གཞི་བྱས་པ་དང་མི་རྟག་པ་གཉིས་ལྟ་བུ། ངོ་བོ་སོ་སོ་བ་མ་ཡིན་པའི་འདུས་མ་བྱས་ཀྱི་ཆོས་དེ། འདུ་མ་བྱས་ཀྱི་ངོ་བོ་གཅིག་པའི་མཚན་ཉིད། མཚན་གཞི་ཤེས་བྱ་དང་ཡོད་པ་ལྟ་བུ། གཉིས་པ་ནི། རང་ལྡོག་སོ་སོ་བ་མ་ཡིན་པའི་ཆོས། ལྡོག་པ་གཅིག་པའི་མཚན་ཉིད། མཚན་གཞི་བྱས་པ་དང་བྱས་པ་ལྟ་བུའམ་བུམ་པ་དང་བུམ་པ་ལྟ་བུ། གསུམ་པ་ནི། རིགས་སོ་སོ་བ་མ་ཡིན་པའི་ཆོས་རིགས་གཅིག་པའི་མཚན་ཉིད། མཚན་གཞི་དཀར་ཟལ་དང་ནག་སྒུར་ལྟ་བུ། གོ་ཐོབ་བྱས་ན། རང་གི་རིགས་གང་དུ་སོ་སོ་བ་མ་ཡིན་པའི་ཆོས། རིགས་གཅིག་པའི་མཚན་ཉིད། རྣམ་གྲངས་རིགས་གཅིག་པ་དང༌། རིགས་འདྲ་བ་དང༌། རིགས་མཐུན་པ་རྣམས་དོན་གཅིག། དབྱེ་ན་སྒྲུབ་པའི་དངོས་པོ་རིགས་གཅིག་ཉེར་ལེན་གཅིག་ལས་སྐྱེས་པ། དགག་པ་རིགས་གཅིག་ལ་ནི་རང་གི་དགག་བྱའི་ཆོས་འདྲ་བའི་དགག་པ་དེ། དགག་བྱའི་རིགས་གཅིག་པའི་མཚན་ཉིད་ཡིན་ཏེ། འདིའི་རིགས་གཅིག་ཚུལ་དགག་བྱའི་སྒོ་ནས་འཇོག་པའི་ཕྱིར། དཔེར་ན། བུམ་པའི་ནམ་མཁའ་དང་ཕོར་པའི་ནམ་མཁའ་ལྟ་བུའམ་བུམ་པའི་བདག་མེད་དང་གང་ཟག་གི་བདག་མེད་ལྟ་བུ་ཡིན་ནོ། །བཞི་པ་ནི། ཉེར་ལེན་གཅིག་ལས་སྐྱེས་པའི་དངོས་པོ་དེ། རྫས་རིགས་གཅིག་པའི་མཚན་ཉིད། འདི་ཡང་སྔར་བཤད་ལ། རྣམ་འགྲེལ་ལས། ཐ་དད་མཚུངས་པ་ཡིན་ན་རིགས། །ཉེ་བ་གང་གིས་འགའ་ཞིག་ལ། །རབ་འཇུག་ཅེས་གསུངས་སོ། །ཡང་ཐ་དད་ལ་མཚན་ཉིད། མཚན་གཞི། དབྱེ་བ་གསུམ། དང་པོ་ནི། སོ་སོ་བ་དེ། ཐ་དད་ཀྱི་མཚན་ཉིད། གཉིས་པ་ནི། མཚན་གཞི་རྟག་པ་དང༌། མི་རྟག་པ་གཉིས་ལྟ་བུ། ངོ་བོ་ཐ་དད་པ་དང༌། རིགས་ཐ་དད་པ་དང༌། ལྡོག་པ་ཐ་དད་པ་གསུམ། ངོ་བོ་སོ་སོ་བ་དེ། ངོ་བོ་ཐ་དད་ཀྱི་མཚན་ཉིད། མཚན་གཞི་མེ་དང་གྲང་བ་ལྟ་བུ། དབྱེ་ན། ངོ་བོ་དང་རྫས་གཉིས་ཀ་ཐ་དད་པ་སྣང་མུན་ལྟ་བུ་དང༌། ངོ་བོ་ཁོ་ན་ཐ་དད་པ་བདེན་གྲུབ་དང་བདེན་འཛིན་གྱི་ཆོས་གཉིས་ལྟ་བུ། གཉིས་པ་ནི། རིགས་སོ་སོ་བ་རིགས་ཐ་དད་ཀྱི་མཚན་ཉིད། དཔེར་ན། བུམ་པ་དང་བ་གླང་ལྟ་བུའམ་བེམ་པོ་དང་ཤེས་པ་ལྟ་བུའོ། །གསུམ་པ་ནི། རང་ལྡོག་སོ་སོ་བའི་ཆོས་དེ། ལྡོག་པ་ཐ་དད་ཀྱི་མཚན་ཉིད། དཔེར་ན། བྱས་མི་རྟག་ལྟ་བུ། དེ་ལ་ཁོ་ན་རེ། རྟག་མི་རྟག་གཉིས་ཀྱང་རིགས་གཅིག་པར་ཐལ། དེ་གཉིས་ཤེས་བྱར་རིགས་གཅིག་པའི་ཕྱིར་ན་མ་ཁྱབ། འོ་ན། ཁྱོད་རང་ལ་ཤེས་བྱར་རིགས་གཅིག་ན། རིགས་གཅིག་པས་ཁྱབ་པར་ཐལ། རྟག་མི་རྟག་གཉིས་རིགས་གཅིག་པའི་ཕྱིར། འཁོར་གསུམ། འདོད་ན། ཆོས་ཐམས་ཅད་རིགས་གཅིག་པར་ཐལ། འདོད་པའི་ཕྱིར། འཁོར་གསུམ། རིགས་མི་མཐུན་ཤེས་བྱ་ལ་མི་སྲིད་པར་ཐལ། ཆོས་ཐམས་ཅད་རིགས་མཐུན་པའི་ཕྱིར། འཁོར་གསུམ། གཞན་ཡང༌། སྣང་མུན་གཉིས་རྫས་གཅིག་པར་ཐལ། ཆོས་ཐམས་ཅད་ངོ་བོ་གཅིག་པའི་ཕྱིར། དེར་ཐལ། ཤེས་བྱར་ངོ་བོ་གཅིག་པའི་ཕྱིར་ན་ཡང་མ་ཁྱབ། འདོད་ན། རྫས་ཐ་དད་མེད་པར་ཐལ། འདོད་པའི་ཕྱིར། འཁོར་གསུམ། འདོད་ན། རྒྱུ་འབྲས་གཉིས་རྫས་ཐ་དད་མ་ཡིན་པར་ཐལ་ལོ། འདོད་པའི་ཕྱིར། འཁོར་གསུམ། དེ་ལྟར་མི་ཤེས་པར་བསྡུས་གྲྭ་ཞེས་པའི་མིང་ཙམ་ཤེས་པས་བསྡུས་གྲྭའི་ཁུར་བོ་ཞོག་ལ་ཉི་མ་འདེ་ན་དགའ་བར་འདུག་གོ །

སྨྲས་པ། སྤྱི་ཁྱབ་བྱེ་བྲག་སྦྱར་བའི་ཁྱབ་པ་དང༌། །ངོ་བོ་ལྡོག་པ་རྫས་དང་རིགས་སོགས་ལ། །གཅིག་དང་ཐ་དད་རྣམ་དབྱེ་མི་ཤེས་པར། །བསྡུས་གྲྭ་སྨྲ་དེ་ཆོས་མིན་དགའ་ཚལ་ཙམ། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེས་དྲུག་པ་ལྡོག་པ་ངོས་འཛིན་དང༌། བདུན་པ་གཅིག་ཐ་དད་དེ། བསྡུས་ཚན་བདུན་བཤད་ཟིན་ཏོ། །

བརྒྱད་པ་སྤྱི་བྱེ་བྲག་ལ། ཁ་ཅིག་ན་རེ། གཞི་གྲུབ་ན། སྤྱི་དང་བྱེ་བྲག་གཉིས་ཀ་ཡིན་པས་ཁྱབ་ཟེར་ན། ཤེས་བྱ་ཆོས་ཅན། སྤྱི་དང་བྱེ་བྲག་གཉིས་ཀ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་པ་ཁས། རྟགས་སླ། འདོད་ན། དེ་ཆོས་ཅན། བྱེ་བྲག་ཡིན་པར་ཐལ། དེ་གཉིས་ཀ་ཡིན་པའི་ཕྱིར། རྟགས་ཁས། འཁོར་གསུམ། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་སྤྱི་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་མ་ཡིན་པའི་ཆོས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་མ་ཡིན་པ་མེད་པའི་ཕྱིར། ཡང་ཁ་ཅིག་ན་རེ། གཞི་གྲུབ་ན། སྤྱི་ཡིན་པས་ཁྱབ་ཟེར་ན། རྟག་དངོས་གཉིས་ཆོས་ཅན། སྤྱི་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། འདོད་ན། དེ་མ་ཡིན་པར་ཐལ། ཁྱོད་ཡིན་པ་མི་སྲིད་པའི་ཕྱིར་རོ། དེར་ཐལ། བདག་མེད་ཡིན་ན་ཁྱོད་མ་ཡིན་པས་ཁྱབ་པའི་ཕྱིར། དེ་བཞིན་དུ་ཀ་བུམ་སོགས་འཕེན། དེ་ལ་ཁོ་ན་རེ། རྟག་དངོས་ཆོས་ཅན། ཁྱོད་ཡོད་པར་ཐལ། ཁྱོད་གཉིས་ཡོད་པའི་ཕྱིར་ན་རྟག་དངོས་དེ་གཉིས་ཡོད་པར་མ་གྲུབ་པོ། །ཞེས་བྱ། ཁ་ཅིག །མ་ཁྱབ་ཟེར་ན། འོ་ན། ཁྱོད་དུ་མ་ཡོད་པར་ཐལ། ཁྱོད་གཉིས་ཡོད་པའི་ཕྱིར། འདོད་ན། ཁྱོད་ཡོད་པར་ཐལ་ལོ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྟག་པའི་དངོས་པོ་མི་སྲིད་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཡིན་པ་སྲིད་པའི་ཤེས་བྱ་ཡིན་ན། ཁྱོད་སྤྱི་ཡིན་པས་ཁྱབ་ཟེར་ན། བུམ་པ་དང་གཅིག་ཆོས་ཅན། སྤྱི་ཡིན་པར་ཐལ། ཡིན་པ་སྲིད་པའི་ཤེས་བྱ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ཡིན་པ་ཡོད་པ་གང་ཞིག །ཤེས་བྱ་ཡིན་པའི་ཕྱིར། རྟགས་གཉིས་ཀ་གྲུབ་སྟེ། ཆོས་ཅན་དེའི་ལྡོག་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། བུམ་པ་དང་གཅིག་ཆོས་ཅན། ཁྱོད་རང་གི་གསལ་བ་དུ་མ་ལ་རྗེས་སུ་འགྲོ་བར་ཐལ། ཁྱོད་སྤྱི་ཡིན་པའི་ཕྱིར། ཁྱབ་སྟེ། དེ་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར། འཁོར་གསུམ། འདོད་ན། ཁྱོད་ཡིན་པ་དུ་མ་ཡོད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། ཁྱོད་དང་གཅིག་ཡིན་པ་དུ་མ་མེད་པར་ཐལ། བདག་མེད་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དུ་མ་ཆོས་ཅན། ཁྱོད་དང་གཅིག་ཡིན་པ་དུ་མ་མེད་པར་ཐལ། བདག་མེད་ཡིན་པའི་ཕྱིར། འཁོར་གསུམ་ཟེར་ན། འདོད་བྱས་པར། ཁོ་ན་རེ། དུ་མ་ཆོས་ཅན། ཁྱོད་ཁྱོད་དང་གཅིག་མ་ཡིན་པར་ཐལ། ཁྱོད་དང་གཅིག་ཡིན་པའི་ཁྱོད་མེད་པའི་ཕྱིར་ན་རྣམ་པ་གཅིག་ཏུ་ཁྱབ་པ་མེད་མོད། ད་དུང་མ་གྲུབ་བྱས་པར། དུ་མ་དང་གཅིག་ཡིན་པའི་དུ་མ་མེད་པར་ཐལ། དུ་མ་དང་གཅིག་ཡིན་པ་དུ་མ་མེད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། བདག་མེད་ཡིན་པའི་ཕྱིར། གོང་དུ་མ་ཁྱབ་མཚམས་ལ་ཁོ་རང་ལ། ཡིན་པ་མི་སྲིད་པའི་ཤེས་བྱ་ཆོས་ཅན། ཁྱོད་ཁྱོད་དང་གཅིག་མ་ཡིན་པར་ཐལ། ཁྱོད་དང་གཅིག་ཡིན་པའི་ཁྱོད་མེད་པའི་ཕྱིར། ཁྱབ་པ་འགྲིག །འཁོར་གསུམ། ཡིན་པ་མི་སྲིད་པའི་ཤེས་བྱ་དང་གཅིག་ཡིན་པའི་ཡིན་པ་མི་སྲིད་པའི་ཤེས་བྱ་མེད་པར་ཐལ། དེ་ཡིན་པ་ཡོད། དེ་དང་གཅིག་ཡིན་ན་ཡིན་པ་སྲིད་པའི་ཤེས་བྱ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། དེ་དང་གཅིག་ཡིན་ན་སྤྱི་ཡིན་པས་ཁྱབ་པའི་ཕྱིར། འཁོར་གསུམ། གཞན་ཡང༌། དེ་དང་གཅིག་ཡིན་པའི་ཡིན་པ་མི་སྲིད་པའི་ཤེས་བྱ་མེད་པར་ཐལ། ཡིན་པ་མི་སྲིད་པའི་རྟག་པ་ཡིན་ན་དེ་དང་གཅིག་མ་ཡིན་པས་ཁྱབ། ཡིན་པ་མི་སྲིད་པའི་དངོས་པོ་ཡིན་ན་དེ་དང་གཅིག་མ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། ཡིན་པ་མི་སྲིད་པའི་རྟག་པ་དང༌། ཡིན་པ་མི་སྲིད་པའི་དངོས་པོ་གང་རུང་ཡིན་ན། དེའི་བྱེ་བྲག་ཡིན་པས་ཁྱབ་པའི་ཕྱིར།

ཡང་ཁ་ཅིག་ན་རེ། སྤྱི་གསུམ་པོ་གང་རུང་ཡིན་ན། སྤྱི་ཡིན་པས་ཁྱབ་ཟེར་ན། འོ་ན། ཀ་བུམ་གཉིས་ཆོས་ཅན། སྤྱི་ཡིན་པར་ཐལ། སྤྱི་གསུམ་པོ་གང་རུང་ཡིན་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། དེར་ཐལ། ཚོགས་སྤྱི་ཡིན་པའི་ཕྱིར། དེར་ཐལ།རགས་པ་ཡིན་པའི་ཕྱིར། ཁྱབ་སྟེ། རགས་པ་ཡིན་ན་རྡུལ་ཕྲ་རབ་དུ་མ་འདུས་པའི་ཚོགས་སྤྱི་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། དེས་ན་ཚོགས་སྤྱིའི་རང་ལྡོག་སྤྱི་མཚན་ཡིན་ཀྱང༌། དེ་དང་རང་མཚན་མི་འགལ་བའི་ཕྱིར། དེར་ཐལ། སྤྱི་དངོས་མེད་ཡིན་ཀྱང་དེ་དང་དངོས་པོ་མི་འགལ་བའི་ཕྱིར། འཁོར་གསུམ། རྩ་བར་འདོད་ན། དེ་ཆོས་ཅན། རང་གི་གསལ་བ་དུ་མ་ལ་རྗེས་འགྲོ་བྱེད་པ་ཡིན་པར་ཐལ། སྤྱི་ཡིན་པའི་ཕྱིར། ཁྱབ་སྟེ། དེ་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་དང་གཅིག་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཚོགས་སྤྱི་ཡིན་ན། རང་གི་གསལ་བ་དུ་མ་འདུས་པས་ཁྱབ་ཟེར་ན། ཀ་བ་དང་གཅིག་ཏུ་གྱུར་པའི་ཀ་བ་ཆོས་ཅན། རང་གི་གསལ་བ་དུ་མ་འདུས་པར་ཐལ། ཚོགས་སྤྱི་ཡིན་པའི་ཕྱིར། རྟགས་སྔར་བཞིན། རྩ་བར་འདོད་ན། དེ་ཆོས་ཅན། རང་གི་གསལ་བ་དུ་མ་ཡོད་པར་ཐལ། རང་གི་གསལ་བ་དུ་མ་འདུས་པའི་ཕྱིར། རྟགས་ཁས། འཁོར་གསུམ། འདོད་ན། རང་གི་བྱེ་བྲག་དུ་མ་ཡོད་པར་ཐལ་ལོ། འདོད་པའི་ཕྱིར། ཁྱབ་སྟེ། སྤྱི་གསལ་གཉིས་ཀྱི་དོན་ཡོད་པའི་ཕྱིར། འཁོར་གསུམ། འདོད་མི་ནུས་ཏེ། བྱེ་བྲག་དུ་མ་མེད་པའི་ཕྱིར། དེར་ཐལ། བྱེ་བྲག་དུ་མ་ཟད་ཁྱོད་ཡིན་པ་དུ་མའང་མེད་པའི་ཕྱིར། འཁོར་གསུམ། མ་གྲུབ་ན། ཀ་བ་ཆོས་ཅན། རྟགས་དེར་ཐལ། ཁྱོད་དང་གཅིག་ཏུ་གྱུར་པའི་ཁྱོད་དུ་མ་ཁྱོད་དང་གཅིག་མ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཁྱོད་སྤྱི་ཡིན་ན། ཁྱོད་ཀྱི་བྱེ་བྲག་དུ་མ་ཡོད་པས་ཁྱབ་ཟེར་ན། ཤེས་བྱ་དང་གཅིག་དང༌། ཡོད་པ་དང་གཅིག་དང༌། བུམ་པ་དང་གཅིག་དང་གསུམ་གང་རུང་ཆོས་ཅན། ཁྱོད་ཀྱི་བྱེ་བྲག་དུ་མ་ཡོད་པར་ཐལ། ཁྱོད་སྤྱི་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་བྱེ་བྲག་ཡོད་པའི་ཕྱིར། དེར་ཐལ། བུམ་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། དེ་གསུམ་གང་རུང་གི་བྱེ་བྲག་ཡིན་པར་ཐལ། དེ་གསུམ་གང་རུང་ཡིན། དེ་གསུམ་གང་རུང་དང་བདག་ཉིད་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་པའི་དེ་གསུམ་གང་རུང་དུ་མ་གྲུབ་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་པར་ཐལ། ཁྱོད་ཆོས་དེ་ཡིན། ཁྱོད་ཆོས་དེ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་ཆོས་དེ་ཡིན་པ་དུ་མ་གྲུབ་པ་ཡིན་པ་དེ། ཁྱོད་ཆོས་དེའི་བྱེ་བྲག་ཡིན་པའི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། བྱེ་བྲག་གི་མཚན་ཉིད་ཡོད་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་དང་པོ་གྲུབ་སྟེ། དེ་བུམ་པ་དང་གཅིག་ཡིན་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གཉིས་པ་གྲུབ་སྟེ། བུམ་པ་དེ་གསུམ་གང་རུང་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་གང་ཞིག །དེ་གསུམ་གང་རུང་མེད་ན། བུམ་པ་མེད་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། བུམ་པ་དེ་གསུམ་གང་རུང་ཡིན་པའི་སྒོ་ནས་དེ་གསུམ་གང་རུང་དང་ཐ་དད་ཡིན་པའི་ཕྱིར། དེར་ཐལ། ཁྱོད་བུམ་པ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་གསུམ་གང་རུང་མེད་ན་ཤེས་བྱ་ཡང་མེད་དགོས་པའི་ཕྱིར། དེར་ཐལ། བདག་མེད་ཡིན་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གསུམ་པ་གྲུབ་སྟེ། བུམ་པ་མ་ཡིན་པའི་ཤེས་བྱ་དང་ཡོད་པ་རེ་རེ་ནས་དེ་ཡིན་པའི་ཕྱིར། འཁོར་གསུམ། རྩ་བར་འདོད་ན། ཁྱོད་ཀྱི་བྱེ་བྲག་དུ་མ་མེད་པར་ཐལ། ཁྱོད་ཀྱི་བྱེ་བྲག་ཡིན་པ་གཅིག་ལས་མི་སྲིད་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་བྱེ་བྲག་ཡིན་ན་བུམ་པ་དང་གཅིག་ཡིན་དགོས་པའི་ཕྱིར། ཤེས་བྱ་དང་ཡོད་པ་དང་བུམ་པ་གསུམ་རེ་རེ་ནས་ཁྱོད་ཡིན་ཀྱང༌། གཞན་གཉིས་བྱེ་བྲག་མ་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་མ་ཡིན་པའི་ཆོས་མེད་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཁྱོད་མ་ཡིན་ཞིང་ཆོས་དེ་ཡིན་པ་དུ་མ་ཡོད་པ་དེ་ཆོས་དེའི་བྱེ་བྲག་གི་མཚན་ཉིད་ཟེར་ན། རི་བོར་རྭ་ཆོས་ཅན། ཤེས་བྱའི་བྱེ་བྲག་ཡིན་པར་ཐལ། ཁྱོད་མ་ཡིན་ཞིང་ཤེས་བྱ་ཡིན་པ་དུ་མ་ཡོད་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། བདག་མེད་ཡིན་ན་ཁྱོད་མ་ཡིན་དགོས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཡོད་པར་ཐལ། བྱེ་བྲག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། མེད་ངེས་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་མེད་པར་ཐལ། གང་ཟག་གི་བདག་མེད་ཡིན་པའི་ཕྱིར། ཡང་ཁ་ཅིག་གིས། ཁྱོད་ཡོད་ལ། ཁྱོད་མ་ཡིན་ཞིང་ཆོས་དེ་ཡིན་པ་དུ་མ་ཡོད་པ་དེ་ཆོས་དེ་དག་གི་བྱེ་བྲག་གི་མཚན་ཉིད་ཟེར་ན། རྟག་པ་ཆོས་ཅན། མི་རྟག་པའི་བྱེ་བྲག་ཡིན་པར་ཐལ། ཁྱོད་ཡོད་ལ། ཁྱོད་མ་ཡིན་ཞིང་མི་རྟག་པ་ཡིན་པ་དུ་མ་ཡོད་པའི་ཕྱིར། དེར་ཐལ། ཁྱོད་ཡོད་པ་གང་ཞིག །ཁྱོད་མ་ཡིན་ཞིང་མི་རྟག་པ་ཡིན་པ་དུ་མ་གྲུབ་པའི་ཕྱིར། རྟགས་རེ་རེ་ནས་གྲུབ་སྟེ། ཁྱོད་རྟག་པ་དང་གཅིག་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཁྱོད་མི་རྟག་པ་མ་ཡིན་པའི་ཕྱིར། འཁོར་གསུམ། དེར་ཐལ། རྟག་པ་ཡིན་པའི་ཕྱིར། ཡང་ཁ་ཅིག་གིས། ཁྱོད་ཆོས་དེ་ཡིན་ལ། ཁྱོད་མ་ཡིན་ཞིང་ཆོས་དེ་ཡིན་པ་དུ་མ་གྲུབ་པ་དེ། ཁྱོད་ཆོས་དེའི་བྱེ་བྲག་གི་མཚན་ཉིད་ཟེར་ན། དངོས་པོའི་རྒྱུ་ཆོས་ཅན། དངོས་པོའི་བྱེ་བྲག་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་ལ། ཁྱོད་མ་ཡིན་ཞིང་དངོས་པོ་ཡིན་པ་དུ་མ་གྲུབ་པའི་ཕྱིར། དེར་ཐལ། ཁྱོད་དངོས་པོ་ཡིན་པ་གང་ཞིག །ཁྱོད་མ་ཡིན་ཞིང་དངོས་པོ་ཡིན་པ་དུ་མ་གྲུབ་པའི་ཕྱིར། དང་པོ་གྲུབ་སྟེ། རྒྱུ་ཡིན་པའི་ཕྱིར། དེར་ཐལ། དངོས་པོའི་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཁྱོད་ཀྱི་རྒྱུ་ཡིན་པར་ཐལ། ཁྱོད་འབྲས་བུ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། དངོས་པོའི་རྒྱུ་མ་ཡིན་པའི་ཀ་བ་དང་བུམ་པ་དང་ཚད་མ་སོགས་དངོས་པོ་ཡིན་པ་དུ་མ་གྲུབ་པའི་ཕྱིར། རྩ་བར་འདོད་ན། དངོས་པོའི་རྒྱུ་ཆོས་ཅན། ཁྱོད་དངོས་པོ་དང་བདག་གཅིག་འབྲེལ་ཡིན་པར་ཐལ། ཁྱོད་དངོས་པོའི་བྱེ་བྲག་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། ཁྱོད་དངོས་པོ་ཡིན། ཁྱོད་དངོས་པོ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་དངོས་པོ་ཡིན་པ་དུ་མ་གྲུབ་པ་དེ། དངོས་པོའི་བྱེ་བྲག་གི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། དངོས་པོའི་བྱེ་བྲག་གི་མཚན་ཉིད་ཡོད་པའི་ཕྱིར། གོང་དུ་འདོད་ན། དེ་ཆོས་ཅན། ཁྱོད་དངོས་པོ་དང་བདག་ཉིད་གཅིག་ཡིན་པར་ཐལ། འདོད་པའི་ཕྱིར། འཁོར་གསུམ། འདོད་མི་ནུས་ཏེ། དངོས་པོ་དང་རྫས་ཐ་དད་ཡིན་པའི་ཕྱིར། དེར་ཐལ། དངོས་པོ་དང་སྔ་ཕྱི་ཐ་དད་དུ་གྲུབ་པའི་དངོས་པོ་ཡིན་པའི་ཕྱིར། ཆོས་ཅན་དེའི་ཕྱིར། ཡང་ཁ་ཅིག་གིས། དོན་སྤྱི་ཡིན་ན། སྤྱི་ཡིན་པས་ཁྱབ་ཟེར་ན། བུམ་པའི་དོན་སྤྱི་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། བུམ་པའི་དོན་སྤྱི་དང་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་ཀྱི་དོན་སྤྱི་ཡོད་པར་ཐལ། བདག་མེད་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཁྱོད་ཡིན་པ་དུ་མ་ཡོད་པར་ཐལ། འདོད་པའི་ཕྱིར། བུམ་པ་ཡིན་ན། བུམ་པའི་དོན་སྤྱི་ཡིན་དགོས་པར་ཐལ། བུམ་པའི་དོན་སྤྱི་ཡིན་པ་དུ་མ་ཡོད་པའི་རྒྱུ་མཚན་ཡོད་པའི་ཕྱིར། ཁྱབ་སྟེ། དེ་ལྟར་རམ། བུམ་པ་སྣང་བ་གང་རུང་ལ་བློ་རྩེ་གཏད་དགོས་པའི་ཕྱིར། གོང་དུ་འདོད་ན། གསེར་བུམ་ཆོས་ཅན། རང་འཛིན་རྟོག་པས་རང་གི་སྣང་ཆ་དང་ཞེན་སྟངས་ཀྱི་ཡུལ་གྱི་དོན་གཅིག་མིན་བཞིན་དུ་གཅིག་ཏུ་སྣང་བའི་སྒྲོ་བཏགས་ཀྱི་ཆ་ཡིན་པར་ཐལ། དོན་སྤྱི་ཡིན་པའི་ཕྱིར། འཁོར་གསུམ། རྟགས་དེར་ཐལ། བུམ་པའི་དོན་སྤྱི་ཡིན་པའི་ཕྱིར། རྟགས་ཁས། འཁོར་གསུམ། འདོད་མི་ནུས་ཏེ། རང་མཚན་ཡིན་པའི་ཕྱིར། དེར་ཐལ། དངོས་པོ་ཡིན་པའི་ཕྱིར། དེས་གཞན་རྟོགས་སླ།

རང་ལུགས་ལ། སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། རང་གི་གསལ་བ་དུ་མ་ལ་རྗེས་འགྲོ་བྱེད་པའི་ཆོས་དེ་སྤྱིའི་མཚན་ཉིད། དེ་ལ་རང་མཚན་དུ་གྱུར་པའི་སྤྱི་དང་སྤྱི་མཚན་དུ་གྱུར་པའི་སྤྱི་གཉིས་སུ་གྲངས་ངེས། དང་པོ་ནི། སྤྱིར་གྱུར་པའི་དངོས་པོ་དང་སྤྱིར་གྱུར་པའི་རང་མཚན་དག་དོན་གཅིག །གཉིས་པ་ནི། སྤྱིར་གྱུར་པའི་སྤྱི་མཚན་དང༌། སྤྱིར་གྱུར་པའི་རྟག་པ་དག་དོན་གཅིག །ཡང་དེ་ལ་སྒྲས་བརྗོད་ཀྱིས་ཕྱེ་ན། རིགས་སྤྱི་དང༌། ཚོགས་སྤྱི་དང༌། དོན་སྤྱི་དང་གསུམ། རང་གི་རིགས་ཅན་དུ་མ་གྲུབ་པ་ཡིན་པ་དེ། རང་རིགས་སྤྱི་ཡིན་པའི་མཚན་ཉིད། དཔེར་ན། ཤེས་བྱ་ལྟ་བུ། འདི་ལ་སྤྱིས་ཁྱབ། ཡ་གྱལ་དུ་མ་འདུས་པ་དེ་ཚོགས་སྤྱིའི་མཚན་ཉིད། དཔེར་ན། རགས་པ་རྣམས་ལྟ་བུ། རང་འཛིན་རྟོག་པ་ཞེན་སྟངས་གང་ལ་ཞུགས་པའི་དོན་དང་གཅིག་མིན་ཀྱང་གཅིག་ལྟ་བུར་སྣང་བའི་སྒྲོ་བཏགས་ཏེ། དོན་སྤྱིའི་མཚན་ཉིད། དཔེར་ན། བུམ་འཛིན་རྟོག་པ་ལ་བུམ་པ་སྣང་བ་ལྟ་བུ་ཡིན་ཏེ། དེའི་ཚེ་བུམ་པ་དོན་སྤྱི་དང་འདྲེས་པར་སྣང་གི །བུམ་པ་རང་མཚན་པ་སྣང་བར་དབུ་སེམས་མདོ་སྡེ་པ་རྣམས་མི་འདོད་པའི་ཕྱིར། གཉིས་པ་ནི། གོ་ཐོབ་བྱས་ན། ཆོས་དེ་ཡིན། ཆོས་དེ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་ཆོས་དེ་ཡིན་པ་དུ་མ་གྲུབ་པ་དེ། ཆོས་དེའི་བྱེ་བྲག་གི་མཚན་ཉིད། ཡང་ན། དུ་མ་ལ་རྗེས་སུ་འགྲོ་བའི་ཆོས་སྤྱིའི་མཚན་ཉིད། ཁྱབ་བྱེད་དུ་འཇུག་པའི་རང་གི་རིགས་ཡོད་པ་དེ་བྱེ་བྲག་གི་མཚན་ཉིད། མཚན་གཞི། རང་མཚན་དང་སྤྱི་མཚན་ལྟ་བུ། འདི་དག་གི་ཞིབ་རྩོད་ཚད་མར་བཤད་ཟིན་ཏོ། །བསྡུས་ཚན་བརྒྱད་པ་སྤྱི་བྱེ་བྲག་བསྟན་ཟིན་ཏེ། རིགས་སྒོ་ཆུང་བ་བསྡུས་ཆུང་དུ་གྲགས་པ་བཤད་ཟིན་ཏོ། །གཞན་གྱི་དམ་བཅའ་ལོག་འཛིན་ལ་སོགས་ཀྱི། །སྐྱོན་བརྗོད་ཆ་ནས་སུན་འབྱིན་ཧ་ཅང་ཡང༌། །ཐལ་སོགས་འཕེན་པས་ཐལ་འགྱུར་ཞེས་བཤད་པས། །ཐལ་འགྱུར་ཆེ་བས་ཤིང་རྟ་ཆེ་རྣམས་ཀྱང༌། །སྒྲུབ་དང་འཕེན་ཚུལ་མི་མཐུན་ཐལ་རང་ཞེས། །གྲགས་ཕྱིར་རེ་ཞིག་མི་བཤད་རིགས་ཆེན་ལའོ། །ཐལ་འགྱུར་ཆུང་ངུའི་རྟགས་ཁྱབ་སྒོ་བརྒྱད་དང༌། །རྟགས་ཆོས་རྩོད་གཞི་སྦུབས་འཚང་བྱེད་ཚུལ་སོགས། །ཚིག་དང་དོན་གྱི་ཆ་ནས་རྩོད་ཚུལ་གྱི། །མཁས་པའི་འགལ་མེ་ཅུང་ཟད་འདིར་རབ་བརྗོད། །

དགུ་པ་ཐལ་འགྱུར་ཆུང་བའི་རྣམ་བཞག་ལ། དེ་ལ་ཁ་ཅིག་ན་རེ། ཐལ་འགྱུར་ཡིན་ན། རྟགས་གསལ་རྩོད་གཞི་གསུམ་ཚང་བས་ཁྱབ་ཟེར་ན། བུམ་པ་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། རྟགས་གསལ་རྩོད་གཞི་གསུམ་ཚང་བར་ཐལ། ཐལ་འགྱུར་ཡིན་པའི་ཕྱིར། དེར་ཐལ། རྟགས་གསལ་དང་བཅས་པའི་ཐལ་འགྱུར་ཡིན་པའི་ཕྱིར། དེ་དེ་ཡིན་པར་ཐལ། དེ་འདྲའི་ཐལ་འགྱུར་ཡོད་པའི་ཕྱིར། དེར་ཐལ། བདག་མེད་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་རྩོད་གཞི་ཡོད་པར་ཐལ། འདོད་པའི་ཕྱིར། འཁོར་གསུམ། ཁྱབ་སྟེ། དེ་གསུམ་ཡོད་ན་དེ་ཡང་ཡོད་དགོས་པའི་ཕྱིར། འདོད་མི་ནུས་ཏེ། རྩོད་གཞི་དང་མི་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར། དེར་ཐལ། རྩོད་གཞི་མི་ལྡན་པར་བུམ་པས་གསལ་བ་དང༌། བདག་མེད་ཀྱིས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། དེ་དེ་ཡིན་པར་ཐལ། དེ་འདྲའི་ཐལ་འགྱུར་ཡོད་པའི་ཕྱིར། དེར་ཐལ། བདག་མེད་ཡིན་པའི་ཕྱིར། དེའི་རིགས་འདྲ། གཞན་ཡང༌། ཐལ་འགྱུར་ཡིན་ན་རྟགས་དང་བཅས་པའི་ཐལ་འགྱུར་ཡིན་པས་ཁྱབ་པར་ཐལ། དེ་ཡིན་ན་རྟགས་གསལ་རྩོད་གཞི་གསུམ་ཀ་དང་ལྡན་པས་ཁྱབ་པའི་ཕྱིར། འཁོར་གསུམ་ཁས་བླངས། འདོད་ན། སྒྲ་ཆོས་ཅན། མི་རྟག་པར་ཐལ། ཞེས་པའི་ཐལ་འགྱུར་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ། དེར་ཐལ། རྟགས་དང་མི་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར། འཁོར་གསུམ། དེ་དེར་ཐལ། དེ་འདྲའི་ཐལ་འགྱུར་ཡོད་པའི་ཕྱིར་ཏེ། བདག་མེད་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རྩོད་གཞི་གསལ་བ་གཉིས་ཙམ་དང་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར། དེ་འདྲའི་ཐལ་འགྱུར་ཡོད་པའི་ཕྱིར་ཏེ། བདག་མེད་ཡིན་པའི་ཕྱིར། དེ་བཞིན་དུ། རྟགས་དང་རྩོད་གཞི་ལྡན་ཡང༌། གསལ་བ་དང་ལྡན་པས་མ་ཁྱབ་པ་སོགས་ཤེས་པར་གྱིས། ཡང་ཁ་ཅིག་ན་རེ། རྟགས་གསལ་རྩོད་གཞི་གསུམ་ཀ་དང་ལྡན་པའི་ཐལ་འགྱུར་ཡིན་ན། ཁྱོད་ཀྱི་དེ་གསུམ་ཀ་གྲུབ་པས་ཁྱབ་ཟེར་ན། སྒྲ་ཆོས་ཅན། རྟག་པར་ཐལ། མ་བྱས་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཁྱོད་ཀྱི་རྟགས་གསལ་རྩོད་གཞི་གསུམ་ངོས་འཛིན་རྒྱུ་ཡོད་པའི་ཕྱིར། དེར་ཐལ། སྒྲས་རྩོད་གཞི། རྟག་པས་གསལ་བ་དང༌། མ་བྱས་པས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། དེ་དེ་ཡིན་པར་ཐལ། དང་པོ་གང་ཞིག །གཉིས་པ་ཡང་ཡིན། གསུམ་པ་ཡང་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེ་དེར་ཐལ། སྒྲས་རྩོད་གཞི་བྱས་པའི་ཐལ་འགྱུར་ཡོད་པའི་ཕྱིར། བདག་མེད་ཡིན་པའི་ཕྱིར། གཉིས་པ་མ་གྲུབ་ན། དེ་དེ་ཡིན་པར་ཐལ། རྟག་པས་གསལ་བ་བྱས་པའི་ཐལ་འགྱུར་ཡོད་པའི་ཕྱིར་ཏེ། བདག་མེད་ཡིན་པའི་ཕྱིར། གསུམ་པ་མ་གྲུབ་ན། དེ་དེ་ཡིན་པར་ཐལ། དེ་མ་བྱས་པ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར། དེ་དེ་ཡིན་པར་ཐལ། དེ་འདྲའི་ཐལ་འགྱུར་ཡོད་པའི་ཕྱིར་ཏེ། བདག་མེད་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་རྟགས་གསལ་གཉིས་གྲུབ་པར་ཐལ། ཁྱོད་ཀྱི་དེ་གསུམ་གྲུབ་པའི་ཕྱིར། འཁོར་གསུམ། འདོད་ན། ཁྱོད་ཀྱི་གསལ་བ་ལ་འདོད་ལན་ཐེབས་པར་ཐལ། ཁྱོད་གསལ་བ་གྲུབ་པའི་ཐལ་འགྱུར་ཡིན་པའི་ཕྱིར། འདོད་ན། སྒྲ་རྟག་པར་ཐལ་ལོ། །དེ་འདྲའི་ཐལ་འགྱུར་གྱི་གསལ་བར་འདོད་ལན་ཐེབས་པའི་ཕྱིར། འཁོར་གསུམ། འདོད་མི་ནུས་ཏེ། བདག་མེད་ཡིན་པའི་ཕྱིར། དེ་བཞིན་དུ་རྟགས་ལ་སྐྱོན་འཕེན་ནའང༌། དེ་ཆོས་ཅན། ཁྱོད་ཀྱི་རྟགས་གྲུབ་པར་ཐལ། ཁྱོད་རྟགས་གྲུབ་པའི་ཐལ་འགྱུར་ཡིན་པའི་ཕྱིར། རྟགས་ཁས། འཁོར་གསུམ། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་རྟགས་ལན་མི་ཐེབས་པར་ཐལ། ཁྱོད་རྟགས་གྲུབ་པའི་ཐལ་འགྱུར་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་འདྲའི་ཐལ་འགྱུར་གྱི་རྟགས་ལ་རྟགས་མ་གྲུབ་ཀྱི་ལན་ཐེབས་པའི་ཕྱིར། དེར་ཐལ། སྒྲ་མ་བྱས་པ་མ་ཡིན་པའི་ཕྱིར། དེར་ཐལ། སྒྲ་བྱས་པ་ཡིན་པའི་ཕྱིར། འཁོར་གསུམ། དེས་གཞན་ལ་རིགས་པ་བསྒྲེས་སླ། ཡང་ཁ་ཅིག་ན་རེ། རྟགས་གསལ་རྩོད་གཞི་གསུམ་མི་ལྡན་ན། ཐལ་འགྱུར་ཡང་དག་མ་ཡིན་པས་ཁྱབ་ཅིང༌། རྟགས་གསལ་རྩོད་གཞི་གསུམ་ལྡན་གྱི་ཐལ་འགྱུར་ཡིན་ན། ཐལ་འགྱུར་ཡང་དག་ཡིན་པས་ཁྱབ་ཟེར་ན། སྒྲ་ཆོས་ཅན། རྟག་པར་ཐལ། བེམ་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཐལ་འགྱུར་ཡང་དག་ཡིན་པར་ཐལ། དེ་གསུམ་དང་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར། འཁོར་གསུམ། དེར་ཐལ། སྒྲས་རྩོད་གཞི་དང༌། རྟག་པས་གསལ་བ་དང༌། བེམ་པོས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། རྟགས་གསུམ་རེ་རེ་ནས་སྔར་ལྟར་སྒྲུབས་རིགས། རྩ་བར་འདོད་ན། ཐལ་འགྱུར་ཡང་དག་མ་ཡིན་པར་ཐལ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡང་མིན། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་ཡང་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཁྱོད་རྟགས་གྲུབ་པའི་ཐལ་འགྱུར་ཡིན་པའི་ཕྱིར། རྟགས་སླ། ཁྱབ་སྟེ། ཐལ་འགྱུར་དེའི་རྟགས་གྲུབ་ན་དེའི་བཟློག་དོན་སྒྲུབ་མི་ནུས་པས་ཁྱབ་པའི་ཕྱིར། གཉིས་པ་མ་གྲུབ་ན། ཁྱོད་ཀྱི་ཁྱབ་པ་གྲུབ་པར་ཐལ། ཁྱོད་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། ཁྱབ་པ་མེད་པའི་ཐལ་འགྱུར་ཐལ་འགྱུར་ལྟར་སྣང་ཡིན་པའི་ཕྱིར། དེ་དེ་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། གོང་དུ་འདོད་ན། བེམ་པོ་ཡིན་ན་རྟག་པ་ཡིན་པས་ཁྱབ་པར་ཐལ། དེ་འདྲའི་ཐལ་འགྱུར་གྱི་ཁྱབ་པ་གྲུབ་པའི་ཕྱིར། འདོད་མི་ནུས་ཏེ། བེམ་པོ་ཡིན་ན་རྟག་པ་མ་ཡིན་པས་ཁྱབ་པའི་ཕྱིར།

ཡང་ཁ་ཅིག་ན་རེ། ཐལ་འགྱུར་དེའི་རྗེས་ཁྱབ་གྲུབ་ན། ཐུར་ཁྱབ་གྲུབ་པས་ཁྱབ་ཟེར་ན། སྒྲ་ཆོས་ཅན། རྟག་པ་མ་ཡིན་པར་ཐལ། དངོས་མེད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་ཐུར་ཁྱབ་ངེས་པར་ཐལ། ཁྱོད་ཀྱི་རྗེས་ཁྱབ་ངེས་པའི་ཕྱིར། དེར་ཐལ། དངོས་མེད་མ་ཡིན་ན་རྟག་པ་མ་ཡིན་པས་ཁྱབ་པ་ཁྱོད་ཀྱི་རྗེས་ཁྱབ་གང་ཞིག །དངོས་མེད་མ་ཡིན་ན་རྟག་པ་མ་ཡིན་པས་ཁྱབ་པའི་ཕྱིར། དང་པོ་གྲུབ་སྟེ། ཁྱོད་རྟག་པ་མ་ཡིན་པས་གསལ་བ་དང༌། དངོས་མེད་མ་ཡིན་པས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། མ་གྲུབ་ན། དེ་དེ་འདྲའི་ཐལ་འགྱུར་ཡིན་པར་ཐལ། དེ་འདྲའི་ཐལ་འགྱུར་ཡོད་པའི་ཕྱིར། དེར་ཐལ། བདག་མེད་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དངོས་མེད་མ་ཡིན་ན་རྟག་པ་མ་ཡིན་པས་ཁྱབ་པར་ཐལ། རྟག་པའི་དངོས་པོ་མེད་པའི་ཕྱིར། རྩ་བར་འདོད་ན། རྟག་པ་མ་ཡིན་ན་དངོས་མེད་མ་ཡིན་པས་ཁྱབ་པར་ཐལ། དེ་འདྲའི་ཐལ་འགྱུར་གྱི་ཐུར་ཁྱབ་ངེས་པའི་ཕྱིར། ཁྱབ་སྟེ། རྟག་པ་མ་ཡིན་ན་དངོས་མེད་མ་ཡིན་པས་ཁྱབ་པ། དེ་འདྲའི་ཐལ་འགྱུར་གྱི་ཐུར་ཁྱབ་གང་ཞིག །དེ་འདྲའི་ཐལ་འགྱུར་གྱི་ཐུར་ཁྱབ་ངེས་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དངོས་འགལ་ཡིན། རྟགས་དང་པོ་མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། རྟག་པ་མ་ཡིན་ན་དངོས་མེད་མ་ཡིན་པས་ཁྱབ་པ་ཁྱོད་ཀྱི་ཐུར་ཁྱབ་ཡིན་པས་ཐལ། ཁྱོད་རྟག་པ་མ་ཡིན་པས་གསལ་བ་དང༌། དངོས་མེད་མ་ཡིན་པས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། མ་གྲུབ་ན། དེ་དེ་འདྲའི་ཐལ་འགྱུར་ཡིན་པར་ཐལ། དེ་འདྲའི་ཐལ་འགྱུར་ཡོད་པའི་ཕྱིར། གོང་དུ་འདོད་ན། རི་བོར་རྭ་ཆོས་ཅན། དངོས་མེད་མ་ཡིན་པར་ཐལ། རྟག་པ་མ་ཡིན་པའི་ཕྱིར། འཁོར་གསུམ། དེར་ཐལ། མེད་ངེས་ཡིན་པའི་ཕྱིར། ཁྱབ་སྟེ། རྟག་པ་ལ་འདུ་མ་བྱས་པའི་ཆོས་གཅིག་དགོས་པའི་ཕྱིར། མཛོད་ལས། འདུ་མ་བྱས་ཆོས་རྟག་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། རི་བོང་རྭ་ཆོས་ཅན། དངོས་མེད་ཡིན་པར་ཐལ། རྒྱུ་མེད་ཡིན་པའི་ཕྱིར། དེར་ཐལ། རྣམ་པ་ཐམས་ཅད་དུ་མེད་ངེས་ཡིན་པའི་ཕྱིར།

ཡང་ཁ་ཅིག་ན་རེ། ཁྱོད་རྗེས་ཁྱབ་ཡང་ལོག་གཉིས་གང་རུང་ངེས་པའི་ཐལ་འགྱུར་ཡིན་ན། ཁྱོད་རྗེས་ཁྱབ་ངེས་པའི་ཐལ་འགྱུར་ཡིན་པས་ཁྱབ་ཟེར་ན། རྣམ་མཁྱེན་ཆོས་ཅན། ཤེས་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་རྗེས་ཁྱབ་ངེས་པའི་ཐལ་འགྱུར་ཡིན་པར་ཐལ། ཁྱོད་རྗེས་ཁྱབ་ཡང་དག་དང་ལོག་པ་གཉིས་གང་རུང་ངེས་པའི་ཐལ་འགྱུར་ཡིན་པའི་ཕྱིར། འཁོར་གསུམ། དེར་ཐལ། རྗེས་ཁྱབ་ཕྱིན་ཅི་ལོག་ངེས་པའི་ཐལ་འགྱུར་ཡིན་པའི་ཕྱིར། དེར་ཐལ། དེའི་རྗེས་ཁྱབ་ཕྱིན་ཅི་ལོག་ཀློང་བའི་ཚེ་རྟགས་སུ་བཀོད་པ་དེ་མིན་ན། ཆོས་སུ་བཀོད་པ་དེ་མ་ཡིན་པས་ཁྱབ་པ་ཀློང་རིགས་པ་གང་ཞིག །ཐལ་འགྱུར་དེའི་རྟགས་སུ་བཀོད་པའི་དངོས་པོ་མིན་ན། ཆོས་སུ་བཀོད་པའི་ཤེས་པ་མ་ཡིན་པས་ཁྱབ་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དེར་ཐལ། དེ་འདྲའི་ཐལ་འགྱུར་གྱི་རྗེས་ཁྱབ་ཕྱིན་ཅི་ལོག་ཀློང་ཚུལ་ཡོད་པའི་ཕྱིར། མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྗེས་ཁྱབ་ཕྱིན་ཅི་ལོག་ཀློང་ཚུལ་ཡོད་པར་ཐལ། ཁྱོད་རྟགས་གསལ་རྩོད་གཞི་གསུམ་ལྡན་གྱི་ཐལ་འགྱུར་ཡིན་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། དངོས་པོ་མ་ཡིན་པའི་ཤེས་པ་མི་སྲིད་པའི་ཕྱིར། འཁོར་གསུམ། རྩ་བར་འདོད་ན། དངོས་པོ་ཡིན་ན་ཤེས་པ་ཡིན་པས་ཁྱབ་པར་ཐལ། དེ་འདྲའི་ཐལ་འགྱུར་གྱི་རྗེས་ཁྱབ་ངེས་པའི་ཕྱིར། ཁྱབ་སྟེ། དེ་འདྲའི་ཐལ་འགྱུར་གྱི་རྗེས་ཁྱབ་ཀློང་བའི་ཚེ་རྟགས་སུ་བཀོད་པ་དེ་ཡིན་ན། ཆོས་སུ་བཀོད་པ་དེ་ཡིན་པས་ཁྱབ་པ་ཀློང་རིགས་པ་གང་ཞིག །དེ་འདྲའི་ཐལ་འགྱུར་ཤེས་པས་གསལ་བ་དང༌། དངོས་པོས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། རྟགས་དང་པོ་དེར་ཐལ། དེ་འདྲའི་ཐལ་འགྱུར་གྱི་རྗེས་ཁྱབ་ཡང་དག་གི་ཀློང་ཚུལ་དེ་ལྟར་ཡིན་པའི་ཕྱིར། དེར་ཐལ། དེ་འདྲའི་ཐལ་འགྱུར་གྱི་རྗེས་ཁྱབ་དང༌། རྗེས་ཁྱབ་ཡང་དག་གི་ཀློང་ཚུལ་ཞིག་ཡོད་པའི་ཕྱིར། མ་གྲུབ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྗེས་ཁྱབ་དང་རྗེས་ཁྱབ་ཡང་དག་གཉིས་ཀྱི་ཀློང་ཚུལ་ཡོད་པར་ཐལ། ཁྱོད་རྟགས་གསལ་དང་བཅས་པའི་ཐལ་འགྱུར་ཡིན་པའི་ཕྱིར། འཁོར་གསུམ། གོང་གི་རྟགས་གཉིས་པ་དེར་ཐལ། ཁྱོད་རྟགས་གསལ་དང་བཅས་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཐལ་འགྱུར་ཡིན་ན་ཁྱོད་ཀྱི་ཁྱབ་པ་ཀློང་ཚུལ་ཡོད་པས་ཁྱབ་ཟེར་ན། སྒྲ་ཆོས་ཅན། བུམ་པ་ཡིན་པར་ཐལ་ཞེས་པའི་ཐལ་འགྱུར་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་འདྲའི་ཐལ་འགྱུར་ཡོད་པའི་ཕྱིར། དེར་ཐལ། རྩོད་གཞི་དང་གསལ་བ་ཙམ་བཀོད་པའི་ཐལ་འགྱུར་ལྟར་སྣང་ཡོད་པའི་ཕྱིར། དེར་ཐལ། བདག་མེད་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རྟགས་གསལ་མ་ཚངས་པའི་ཐལ་འགྱུར་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཀློང་ཞིག་བྱས་པས་ཤེས་སོ། བྱས་པ་ལ་ཁོ་ན་རེ། དེ་ཆོས་ཅན། ཐལ་འགྱུར་མ་ཡིན་པར་ཐལ། ཐལ་འགྱུར་ལྟར་སྣང་ཡིན་པའི་ཕྱིར་ན་འགལ་ཁྱབ་ལ་འཕུད།

ཡང་ཁ་ཅིག་ན་རེ། ཁྱོད་རྗེས་ཁྱབ་ཀློང་ཚུལ་ཡོད་པའི་ཐལ་འགྱུར་ཡིན་ན། ཁྱོད་རྗེས་ཁྱབ་གྲུབ་པའི་ཐལ་འགྱུར་ཡིན་པས་ཁྱབ་ཟེར་ན། ཀ་བ་ཆོས་ཅན། རྟག་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་རྗེས་ཁྱབ་གྲུབ་པའི་ཐལ་འགྱུར་ཡིན་པར་ཐལ། ཁྱོད་རྗེས་ཁྱབ་ཀློང་ཚུལ་ཡོད་པའི་ཐལ་འགྱུར་ཡིན་པའི་ཕྱིར། དེར་ཐལ། རྟགས་གསལ་དང་བཅས་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ལྟར་ཡིན་ན་རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་ཚུལ་དེ། དེའི་རྗེས་ཁྱབ་ཀློང་ཚུལ་ཡིན་པའི་ཕྱིར། རྩ་བར་འདོད་ན། དངོས་པོ་ཡིན་ན་རྟག་པ་ཡིན་པས་ཁྱབ་པར་ཐལ། དེ་འདྲའི་ཐལ་འགྱུར་གྱི་རྗེས་ཁྱབ་ངེས་པའི་ཕྱིར། འདོད་མི་ནུས་ཏེ། དེ་འདྲའི་ཐལ་འགྱུར་གྱི་རྗེས་ཁྱབ་མེད་པའི་ཕྱིར། དེ་འདྲའི་ཐལ་འགྱུར་གྱི་འགལ་ཁྱབ་ངེས་པའི་ཕྱིར། དེར་ཐལ། ཐལ་འགྱུར་དེའི་རྟགས་སུ་བཀོད་པ་དེ་ཡིན་ན། ཆོས་སུ་བཀོད་པ་དེ་མ་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། དེ་ལྟར་ཀློང་བ་དེ་ཐལ་འགྱུར་དེའི་འགལ་ཁྱབ་ཀློང་ཚུལ་ཡིན་པའི་ཕྱིར། དེ་དེ་ཡིན་པར་ཐལ། ཐལ་འགྱུར་གྱི་འགལ་ཁྱབ་ཀློང་ཚུལ་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཐལ་འགྱུར་དེའི་རྗེས་ཁྱབ་དང༌། ལྡོག་ཁྱབ་ངེས་ན། ཐལ་འགྱུར་དེའི་ཁྱབ་པ་སྒོ་བརྒྱད་ཀ་ངེས་པས་ཁྱབ་ཟེར་ན། ཚད་མ་ཆོས་ཅན། ཤེས་པ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཁྱབ་པ་སྒོ་བརྒྱད་ཀ་ངེས་པའི་ཐལ་འགྱུར་ཡིན་པར་ཐལ། ཁྱོད་རྗེས་ཁྱབ་དང༌། ལྡོག་ཁྱབ་ངེས་པའི་ཐལ་འགྱུར་ཡིན་པའི་ཕྱིར། དེར་ཐལ། ཚད་མ་ཡིན་ན་ཤེས་པ་ཡིན་པས་ཁྱབ་པ་རྗེས་ཁྱབ་དང༌། ཤེས་པ་མ་ཡིན་ན་ཚད་མ་མ་ཡིན་པས་ཁྱབ་པ་ཁྱོད་ཀྱི་ལྡོག་ཁྱབ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ཤེས་པས་གསལ་བ་དང༌། ཚད་མས་རྟགས་སོ་སོར་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། གོ་ཐོབ་བྱས། རྩ་བར་འདོད་མི་ནུས་ཏེ། ཁྱོད་ཀྱི་ཐུར་ཁྱབ་དང༌། ལྡོག་ཁྱབ་ཕྱིན་ཅི་ལོག་དང༌། འགལ་ཁྱབ་ཡང་དག་རྣམས་མ་ངེས་པའི་ཕྱིར། འཁོར་གསུམ། དེར་ཐལ། ཁྱོད་ཐུར་ཁྱབ་མ་ངེས་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཁྱབ་སྟེ། དེ་མ་ངེས་ན་དེ་གསུམ་མ་ངེས་པས་ཁྱབ་པའི་ཕྱིར། གཞན་ཡང༌། ཐལ་འགྱུར་ཡིན་ན་དེའི་ཁྱབ་པ་སྒོ་བརྒྱད་ངེས་པས་མ་ཁྱབ་པར་ཐལ། ཐལ་འགྱུར་དེའི་འགལ་ཁྱབ་ངེས་ན་རྗེས་ཁྱབ་མ་ངེས་པས་ཁྱབ་པའི་ཕྱིར། དེར་ཐལ། ཐལ་འགྱུར་དེའི་འགལ་ཁྱབ་ངེས་ན། འགལ་ཁྱབ་ཕྱིན་ཅི་ལོག་མ་ངེས་པས་ཁྱབ་པའི་ཕྱིར། དེར་ཐལ། ཐལ་འགྱུར་དེའི་རྟགས་སུ་བཀོད་པ་ཡིན་ན། དེའི་ཆོས་མ་ཡིན་པས་ཁྱབ་པ་འགལ་ཁྱབ་དང༌། ཐལ་འགྱུར་དེའི་རྟགས་དེ་ཡིན་ན་ཐལ་འགྱུར་དེའི་ཆོས་དེ་མ་ཡིན་པ་མ་ཡིན་པས་ཁྱབ་པ་འགལ་ཁྱབ་ཕྱིན་ཅི་ལོག་ཡིན་པའི་ཕྱིར། དེར་ཐལ། ཐལ་འགྱུར་དེའི་ཆོས་སམ། གསལ་བ་དེ་མ་ཡིན་ན་ཐལ་འགྱུར་དེའི་རྟགས་དེ་མ་ཡིན་པས་ཁྱབ་པ་ལྡོག་ཁྱབ་དང༌། ཐལ་འགྱུར་དེའི་ཆོས་དེ་མ་ཡིན་པ་མ་ཡིན་ན། ཐལ་འགྱུར་དེའི་རྟགས་དེ་མ་ཡིན་པ་མ་ཡིན་པས་ཁྱབ་པ་དེའི་ལྡོག་ཁྱབ་ཕྱིན་ཅི་ལོག་ཡིན་པའི་ཕྱིར། དེར་ཐལ། ཐལ་འགྱུར་དེའི་རྟགས་དེ་ཡིན་ན་ཐལ་འགྱུར་དེའི་གསལ་བ་དེ་ཡིན་པས་ཁྱབ་པ་དེ་ཐལ་འགྱུར་དེའི་རྗེས་ཁྱབ་དང༌། དེའི་རྟགས་དེ་མ་ཡིན་ན་གསལ་བ་དེ་མ་ཡིན་པས་ཁྱབ་པ་རྗེས་ཁྱབ་ཕྱིན་ཅི་ལོག་ཡིན་པའི་ཕྱིར། དེར་ཐལ། ཐལ་འགྱུར་དེའི་གསལ་བ་དེ་མ་ཡིན་ན་ཐལ་འགྱུར་དེའི་རྟགས་དེ་མ་ཡིན་པས་ཁྱབ་པ་ཐལ་འགྱུར་དེའི་ཐུར་ཁྱབ་ཕྱིན་ཅི་ལོག་དང༌། ཐལ་འགྱུར་དེའི་གསལ་བ་དེ་ཡིན་ན་ཐལ་འགྱུར་དེའི་རྟགས་དེ་ཡིན་པས་ཁྱབ་པ་ཐལ་འགྱུར་དེའི་ཐུར་ཁྱབ་ཡང་དག་ཡིན་པའི་ཕྱིར། དེར་ཐལ། ཐལ་འགྱུར་གྱི་ཁྱབ་པ་སྒོ་བརྒྱད་ཀྱི་ཀློང་ཚུལ་ཡོད་པའི་ཕྱིར། དེར་ཐལ། རྩོད་ཚེ་གསལ་བ་ལ་འགོད་རྒྱུ་དང༌། རྟགས་ལ་འགོད་རྒྱུ་ཞེས་ཁྱད་པར་སྦྱོར་དགོས་པའི་ཕྱིར། འདི་གོ་ཐོབ་བྱས།

ཡང་ཁ་ཅིག་ན་རེ། ཁྱོད་ཀྱི་ལྡོག་ཁྱབ་རྣལ་མར་ངེས་པའི་ལྡོག་ཁྱབ་རྣལ་མར་ངེས་ན། ཁྱོད་ཀྱི་ལྡོག་ཁྱབ་རྣལ་མར་ངེས་པས་ཁྱབ་ཟེར་ན། བུམ་པ་ཆོས་ཅན། བེམ་པོ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་ལྡོག་ཁྱབ་རྣལ་མར་ངེས་པར་ཐལ། ཁྱོད་ཀྱི་ལྡོག་ཁྱབ་རྣལ་མར་ངེས་པའི་ལྡོག་ཁྱབ་རྣལ་མར་ངེས་པའི་ཕྱིར། དེར་ཐལ། བེམ་པོ་མ་ཡིན་ན། དངོས་པོ་མ་ཡིན་པས་ཁྱབ་པ་དེ། དེ་འདྲའི་ཐལ་འགྱུར་གྱི་ལྡོག་ཁྱབ་དང་པོ། དངོས་པོ་མ་ཡིན་པ་མ་ཡིན་ན་བེམ་པོ་མ་ཡིན་པ་མ་ཡིན་པས་ཁྱབ་པ་དེ་དེ་འདྲའི་ཐལ་འགྱུར་གྱི་ལྡོག་ཁྱབ་རྣལ་མར་ངེས་པའི་ལྡོག་ཁྱབ་ཀྱི་ཀློང་ཚུལ་ཡིན་པའི་ཕྱིར། དེར་ཐལ། དེ་འདྲའི་ཐལ་འགྱུར་གྱི་ལྡོག་ཁྱབ་དང་པོ་བེམ་པོ་མ་ཡིན་ན་དངོས་པོ་མ་ཡིན་པས་ཁྱབ་ཅེས་ཀློང་ནས་རྟགས་གསལ་བཀོད་ན། དངོས་པོ་མ་ཡིན་པར་ཐལ། བེམ་པོ་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་ལྡོག་ཁྱབ་དངོས་པོ་མ་ཡིན་པ་མ་ཡིན་ན། བེམ་པོ་མ་ཡིན་པ་མ་ཡིན་པས་ཁྱབ་པ་ཀློང་དགོས་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་ལྡོག་ཁྱབ་རྣལ་མར་ངེས་པའི་ལྡོག་ཁྱབ་ཀྱི་ཀློང་ཚུལ་དངོས་པོ་མ་ཡིན་པ་མ་ཡིན་ན། བེམ་པོ་མ་ཡིན་པ་མ་ཡིན་པས་ཁྱབ་པ་ཀློང་རིགས་པར་ཐལ། ཁྱོད་བེམ་པོས་གསལ་བ་དང༌། དངོས་པོས་རྟགས་སོ་སོར་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། རྩ་བར་འདོད་ན། བེམ་པོ་མ་ཡིན་ན་དངོས་པོ་མ་ཡིན་པས་ཁྱབ་པར་ཐལ། དེ་འདྲའི་ཐལ་འགྱུར་གྱི་ལྡོག་ཁྱབ་རྣལ་མར་ངེས་པའི་ཕྱིར། འཁོར་གསུམ། འདོད་ན། ཚད་མ་ཆོས་ཅན། དངོས་པོ་མ་ཡིན་པར་ཐལ། བེམ་པོ་མ་ཡིན་པའི་ཕྱིར། འཁོར་གསུམ། དེར་ཐལ། ཤེས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དངོས་པོ་ལ་བེམ་ཤེས་ལྡན་མིན་འདུ་བྱེད་གསུམ་ཡོད་པའི་ཕྱིར། དེར་ཐལ། དངོས་པོ་ལ་དེ་གསུམ་དུ་གྲངས་ངེས་པའི་ཕྱིར། དེས་ཁྱོད་ཀྱི་ལྡོག་ཁྱབ་རྣལ་མར་ངེས་པའི་ལྡོག་ཁྱབ་ངེས་ན། ལྡོག་ཁྱབ་རྣལ་མར་ངེས་པའི་ལྡོག་ཁྱབ་རྣལ་མར་ངེས་པས་ཁྱབ་མ་ཁྱབ་ཚུལ་དཔྱོད་ཚུལ་སོགས་ཤེས་དགོས་སོ། །

དེ་ལ་ཁོ་ན་རེ། ལྡོག་ཁྱབ་རྣལ་མར་ངེས་པའི་ལྡོག་ཁྱབ་དང༌། ལྡོག་ཁྱབ་ཀློང་ཚུལ་གཅིག་ཡིན་པར་ཐལ། རྗེས་ཁྱབ་རྣལ་མར་ངེས་པའི་རྗེས་ཁྱབ་དང༌། རྗེས་ཁྱབ་ཀྱི་ཀློང་ཚུལ་གཅིག་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། རྗེས་ཁྱབ་ཅི་ཙམ་ཀློང་ཡང་རྗེས་ཁྱབ་ཀྱི་ཀློང་ཚུལ་ཡིན་པའི་ཕྱིར། དེར་ཐལ། དེ་ལ་རྗེས་ཁྱབ་ཀློང་ནས་བཀོད་ཀྱང་འགོད་ཚུལ་གཅིག་ལས་མི་དགོས་པའི་ཕྱིར། གཞན་ཡང༌། བུམ་པས་རྩོད་གཞི་དངོས་པོས་རྟགས་བྱས་པའི་ཐལ་འགྱུར་ཡིན་ན། རྩོད་གཞི་དང་ལྡན་པའི་ཐལ་འགྱུར་ཡིན་པས་ཁྱབ་པར་ཐལ། བུམ་པའི་རྩོད་གཞི་དངོས་པོས་གསལ་བ་བྱས་པའི་ཐལ་འགྱུར་ཡིན་ན་རྟགས་གསལ་གཉིས་ལྡན་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས། འཁོར་གསུམ། འདོད་ན། རྟགས་དངོས་གཉིས་ཀ་ཡིན་པར་ཐལ། བུམ་པའི་རྩོད་གཞི་དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་ཁས། འཁོར་གསུམ། དེ་དེར་ཐལ། བུམ་པའི་རྩོད་གཞི་དངོས་པོ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར། དེར་ཐལ། དེ་འདྲའི་ཐལ་འགྱུར་གྱི་རྟགས་གསལ་སོ་སོར་ངོས་འཛིན་རྒྱུ་ཡོད་པའི་ཕྱིར། དེར་ཐལ། ཁྱོད་རྟགས་གསལ་དང་བཅས་པའི་ཐལ་འགྱུར་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རྩོད་གཞི་དང་མི་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར། དེར་ཐལ། རྟགས་གསལ་གཉིས་ཙམ་དང་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར། དེར་ཐལ། དེ་འདྲའི་ཐལ་འགྱུར་ཡོད་པའི་ཕྱིར། དེས་ཚིག་ལ་འཁྲི་ཚུལ་ཤེས་སླ། འདིར་ཐལ་འགྱུར་སྦུབས་འཚང་ལ་ཆོས་ཅན། སྔ་བཙན་ཕྱི་བཙན་བར་བཙན་གསུམ། དེ་བཞིན་དུ་གསལ་བའི་ཐལ་ཆོས་སྔ་བཙན། ཕྱི་བཙན་བར་བཙན་གསུམ་དང༌། རྟགས་སྔ་བཙན་ཕྱི་བཙན་བར་བཙན་གསུམ་གསུམ་བྱུང་པའི་ཆོས་ཅན་སྔ་བཙན་ནི། དཔེར་ན། ཀ་བ་ཆོས་ཅན། བུམ་པ་ཆོས་ཅན། ཤེས་བྱ་ཆོས་ཅན། རྟག་པ་ཡིན་པར་ཐལ། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱི་རྟགས་གསལ་རྩོད་གཞི་གསུམ་ངོས་ཟུངས་དང་ཟེར་ན། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་རྟགས་དང༌། བུམ་པ་ཆོས་ཅན། ཤེས་བྱ་ཆོས་ཅན། རྟག་པས་གསལ་བ་དང༌། ཀ་བས་རྩོད་གཞི་ཡིན་ཞེས་བྱ། ཆོས་ཅན་ཕྱི་བཙན་ནི། དཔེར་ན། བུམ་པ་ཆོས་ཅན། སྒྲ་ཆོས་ཅན། ཀ་བ་ཆོས་ཅན། ཤེས་བྱ་ཆོས་ཅན། མི་རྟག་པ་མ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདིའི་རྟགས་གསལ་རྩོད་གཞི་ངོས་ཟུངས་དང་ཟེར་ན། དེ་འདྲའི་ཐལ་འགྱུར་དེ་རྟག་པས་རྟགས་དང༌། མི་རྟག་པ་མ་ཡིན་པས་གསལ་བ་དང༌། བུམ་པ་ཆོས་ཅན། སྒྲ་ཆོས་ཅན། ཀ་བ་ཆོས་ཅན། ཤེས་བྱ་རྩོད་གཞི་ཡིན་ཞེས་བྱ་ལ། ཆོས་ཅན་བར་བཙན་ནི། དཔེར་ན། སྒྲ་ཆོས་ཅན། ཤེས་བྱ་ཆོས་ཅན། ཡོད་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་འདིའི་རྟགས་གསལ་རྩོད་གཞི་ངོས་ཟུངས་ཟེར་ན། རྟག་པས་རྟགས་དང༌། ཤེས་བྱ་ཆོས་ཅན། ཡོད་པས་གསལ་བ་དང༌། སྒྲས་རྩོད་གཞི་ཡིན་ནོ་ཞེས་བྱ་ཞིང༌། དྲིས་ཚེ་དེ་ལྟར་དང༌། འཕངས་ཚེ་རེ་རེ་འཆད་པའང་ཤེས་སོ། །དེ་ལྟར་ཆོས་ཅན་ཐལ་རྟགས་སྦུབས་སུ་འཚང་ཚུལ་གསུམ་གང་འཐད་སྙམ་ན། གཙོ་བོ་རྒོལ་བའི་འདོད་པས་གང་འདོད་གཙོ་བས་མཐའ་གཅིག་ཏུ་མ་ངེས་ཏེ། རྒོལ་བས་ཆོས་ཅན་གསུམ་བརྩེགས་འདོད་ནས་སྦྱར་ན་ཆོས་ཅན་གསུམ་རྩོད་གཞི་དགོས་པའི་ཕྱིར། དེར་ཐལ། རྣལ་འགྲེལ་ལས། སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཚིག་གསལ་ལས་ཀྱང༌། སྒྲ་རྣམས་ནི་སྨྲ་བ་པོའོ་བསམ་པ་ཙམ་སྟོན་གྱི། དབྱུག་པ་ཐོགས་པས་དབང་མེད་བྱེད་པ་ལྟར་མ་ཡིན་ཞེས་པ་ལྟར་ཡིན་པའི་ཕྱིར། དེར་ཐལ། ཚིག་གིས་དངོས་སུ་མ་བརྗོད་ཀྱང་དོན་དེ་གཙོ་བོར་འདོད་ན་དེ་གཙོ་བོར་བྱེས་པས་ཁྱབ་པའི་ཕྱིར། དཔེར་ན། གྲངས་ཅན་གྱིས་མིག་སོགས་ཆོས་ཅན། གཞན་དོན་བྱེད་དེ། འདུས་བསགས་ཡིན་པའི་ཕྱིར། དཔེར་ན། མལ་ཆ་བཞིན་ལྟ་བུ། རྣམ་འགྲེལ་ལས། མ་བརྗོད་ན་ཡང་འདོད་པས་ཁྱབ། །བདག་གི་དོན་བཞིན་བསྒྲུབ་བྱར་འདོད། །ཅེས་གསུངས་པའི་ཕྱིར། དེ་ལྟར་ཡིན་ཀྱང་ད་ལྟ་ཆོས་ཅན་སྔ་བཙན་དང༌། གསལ་བ་བར་བཙན་དང༌། རྟགས་ལ་ཐལ་འགྱུར་ཡིན་པའི་ཕྱིར་སྒྲས་ཐལ་བ་རེ་རེ་འདྲེན་པར་མཛད་པ་མེད་པས་བརྗོད་པར་བྱའོ། །དེ་ལ་ཁོ་ན་རེ། ཚད་མ་ཆོས་ཅན། དངོས་པོ་ཡིན་པར་ཐལ། རྟག་པ་ཡིན་པར་ཐལ། ཐལ་ངག་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་འདིའི་རྟགས་གསལ་རྩོད་གཞི་ངོས་བཟུང་ཟེར་ན། དྲིས་ཚེ་དེ་འདྲའི་ཐལ་འགྱུར་དེ་ཚད་མས་རྩོད་གཞི་དང༌། དངོས་པོས་གསལ་བ་དང༌། རྟག་པ་ཡིན་པར་ཐལ། ཐལ་ངག་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱིས་རྟགས་བྱས་པའི་ཐལ་འགྱུར་ཡིན་པར་ཐལ། དེ་འདྲའི་ཐལ་འགྱུར་ཚད་མས་རྩོད་གཞི་བྱས་པ་གང་ཞིག །དངོས་པོས་གསལ་བ་བྱས་པ་ཡིན། རྟག་པ་ཡིན་པར་ཐལ། ཐལ་ངག་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱིས་རྟགས་བྱས་པ་ཡང་ཡིན་པའི་ཕྱིར། རྟགས་དང་པོ་སླ། རྟགས་གཉིས་པ་གྲུབ་པར་ཐལ། དངོས་པོ་ལས་གཞན་དེའི་གསལ་བ་མ་ཡིན་པའི་ཕྱིར། རྟགས་འོག་ཏུ་སྒྲུབ། རྟགས་གསུམ་པ་གྲུབ་སྟེ། དེ་ཐལ་སྤུངས་རྟགས་སྤུངས་ཅན་གྱི་ཐལ་ངག་གིས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། དེར་ཐལ། གསལ་སྤུངས་རྟགས་སྤུངས་ཅན་གྱི་ཐལ་འགྱུར་གྱིས་རྟགས་བྱས་པའི་ཐལ་འགྱུར་ཡོད་པའི་ཕྱིར། དེར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཤེས་བྱ་ཆོས་ཅན། རྣམ་མཁྱེན་ཆོས་ཅན། ཚད་མ་ཆོས་ཅན། བདག་མེད་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་འདིའི་རྟགས་གསལ་རྩོད་གཞི་ངོས་བཟུང་ཟེར་ན། དེ་འདྲའི་ཐལ་འགྱུར་དེ་ཤེས་བྱས་རྩོད་གཞི། རྣམ་མཁྱེན་ཆོས་ཅན། ཚད་མ་ཆོས་ཅན། བདག་མེད་ཀྱིས་གསལ་བ་དང༌། ཡོད་པས་རྟགས་བྱས་པའི་ཐལ་འགྱུར་ཡིན་བྱས་པ་ལ། ཁོ་ན་རེ། ཤེས་བྱ་ཆོས་ཅན། རྣམ་མཁྱེན་ཆོས་ཅན། ཚད་མ་ཆོས་ཅན། བདག་མེད་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཤེས་བྱས་རྩོད་གཞི་དང༌། རྣམ་མཁྱེན་ཆོས་ཅན། ཚད་མ་ཆོས་ཅན། བདག་མེད་ཀྱིས་གསལ་བ་གཉིས་བྱས་པའི་ཐལ་འགྱུར་མ་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར་ཟེར་ན། འདོད་བྱས་པ་ལ། ཁོ་ན་རེ། དངོས་འགལ་དུ་འགྲོ་ཟེར་ན་མི་འགྲོ་སྟེ། དེ་ལ་འདོད་ལན་འདེབས་ཚེ་རྣམ་མཁྱེན་ཆོས་ཅན། ཚད་མ་ཆོས་ཅན། བདག་མེད་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་ཤེས་བྱས་རྩོད་གཞི་དང༌། རྣམ་མཁྱེན་ཆོས་ཅན། ཚད་མ་ཆོས་ཅན། བདག་མེད་ཀྱིས་གསལ་བ་བྱས་པས་གཉིས་ཀ་མ་ཡིན་པར་འདོད་ཟེར་རིགས་པ་གང་ཞིག །རྣམ་མཁྱེན་ཆོས་ཅན། ཚད་མ་ཆོས་ཅན། བདག་མེད་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་འདིའི་རྩོད་གཞི་དང༌། གསལ་བ་དེ་ལྟར་མ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རྣམ་མཁྱེན་ཆོས་ཅན། ཚད་མ་ཆོས་ཅན། བདག་མེད་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྣམ་མཁྱེན་གྱིས་རྩོད་གཞི་དང༌། ཚད་མ་ཆོས་ཅན། བདག་མེད་ཀྱིས་གསལ་བ་བྱས་པ་ཡིན་པའི་ཕྱིར། དེ་དེ་ལྟར་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། རྣམ་མཁྱེན་ཆོས་ཅན། ཚད་མ་ཆོས་ཅན། བདག་མེད་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་འདི་ཤེས་བྱས་རྩོད་གཞི་བྱས་པ་མ་ཡིན་པ་གང་ཞིག །རྣམ་མཁྱེན་ཆོས་ཅན། ཚད་མ་ཆོས་ཅན། བདག་མེད་ཀྱིས་གསལ་བ་བྱས་པ་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་མཁྱེན་ཆོས་ཅན། ཚད་མ་ཆོས་ཅན། བདག་མེད་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ། ཤེས་བྱས་རྩོད་གཞི་མ་བྱས། རྣམ་མཁྱེན་གྱིས་རྩོད་གཞི་བྱས་པའི་ཕྱིར། འཁོར་གསུམ། གཉིས་པ་གྲུབ་སྟེ། རྣམ་མཁྱེན་ཆོས་ཅན། ཚད་མ་ཆོས་ཅན། བདག་མེད་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་རྣམ་མཁྱེན་མི་རུང་བའི་ཕྱིར། འཁོར་གསུམ། དེར་ཐལ། རྣམ་མཁྱེན་ཆོས་ཅན། ཚད་མ་ཆོས་ཅན། བདག་མེད་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་ལ་རྣམ་མཁྱེན་གྱིས་གསལ་བ་མ་བྱས་རྩོད་གཞི་བྱས་པའི་ཕྱིར། འཁོར་གསུམ། ཞེས་པ་འདི་ཡང་ཀུན་མཁྱེན་འཇམ་དབྱངས་བཞད་པས་གསུངས་སོ།།

རྩོམ་སྒྲིག་པ། དཀོན་མཆོག་རྒྱ་མཚོ།


བརྒྱུད་འགོད།
0