༄༅། །བསྟན་བཅོས་ཆེན་པོ་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་འགྲེལ་བ་རིགས་པའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །

སྤེལ་དུས།  2021-04-10   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  རྗེ་ཡེ་ཤེས་རྒྱ་མཚོ།   ཀློག་གྲངས།  

༄༅། །བསྟན་བཅོས་ཆེན་པོ་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་འགྲེལ་བ་རིགས་པའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །

མཛད་པ་པོ། རྗེ་བཙུན་ཡེ་ཤེས་རྒྱ་མཚོ།

མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ།

༄༅། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ། །བཀའ་དྲིན་མཉམ་མེད་ཤཱཀྱའི་རྒྱལ་བོ་མཆོག་ཟུང་བསྟན་པའི་གཏད་རབས་བདུན། །མཁྱེན་བརྩེའི་དབང་ཕྱུག་འཇམ་པའི་དབྱངས་དང་རྗེ་བཙུན་མི་ཕམ་མགོན་པའི་ཞབས། །སྨྲ་ངན་ཚར་གཅོད་ཕྱོགས་ཀྱི་གླང་བོ་ཆོས་གྲགས་དབྱིག་གཉེན་ཞི་བ་འཚོ། །བདག་ཉིད་ཆེན་པོ་ཡབ་སྲས་རྣམས་དང་པཎ་ཆེན་དགེ་འདུན་གྲུབ་ལ་འདུད། །ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཉིད་རྒྱུ་ཚོགས་གང་ལས་བྱུང་བའི་ཚུལ། །ཁྱད་པར་གསུམ་ལྡན་བདེ་གཤེགས་བརྙེས་ནས་འཕགས་པའི་བདེན་པ་གསུངས་པའི་ཚུལ། །དེ་ལ་ཕྱི་རོལ་མུ་སྟེགས་རྣམས་ཀྱིས་ཀླན་ཀ་ཅི་ལྟར་བྱས་པའི་ཚུལ། །དེ་དག་ཕྱོགས་གླང་གྲགས་པས་བཀག་ཚུལ་གསལ་བར་འཆད་ལ་བདག་ཡིད་སྤྲོ། །གཏན་ཚིགས་རྡོ་རྗེ་ཕ་ལམ་ལས་བྱུང་ལེགས་བཤད་གཏམ་གྱི་རལ་གྲི་ནི། །ལུང་རིགས་སོ་གཉིས་རྣོ་བའི་འོད་འབར་མི་ཤེས་སྙིང་གི་མུན་སེལ་ཅན། །ཕྱོགས་ཀྱི་བློ་གྲོས་ཡངས་པ་རྣམས་ཀྱིས་ཕྱག་མཚན་ཉིད་དུ་བཞེས་ནས་ཀྱང༌། །མ་རྟོགས་ཐེ་ཚོམ་དྲ་བ་བཅད་དེ་རྒྱན་དྲུག་མཆོག་གི་རྗེས་འགྲོར་མཛོད།།

    ལེའུ་འདི་ཚད་མ་མདོའི་མཆོད་བརྗོད་ལས་འཕྲོས་ཚུལ།

༈ དེ་ལ་འདིར་བསྟན་བཅོས་ཆེན་པོ་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པ་ཚད་མ་གྲུབ་པའི་ལེའུའི་དོན་ཅུང་ཟད་བཤད་པ་ལ་གཉིས། ཚད་མ་གྲུབ་པའི་ལེའུ་འདི་ཚད་མ་མདོའི་མཆོད་བརྗོད་ལས་འཕྲོས་ཚུལ་དང༌། བསྟན་བཅོས་རྣམ་འགྲེལ་འདིར་དེའི་དོན་ཇི་ལྟར་གསུང་བའི་ཚུལ་ལོ། །དང་བོ་ལ་གཉིས། བཤད་བྱའི་ལུང་འགོད་པ་དང༌། ལུང་གི་དོན་བཤད་པའོ། །དང་པོ་ནི། ཚད་མ་མདོ་ལས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། །ཚད་མར་སྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་རྣམས་འཐོར་འདིར་གཅིག་བྱ། །ཞེས་གསུངས། གཉིས་པ་མདོའི་དོན་བཤད་པ་ནི། ཚད་མར་གྱུར་བ། ཞེས་གསུངས་པས་རྣམ་བཅད་ལ་རྒྱུ་རྐྱེན་ལས་མ་སྐྱེ་བའི་རྟག་པ་རང་བྱུང་གི་ཚད་མའི་སྐྱེས་བུ་ཡོད་པ་གཅོད། ཡོངས་གཅོད་ལ་སྟོན་པ་ཐུབ་པའི་དབང་པོ་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་ལས་ཚད་མའི་སྐྱེས་བུ་ཉིད་དུ་གྱུར་བར་སྟོན། སྟོན་པ་བཅོམ་ལྡན་འདས་ཉིད་གང་ལས་བྱུང་བའི་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་དེ་དག་གང་ཞེ་ན། འགྲོ་ལ་ཕན་བཞེད་པ། ཞེས་པས་འགྲོ་བ་རྣམས་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་དང་བྱམས་པ་དང་ཐུགས་རྗེ་ཆེན་པོ་སོགས་གཞན་ལ་ཕན་པར་འདོད་པའི་བསམ་པ་ཕུན་ཚོགས་བསྟན། སྟོན་པ། ཞེས་པས་སྡུག་བསྔལ་རྒྱུ་དང་བཅས་པ་རྩ་བ་ནས་འབྱིན་པའི་སྦྱོར་བ་ཕུན་ཚོགས་བདག་མེད་རྟོགས་པའི་ཤེས་རབ་ལ་སྟོན་པ་ཞེས་འབྲས་མིང་རྒྱུ་ལ་བཏགས་ནས་བསྟན། བདེ་གཤེགས། ཞེས་པས་དེ་ལྟ་བུའི་བསམ་པ་དང་སྦྱོར་བ་ཕུན་སུམ་ཚོགས་པ་ལ་བརྟེན་ནས་རང་དོན་སྤངས་དང་རྟོགས་པའི་བདེ་གཤེགས་གཉིས་ཐོབ་པར་བསྟན། སྐྱོབ་ལ་ཕྱག་འཚལ། ཞེས་པས་གཞན་དོན་ཕུན་ཚོགས་འགྲོ་བ་སྐྱོབ་པའི་མཆོག་གི་སྤྲུལ་སྐུ་སོགས་བསམ་སྦྱོར་ཕུན་ཚོགས་ལས་འཁྲུངས་པའི་བཅོམ་ལྡན་འདས་དེ་ལ་ཕྱག་འཚལ་ལོ། །ཞེས་པའོ། །དེ་ལྟར་ཕྱག་འཚལ་ནས་བྱ་བ་གང་ལ་འཇུག་ན། །ཚད་མར་སྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །ཞེས་གསུངས་ཏེ། སློབ་དཔོན་ཕྱོགས་གླང་ཉིད་ཀྱིས་མཛད་པའི་ཚད་མའི་བསྟན་བཅོས་ཐོར་བུ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་ཚད་མའི་མདོ་ཀུན་ལས་བཏུས་པ་རྩོམ་པའི་དམ་བཅའ་མཛད་དོ། །དེ་ལྟར་དམ་བཅའ་མཛད་ནས་སློབ་དཔོན་ཕྱོགས་གླང་གིས་ཚད་མ་ཀུན་ལས་བཏུས་པ་བརྩམས་པའི་དགོས་པ་གང་ཞེ་ན། རིགས་པའི་སྒོ་ནས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཚད་མའི་སྐྱེས་བུར་སྒྲུབ་པའི་ཕྱིར་ཡིན་ནོ། །དེ་ཡང་ཐར་འདོད་ཀྱི་གདུལ་བྱ་རྣམས་ཀྱིས་སྟོན་པ་ཚད་མའི་སྐྱེས་བུར་ངེས་པ་ན། སྟོན་པ་ཆེན་པོ་དེས་གསུངས་པའི་སྡེ་སྣོད་རིན་པོ་ཆེ་གསུམ་ཡང་ཚད་མ་ཉིད་དུ་གོ་བར་འགྱུར་ལ། དེ་ལྟར་གོ་ནས་ལུང་ལ་ཐོས་སོགས་ཀྱིས་ཞུགས་ཏེ་ཉམས་སུ་བླངས་བ་ལ་བརྟེན་ནས་རང་གཞན་གྱི་དོན་གཉིས་མཐར་ཐུག་འགྲུབ་པའི་ཕྱིར་ཡིན་ནོ། །འགྲུབ་པའི་ཕྱིར་ཡིན་ནོ། །འོ་ན་ལུགས་འབྱུང་ལྡོག་གི་སྦྱོར་བ་བརྒྱད་ཀྱི་སྒོ་ནས་སྟོན་པ་བཅོམ་ལྡན་འདས་ཚད་མའི་སྐྱེས་བུར་སྒྲུབ་པའི་ཚུལ་ཇི་ལྟར་ཡིན་ཞེ་ན། ཚད་མ་ཀུན་བཏུས་ཀྱི་མཆོད་བརྗོད་ཀྱི་ཚིག་ཟིན་ལྟར། བསམ་པ་ཕུན་ཚོགས་སོགས་རྒྱུ་སྔ་མ་སྔ་མ་ལས་འབྲས་བུ་ལྟ་བུ་ཕྱི་མ་ཕྱི་མ་རྣམས་འབྱུང་བར་སྒྲུབ་པའི་ལུགས་འབྱུང་གི་སྦྱོར་བ་བཞི་དང༌། ལུགས་ལྡོག་གི་སྐབས་སུ་འབྲས་བུ་ལྟ་བུ་ཕྱི་མ་ཕྱི་མ་ལས། རྒྱུ་ལྟ་བུ་སྔ་མ་སྔ་མ་སྒྲུབ་པར་བྱེད་པའི་ལུགས་ལྡོག་གི་གཏན་ཚིགས་བཞི་གསུངས་པ་ཡིན་ནོ། །དེ་ཡང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། སྙིང་རྗེ་དང་ཐུགས་རྗེ་ཆེན་པོ་སོགས་བསམ་པ་ཕུན་ཚོགས་བསྐལ་བ་གྲངས་མེད་གསུམ་དུ་གོམས་པའི་སྐྱེས་བུ་ཡིན་པའི་ཕྱིར། འདི་ཉིད་ལས། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་ཏེ། །ཞེས་སོ། །དེ་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། བདག་མེད་རྟོགས་པའི་སྦྱོར་བ་ཕུན་ཚོགས་གྲངས་མེད་གསུམ་དུ་གོམས་པའི་སྐྱེས་བུ་ཡིན་པའི་ཕྱིར། དེ་དོན་ཕྱིར་ན་ཐབས་གོམས་པ། །དེ་ཉིད་སྟོན་པ་ཡིན་པར་འདོད། །གྲུབ་ལས་དང་བོ་འབྱུང་བའི་ཕྱིར། །གཉིས་པོ་འདི་དག་རྒྱུ་རུ་བཤད། །ཅེས་སོ། །དེ་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། སྤངས་པ་ཁྱད་པར་གསུམ་ལྡན་གྱི་བདེ་བར་གཤེགས་པ་ཡིན་པའི་ཕྱིར། རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། །ཉིད་ཡིན་སྡུག་བསྔལ་རྟེན་མིན་ཕྱིར། །ལེགས་ཡིན་དེ་ནི་བདག་མེད་པ། །མཐོང་བའམ་སྦྱོར་བ་ལས་ཡིན་ནོ། །ཞེས་སོ། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། ལེགས་པར་གསུངས་པ་དང་བདེན་པར་གསུང་བའི་སྒོ་ནས་ཐར་འདོད་རྣམས་འཁོར་བ་དང་ངན་སོང་ལས་སྐྱོབ་པར་མཛད་པའི་ཕྱིར། བརྩེ་བས་ལེགས་དང་ཡེ་ཤེས་ལས། །བདེན་པ་གསུངས་མཛད་སྒྲུབ་བྱེད་བཅས། །དེ་གསུང་བར་ཡང་མངོན་སྦྱོར་ལྡན། །གང་ཕྱིར་དེས་ན་ཚད་མ་ཉིད། །ཅེས་སོ། །གཉིས་པ་ལུགས་ལྡོག་གི་སྒོ་ནས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཚད་མའི་སྐྱེས་བུར་སྒྲུབ་ཚུལ་ནི། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། སྐྱོབ་པ་བླ་ན་མེད་པའི་སྐྱེས་བུ་ཡིན་པའི་ཕྱིར། འདི་ཉིད་ལས། སྐྱོབ་ལས་དེ་ཉིད་དང་བརྟན་དང༌། །མ་ལུས་ཁྱད་པར་མཁྱེན་པར་གྲུབ། །ཅེས་སོ། །དེ་ཆོས་ཅན། སྐྱོབ་པ་བླ་ན་མེད་པ་ཡིན་ཏེ། བདེན་བཞིའི་བླང་དོར་ཐམས་ཅད་རང་སྟོབས་ཀྱིས་སྟོན་པའི་སྐྱེས་བུ་ཡིན་པའི་ཕྱིར། ཡང་ན་སྐྱོབ། །བདེན་པ་བཞི་ནི་སྟོན་མཛད་པའོ། །ཞེས་སོ། །ཡང་དེ་ཆོས་ཅན། བདེན་བཞིའི་བླང་དོར་ཐམས་ཅད་རང་སྟོབས་ཀྱིས་སྟོན་པ་ཡིན་ཏེ། ཤེས་བྱའི་དེ་ཁོ་ན་ཉིད་མཁྱེན་པ་དང༌། མཁྱེན་པ་བརྟན་པ་དང་མ་ལུས་པར་མཁྱེན་པའི་བདེ་བར་གཤེགས་པ་ཡིན་པའི་ཕྱིར། གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ། ཞེས་སོ། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། རྟོགས་པ་ཁྱད་པར་གསུམ་ལྡན་གྱི་བདེ་གཤེགས་ཡིན་ཏེ། རང་ཉིད་ཀྱིས་ཇི་ལྟར་གཟིགས་པ་ལྟར་གྱི་ཐར་ལམ་བདག་མེད་རྟོགས་པའི་ཤེས་རབ་འཁོར་བཅས་གཞན་ལ་སྟོན་པར་མཛད་པའི་ཕྱིར། བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་བ། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་སོ། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། གྲོལ་ལམ་བདག་མེད་རྟོགས་པའི་ཤེས་རབ་དེ་གཞན་ལ་ཇི་ལྟ་བ་བཞིན་སྟོན་པ་ཡིན་ཏེ། སྙིང་རྗེ་ཆེན་པོ་གོམས་པ་མཐར་ཕྱིན་པའི་སྐྱེས་བུ་ཡིན་པའི་ཕྱིར། དེ་ལྟར་ཡང༌། སྐྱོབ་བ་ཉིད་གཟིགས་ལམ་གསུང་བ། །འབྲས་མེད་ཕྱིར་ན་རྫུན་མི་གསུང༌། །ཐུགས་བརྩེ་ལྡན་ཕྱིར་རྩོམ་ཀུན་ཡང༌། །གཞན་གྱི་དོན་དུ་སྦྱོར་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།

    ཚད་མ་བཤད་པ།

༈ གཉིས་པ་བསྟན་བཅོས་ཆེན་པོ་ཚད་མ་རྣམ་འགྲེལ་འདིར་ཚད་མ་མདོ་ཡི་དོན་ཇི་ལྟར་འཆད་པའི་ཚུལ་ལ་གསུམ། ཚད་མར་གྱུར་བ་བཤད་པ། དེའི་སྒྲུབ་བྱེད་རྒྱས་པར་བཤད་པ། སློབ་དཔོན་ཕྱོགས་གླང་གིས་ཚད་མར་གྱུར་བའི་སྒོ་ནས་བཅོམ་ལྡན་འདས་ལ་བསྟོད་པའི་དགོས་པ་བཤད་པའོ། །དང་བོ་ལ་གཉིས། ཚད་མ་བཤད་པ། གྱུར་བ་ཞེས་སྨོས་པའི་དགོས་པ་བཤད་པའོ། །དང་པོ་ལ་གཉིས། མཚོན་བྱེད་དཔེའི་ཚད་མ་དང༌། མཚོན་བྱ་དོན་གྱི་ཚད་མའོ། །དང་བོ་ལ་གཉིས། མི་སླུ་བའི་ཤེས་པ་བསྟན་པ་དང༌། ཟུར་གཉིས་པ་མ་ཤེས་པའི་དོན་གསལ་བར་བྱེད་པ་བསྟན་པའོ། །དང་བོ་ལ་གསུམ། དངོས་དང༌། རྩོད་པ་སྤོང་བ། མི་སླུ་བའི་ངེས་བྱེད་བསྟན་པའོ། །དང་བོ་ནི། ཚད་མ་སླུ་མེད་ཅན་ཤེས་པ། །ཞེས་བྱུང༌། ཚད་མ་ཞེས་བྱ་བ་ནི། རང་གི་འཇུག་ཡུལ་དེ་ལ་གསར་དུ་སླུ་བ་མེད་པ་ཅན་གྱི་ཤེས་པའོ།།

༈ གཉིས་པ་ལ་གསུམ། མ་ཁྱབ་པའི་སྐྱོན་སྤངས་པ། ཁྱབ་ཆེ་བ་སྤངས་པ། ཤེས་པ་ཞེས་སྨོས་པའི་དགོས་པའོ། །དང་བོ་ནི། དོན་བྱེད་ནུས་པར་གནས་པ་ནི། །མི་སླུ་སྒྲ་ལས་བྱུང་བ་ཡང༌། །མངོན་པར་འདོད་པ་སྟོན་ཕྱིར་རོ། །སྨྲ་བ་པོ་ཡི་བྱེད་པའི་ཡུལ། །དོན་གང་བློ་ལ་རབ་གསལ་བ། །དེ་ལ་སྒྲ་ནི་ཚད་མ་ཉིད། །དོན་གྱི་དེ་ཉིད་རྒྱུ་ཅན་མིན། །ཞེས་གསུངས། གལ་ཏེ་ཡུལ་དེ་ལ་ཚད་མ་ཡིན་ན། ཡུལ་དེ་ལ་མི་སླུ་བ་དང་མ་འཁྲུལ་བ་ཡིན་དགོས་ན། རྗེས་དཔག་ཚད་མ་ལམ་ཁྱབ་སྟེ། རྗེས་དཔག་ཚད་མ་ནི་དོན་སྤྱི་དོན་དུ་འཁྲུལ་བའི་བློ་ཡིན་པའི་ཕྱིར་ཞེ་ན། རྗེས་དཔག་ནི་ཡུལ་དེ་ཡི་དོན་སྤྱི་ལ་འཁྲུལ་བས་དེ་ལ་མི་སླུ་བ་མིན་ཡང་དོན་ལ་མི་སླུ་བ་ཡིན་ཏེ། དཔེར་ན། མེས་བཙོ་སྲེག་གི་དོན་བྱེད་ནུས་པར་རྟོགས་པའི་རྗེས་དཔག་གིས་ཇི་ལྟར་བཟུང་བ་ལྟར་འཇུག་ཡུལ་མེའི་སྟེང་དུ་ཡང་དེ་ལྟར་དོན་བྱེད་ནུས་པར་གནས་པ་ནི། རང་གི་འཇུག་ཡུལ་ལ་མི་སླུ་བའི་དོན་ཡིན་པའི་ཕྱིར། ངག་གི་རྣམ་པར་རིག་བྱེད་ཀྱི་སྒྲ་ཐོས་པ་ལས་བྱུང་བའི་སྒྲ་བྱུང་ཚད་མ་དེ་ཡང་སྨྲ་བ་བོ་ལ་བསམ་པ་དེ་ཡོད་ན་དེ་ལ་ཚད་མ་ཡིན་ཏེ། སྨྲ་བ་བོས་གང་མངོན་པར་བརྗོད་པར་འདོད་པ་དེ་ཡི་ངག་གི་རིག་བྱེད་ཀྱི་སྒྲ་དེས་ཉན་པ་པོ་ལ་བསམ་པ་དེ་སྟོན་པའི་ཕྱིར་རོ། །དེ་ཡང་ཡིན་ཏེ། སྨྲ་བ་བོ་ཡི་བརྗོད་འདོད་ཀྱི་བྱེད་པ་འཇུག་པའི་ཡུལ་ཅན་གྱི་བསམ་དོན་གང་ཡིན་པ་དེ། ཉན་པ་པོའི་ཡིད་བློ་དེ་ལ་རབ་ཏུ་གསལ་བ་ཡིན་པའི་ཕྱིར། དེས་ན་སྨྲ་བ་བོའི་བསམ་དོན་དེ་ལ་སྒྲ་ནི་ཚད་མ་ཉིད་ཡིན་ནོ། །རྣམ་འགྲེལ་རྒྱན་ལས། སྒྲའི་ཡུལ་ཅན་གྱི་ཤེས་པ་ནི་མངོན་པར་འདོད་པ་སྟོན་པར་བྱེད་པའི་ཕྱིར་ཚད་མ་ཡིན་ཏེ། མངོན་པར་བསམ་པའི་དོན་བྱེད་པའི་རང་བཞིན་སྟོན་པར་བྱེད་པ་ཉིད་མི་སླུ་བ་ཡིན་ནོ། །ཞེས་དང༌། མངོན་པར་འདོད་ལ་སླུ་མེད་ཕྱིར། །ཐམས་ཅད་ཚད་མ་ཡིན་པར་བརྗོད། །ཅེས་སོ། །གཞན་སྡེ་ཕལ་མོ་ཆེས། ཚད་མ་ལ་མངོན་སུམ་དང་རྗེས་དཔག་གང་རུང་གིས་མ་ཁྱབ་སྟེ། བརྗོད་བྱེད་ཀྱི་སྒྲ་ལས་བརྗོད་བྱ་རྟོགས་པའི་བློ་ནི་སྒྲ་བྱུང་ཚད་མ་ཡིན་ལ། སྒྲ་བྱུང་ཚད་མ་དེ་ནི་རྟགས་ལ་བརྟེན་པའི་རྗེས་དཔག་ཀྱང་མིན་ལ། ལྐོག་ཏུ་གྱུར་བའི་ཡུལ་ཅན་ཡིན་པས་མངོན་སུམ་ཡང་མ་ཡིན་པའི་ཕྱིར། ཞེས་ཟེར་རོ། །འདི་མི་འཐད་དེ། རྗོད་བྱེད་ཀྱི་སྒྲ་དེ་དག་ལ་བརྟེན་ནས་བརྗོད་བྱ་དེ་རྟོགས་མི་ནུས་པའི་ཕྱིར། དེར་ཐལ། སྒྲ་དེ་དག་བརྗོད་དོན་དེ་མེད་ན་མི་འབྱུང་བའི་འབྲེལ་བ་མ་གྲུབ་པའི་ཕྱིར། དེ་ཡང་ཡིན་ཏེ། ས་ཕྱོགས་གང་ལ་ལན་རྗོད་བྱེད་ཀྱི་སྒྲ་དེ་ཡོད་ཀྱི་བརྗོད་བྱའི་དོན་མེད་པ་མཐོང་བའི་ཕྱིར་དང༌། ས་ཕྱོགས་ལ་ལར་སྒྲ་དེ་ཡི་བརྗོད་བྱ་ཡོད་ཀྱང་སྒྲ་དེ་མེད་པ་ཡང་མཐོང་བའི་ཕྱིར་རོ། །ཞེས་སློབ་ཡེ་ཤེས་བཟང་བོས་གསུང་ངོ༌། །དེས་ན་སྒྲ་བྱུང་ཚད་མ་ཞེས་པ་ནི། དཔེར་ན། ཆུ་ལོངས་ཤིག་ཅེས་པའི་སྒྲ་ནི། དེ་སྐད་སྨྲ་བ་པོའི་རྒྱུད་ལ་ཆུ་འདོད་པའི་བསམ་པ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ལ། རྟགས་དེ་ལ་བརྟེན་ནས་སྐྱེས་པའི་རྗེས་དཔག་ནི་སྒྲ་བྱུང་ཚད་མ་ཡིན་ནོ། །རྗོད་བྱེད་རྣམ་དག་གི་སྒྲ་དེ་དག་སྨྲ་བ་པོའི་རྒྱུད་ལ་དེ་ལྟ་བུའི་བསམ་པ་ཡོད་བསྒྲུབ་པ་ལ་ལྟོས་ནས་སྒྲུབ་བྱེད་ཚད་མ་ཡིན་པས། དེ་ལྟ་བུའི་སྒྲ་བྱུང་ཚད་མ་ནི་རྗེས་སུ་དཔག་པར་འདུས་ལ། དེའི་ཕྱིར་རྗོད་བྱེད་ཀྱི་སྒྲ་རྣམས་བརྗོད་འདོད་ཀྱི་བསམ་པ་ལ་ལྟོས་ནས་སྒྲུབ་བྱེད་ཚད་མ་ཡིན་ནོ། །ཞེས་སློབ་དཔོན་ཆོས་མཆོག་གིས་གསུངས་སོ། །སློབ་དཔོན་ལྷ་དབང་བློའི་འགྲེལ་བ་ལས། གལ་ཏེ་འདི་ལྟར་མི་སླུ་བ་ཚད་མ་ཉིད་ཡིན་ན། དེ་དང་དེ་སྒྲ་ལས་བྱུང་བ་མེད་པའི་ཕྱིར་ཚད་མར་མི་འགྱུར་ན་ཡང་འདོད་པ་དེས་ན། ཁྱབ་པ་མེད་པའི་མཚན་ཉིད་ཀྱི་སྐྱོན་དུ་འགྱུར་རོ་ཞེ་ན། ཁྱབ་པ་མེད་པ་དེ་ནི་མ་ཡིན་ནོ། །དེ་ལྟར་ན་གང་ལ་འདིའི་འཁྲུལ་བ་རབ་ཏུ་སྟོན་པ་དེ་ལ་ཚད་མར་འདོད་པ་མ་ཡིན་གྱི། འོན་ཀྱང་སྒྲ་ལས་བྱུང་བ་ཡང༌། །བསམ་པ་དག་ནི་སྟོན་ཕྱིར་རོ། །མི་སླུ་བ་ཡིན་ཏེ་ཞེས་བྱ་བ་རྗེས་སུ་འཇུག་གོ །སྐྱེས་བུའི་བསམ་པ་སྟོན་པར་བྱེད་པ་དེ་ལྟར་ན་དེ་སྟོན་པའི་ཕྱིར། འདི་ནི་ཚད་མ་ཉིད་ཡིན་ནོ། །ཞེས་སོ། །དེའི་ཕྱིར་ཕྱི་རོལ་བས་རྗོད་བྱེད་ཀྱི་སྒྲ་དེ་དག་ནི། བརྗོད་བྱའི་དོན་གྱི་དེ་ཁོ་ན་ཉིད་གོ་བར་བྱེད་པའི་རྒྱུ་མཚན་ཅན་འབྲས་རྟགས་ཡང་དག་ཏུ་འདོད་པ་ནི་འཐད་པ་མིན་ནོ།།

༈ གཉིས་པ་ཁྱབ་ཆེ་བ་སྤངས་པ་ནི། བཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད་ཅེས་བྱུང༌། རང་གི་ཡུལ་ལ་མི་སླུ་བ་ཚད་མ་ཡིན་ན། དྲན་ཤེས་སོགས་ཀྱང་ཚད་མར་འགྱུར་རོ་ཞེ་ན། རང་འདྲེན་བྱེད་ཀྱི་ཚད་མ་སྔ་མའི་བཟུང་ཟིན་པ་སླར་ཡང་འཛིན་པའི་ཕྱིར་ན། བློ་ཀུན་རྫོབ་པ་དྲན་པ་བཅད་ཤེས་སོགས་ནི་ཚད་མར་མི་འདོད་དོ། །སྒྲ་ལས་བྱུང་བ་ཡང༌། །མངོན་པར་འདོད་པ་སྟོན་ཕྱིར་རོ། །སྨྲ་བ་བོ་ཡི་བྱེད་པའི་ཡུལ། །དོན་གང་བློ་ལ་རབ་གསལ་བ། །དེ་ལ་སྒྲ་ནི་ཚད་མ་ཉིད། །ཅེས་པའི་དོན། མཁས་པ་ཁ་ཅིག ངག་སྨྲ་བའི་རྟགས་ལས་ལྷས་སྦྱིན་སེམས་ཡོད་དུ་རྟོགས་པའི་སྒྲ་ལས་བྱུང་བའི་རྗེས་དཔག་དེ་ཡང་དོན་དུ་གཉེར་བྱ་འཇུག་ཡུལ་མངོན་པར་འདོད་པའི་ལྷས་སྦྱིན་ལ་སེམས་ཡོད་པར་སྟོན་པའི་ཕྱིར་ན། དེ་རང་གི་འཇུག་ཡུལ་ལ་མི་སླུ་བར་གྲུབ་སྟེ། རང་སྨྲ་བ་བོའི་ངག་གི་བྱེད་པའི་ཡུལ་བརྗོད་དོན་གང་ཡིན་པ་དེ་བློ་ལ་རབ་ཏུ་གསལ་བར་སྣང་བ་ཡོད་པར་སྒྲུབ་པ་ལ་རྗོད་བྱེད་ཀྱི་སྒྲ་རྣམས་ནི་ཚད་མ་དང་ལྡན་པའི་སྒྲུབ་བྱེད་ཡང་དག་ཉིད་དུ་འདོད་པ་ཡིན་ནོ།། དེ་ལྟར་ཡིན་ན་རྗོད་བྱེད་ཀྱི་ངག་དེ་ཉིད་བརྗོད་བྱའི་དོན་གྱི་སྒྲུབ་བྱེད་དུ་ཡང་འགྱུར་རོ་ཞེ་ན། དེ་ལྟར་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དོན་གྱི་དེ་ཉིད་རྒྱུ་ཅན་མིན། །ཞེས་སྨོས་སོ། །ཞེས་དང༌། གལ་ཏེ་མི་སླུ་བའི་ཤེས་པ་ཚད་མའི་མཚན་ཉིད་ཡིན་ན། གཟུགས་འཛིན་མངོན་སུམ་གྱི་རྗེས་སུ་སྐྱེས་པའི་གཟུགས་འཛིན་རྟོག་པ་ལ་ཁྱབ་ཆེ་བའི་སྐྱོན་ཡོད་དོ་ཞེས་ན། བཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད། ཅེས་གསུངས་པར་བཤད་དོ། །གསུམ་པ་ཤེས་པ་ཞེས་སྨོས་པའི་དགོས་པ་བཤད་པ་ནི། བློ་ནི་ཚད་མ་ཉིད། །བླང་དང་དོར་བྱའི་དངོས་པོ་ཡི། །འཇུག་ལ་དེ་གཙོ་ཡིན་ཕྱིར་དང༌། །ཡུལ་རྣམ་ཅན་ནི་ཐ་དད་པས། །བློ་ཡི་རྟོགས་པ་ཐ་དད་ཕྱིར། །དེ་ཡོད་ན་འདི་ཡོད་ཕྱིར་རོ། །རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད། །བསྟན་བཅོས་རྨོངས་པ་བཟློག་བྱེད་ཡིན། །ཞེས་བྱུང༌། དེས་ན་རང་ཡུལ་ལ་གསར་དུ་མི་སླུ་བའི་བློ་ནི་ཚད་མ་ཉིད་ཡིན་ཏེ། བླང་བར་བྱ་བ་དང་དོར་བར་བྱ་བའི་དངོས་པོ་ལ་རང་བློའི་དཔྱད་སྟོབས་ཀྱིས་འཇུག་ཡུལ་ལ་ཚད་མ་དེ་ཉིད་གཙོ་བོ་ཡིན་པའི་ཕྱིར་དང༌། སྒྲོ་འདོགས་གསར་དུ་གཅོད་པའི་ཚད་མའི་ཡུལ་གྱི་རྣམ་པ་ཅན་ནི་ཐ་དད་པས་བློ་ཡིས་ཡུལ་རྟོགས་པའང་ཐ་དད་དུ་བརྗོད་པའི་ཕྱིར་རོ།། དེ་ཡང་ཡིན་ཏེ། དོན་གྱི་རྣམ་པ་ཤར་བའི་བློ་དེ་ཡོད་ན། དོན་རྟོགས་པའི་བློ་འདི་ཡང་ཡོད་པའི་ཕྱིར་རོ། །དེ་ལྟར་གསར་དུ་མི་སླུ་བའི་རིག་པ་ཚད་མའི་མཚན་ཉིད་ཡིན་ན། ཚད་མ་དེ་དག་རང་ཡུལ་ལ་མི་སླུ་བ་ཡིན་པར་ཚད་མ་རང་གིས་ངེས་སམ། གཞན་གྱིས་ངེས་ཞེ་ན། ཚད་མ་ཐམས་ཅད་རང་ལས་ངེས་པའམ་གཞན་ལས་ངེས་པས་མ་ཁྱབ་སྟེ། གཟུགས་འཛིན་མིག་ཤེས་ཚད་མ་ལྟ་བུ་རང་མྱོང་བའི་རང་རིག་ལས་རང་གི་ངོ་བོ་རྟོགས་ཤིང༌། རང་གི་རྗེས་སུ་བྱུང་བའི་ཐ་སྙད་པའི་ཚད་མ་ལས་ནི། གཟུགས་འཛིན་མིག་ཤེས་རང་ཉིད་གཟུགས་ལ་ཚད་མ་ཉིད་ཡིན་པར་རྟོགས་པའི་ཕྱིར། དེ་ལྟར་ཚད་མ་རང་ཉིད་དང་ཕྱིས་འབྱུང་གི་ཐ་སྙད་པའི་ཚད་མ་ལས་ནི་ཚད་མ་དང་ཚད་མིན་སོ་སོར་ངེས་ནུས་ན། བསྟན་བཅོས་བརྩམས་པ་དོན་མེད་དུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། བསྟན་བཅོས་ནི་ཚད་མའི་མཚན་ཉིད་སོགས་ལ་རྨོངས་པ་བཟློག་བྱེད་ཡིན་པའི་ཕྱིར།

༈ གཉིས་པ་མཚན་ཉིད་ཀྱི་ཕྱོགས་གཅིག་བསྟན་པ་ནི། མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། །རང་གི་ངོ་བོ་རྟོགས་འོག་ཏུ། །སྤྱི་ཡི་རྣམ་པར་ཤེས་པ་ཐོབ། །རང་གི་མཚན་ཉིད་མི་ཤེས་པ། །ཤེས་པ་གང་ཡིན་ཞེས་དགོངས་ཕྱིར། །རང་གི་མཚན་ཉིད་དཔྱད་ཕྱིར་རོ། །ཞེས་བྱུང༌། མི་སླུ་བའི་ཤེས་པ་ཙམ་ཞིག་ཚད་མའི་མཚན་ཉིད་ཡིན་ནམ་ཞེ་ན། མ་ཡིན་ཏེ། སྔར་མ་ཤེས་པའི་དོན་གྱི་རྣམ་པ་དང་བོར་གསལ་བར་བྱེད་པ་ཉིད་ཀྱང་ཚད་མའི་མཚན་ཉིད་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར། ཚད་མའི་སྐད་དོད། པྲ་མཱ་ཎ། ཞེས་པ་སྟེ། པྲ་ཞེས་པ་ནི། བོད་སྐད་དུ་དང་བོ་དང༌། རབ་སོགས་ལ་འཇུག་ཅིང༌། མཱ་ན། ཞེས་པ་འཇལ་བ་ལ་འཇུག་པས་དང་པོར་འཇལ་བའམ་གསར་དུ་རྟོགས་ཞེས་པའི་དོན་འགྱུར་དུ་མཛད་ནས། མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། །ཞེས་པས་ཁྱད་པར་གཉིས་པ་འདི་བསྟན་པ་ཡིན་ནོ། །ཁ་ཅིག་ན་རེ། རང་ཡུལ་གསར་དུ་རིག་པ་ཚད་མ་ཡིན་ན། སྔོན་འཛིན་མིག་ཤེས་ཀྱི་ཚད་མས་དྲངས་པའི་བཅད་ཤེས་ཀྱང་ཚད་མར་འགྱུར་ཏེ། སྔོ་འཛིན་མིག་ཤེས་ཚད་མས་སྔོ་སོགས་རང་གི་ངོ་བོ་རྟོགས་པའི་འོག་ཏུ་སྔོན་པོ་སྤྱི་ཡི་མཚན་ཉིད་རྟོགས་པའི་བཅད་ཤེས་ཀྱི་ངོ་བོར་གྱུར་བའི་རྣམ་པར་ཤེས་པ་ཞིག་སྐྱེ་ཞིང་ཐོབ་ལ། བཅད་ཤེས་དེས་སྔོན་པོ་སྤྱིའི་མཚན་ཉིད་གསར་དུ་རྟོགས་པའི་ཕྱིར་ཞེ་ན། མི་འཐད་དེ། སྔོན་པོ་ལ་ཚད་མ་ཡིན་ན་སྔོན་པོ་རང་གི་མཚན་ཉིད་སྔར་མི་ཤེས་པ་གསར་དུ་ཤེས་པ་གང་ཡིན་པ་ཞིག་དགོས་ཞེས་སློབ་དཔོན་ཕྱོགས་གླང་སོགས་ཀྱིས་དགོངས་པའི་ཕྱིར་ཏེ། སྔོན་པོ་ལ་ཚད་མ་ཡིན་ན་ནི་སྔོན་པོ་རང་གི་མཚན་ཉིད་ལ་དཔྱད་ནས་འཇུག་པ་ཞིག་ཡིན་དགོས་པའི་ཕྱིར་རོ། །སློབ་དཔོན་ལྷ་དབང་བློ་ནི། བསླུ་མེད་པའི་ཤེས་པ་འདི་ཚད་མའི་མཚན་ཉིད་གཅིག་ཡིན་ལ། མ་ཤེས་དོན་གསལ་གྱི་རིག་པ་འདི་ཡང་ཚད་མའི་མཚན་ཉིད་གཉིས་པ་ཡིན་ནོ་ཞེས་གསུངས་ལ། སློབ་དཔོན་རྒྱན་མཁན་པོ་ནི། མི་སླུ་བའི་རིག་པ་ཐ་སྙད་པའི་ཚད་མའི་མཚན་ཉིད་དང༌། མ་ཤེས་དོན་གསལ་གྱི་རིག་པ་དོན་དམ་པའི་ཚད་མའི་མཚན་ཉིད་བསྟན་པར་གསུངས་ཏེ། འདི་ནི་རྣམ་འགྲེལ་རྒྱན་གྱི་བཤད་པ་དང་ཕལ་ཆེར་མཚུངས་སོ། །གཉིས་པ་དཔེའི་ཚད་མ་དང་འདྲ་བའི་དོན་གྱི་ཚད་མ་ནི། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་བྱུང༌། བདེན་པ་བཞིའི་གནས་ལུགས་ཀུན་མངོན་སུམ་དུ་མཁྱེན་པའི་ཚད་མ་དེ་དང་ལྡན་པས་ན། བཅོམ་ལྡན་འདས་ནི་བླང་དོར་གྱི་ཡུལ་ཀུན་ལ་ཚད་མ་ཉིད་ཡིན་ནོ།།

    ཚད་མར་གྱུར་པ་ཞེས་སྨྲོས་པའི་དགོས་པ་བཤད་པ།

༈ གཉིས་པ་ཚད་མར་གྱུར་བ་ཞེས་སྨོས་པའི་དགོས་པ་བཤད་པ་ལ་གཉིས། དངོས་དང༌། རྩོད་པ་སྤོང་བའོ། །དང་བོ་ནི། མ་སྐྱེས་པ་ནི་བཟློག་དོན་དུ། །གྱུར་བ་ཉིད་གསུང་དེ་ཡི་ཕྱིར། །སྒྲུབ་བྱེད་ལ་ལྟོས་ཚད་ཡིན་རིགས། །ཞེས་གསུངས། ཚད་མ་མདོའི་མཆོད་བརྗོད་ལས་བཅོམ་ལྡན་འདས་ལ་བསྟོད་པའི་སྐབས་སུ་ཚད་མར་གྱུར་བ་ཞེས་གསུངས་པ་ནི། རྒྱུ་ལས་མ་སྐྱེས་པ་རྟག་པ་རང་བྱུང་གི་ཚད་མ་ནི་ཡོད་པར་འདོད་པའི་ལོག་རྟོག་བཟློག་པའི་དོན་དུ་བཅོམ་ལྡན་འདས་དེ་ཚད་མར་གྱུར་བ་ཉིད་དུ་གསུངས་པ་ཡིན་ནོ། །དེ་ཡི་ཕྱིར་ཚད་མའི་སྐྱེས་བུར་སྒྲུབ་བྱེད་ཀྱི་གཏན་ཚིགས་ཡང་དག་ལ་ལྟོས་ནས་བཅོམ་ལྡན་འདས་ཚད་མའི་སྐྱེས་བུ་ཡིན་པར་རིགས་པར་བྱའོ། །རང་འགར་དེ་ལྟར་གསུངས་པ་ནི་མ་ཡིན་ནོ། །ཚད་མ་མདོའི་རང་འགྲེལ་ལས། ཚད་མར་གྱུར་བ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ལོ། །ཚད་མར་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །འདིར་ཡང་རབ་ཏུ་བྱེད་པའི་དང་བོར་རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པས་ཚད་མར་གྱུར་བ་ཉིད་ཀྱིས་བཅོམ་ལྡན་འདས་ལ་བསྟོད་པ་བརྗོད་པ་ནི། གུས་པ་བསྐྱེད་པར་བྱ་བའི་དོན་དུའོ། །དེ་ལ་རྒྱུ་ནི་བསམ་པ་དང་སྦྱོར་བ་ཕུན་སུམ་ཚོགས་པའོ། །བསམ་པ་ནི་འགྲོ་བ་ལ་ཕན་པར་བཞེད་པའོ། །སྦྱོར་བ་ནི་འགྲོ་བ་ལ་བསྟན་པ་སྟོན་པའོ། །འབྲས་བུ་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །རང་དོན་ཕུན་སུམ་ཚོགས་པ་ནི་བདེ་བར་གཤེགས་པ་ཉིད་ཀྱིས་ཏེ། དོན་གསུམ་ཉེ་བར་བླང་བར་བྱའོ། །རབ་ཏུ་མཛེས་པའི་དོན་ནི་སྐྱེས་བུ་གཟུགས་ལེགས་པ་བཞིན་ནོ། །ཕྱིར་མི་ལྡོག་པའི་དོན་ནི་རིམས་ནད་ལེགས་པར་བྱུང་བ་བཞིན་ནོ། །མ་ལུས་པའི་དོན་ནི་བུམ་པ་ལེགས་པར་གང་བ་བཞིན་ཏེ། དོན་གསུམ་པོ་དེ་ཡང་ཕྱི་རོལ་འདོད་ཆགས་དང་བྲལ་བ་དང༌། སློབ་པ་དང༌། མི་སློབ་པ་རྣམས་ལས་རང་དོན་ཕུན་སུམ་ཚོགས་པ་ཁྱད་པར་དུ་བྱ་བའི་ཕྱིར་རོ། །གཞན་དོན་ཕུན་སུམ་ཚོགས་པ་ནི་སྒྲོལ་བའི་དོན་གྱིས་ན་སྐྱོབ་པ་ཉིད་དོ། །དེ་ལྟ་བུའི་ཡོན་ཏན་ཅན་གྱི་སྟོན་པ་ལ་ཕྱག་འཚལ་ནས། ཚད་མར་སྒྲུབ་པར་བྱ་བའི་ཕྱིར་རང་གི་རབ་ཏུ་བྱེད་པ་རིགས་པའི་སྒོ་ལ་སོགས་པ་རྣམས་འདིར་གཅིག་ཏུ་བཏུས་ཏེ་ཚད་མ་ཀུན་ལས་བཏུས་པ་བརྩོམ་པར་བྱའོ། །གཞན་གྱི་ཚད་མ་དགག་པར་བྱ་བའི་ཕྱིར་དང༌། རང་གི་ཚད་མའི་ཡོན་ཏན་བརྗོད་པར་བྱ་བའི་ཕྱིར་ཏེ། གང་གི་གཞལ་བྱ་རྟོགས་པ་ནི་ཚད་མ་ལ་རག་ལས་པ་ཡིན་ལ། འདི་ལ་ཡང་ལོག་པར་རྟོག་པ་མང་བས་ནའོ། །དེ་ལ་མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མ་གཉིས་ཁོ་ནའོ། །གང་གི་ཕྱིར་ཞེ་ན། མཚན་ཉིད་གཉིས་གཞལ་བྱ། རང་དང་སྤྱིའི་མཚན་ཉིད་དག་ལས་གཞན་པའི་མཚན་ཉིད་གཞལ་བར་བྱ་བ་གཞན་ནི་མེད་དོ། །རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནི་མངོན་སུམ་ཡིན་ལ། སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་ནི་རྗེས་སུ་དཔག་པའོ་ཞེས་ཤེས་པར་བྱའོ། །ཞེས་གསུངས་སོ། །སློབ་དཔོན་གྱིས། འདི་ལ་ཡང་ལོག་པར་རྟོག་པ་མང་བས་ནའོ། །ཞེས་གསུངས་པ་ལྟར་ཚད་མའི་གྲངས་ངེས་ལ་འདོད་ཚུལ་མང་སྟེ། བུ་སྟོན་རིན་པོ་ཆེའི་ཚད་མ་རྣམ་ངེས་ཊཱིཀ་ཚིག་དོན་རབ་གསལ་ལས། གྲངས་ཅན་པས་མངོན་རྗེས་ཚད་མ་གཉིས་ཀྱི་སྟེང་དུ་སྒྲས་བསྐྱེད་པ་ལྐོག་ཏུ་གྱུར་བའི་དོན་གྱི་ཡུལ་ཅན་གྱི་ཤེས་པ་སྒྲ་ལས་བྱུང་བའི་ཚད་མ་དང་གསུམ་འདོད། རིག་པ་ཅན་ནི་དེ་གསུམ་གྱི་སྟེང་དུ། བ་མིན་མཐོང་ནས་སྲོག་ཆགས་འདི་འདྲ་བ་ནི་བ་ལང་ངོ་ཞེས་ལྐོག་གྱུར་གྱི་བ་ལང་ལ་འདྲ་བར་འཛིན་པ་ལྟ་བུ་ལྐོག་གྱུར་ལ་འདྲ་བ་ཡོངས་སུ་གཅོད་པ་དཔེ་ཉེ་བར་འཇལ་བའི་ཚད་མ་དང་བཞིར་འདོད། དཔྱོད་པ་བ་ནི་མངོན་སུམ་རྗེས་དཔག་གཉིས་དང་སྒྲ་བྱུང་ཚད་མ་དང་དཔེ་ཉེར་འཇལ་དང་རང་དོན་གྱི་གོ་བའི་ཚད་མ་དང་དངོས་པོ་མེད་པའི་ཚད་མ་སྟེ་དྲུག་འདོད་པ་ལ། སྒྲ་བྱུང་ལ་སྐྱེས་བུས་མ་བྱས་པའི་སྒྲ་དང༌། ཡིད་ཆེས་པའི་སྐྱེས་བུའི་ཚིག་ལ་བརྟེན་པ་གཉིས་རི་ཁྲོད་རྗེས་བཤད། དོན་གྱི་གོ་བ་ནི། མཐོང་བའམ་ཐོས་པའི་དོན་གཞན་དུ་མི་འཐད་པའི་ཕྱིར་མ་མཐོང་བ་རྟོགས་པ་སྟེ། མངོན་སུམ་གྱིས་མེས་བསྲེག་པ་ཉམས་སུ་མྱོང་བས། བསྲེས་ནུས་སུ་རྟོགས་པ་མངོན་སུམ་སྔོན་དུ་འགྲོ་བ་ཅན་དང༌། རྗེས་དཔག་སྔོན་དུ་འགྲོ་བ་ཅན་ནི། ཉི་མ་ཡུལ་གཞན་དུ་ཕྱིན་པས་འགྲོ་བར་དཔག་བས་འགྲོ་བའི་ནུས་པ་ཡོད་པར་རྟོགས་པ་དང༌། སྒྲ་བྱུང་སྔོན་དུ་འགྲོ་བ་ནི། བཅུད་ལེན་མ་གྲུབ་པའི་ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་ཞེས་པས་མཚན་མོ་ཟ་བར་རྟོགས་པ་དང༌། ཉེར་འཇལ་སྔོན་དུ་འགྲོ་བ་ཅན་ནི། བ་མིན་དང་འདྲ་བར་ཤེས་བས། ཤེས་པས་བཟུང་ནུས་སུ་རྟོགས་པ་དང༌། དོན་གྱི་གོ་བ་སྔོན་དུ་འགྲོ་བ་ནི། སྒྲས་བརྗོད་བྱ་སྟོན་ནུས་པར་རྟོགས་པས་སྒྲ་ལ་བརྟག་པར་རྟོགས་པ་དང༌། དངོས་པོ་མེད་པ་སྔོན་དུ་འགྲོ་བ་ནི། ནག་པ་མ་ཤི་ལ་ཁྱིམ་ན་མེད་པས་ཕྱིར་ན་ཡོད་པར་རྟོགས་པ་དང་དྲུག་བཤད་དོ། །ཞེས་དང༌། ཙ་ར་ཀ་པ་ནི་མངོན་སུམ་དང༌། རྗེས་དཔག་དང༌། ལུང་དང༌། རིགས་པ་དང༌། མི་དམིགས་པ་དང༌། སྲིད་པ་དང༌། ཞེས་གྲགས་པ་དང༌། སྙམ་སེམས་པ་སྟེ་བརྒྱད་འདོད་དེ། དེ་ལ་སྲིད་པ་ནི། ཚོགས་པ་ཡོད་པར་རྟོགས་ན་ཚོགས་པ་ཅན་ཡོད་པར་རྟོགས་པ་སྟེ། སྟོང་ཡོད་པར་རྟོགས་ན་བརྒྱ་ཡོད་པར་རྟོགས་པ་ལྟ་བུའོ། །སྨྲ་བ་བོས་བསྟན་པའི་གྲགས་པ་རྒྱུད་པ་སྟེ། ཤིང་ལྗོན་པ་ལ་གནོད་སྦྱིན་གནས་སོ་ཞེས་པ་ལྟ་བུ་གྲགས་པ་དང༌། སྙམ་སེམས་པ་ནི་ཡུལ་ངེས་པ་མེད་པར་གློ་བུར་དུ་ཡོད་པ་དང་མེད་པ་སྟོན་པའི་ཤེས་པ་སྟེ། དེ་རིང་ནི་བདག་གི་མང་བོ་འོང་ངོ་སྙམ་པ་ལ་དེ་ཁོ་ན་ལྟར་འོངས་པ་ལྟ་བུ་སྟེ་བརྒྱད་འདོད་ལ་ཞེས་དང༌། རི་ཁྲོད་རྗེ་ན་རེ། སྒྲ་ལས་བྱུང་བའི་མཚན་ཉིད་ནི། སྒྲའི་ཤེས་པ་ལས་བསྐལ་བའི་དོན་ཤེས་པ་ཡིན་ཟེར་རོ། །དེ་ལ་གྲངས་ཅན་དང་རིག་པ་ཅན་ནི། སྐྱེས་བུས་བྱས་པས་ལུང་དང༌། དཔྱོད་པ་བ་ནི། མ་བྱས་པ་རིག་བྱེད་ཀྱི་སྒྲས་བསྐྱེད་པ་ཚད་མར་འདོད། ཅེས་དང༌། དེ་ཡང་རྗོད་བྱེད་ཀྱིས་བརྗོད་བྱ་དཔོག་པ་མིན་གྱི། འབྲས་བུས་རྒྱུ་དཔོག་པ་ཡིན་པས་རྗེས་དཔག་ཏུ་འདུས་སོ། །ཞེས་གསུངས་སོ། །རྣམ་འགྲེལ་རྒྱན་ལས། འདིར་བཅོམ་ལྡན་འདས་ཉིད་ཚད་མ་ཡང་དག་པར་སྒྲུབ་པ་ཡིན་ནོ། །དེ་ལ་རྒྱུ་ནི་ཐ་སྙད་པའི་ཚད་མ་ལ་ལྟོས་ནས། བསམ་པ་དང་སྦྱོར་བ་ཕུན་སུམ་ཚོགས་པའོ། །བསམ་པ་ནི་འགྲོ་བ་ལ་ཕན་པར་བཞེད་པ་ཉིད་ཡིན་ལ། སྦྱོར་བ་ནི་འགྲོ་བ་ལ་སྟོན་པའི་ཕྱིར་སྟོན་པ་ཉིད་དོ། །འབྲས་བུ་ནི་རང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །རང་གི་དོན་ཕུན་སུམ་ཚོགས་པ་ནི། དོན་རྣམ་པ་གསུམ་བཟུང་བས་ན་བདེ་བར་གཤེགས་པ་ཉིད་ཀྱིས་ཏེ། ལེགས་པ་ནི་གཟུགས་བཟང་བ་བཞིན་ནོ། །སླར་མི་ལྡོག་པའི་དོན་ནི་རིམས་ནད་ལེགས་པར་བྱང་བ་བཞིན་ནོ། །མ་ལུས་པའི་དོན་ནི་བུམ་པ་ལེགས་པར་གང་བ་བཞིན་ནོ། །གཞན་གྱི་དོན་ཕུན་སུམ་ཚོགས་པ་ནི། འགྲོ་བ་སྒྲོལ་བའི་ཕྱིར་སྐྱོབ་པ་ཉིད་དོ། །དེ་ལྟར་ན་སྟོན་པ་ཐུབ་པའི་དབང་བོ་ཆོས་ཅན་ཚད་མའི་སྐྱེས་བུ་ཡིན་ཏེ། བདེན་པ་བཞིའི་བླང་དོར་ཐམས་ཅད་རང་སྟོབས་ཀྱིས་སྟོན་པའི་སྐྱེས་བུ་ཡིན་པའི་ཕྱིར། འདི་ཉིད་ལས། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་དང་བཅས་པ་རིག་མཛད་པ། །གང་དེ་ཚད་མ་ཉིད་འདོད་ཀྱིས། །ཞེས་སོ། །ཐུབ་པ་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། རང་རྒྱུ་བསམ་སྦྱོར་ཕུན་སུམ་ཚོགས་པ་ལས་འཁྲུངས་པའི་སྐྱེས་བུ་མཆོག་ཡིན་པའི་ཕྱིར། མ་སྐྱེས་པ་ནི་བཟློག་དོན་དུ། །གྱུར་པ་ཉིད་གསུངས་དེ་ཡི་ཕྱིར། །སྒྲུབ་བྱེད་ལ་ལྟོས་ཚད་ཡིན་རིགས། །ཅེས་སོ། །ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། རྣམ་མཁྱེན་རྒྱུད་ལྡན་གྱི་སྐྱེས་བུ་ཡིན་པའི་ཕྱིར། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་སོ། །ཐུབ་པ་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། བསམ་པ་ཕུན་ཚོགས་ལས་ཆོས་བསྟན་པའི་སྦྱོར་བ་ཕུན་ཚོགས་བྱུང་ཞིང་དེ་ལས་བདེ་གཤེགས་བརྙེས་ནས་འགྲོ་བ་སྐྱོབ་པའི་གང་ཟག་ཡིན་པའི་ཕྱིར། སྐྱོབ་པ་ཉིད་གཟིགས་ལམ་གསུངས་པ། །འབྲས་མེད་ཕྱིར་ན་རྫུན་མི་གསུང༌། །ཐུགས་བརྩེ་ལྡན་ཕྱིར་རྩོམ་ཀུན་ཡང༌། །གཞན་གྱི་དོན་དུ་སྦྱོར་ཕྱིར་རོ། །དེའི་ཕྱིར་ཚད་ཡིན། །ཞེས་སོ།།

    དབང་ཕྱུག་རྟག་པ་རང་བྱུང་གི་ཚད་མ་ཡིན་པ་དགག་པ།

༈ གཉིས་པ་རྩོད་པ་སྤོང་བ་ལ་གཉིས། ཚད་མར་གྱུར་པ་ཞེས་པའི་རྣམ་བཅད་ཀྱི་དགོས་པ་ལ་རྩོད་པ་སྤོང་བ་དང༌། ཡོངས་གཅོད་ཀྱི་དགོས་པ་ལ་རྩོད་པ་སྤོང་བའོ། །དང་བོ་ལ་གཉིས། དབང་ཕྱུག་རྟག་པ་རང་བྱུང་གི་ཚད་མ་ཡིན་པ་དགག་པ་དང༌། རྟག་པ་རང་བྱུང་གི་ཚད་མ་ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་བོ་ནི། ཚད་མ་རྟག་པ་ཉིད་ཡོད་མིན། །དངོས་ཡོད་རྟོགས་པ་ཚད་ཕྱིར་དང༌། །ཤེས་བྱ་མི་རྟག་པ་ཉིད་ཀྱིས། །དེ་ནི་མི་བརྟན་ཉིད་ཕྱིར་རོ། །རིམ་བཞིན་སྐྱེས་པ་ཅན་དག་ནི། །རྟག་ལས་སྐྱེས་པ་མི་འཐད་ཕྱིར། །ལྟོས་པ་མི་རུང་བ་ཡི་ཕྱིར། །རྣམ་འགས་ཕན་གདགས་བྱ་མིན་ཕྱིར། །མི་རྟག་ན་ཡང་ཚད་མེད་ཉིད། །ཅེས་བྱུང༌། ལྷ་ཆེན་པོ་དབང་ཕྱུག་རྟག་པར་གྱུར་བའི་ཚད་མ་མིན་ཏེ། ཚད་མ་ལ་མི་འཇིག་པའི་རྟག་པ་ཉིད་ནི་ཡོད་པ་མིན་པའི་ཕྱིར། དེར་ཐལ། དངོས་བོ་ཡོད་པར་རྟོགས་པའི་ཚད་མ་དེ་མི་རྟག་པ་ཡིན་པའི་ཕྱིར་དང༌། ཤེས་པར་བྱ་བའི་དངོས་པོ་མི་རྟག་པ་ཉིད་ཀྱིས། དེ་རྟོགས་པའི་ཚད་མ་དེ་ཡང་ནི་མི་བརྟན་པ་དང་མི་རྟག་པ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་དབང་ཕྱུག་གི་ཤེས་པ་མི་རྟག་ན་ཡང་དབང་ཕྱུག་རྟག་གོ་ཞེ་ན། དབང་ཕྱུག་གི་ཤེས་པ་སྔ་ཕྱིར་རིམ་པ་བཞིན་སྐྱེས་པ་ཅན་དག་ནི། དབང་ཕྱུག་རྟག་པ་ལས་སྐྱེས་པ་མི་འཐད་པའི་ཕྱིར། དེར་ཐལ། རྟག་པ་ལས་སྐྱེ་ན་རྒྱུ་རྐྱེན་ལ་ལྟོས་པ་མི་རུང་བའི་ཕྱིར་དང༌། རྐྱེན་གྱི་རྣམ་པ་འགས་ཀྱང་དེ་སྐྱེ་བ་ལ་ཕན་གདགས་བར་བྱ་ནུས་པ་མིན་པའི་ཕྱིར་རོ། །ཁོ་ན་རེ། དབང་ཕྱུག་གི་ཚད་མ་མི་རྟག་ན་ཡང་དེ་རང་བྱུང་གི་ཚད་མ་ཉིད་ཡིན་ནོ་ཞེ་ན། མི་འཐད་དེ། རང་བྱུང་གི་ཚད་མ་ནི་གཏན་ནས་མེད་པ་ཉིད་ཡིན་པའི་ཕྱིར། སློབ་དཔོན་རྒྱལ་བ་ཅན་གྱི་རྣམ་འགྲེལ་རྒྱན་གྱི་འགྲེལ་བ་ལས། དྲང་སྲོང་རྒྱས་པས་ཀྱང༌། སྐྱེས་བུ་དེ་ཡི་མཆོག་གཞན་ནི། །དམ་པའི་བདག་ཉིད་ཅེས་བརྗོད་པ། །གང་ཡིན་ཁམས་གསུམ་ནང་བཞུགས་པའི། །དབང་ཕྱུག་རྟག་པས་བྱས་པ་ཡིན། །ཞེས་སྨྲས་སོ། །ཞེས་པ་ལྟར་དབང་ཕྱུག་བྱེད་པ་པོ་ཡིན་ནོ་ཞེས་དང༌། བེའུ་ལ་སོགས་པ་ཆེར་བསྐྱེད་པའི་དོན་དུ་འོ་མ་ལ་སོགས་པ་བྱིན་གྱིས་བརླབ་པ་མེད་པར་ཇི་ལྟར་ཆེར་སྐྱེས། ཞེས་ཕྱོགས་སྔའི་འདོད་པ་བརྗོད་དོ།།

༈ གཉིས་པ་རྟག་པ་རང་བྱུང་གི་དབང་ཕྱུག་ཡོད་པའི་སྒྲུབ་བྱེད་དགག་པ་ལ་གཉིས། འདོད་པ་བརྗོད་པ་དང༌། དེ་དགག་པའོ། །དང་བོ་ནི། སྡོད་འཇུག་དབྱིབས་ཀྱི་ཁྱད་པར་དང༌། །དོན་བྱེད་པ་ལ་སོགས་པ་དག །ཅེས་བྱུང༌། ཁོ་ན་རེ། འཇིག་རྟེན་གྱི་གནས་ལུས་ལོངས་སྤྱོད་རྣམས་ཆོས་ཅན། སྐྱེས་བུས་བློ་སྔོན་དུ་བཏང་ནས་བྱས་པ་ཡིན་ཏེ། རེས་འགའ་སྡོད་ཅིང་རེས་འགའ་བྱ་བ་ལ་འཇུག་པའི་ཕྱིར། དཔེར་ན་རྟེའུ་བཞིན། འཇིག་རྟེན་གྱི་དེ་རྣམས་ཆོས་ཅན། སྐྱེས་བུས་བློ་སྔོན་དུ་བཏང་ནས་བྱས་པ་ཡིན་ཏེ། དབྱིབས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར། དཔེར་ན། གཞལ་ཡས་ཁང་བཞིན། ཡང་དེ་རྣམས་ཆོས་ཅན། སྐྱེས་བུས་བློ་སྔོན་དུ་བཏང་ནས་བྱས་པ་ཡིན་ཏེ། རང་རང་གི་དོན་བྱེད་ནུས་པ་ལ་སོགས་པ་དག་ཡིན་པའི་ཕྱིར། དཔེར་ན། འདྲ་གཅོད་སོགས་ཀྱི་དོན་བྱེད་པའི་དགྲ་སྟ་བཞིན་ནོ། །དེ་ཡང་དབང་ཕྱུག་ལས་གཞན་ཞིག་གིས་དེ་ལྟར་བྱེད་མི་ནུས་བས། དེ་དག་ངེས་པར་དབང་ཕྱུག་གིས་ཡིན་ནོ། །ཞེས་ཟེར་རོ།།

༈ གཉིས་པ་དེ་དགག་པ་ལ་གསུམ། བསྒྲུབ་བྱ་དགག་པ། སྒྲུབ་བྱེད་དགག་པ། དབང་ཕྱུག་ཀུན་གྱི་རྒྱུ་ཡིན་པ་དགག་པའོ། །དང་པོ་ནི། འདོད་པ་གྲུབ་པའམ་དཔེ་མ་གྲུབ། །ཡང་ན་ཐེ་ཚོམ་ཟ་བ་ཡིན། །ཞེས་བྱུང༌། ཁྱོད་ཀྱིས་འཇིག་རྟེན་གྱི་གནས་ལུས་ལོངས་སྤྱོད་སོགས་སྐྱེས་བུས་བྱས་པར་སྒྲུབ་ན། འཇིག་རྟེན་གནས་ལུས་ལོངས་སྤྱོད་རྣམས་ལ་སྤྱིར་སྐྱེས་བུའི་བློ་སྔོན་དུ་སོང་བ་ཙམ་ཞིག་སྒྲུབ་འདོད་པའམ། སྐྱེས་བུ་རྟག་བས་བྱས་པར་སྒྲུབ། དང་བོ་ལྟར་ན་ནི། ས་བཅུའི་མདོ་ལས། ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་དང༌། སློབ་དཔོན་དབྱིག་གཉེན་གྱིས། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ཞེས་དང༌། སློབ་དཔོན་ཟླ་བ་གྲགས་པས། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང༌། །སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་བཀོད། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུང༌། །ཞེས་དང༌། ཇི་བཞིན་རང་གི་བསྟན་བཅོས་དེ་དེ་ལས། །མུ་སྟེགས་རྣམས་ཀྱི་གང་ཟག་སོགས་དེ་དག །སྨྲས་བ་དེ་དག་བྱེད་པོར་མ་གཟིགས་ནས། །རྒྱལ་བས་སེམས་ཙམ་འཇིག་རྟེན་བྱེད་པོར་གསུངས། །ཞེས་གསུངས་པ་ལྟར། སངས་རྒྱས་པས་དེ་ལྟར་འདོད་པ་གང་ཞིག་ཁྱོད་ཀྱི་དེ་གྲུབ་ཟིན་སྒྲུབ་པ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། འཇིག་རྟེན་གྱི་གནས་ལུས་ལོངས་སྤྱོད་སོགས་སྐྱེས་བུ་རྟག་པས་བྱས་པར་སྒྲུབ་མི་ནུས་ཏེ། དེ་སྒྲུབ་ཀྱི་མཐུན་དཔེ་གཞི་མ་གྲུབ་པའི་ཕྱིར། ཡང་ན་དོན་བྱེད་ནུས་པ་དེ། འཇིག་རྟེན་གྱི་གནས་ལུས་ལོངས་སྤྱོད་སོགས་སྐྱེས་བུས་བྱས་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཁྱབ་པ་ལ་ཐེ་ཚོམ་ཟ་བའི་ཕྱིར།

༈ གཉིས་པ་སྒྲུབ་བྱེད་དགག་པ་ལ་གསུམ། དགག་པ་དངོས་དང༌། ཚུལ་འདིའི་རིགས་ཅན་གཞན་ཡང་ཁེགས་པར་བསྟན་པ། དེ་དག་གི་གྲུབ་པའི་དོན་ནོ། །དང་བོ་ལ་གཉིས། དབྱིབས་ཀྱི་དོན་རྟགས་སུ་མི་རུང་བ་དང༌། དབྱིབས་ཀྱི་སྒྲ་རྟགས་སུ་མི་རུང་བའོ། །དང་བོ་ནི། བྱིན་རློབ་ཡོད་མེད་རྗེས་འཇུག་ཅན། །དབྱིབས་སོགས་ཅི་འདྲ་རབ་གྲུབ་པ། །དེ་ལས་རྗེས་སུ་དཔོག་གང་ཡིན། །དེ་ནི་རིགས་པ་ཉིད་ཡིན་ནོ། །ཐ་དད་དངོས་ལ་རབ་གྲུབ་པས། །སྒྲ་མཚུངས་པས་ཐ་དད་མེད་ཕྱིར། རྗེས་དཔོག་རིགས་པ་མ་ཡིན་ཏེ། སྐྱ་བོའི་རྫས་ལས་མེ་བཞིན་ནོ། །དེ་ལྟ་མིན་ན་རྫ་མཁན་གྱིས། །བུམ་པ་ལ་སོགས་འཇིམ་པ་ཡི། །རྣམ་འགྱུར་འགའ་ཞིག་བྱེད་པའི་ཕྱིར། །གྲོག་མཁར་ཡང་དེས་བྱས་གྲུབ་འགྱུར། །བསྒྲུབ་བྱའི་རྗེས་འགྲོ་ཕྱིར་འབྲས་བུ། །སྤྱིས་ཀྱང་སྒྲུབ་པར་བྱེད་པ་ལ། །འབྲེལ་བ་ཅན་ཉིད་ཐ་དད་ཕྱིར། །ཐ་དད་སྐྱོན་བརྗོད་འབྲས་མཚུངས་འདོད། །ཅེས་གསུངས། རང་བྱིན་གྱིས་རློབ་པ་བོ་ཡོད་མེད་ཀྱི་རྗེས་སུ་འཇུག་པས་ན། དབྱིབས་སོགས་ཅི་འདྲ་བར་རབ་ཏུ་གྲུབ་པ་དེ་ལས། ཁང་བཟང་གི་དབྱིབས་སྐྱེས་བུས་བྱས་པར་རྗེས་སུ་དཔོག་པ་གང་ཡིན་པ་དེ་ནི་རིགས་པ་ཉིད་ཡིན་ནོ། །གཞན་དག་ན་རེ། རིགས་ཐ་དད་པའི་དངོས་པོ་ལ་རབ་ཏུ་གྲུབ་པའི་དབྱིབས་དང༌། དབྱིབས་ཞེས་པའི་སྒྲ་འཇུག་པར་མཚུངས་པས། དབྱིབས་ཙམ་དུ་ཐ་དད་དུ་མེད་པའི་ཕྱིར་ཞེས་རྟགས་ལས་རིའི་དབྱིབས་སྐྱེས་བུས་བྱས་པར་རྗེས་སུ་དཔོག་པ་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། དེ་སྒྲུབ་ཀྱི་ཁྱབ་པ་མ་ངེས་པའི་ཕྱིར། དཔེར་ན། སྐྱ་བོའི་རྫས་ཡོད་པ་ལས་མེ་ཡོད་པར་མེ་དཔོག་པ་བཞིན་ནོ། །ཁྱབ་པ་མ་ངེས་པ་དེ་ལྟ་མིན་ན་རྫ་མཁན་གྱིས་རྫ་མའི་བུམ་པ་ལ་སོགས་པ་འཇིམ་པ་ཡི་ཡོད་བྱད་ཀྱི་རྣམ་འགྱུར་འགའ་ཞིག་བྱེད་པའི་ཕྱིར། གྲོག་མའི་མཁར་ཡང་རྫ་མཁན་དེས་བྱས་པར་གྲུབ་པར་འགྱུར་རོ། །དེ་ལ་ཕྱོགས་སྔ་མ་ན་རེ། དབྱིབས་རྟགས་སུ་བཀོད་པ་ལ་དབྱིབས་ཀྱི་ཁྱད་པར་ལ་བརྟགས་ནས་སུན་འབྱིན་པ་བརྗོད་པ་འདི་ནི་འབྲས་མཚུངས་ཀྱི་ལྟག་ཆོད་ཡིན་ནོ་ཞེས་ཟེར་ན། འབྲས་མཚུངས་ཀྱི་ལྟག་ཆོད་ཅེས་པ་དེ་འདྲ་ཞིག་མིན་ཏེ། དཔེར་ན། འབྲས་བུའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུ་ལ་མཚོན་ན། འབྲས་བུ་དེ། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཀྱི་རྗེས་སུ་འགྲོ་བའི་ཕྱིར། འབྲས་བུ་སྤྱི་ཡིས་ཀྱང༌། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པ་ལ་རྟགས་ཡང་དག་ཡིན་ཡང༌། ཆོས་ཅན་སྒྲའི་འབྲས་བུ། མཐུན་དཔེ་བུམ་པ་ལ་མ་གྲུབ་པས། བྱས་པ་དང༌། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་མ་ཡིན་ནོ་ཞེས་འབྲེལ་བ་ཅན་སྒྲ་བུམ་ཉིད་ཐ་དད་པའི་ཕྱིར་ན། སྒྲ་བུམ་ཐ་དད་དུ་བརྟགས་ནས་སྐྱོན་བརྗོད་པའི་སུན་འབྱིན་ནི། འབྲས་མཚུངས་ཀྱི་ལྟག་ཆོད་དུ་འདོད་དེ།

༈ གཉིས་པ་ནི། དབྱིབས་ཙམ་སྒྲུབ་བྱེད་དུ་མི་རུང་བ་ཅི་ཞེ་ན། རིགས་ཀྱི་ཁྱད་པར་ལ་གྲུབ་པ། །སྒྲ་ཡི་སྤྱི་ནི་མཐོང་བ་ལས། །སྒྲུབ་བྱེད་མི་རིགས་ངག་ལ་སོགས། །གཽ་ཉིད་ཕྱིར་ན་རྭ་ཅན་བཞིན། །བརྗོད་པར་འདོད་པའི་གཞན་དབང་ཕྱིར། །སྒྲ་རྣམས་གང་ནའང་མེད་མ་ཡིན། །དེ་ཡོད་པས་ནི་དོན་གྲུབ་ན། །ཐམས་ཅད་ཀྱིས་ནི་ཐམས་ཅད་གྲུབ། །འདིས་ནི་སེར་སྐྱ་ལ་སོགས་ཀྱི། །མི་རྟག་སོགས་ཕྱིར་ཡང་སེམས་མེད། །སོགས་དང་ཤུན་པ་བཤུས་ན་ནི། །འཆི་ཕྱིར་སེམས་ལྡན་དཔྱད་པ་ཡིན། །ཞེས་བྱུང༌། དབྱིབས་ལྡན་རིགས་ཀྱི་ཁྱད་པར་ལ་གྲུབ་པ་དང༌། དབྱིབས་ཞེས་སྒྲ་ཡི་སྤྱི་ནི་འཇུག་པར་མཚུངས་པར་མཐོང་བ་ལས། རིའི་དབྱིབས་སྐྱེས་བུས་བྱས་པར་སྒྲུབ་པར་བྱེད་པ་མི་རིགས་ཏེ། དེ་སྒྲུབ་ཀྱི་ཁྱབ་པ་འཁྲུལ་བའི་ཕྱིར། དཔེར་ན། མགོན་པོ་ཀླུ་སྒྲུབ་ཀྱིས། ངག་ཕྱོགས་ས་དང་འོད་ཟེར་དང༌། །ཕྱུག་དང་མིག་དང་རྡོ་རྗེ་དང༌། །མཐོ་རིས་ཆུ་དང་དོན་དགུ་ལ། །མཁས་པ་གོ་སྒྲ་ངེས་པར་གདགས། །ཞེས་གསུངས་པ་ལྟར། ངག་ལ་སོགས་པ་གཽ་ཞེས་བྱ་བའི་སྒྲ་འཇུག་པ་ཉིད་ཀྱི་ཕྱིར་ན། རྭ་ཅན་དུ་སྒྲུབ་པ་བཞིན་ནོ། །རྗོད་བྱེད་ཀྱི་སྒྲ་རྣམས་བརྗོད་པར་འདོད་པའི་གཞན་དབང་གིས་འཇུག་པའི་ཕྱིར་ན། སྒྲ་རྣམས་གང་ནའང་འཇུག་རུང་དུ་མེད་པ་མ་ཡིན་ནོ། །ཤེས་བྱ་གང་བརྗོད་པར་འདོད་པའི་སྒྲ་དེ་ཡོད་པས་ནི་དོན་དེ་གྲུབ་ན། སྐྱེས་བུ་ཐམས་ཅད་ཀྱིས་ནི་དོན་ཐམས་ཅད་འབད་མེད་དུ་འགྲུབ་པར་འགྱུར་རོ། །སྒྲ་གྲུབ་པ་ཙམ་གྱིས་དོན་མི་འགྲུབ་པར་བསྟན་པའི་རིགས་པ་འདིས་ནི་ཕྱི་རོལ་སེར་སྐྱ་བ་ལ་སོགས་པ་རྣམས་ཀྱིས། བློ་བདེ་ཆོས་ཅན། སེམས་མེད་ཡིན་ཏེ། མི་རྟག་པ་ཡིན་པའི་ཕྱིར་ན་ཞེས་པ་དང༌། ཡང་དེ་ཆོས་ཅན། སེམས་མེད་ཡིན་ཏེ། སྐྱེ་བ་ཅན་ཡིན་པའི་ཕྱིར་ཟེར་བ་དང༌། གཅེར་བུ་བས། ལྗོན་ཤིང་གི་ཤུན་པ་བཤུས་ན་ནི་དེ་འཆི་བའི་ཕྱིར། ལྗོན་ཤིང་ནི་སེམས་ལྡན་ཡིན་ནོ། །ཞེས་ཟེར་བ་སོགས་ལ་དཔྱད་པར་བྱ་བ་ཉིད་ཡིན་ནོ། །ཇི་ལྟར་དཔྱད་ཅེ་ན། ཤུན་པ་བཤུས་ན་འཆི་བ་ཆོས་ཅན། ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པའི་རྟགས་ཡང་དག་མ་ཡིན་ཏེ། ལྗོན་ཤིང་གི་སྟེང་དུ་འགོད་ཚུལ་ལྟར་མ་གྲུབ་པའི་ཕྱིར། ཞེས་སོགས་སོ།།

༈ གསུམ་པ་གྲུབ་དོན་ནི། དངོས་པོའི་ངོ་བོ་མ་གྲུབ་ན། །ཚུལ་འདི་གྲུབ་ན་མ་གྲུབ་ཀྱང༌། །ཁྱད་པར་གནོད་བྱེད་མ་ཡིན་ཏེ། །སྒྲ་ཡིན་ནམ་མཁའ་ལ་བརྟེན་བཞིན། །སྒྲ་མ་གྲུབ་ཀྱང་དངོས་པོ་ནི། །གྲུབ་ན་གྲུབ་པར་འགྱུར་ཏེ་དཔེར། །འུག་པ་བ་ལ་སངས་རྒྱས་པས། །ལུས་སོགས་སྒྲུབ་བྱེད་བཤད་པ་བཞིན། །དེ་ཉིད་འཁྲུལ་ལ་སོགས་ཡིན་ན། །སྒྲ་ནི་འཁྲུལ་བ་མེད་ན་ཡང༌། །སྒྲུབ་བྱེད་སྐྱོན་ལྡན་ཤེས་བྱ་སྟེ། །དངོས་ལས་དངོས་པོ་གྲུབ་ཕྱིར་རོ། །འགྲོ་བའི་ཕྱིར་དང་ལག་ལྡན་ཕྱིར། །རྭ་ཅན་གླང་བོ་ཞེས་སྒྲུབ་བྱེད། །འདི་ཡི་སྒྲ་ཡི་བརྗོད་བྱ་ནི། །གྲགས་པས་ཡིན་གྱི་བརྗོད་འདོད་མིན། །ཞེས་བྱུང༌། དེ་ལྟར་རྟགས་ཀྱི་ངོ་བོ་དང༌། རྟགས་སུ་འགྲོ་རྒྱུ་དེ་ཡི་ཁྱད་པར་གཉིས་ལས། རྟགས་ཀྱི་ངོ་བོ་གཙོ་བོ་སྟེ། རྟགས་ཀྱི་དངོས་པོའི་ངོ་བོ་ཆོས་ཅན་ཀྱི་སྟེང་དུ་མ་གྲུབ་ན། རྟགས་དེ་དེ་སྒྲུབ་ཀྱི་མ་གྲུབ་པའི་རྟགས་སུ་འགྱུར་ཡང༌། རྟགས་ཀྱི་ཁྱད་པར་གྱི་ཚུལ་འདི་ཆོས་ཅན་གྱི་སྟེང་དུ་གྲུབ་ནའང་རུང་ལ། དེ་མ་གྲུབ་ཀྱང་དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་པ་ལ་ཁྱད་པར་གྱི་གནོད་བྱེད་མ་ཡིན་ཏེ། དཔེར་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚེ། ཆོས་ཅན་སྒྲ་ཡི་སྟེང་དུ་བྱས་པའི་བྱེ་བྲག་ནམ་མཁའ་ལ་བརྟེན་པའི་འཇའ་དང་སྤྲིན་ལ་སོགས་པ། ཆོས་ཅན་སྒྲ་ལ་འགོད་ཚུལ་དང་མཐུན་པར་གྲུབ་ཀྱང༌། དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་པ་ལ་མི་གནོད་པ་བཞིན་ནོ། །མིང་དང་དོན་གཉིས་ལས་དོན་གཙོ་བོ་ཡིན་པའི་རྟགས་ཀྱི་མིང་སྒྲ་ཆོས་ཅན་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་ཀྱང༌། དོན་གྱི་དངོས་པོ་ནི་ཆོས་ཅན་གྱི་སྟེང་དུ་གྲུབ་ན་དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་པར་འགྱུར་ཏེ། དཔེར་ན། འུག་པ་བ་སྟེ་བྱེ་བྲག་པ་ལ། སངས་རྒྱས་པས། འབྱུང་བཞིའི་རྡུལ་ཕྲན་ཆོས་ཅན། མི་རྟག་ཏེ། ལུས་ཅན་ཡིན་པའི་ཕྱིར། ཞེས་སོགས་སྒྲུབ་བྱེད་དུ་བཤད་པ་བཞིན་ནོ། །དེ་ཡང་འུག་པ་བ་དང༌། སངས་རྒྱས་པ་གཉིས་ཀྱིས་ལུས་ཅན་ཞེས་བྱ་བའི་མིང་འདོགས་ལ། སངས་རྒྱས་པས་རེག་བྱ་ཅན་ལ་ལུས་ཅན་གྱི་སྒྲ་འཇུག་པར་འདོད་དོ། །དེས་ན་དོན་དེ་ཉིད་འཁྲུལ་བ་དང་ཆོས་ཅན་གྱི་སྟེང་དུ་མ་གྲུབ་པ་ལ་སོགས་པ་ཡིན་ན། མིང་སྒྲ་དེ་ཉིད་ནི་འཁྲུལ་བ་མེད་ན་ཡང༌། སྒྲུབ་བྱེད་སྐྱོན་ལྡན་དུ་ཤེས་པར་བྱ་སྟེ། ཁྱབ་བྱའི་དངོས་པོ་ལས་ཁྱབ་བྱེད་ཀྱི་དངོས་པོ་གྲུབ་ཀྱི། སྒྲ་ཙམ་ལ་བརྟེན་ནས་དོན་མི་འགྲུབ་པའི་ཕྱིར་རོ། །དཔེར་ན། འགྲོ་བའི་ཕྱིར་དང༌། ལག་ལྡན་ཡིན་པའི་ཕྱིར། ཞེས་རྟགས་ཀྱིས་བ་ལང་ཁྲ་བོ། རྭ་ཅན་དང༌། གླང་བོ་ཆེའི་ཕྲུག་གུ གླང་བོ་ཡིན་པའི་སྒྲུབ་བྱེད་དུ་བཀོད་ན། འདི་ཡི་སྒྲ་ཡི་བརྗོད་བྱ་ནི་འཇིག་རྟེན་དུ་དེ་ལྟར་གྲགས་པས་ཡིན་གྱི། བརྗོད་འདོད་དོན་གྱི་དབང་དུ་བྱས་ན་མ་འཁྲུལ་བ་མིན་ཏེ། རི་བོང་ཡང་འགྲོ་ཤེས་པ་དང༌། ལག་པ་དང་ལྡན་པ་ཡིན་པའི་ཕྱིར་དང༌། རྭ་ཅན་དང་གླང་བོ་མ་ཡིན་པའི་ཕྱིར་རོ།།

    དབང་ཕྱུག་ཀུན་གྱི་བྱེད་པ་པོ་ཡིན་པར་འདོད་པ་དགག་པ།

༈ གཉིས་པ་དབང་ཕྱུག་ཀུན་གྱི་བྱེད་པ་པོ་ཡིན་པར་འདོད་པ་དགག་པ་ལ་གཉིས། དབང་ཕྱུག་རྟག་པ་རང་བྱུང་གི་རྒྱུ་ཡིན་པ་དགག་པ་དང༌། རང་ལ་མཚུངས་པ་སྤོང་བའོ། །དང་པོ་ནི། དྲང་སྲོང་རྒྱས་པས། དབང་ཕྱུག་ཡོན་ཏན་བརྒྱད་ལྡན་པ། །དེ་ནི་རྟག་པ་གཅིག་བུ་ཡིས། །སྣ་ཚོགས་འདི་དག་འབྱིན་པར་བྱེད། །ཅེས་སོགས་ཟེར་བ་དང༌། སློབ་དཔོན་གྱིས། ཇི་ལྟར་དངོས་དེ་རྒྱུ་ཡིན་པ། །དེ་ལྟ་དེ་ཉིད་གང་གི་ཚེ། །རྒྱུ་མིན་གང་གིས་དེ་ནི་རྒྱུར། །འདོད་ལ་རྒྱུ་མ་ཡིན་མི་འདོད། །མཚོན་དང་སྨན་སོགས་འབྲེལ་བ་ལས། །ནག་པའི་རྨ་དང་འདྲུབས་ཡིན་ན། །འབྲེལ་མེད་སྡོང་དུ་མ་ཅི་ཡི་ཕྱིར། །རྒྱུ་ཉིད་དུ་ནི་རྟོགས་མི་བྱེད། །རང་བཞིན་ཁྱད་པར་མེད་པར་ནི། །བྱེད་པར་ཡང་ནི་མི་རུང་ངོ༌། །རྟག་ལ་ལྡོག་པ་མེད་པའི་ཕྱིར། །ནུས་པ་ཉིད་ཀྱང་རྟོགས་པར་དཀའ། །གང་དག་ཡོད་ན་གང་འགྱུར་ཉིད། །དེ་དག་ལས་གཞན་དེ་ཡི་རྒྱུར། །རྟོགས་པ་ཡིན་ན་ཐམས་ཅད་ལ། །རྒྱུ་རྣམས་ཐུག་པ་མེད་པར་འགྱུར། །ཞེས་གསུངས། ཇི་ལྟར་དབང་ཕྱུག་རྟག་པའི་དངོས་པོ་དེ་འཇིག་རྟེན་ཀུན་གྱི་རྒྱུ་ཡིན་པ་དེ་ལྟ་བུའི་རང་བཞིན་དེ་ཉིད། དུས་གང་གི་ཚེ་འགའ་ཞིག་རྒྱུ་མིན་བས་བྱེད་པ་བོ་མ་ཡིན་པ་དེའི་ཚེ། རྒྱུ་མཚན་གང་གིས་དབང་ཕྱུག་དེ་ནི་མྱུ་གུའི་རྒྱུར་འདོད་ལ་རྒྱུ་མ་ཡིན་པར་མི་འདོད། མྱུ་གུ་སོགས་ཀྱི་རྒྱུ་བྱེད་པའི་གནས་སྐབས་ཀྱི་དབང་ཕྱུག་གཉིས་ཀའི་རང་བཞིན་རྟག་པ་ཡིན་པར་འདྲ་བའི་ཕྱིར། གཅོད་བྱེད་ཀྱི་མཚོན་ཆ་དང་སོས་བྱེད་ཀྱི་སྨན་སོགས་དང་འབྲེལ་བ་ལས། རིམ་པ་བཞིན་དུ་སྐྱེས་བུ་ནག་པའི་ལུས་ཀྱི་རྨ་སྐྱེད་པ་དང༌། འདྲུབས་པ་སྟེ་སོས་པ་ཡིན་ན། དེ་དག་དང་འབྲེལ་བ་མེད་པའི་སྡོང་དུམ་ཡང་ཅི་ཡི་ཕྱིར་རྨ་འབྱིན་པ་དང༌། སོས་པའི་རྒྱུ་ཉིད་དུ་ནི་རྟོགས་པ་སྟེ་འཛིན་པར་མི་བྱེད། དེས་ན་དབང་ཕྱུག་ནི། འབྲས་བུ་མི་སྐྱེད་པའི་སྐབས་ཀྱི་དབང་ཕྱུག་གི་རང་བཞིན་དང་ཁྱད་པར་མེད་པར་ནི། འབྲས་བུ་ཀུན་བྱེད་པར་ཡང་ནི་མི་རུང་ངོ༌། །དེ་ཡང་ཡིན་ཏེ། རྟག་པ་ལ་འབྲས་བུ་སྐྱེ་བ་དང་ལྡོག་པའི་གཞི་མེད་པའི་ཕྱིར། གང་གི་འབྲས་བུ་སྐྱེད་པའི་ནུས་པ་ཉིད་ཀྱང་རྟོགས་པར་དཀའ་སྟེ། དེ་ཡུལ་དུས་ཐམས་ཅད་ལ་ཁྱབ་པའི་རྟག་དངོས་སུ་ཁས་བླངས་པའི་ཕྱིར་རོ། །རྒྱུ་གང་དག་ཡོད་ན་འབྲས་བུ་གང་དག་སྐྱེ་བར་འགྱུར་ལ། རྒྱུ་མེད་ན་འབྲས་བུ་དེ་མི་སྐྱེ་བ་ཉིད་ཀྱི་རྗེས་སུ་འགྲོ་ལྡོག་གྲུབ་པ་དེ་དག་ལས་གཞན་ཞིག་འབྲས་བུ་དེ་ཡི་རྒྱུར་རྟོགས་པ་སྟེ་འཛིན་པ་ཡིན་ན། འབྲས་བུ་ཐམས་ཅད་ལ་རྒྱུ་རྣམས་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ།།

༈ གཉིས་པ་དགག་པ་དེ་རང་ལ་མཚུངས་པ་སྤང་བ་ནི། མྱུ་གུ་སྐྱེད་ལ་ས་ལ་སོགས། །རང་བཞིན་ཡོངས་སུ་འགྱུར་ན་ནི། །རྒྱུ་ཡིན་དེ་ལེགས་བྱས་པ་ན། །དེ་ཡི་ཁྱད་པར་མཐོང་ཕྱིར་རོ། །གལ་ཏེ་ཇི་ལྟར་ཡུལ་དབང་བོ། །ཚོགས་པ་ཁྱད་མེད་བློ་རྒྱུ་ཡིན། །དེ་ལྟར་འདི་ཡིན་ཞེས་ན་མིན། །དེ་ལའང་ཁྱད་པར་ཡོད་ཕྱིར་རོ། །སོ་སོ་སོ་སོར་ནུས་མེད་རྣམས། །རང་བཞིན་ཁྱད་པར་མེད་པས་ན། །ཚོགས་ཀྱང་ནུས་པ་མེད་འགྱུར་བས། །དེ་ཕྱིར་ཁྱད་པར་གྲུབ་པ་ཡིན། །དེ་ཕྱིར་སོ་སོར་གང་ནུས་མེད། །ཚོགས་ན་ཡོན་ཏན་སྲིད་འགྱུར་བ། །དེ་དག་རྒྱུ་ཡིན་དབང་ཕྱུག་སོགས། །མ་ཡིན་ཁྱད་པར་མེད་ཕྱིར་རོ། །ཞེས་བྱུང༌། ཁོ་ན་རེ། འོ་ན་ཁྱོད་རང་ལ་ཡང༌། མྱུ་གུ་སྐྱེད་པ་ལ་མཚོན་ན་དེ་སྐྱེད་པ་དང་མི་སྐྱེད་པའི་གནས་སྐབས་ཀྱི་ས་ལ་སོགས་པ་ལ་ཡང་རང་བཞིན་ཁྱད་པར་མེད་པའི་ཕྱིར། ས་ལ་སོགས་ཀྱིས་ཀྱང་མྱུ་གུ་མི་སྐྱེད་པར་འགྱུར་རོ་ཞེ་ན། ཁྱད་པར་མེད་པ་རྟགས་མ་གྲུབ་སྟེ། མྱུ་གུ་སྐྱེད་པའི་ས་ལ་སོགས་པ་དེ་དག་མྱུ་གུ་མི་སྐྱེད་པའི་རང་བཞིན་ལས་ཡོངས་སུ་འགྱུར་ན་ནི་མྱུ་གུའི་རྒྱུ་ཡིན་ཏེ། ས་ཞིང་དེ་ལྷག་པར་རྨོ་བ་སོགས་སོ་ནམ་ལེགས་པར་བྱས་པ་ན། སྟོན་ཁར་འབྲས་བུ་དེ་ཡི་ཁྱད་པར་ཕུལ་དུ་བྱུང་བ་མཐོང་བའི་ཕྱིར་རོ། །གལ་ཏེ་ཇི་ལྟར་ཡུལ་དང་དབང་པོ་ཚོགས་པ་དང་མ་ཚོགས་པ་ལ་ཁྱད་པར་མེད་ཀྱང༌། ཚོགས་པ་ཁོ་ན་དབང་བློའི་རྒྱུ་ཡིན་པ་དེ་ལྟར་དབང་ཕྱུག་འདི་ཡིན་ནོ་ཞེ་ན། མི་འཐད་དེ། དབང་བོ་སོགས་ནི་རང་བཞིན་མི་འགྱུར་བ་མིན་ཏེ། དབང་ཤེས་དེ་ལའང་གསལ་མི་གསལ་ལ་སོགས་པའི་ཁྱད་པར་ཡོད་པའི་ཕྱིར་རོ། །དེ་ལྟར་མིན་ན་རྐྱེན་གསུམ་ཚོགས་ཀྱང༌། དབང་ཤེས་བསྐྱེད་པའི་ནུས་བ་མེད་པར་ཐལ། དེ་གསུམ་མ་ཆོགས་པར་རྐྱེན་སོ་སོ་སོ་སོར་དབང་ཤེས་བསྐྱེད་པའི་ནུས་པ་མེད་པ་རྣམས་དང་རང་བཞིན་ཁྱད་པར་མེད་པས་ན། རྐྱེན་གསུམ་ཚོགས་ཀྱང་དབང་ཤེས་བསྐྱེད་པའི་ནུས་པ་མེད་པར་འགྱུར་བས་སོ། །དེའི་ཕྱིར་རྐྱེན་གསུམ་ཚོགས་མ་ཚོགས་ཀྱི་ཁྱད་པར་གྲུབ་པ་ཡིན་ནོ། །དེ་ཕྱིར་རྐྱེན་གསུམ་སོ་སོར་དབང་ཤེས་གང་བསྐྱེད་པའི་ནུས་པ་མེད་ཀྱང༌། རྒྱུ་རྐྱེན་ཚོགས་ན་དེའི་ཡོན་ཏན་ཉིད་སྲིད་པར་འགྱུར་བ་དེ་དག་རྒྱུ་ཡིན་གྱི། དབང་ཕྱུག་སོགས་ནི་འབྲས་བུ་ཀུན་གྱི་རྒྱུ་ཡང་མ་ཡིན་ཏེ། འབྲས་བུ་མི་སྐྱེད་པའི་རང་བཞིན་དང་ཁྱད་པར་མེད་པའི་རྟག་པ་ཡིན་པའི་ཕྱིར་རོ།།

༈ གཉིས་པ་བསམ་སྦྱོར་ཕུན་ཚོགས་མཐར་ཕྱིན་པའི་སྐྱེས་བུ་ཀུན་མཁྱེན་དུ་སྒྲུབ་པ་ལ་གཉིས། དེ་ལ་རྩོད་པ་དང༌། རྩོད་པ་དེ་དག་དགག་པའོ། །དང་བོ་ནི། ཚད་མ་ལྐོག་གྱུར་དོན་ཤེས་ཡིན། །དེ་སྒྲུབ་བྱེད་ཀྱང་མེད་པའི་ཕྱིར། །ནན་ཏན་བྱེད་པ་ཡོད་མ་ཡིན། །ཞེས་ནི་ཁ་ཅིག་རབ་ཏུ་བརྗོད། །ཅེས་གསུངས། ཚད་མ་དང་འདྲ་བའི་སྐྱེས་བུ་ནི། དབང་བོ་ལས་འདས་པའི་ལྐོག་ཏུ་གྱུར་བའི་དོན་མཐའ་དག་ཤེས་པ་ཞིག་ཡིན་དགོས་ལ། དེ་སྒྲུབ་བྱེད་ཀྱི་ཐབས་ཀྱང་མེད་པའི་ཕྱིར་དང༌། གལ་ཏེ་ཡོད་ནའང་ཐབས་དེ་ལ་བརྩོན་པ་ཆེན་པོས་ནན་ཏན་བྱེད་པའང་ཡོད་པ་མ་ཡིན་པའི་ཕྱིར། ཞེས་ནི་ཕྱི་རོལ་དཔྱོད་པ་བ་ཁ་ཅིག་གིས་རབ་ཏུ་བརྗོད་དོ།།

༈ གཉིས་པ་དེ་དགག་པ་ནི། མི་ཤེས་སྟོན་པར་བྱེད་པ་ལ། །འཁྲུལ་བར་དོགས་པ་ཅན་རྣམས་ཀྱིས། །དེ་བཤད་ནན་ཏན་བྱ་བའི་ཕྱིར། །ཤེས་ལྡན་འགའ་ཞིག་ཚོལ་བར་བྱེད། །དེ་ཕྱིར་དེ་ཡི་བསྒྲུབ་བྱ་རུ། གྱུར་བའི་ཡེ་ཤེས་རྣམ་དཔྱད་བྱའི། འདི་ཡིས་སྲིན་བུའི་གྲངས་མཁྱེན་པ། །ངེད་ལ་འགར་ཡང་ཉེར་མཁོ་མེད། །བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་དང་བཅས་པ་རིག་མཛད་པ། །གང་དེ་ཚད་མ་ཉིད་འདོད་ཀྱི། །ཐམས་ཅད་རིག་མཛད་མ་ཡིན་ནོ། །རིང་བོ་མཐོང་ང་མ་མིན་ཡང་རུང༌། །འདོད་པའི་དེ་ཉིད་མཐོང་བ་ཡིན། །གལ་ཏེ་རིང་མཐོང་ཚད་ཡིན་ན། །ཚུར་ཤོག་བྱ་རྒོད་བསྟེན་པར་གྱིས། །ཞེས་བྱུང༌། སྡུག་བསྔལ་ཞི་བའི་ཐབས་རང་གིས་མི་ཤེས་བཞིན་དུ་གཞན་ལ་ཐར་བ་སྟོན་པར་བྱེད་པ་དག་ལ། སྟོན་པ་ཡང་དག་ཏུ་མི་འཁྲུལ་བར། དེ་སྟོན་བ་ཡང་དག་ཡིན་མིན་ལ་དོགས་པ་དཔྱོད་པ་ཅན་རྣམས་ཀྱིས། སྟོན་པ་ཐུབ་པའི་དབང་བོ་དེ་ཡིས་བཤད་པའི་སྡེ་སྣོད་དག་ལ་ནན་ཏན་དུ་བསླབ་པར་བྱ་བའི་ཕྱིར་དུ། རང་ལ་དེ་སྟོན་པའི་དམ་པ་ཤེས་ལྡན་འགའ་ཞིག་ཚོལ་བར་བྱེད་དོ། །དེ་ཕྱིར་སྐྱེས་བུ་དེ་ལ་གྲོལ་བ་དོན་གཉེར་བ་དེ་ཡི་བསྒྲུབ་བྱ་རུ་འགྱུར་བའི་ཐར་ལམ་མཁྱེན་པའི་ཡེ་ཤེས་ཡོད་མེད་རྣམ་པར་དཔྱད་པར་བྱ་ཡི། དཔེར་ན། རྡོ་ལེབ་མོ་ཞིག་གི་འོག་ཏུ་སྲོག་ཆགས་གྲོག་མ་དུ་ཡོད་ཀྱི་སྲིན་བུའི་གྲངས་མཁྱེན་པ་སོགས་ཡིན་ན་ཡང༌། དེ་ནི་ངེད་ཅག་འཁོར་བ་ལས་གྲོལ་བ་དོན་དུ་གཉེར་བ་རྣམས་ལ་འགར་ཡང་ཉེ་བར་མཁོ་བ་མེད་དོ། །དེས་ན་བླང་བྱ་དང་དོར་བྱའི་དེ་ཉིད་ནི་ཐབས་དང་བཅས་པ་མངོན་སུམ་དུ་རིག་པར་མཛད་པ་གང་ཡིན་པ་དེ་ནི། ཚད་མ་དང་འདྲ་བའི་ཚད་མའི་སྐྱེས་བུ་ཉིད་དུ་འདོད་ཀྱི། སྲིན་བུའི་གྲངས་ལྟ་བུའི་མི་མཁོ་བ་ཐམས་ཅད་རིག་པར་མཛད་པ་ཙམ་ནི་ཡང་དག་ཏུ་འཛིན་པ་མ་ཡིན་ནོ། །དེའི་ཕྱིར་ངེད་ཅག་ལ་ཡུལ་ཐག་རིང་བོ་མཐོང་ངམ་དེ་མཐོང་བ་མིན་ཡང་རུང་སྟེ། རིང་ནས་འདོད་པའི་ཐར་བའི་དེ་ཉིད་ཐབས་དང་བཅས་པ་མཐོང་བ་ཞིག་དགོས་པ་ཡིན་པས། གལ་ཏེ་ཐག་རིང་བོ་མཐོང་བ་ཚད་མ་དང་འདྲ་བའི་སྟོན་པ་ཡིན་ན། ཁྱེད་ཅག་ཚུར་ཤོག་ལ་བྱ་རྒོད་སོགས་ཀྱང་སྟོན་པ་དང་བཤེས་གཉེན་དུ་བསྟེན་པར་གྱིས་ཤིག འོ་ན་རང་ལུགས་ལ་བཤེས་གཉེན་ཇི་ལྟ་བུ་ཞིག་ལ་བསྟེན་དགོས་ཞེ་ན། ཚོམས་ལས། དམན་པ་བསྟེན་པས་མི་དག་ཉམས་འགྱུར་ཞིང༌། །ཐད་ཀར་བབ་པ་བསྟེན་པས་སོ་ན་གནས། །གཙོ་བོ་བསྟེན་པས་དམ་པ་ཐོབ་པར་འགྱུར། །དེ་ཕྱིར་བདག་པས་གཙོར་གྱུར་བསྟེན་པར་བྱ། །ཚུལ་ཁྲིམས་ཉེ་བར་ཞི་བ་དང༌། །ཤེས་རབ་ཆོས་མཆོག་ལྡན་པ་ཡི། །གཙོ་བོ་གང་ཡིན་དེ་བསྟེན་ན། །གཙོ་བོ་བས་ཀྱང་ཆེས་གཙོ་འགྱུར། །ཞེས་གསུངས་པ་ལྟར་རོ། །བཤེས་གཉེན་དེ་ལ་མང་དུ་ཐོས་པའི་ཡོན་ཏན་སོགས་ཡོད་མེད་ཇི་ལྟར་ཤེས་ཤེ་ན། རྣམ་བཤད་ལས། དེ་ལྟར་དཔྱོད་པའི་ཚེ་སྟོན་པར་འཛིན་པའི་སྔོན་དུ་དེ་ལ་བྱང་གྲོལ་གྱི་ལམ་མཁྱེན་པའི་ཡོན་ཏན་ཡོད་པར་ཤེས་སམ་མི་ཤེས། ཤེས་ན་རང་ཉིད་ཀྱིས་སྡུག་བསྔལ་ཞི་བའི་ཐབས་ཤེས་ཟིན་པའི་ཕྱིར། དེ་ཚོལ་བ་དོན་མེད་ལ། མི་ཤེས་ན། བསྟེན་པར་བྱ་བ་དང་བསྟེན་པར་བྱ་བ་མ་ཡིན་པའི་རྣམ་དབྱེ་མི་བྱེད་པར་ཐོག་མར་གང་འཕྲད་པ་དེ་བསྟེན་པར་རིགས་སོ་ཞེ་ན། སྐྱོན་མེད་དེ། འདི་རྟོགས་ལྡན་གྱིས་བཤེས་གཉེན་ཚོལ་བའི་ཚུལ་ཡིན་ལ། དེ་ལ་ནི། ཐོག་མ་ཉིད་ནས་དོན་རགས་པ་ཚད་མས་ཤེས་ཤིང་ཅུང་ཟད་ཕྲ་བའི་ཡོན་ཏན་ཡོད་པ་ཡིད་དཔྱོད་ཀྱིས་ཀྱང་ཤེས་པར་འགྱུར་ཞིང༌། གཞན་ལ་དྲིས་པ་དང༌། གྲགས་པ་སོགས་ལས་ཀྱང་ཕྱོགས་ཙམ་རྟོགས་པར་འགྱུར་རོ། །ཞེས་དང༌། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། སློབ་མ་བཟང་བོ་བླ་མར་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང༌། །དེ་དག་ཤེས་རབ་ཕ་རོལ་ཕྱིན་པ་རྗེས་སུ་སྟོན། །སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུངས། །ཞེས་དང༌། བྱང་ཆུབ་ལམ་རིམ་ལས། རྨོངས་པའི་རྒྱུ་ནི། གྲོགས་ངན་བསྟེན་པ་དང༌། ལེ་ལོ་དང༌། སྙོམས་ལས་དང་གཉིད་ཆེ་བ་དང་སོ་སོར་རྟོག་ཅིང་དཔྱོད་པ་ལ་མི་དགའ་བ་དང༌། རྒྱ་ཆེན་པོ་ལ་མི་མོས་པ་དང༌། མི་ཤེས་བཞིན་དུ་ཤེས་སོ་སྙམ་པའི་ང་རྒྱལ་དང༌། ལོག་ལྟ་ཆེ་བ་དང་བདག་འདྲ་བའི་མི་ནུས་སྙམ་དུ་ཞུམ་ནས་མཁས་པ་བསྟེན་པ་ལ་མི་དགའ་བ་ཡིན་ཏེ། ལེ་ལོ་སྙོམ་དང་བསྟེན་ངན་བསྟེན་པ་དང༌། །གཉིད་ཀྱི་དབང་གྱུར་མི་རྟོག་ངང་ཚུལ་དང༌། །ཐུབ་པའི་ཡེ་ཤེས་མཆོག་ལ་མོས་མེད་དང༌། །ལོག་པའི་བརྒྱལ་ནོན་པས་དོན་འདྲི་དང༌། །དམའ་སེམས་བདག་ལ་ཞེན་པས་བྱུང་བའི་རྒྱུ། །མཁས་པའི་སྐྱེ་བོ་བསྟེན་པར་མ་དད་དང༌། ལོག་པའི་རྣམ་རྟོག་དུག་ཆེ་ལོག་ལྟ་དག །གཏི་མུག་རྒྱུ་ཡིན། ཞེས་གསུངས་སོ།།

    བསམ་པ་ཕུན་ཚོགས་བཤད་པ།

༈ གཉིས་པ་བཅོམ་ལྡན་འདས་ཚད་མའི་སྐྱེས་བུ་ཡིན་པའི་སྒྲུབ་བྱེད་རྒྱས་པར་བཤད་པ་ལ་གཉིས། ལུགས་འབྱུང་གི་སྒོ་ནས་ཚད་མའི་སྐྱེས་བུར་སྒྲུབ་པ་དང༌། ལུགས་ལྡོག་གི་སྒོ་ནས་ཚད་མའི་སྐྱེས་བུར་སྒྲུབ་པའོ། །དང་བོ་ལ་གཉིས། རྒྱུ་ཕུན་སུམ་ཚོགས་པ་དང་འབྲས་བུ་ཕུན་སུམ་ཚོགས་པ་བཤད་པའོ། །དང་བོ་ལ་གཉིས། བསམ་པ་ཕུན་སུམ་ཚོགས་པ་དང༌། སྦྱོར་བ་ཕུན་སུམ་ཚོགས་པའོ། །དང་བོ་ལ་གཉིས། དངོས་དང༌། རྩོད་པ་སྤོང་བའོ། །དང་བོ་ནི། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ། །ཞེས་བྱུང༌། ཐུབ་པ་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། དེའི་སྒྲུབ་བྱེད་ཐུགས་རྗེ་ཆེན་པོ་གོམས་པ་ལས་འཁྲུངས་པའི་ཕྱིར། ཐུགས་རྗེ་ཆེན་པོ་དེ་ཡང་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་ལས་བྱུང་བ་མ་ཡིན་ཏེ། སྙིང་རྗེ་ཆེན་པོ་སྐྱེ་བ་དུ་མར་གོམས་པ་ལས་བྱུང་བའི་ཕྱིར། དེས་ན་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་བྱེད་ཀྱི་རྟགས་ཀྱི་གཙོ་བོ་ནི། ཐུགས་རྗེ་ཆེན་པོ་གྲངས་མེད་གསུམ་དུ་གོམས་པ་ཉིད་ཡིན་པས། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ། །ཞེས་གསུངས་སོ། །དེ་ལྟར་ན་ཐུབ་པ་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། བསམ་པ་ཕུན་ཚོགས་སྙིང་རྗེ་དང་ཐུགས་རྗེ་ཆེན་པོ་བསྐལ་བ་གྲངས་མེད་གསུམ་དུ་གོམས་པའི་སྐྱེས་བུ་ཡིན་པའི་ཕྱིར། ཐུབ་པ་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། སྦྱོར་བ་ཕུན་ཚོགས་བདག་མེད་རྟོགས་པའི་ཤེས་རབ་སོགས་སྙིང་རྗེ་ཆེན་པོས་རང་དབང་དུ་སྟོན་པའི་སྐྱེས་བུ་ཡིན་པའི་ཕྱིར། ཐུབ་པ་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། ཁྱད་པར་གསུམ་ལྡན་གྱི་བདེ་གཤེགས་བརྙེས་པའི་སྐྱེས་བུ་ཡིན་པའི་ཕྱིར། ཐུབ་པ་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། འགྲོ་བ་རྣམས་འཁོར་བའི་འཇིགས་པ་ལས་སྐྱོབ་པའི་སྐྱེས་བུ་ཡིན་པའི་ཕྱིར། ཡང་བསམ་པ་ཕུན་ཚོགས་སྙིང་རྗེ་ཆེན་པོ་གོམས་པ་ལས་ཐུགས་རྗེ་ཆེན་པོ་འབྱུང་ཞིང༌། དེ་གོམས་པ་ལས་སྦྱོར་བ་ཕུན་ཚོགས་བདག་མེད་རྟོགས་པའི་ཤེས་རབ་སྟོན་པ་འབྱུང་བ་དང༌། སྦྱོར་བ་ཕུན་ཚོགས་ལས་བདེ་གཤེགས་འབྱུང་བ་དང༌། དེ་ལས་འགྲོ་བ་སྐྱོབ་པ་འབྱུང་བར་སྒྲུབ་པ་ནི་ལུགས་འབྱུང་གི་ཚུལ་ཡིན་ནོ།།

༈ གཉིས་པ་རྩོད་པ་སྤོང་བ་ལ་གཉིས། སྙིང་རྗེ་སྐྱེ་བ་དུ་མར་གོམས་པ་མེད་པའི་རྩོད་པ་སྤོང་བ་དང༌། གོམས་ཀྱང་མཐའ་མེད་དུ་འཕེལ་བ་མེད་པའི་རྩོད་པ་སྤོང་བའོ། དང་བོ་ལ་གཉིས། རྩོད་པ་དང༌། ལན་ནོ། །དང་བོ་ནི། ཚུལ་རོལ་མཛེས་པ་དག་ན་རེ། བློ་ནི་ལུས་ལ་བརྟེན་པའི་ཕྱིར། །གོམས་པས་འགྲུབ་པ་མེད་ཅེ་ན། །ཞེས་བྱུང༌། ཡིད་ཀྱི་བློ་ནི་ལུས་ལ་བརྟེན་ནས་གནས་པའི་ཕྱིར་ན། ལུས་འཇིག་པ་ན་སེམས་འཇིག་དགོས་པས། སྐྱེ་བ་སྔོན་དུ་སྙིང་རྗེ་ཆེན་པོ་གོམས་པ་ལས་ཐུགས་རྗེ་ཆེན་པོ་འགྲུབ་པ་མེད་ཅེ་ན།

༈ གཉིས་པ་ལན་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། མ་ཡིན་རྟེན་ནི་བཀག་ཕྱིར་རོ། །ཞེས་བྱུང༌། ཡིད་ཀྱི་སེམས་ཆོས་ཅན། ལུས་དེ་ཁྱོད་ཀྱི་རྟེན་ཁྱད་པར་ཅན་མ་ཡིན་ཏེ། ལུས་ཁྱོད་ཀྱི་རྟེན་ཁྱད་པར་ཅན་ཡིན་པ་ནི་རིགས་པས་བཀག་ཟིན་པའི་ཕྱིར་རོ།།

    འཕྲོས་དོན་སྐྱེ་བ་སྔ་ཕྱི་ཡོད་པར་བསྟན་པ།

༈ གཉིས་བ་རྒྱས་པར་བཤད་པ་ལ་གཉིས། སྐྱེ་བ་སྔ་ཕྱི་ཡོད་པར་བསྟན་པ་དང༌། དེ་མེད་པའི་སྒྲུབ་བྱེད་དགག་པའོ། །དང་བོ་ནི་སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་བོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེས་མིན། །ཧ་ཅང་ཐལ་ཕྱིར་མཚམས་སྦྱོར་བར། །ནུས་ལྡན་མཐོང་བ་གང་དེ་ལ། །ཅི་ཞིག་ཡོད་འགྱུར་གང་མེད་པ། །གང་གིས་ཕྱི་ནས་མཚམས་སྦྱོར་མེད། །གང་དུ་དྲོད་གཤེར་ལ་སོགས་པ། །སྐྱེ་བོ་སྐྱེས་པར་མི་འགྱུར་བའི། །ས་སོགས་ཆ་དེ་འགའ་ཡང་མེད། །དེ་ཕྱིར་ཐམས་ཅད་ས་བོན་བདག །དེ་ཕྱིར་དབང་སོགས་རང་རིག་ལ། །ལྟོས་པ་མེད་པར་འབྱུང་ཡིན་ན། །ཇི་ལྟར་གཅིག་ནི་ཡོངས་འགྱུར་བཞིན། །ཀུན་འབྱུང་ཁྱད་པར་མེད་ཕྱིར་རོ། །དབང་རྣམས་རེ་རེ་ལ་གནོད་ན། །ཡིད་བློ་ལ་གནོད་ཡོད་མ་ཡིན། །འདི་འགྱུར་ན་ནི་དེ་དག་ཀྱང༌། །འགྱུར་བ་དག་ཏུ་མཐོང་བ་ཡིན། །དེ་ཕྱིར་བློ་གནས་པ་ཡི་རྟེན། །བློ་ཉིད་པ་ནི་བརྟེན་པ་འགའ། །དབང་བོ་རྣམས་ཀྱི་རྒྱུ་ཡིན་པས། །དེ་ཕྱིར་བློ་ལས་དབང་བོ་ཡིན། །དེ་འདྲའི་འཕེན་བྱེད་ཡོད་གྱུར་ན། །ཕྱིས་ཀྱང་དེ་འདྲར་འགྱུར་བ་ཡིན། །དེ་ཡི་ཤེས་པའི་ཕན་འདོགས་ཕྱིར། །ཡིད་ནི་ལུས་ལ་བརྟེན་པར་བཤད། །གལ་ཏེ་དབང་བོ་མེད་པར་བློ། །མ་ཡིན་དེ་ཡང་དེ་མེད་པར། །དེ་ལྟའང་ཕན་ཚུན་རྒྱུ་ཉིད་པས། །དེ་ཕྱིར་ཕན་ཚུན་རྒྱུ་ཅན་ཡིན། །རིམ་ཅན་མིན་ལས་རིམ་ཅན་མིན། །ཁྱད་པར་ཅན་མིན་ལྟོས་པའང་མེད། །ལུས་ལས་རིམ་གྱིས་བློ་འགྱུར་ན། །དེའི་ཡང་རིམ་པ་གསལ་བར་བྱེད། །སྐད་ཅིག་སྔ་མ་སྔ་མ་ནི། །སྐད་ཅིག་རེ་རེ་སྔོན་མེད་དེའི། །རྒྱུ་ཡིན་དེ་ཡི་ཕྱིར་ན་རྒྱུ། །ཐམས་ཅད་ཚེ་ན་མཐོང་བ་ཉིད། །ཅེས་གསུངས། གང་ཟག་ཐ་མལ་བ་ཞིག་སྐྱེ་བ་ཡོངས་སུ་ལེན་པ་ན་སྐྱེས་མ་ཐག་ཏུ་དབུགས་འབྱུང་རྔུབ་དང༌། དབང་བོ་དྭངས་པ་དང༌། གཡེར་བག་བྱེད་པ་ལ་སོགས་པའི་བློ་དག་ནི། རང་གི་རིགས་འདྲ་སྔ་མའི་ཉེར་ལེན་གྱི་རྒྱུ་ལ་ལྟོས་པ་མེད་པ་ཅན་མ་ཡིན་ཏེ། གཞན་དུ་ན་ས་སོགས་འབྱུང་བའི་ལུས་ཉིད་འབའ་ཞིག་ཉེར་ལེན་བྱས་པ་ལས་སྐྱེ་དགོས་ན། དེ་ནི་འཐད་པ་མིན་ཏེ། དེ་ལྟར་ན་འབྱུང་བ་ཀུན་སྲོག་ཆགས་སུ་འགྱུར་བ་སོགས་ཧ་ཅང་ཐལ་བའི་ཕྱིར་རོ། །ད་ལྟའི་རིག་པ་སྔ་མས་རིག་པ་ཕྱི་མ་མཚམས་སྦྱོར་བར་ནུས་པ་དང་ལྡན་པར་མཐོང་བ་གང་ཡིན་པ་དེ་ལ་རྒྱུ་ལྷག་པོ་ཅི་ཞིག་ཡོད་པར་འགྱུར། རྒྱུ་གང་ཡང་མེད་པ་རྒྱུ་མཚན་གང་གིས་ཕྱིས་ནས་སེམས་ཕྱི་མར་མཚམས་སྦྱོར་བ་མེད་པར་འདོད། ཅེས་སེམས་ཕྱི་མ་མཚམས་མི་སྦྱོར་བའི་རྒྱུ་མཚན་དྲི་བར་བྱའོ། །གང་དུ་དྲོད་གཤེར་སྐྱེས་ལ་སོགས་པ་སྲོག་ཆགས་སྐྱེ་བོ་སྐྱེས་པར་མི་འགྱུར་བའི་ས་ཕྱོགས་སོགས་ཀྱི་ཆ་དེ་འགའ་ཡང་མེད་པ་དེ་ཡི་ཕྱིར་ན། འབྱུང་བ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་ས་བོན་གྱི་བདག་ཉིད་ཉེར་ལེན་དུ་ཐལ་ལོ། །དེ་ཕྱིར་དབང་བོ་དང་རིག་པ་སོགས་རང་གི་རིགས་འདྲ་སྔ་མའི་ཉེར་ལེན་ལ་ལྟོས་པ་མེད་པར་འབྱུང་བ་ཡིན་ན། ཇི་ལྟར་འབྱུང་བ་གཅིག་ནི་སྲོག་ཆགས་སུ་ཡོངས་སུ་འགྱུར་བ་བཞིན་དུ། འབྱུང་བ་ཀུན་ཀྱང་སྲོག་ཆགས་སུ་འགྱུར་བ་ལ་ཁྱད་པར་མེད་པའི་ཕྱིར་རོ། །གཞན་ཡང༌། ལུས་ཕུང་ཡིད་སེམས་ཀྱི་རྟེན་ཁྱད་པར་ཅན་མ་ཡིན་ཏེ། དབང་བོ་རྣམས་ལས་རེ་རེ་ལ་གནོད་པ་ཡོད་ནའང༌། ཡིད་བློ་ལ་གནོད་པ་ཡོད་པ་མ་ཡིན་པའི་ཕྱིར། ཡིད་ཀྱི་སེམས་འདི་འགྱུར་ན་ནི་ལུས་ཕུང་དང་དབང་བོ་དེ་དག་ཀྱང་འགྱུར་བ་དག་ཏུ་ཀུན་གྱིས་མཐོང་བ་ཡིན་ནོ། །དེ་ཕྱིར་ཡིད་བློ་གནས་པའི་རྟེན་ནི་ཁོ་རང་གི་དེ་མ་ཐག་རྐྱེན་ཡིད་དབང་སྟེ་ཡིད་བློ་ཉིད་ལ་ནི་བརྟེན་པ་ཡིན་ལ། དེའི་ཕྱིར་མཛོད་ལས། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །དྲུག་པའི་རྟེན་ནི་རབ་སྒྲུབ་ཕྱིར། །ཞེས་གསུངས་པ་ཡིན་ནོ། །རྒྱང་འཕེན་པས། ལུས་ཕུང་སེམས་ཀྱི་རྟེན་དང༌། ཡིད་སེམས་དེ་ལ་བརྟེན་པར་འདོད་ལ། སངས་རྒྱས་པས་ཡིད་སེམས་ལུས་ཀྱི་རྟེན་དང༌། ལུས་དབང་སོགས་ཡིད་ཀྱི་རྣམ་པར་ཤེས་པ་ལ་བརྟེན་པར་འདོད་དོ། །འོན་ཀྱང་དབང་བློ་ལྔ་རང་རང་གི་དབང་བོ་གཟུགས་ཅན་ལ་བརྟེན་པ་ཡིན་པས། གཞུང་འདིར་ཡིད་བློ་ཞེས་དམིགས་ཀྱིས་བཀར་ནས་ཡང་ཡང་གསུངས་པ་ཡིན་ནོ། །ཡང་ཁོ་ན་རེ། ཡིད་བློ་དང་དབང་བོ་སོགས་ལ་རང་གི་རིགས་འདྲ་སྔ་མ་དེ་འདྲའི་འཕེན་བྱེད་ཀྱི་ཉེར་ལེན་ཡོད་པར་འགྱུར་ན་ཕྱིས་ཀྱང་དེ་འདྲར་འགྱུར་བ་ཡིན་ལ། དེ་ལྟར་ན་ཁྱེད་ཅག་གི་མདོ་ལས་ལུས་དང་སེམས་ནི་ཕན་ཚུན་རྗེས་སུ་བྱེད་པ་ཅན་ནོ། །ཞེས་གསུངས་པ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ། ལུས་དེ་ཡི་ཤེས་པས་སེམས་ལ་ཕན་འདོགས་པའི་ཕྱིར་ན། ཡིད་ནི་ལུས་ལ་བརྟེན་པར་བཤད་པ་ཡིན་ནོ། །གལ་ཏེ་དབང་བོ་ཡིད་བློའི་རྟེན་ཡིན་ཏེ། དབང་བོ་མེད་པར་ཡིད་བློ་སྐྱེ་བ་མ་ཡིན་པའི་ཕྱིར་ཞེ་ན། ཡིད་བློ་ལུས་ཀྱི་རྟེན་ཡིན་ཏེ། དེ་ཡང་ཡིད་བློ་དེ་མེད་པར་ལུས་དབང་འབའ་ཞིག་སྐྱེ་བ་མེད་པའི་ཕྱིར། ཁོ་ན་རེ། དེ་ལྟ་ནའང་ལུས་སེམས་ཕན་ཚུན་རྒྱུ་ཉིད་ཡིན་པས་དེ་ཕྱིར་ལུས་སེམས་ཕན་ཚུན་རྒྱུ་ཅན་ཡིན་ནོ་ཞེ་ན། མི་འཐད་དེ། ཁྱོད་ལྟར་ན་ལུས་ལས་ཡིད་བློ་རིམ་ཅན་དུ་སྐྱེ་བ་མིན་ཏེ། ཡིད་བློ་དེ་ལས་ལུས་རིམ་ཅན་དུ་སྐྱེ་བ་མ་ཡིན་པའི་ཕྱིར། དེར་ཐལ། ཡིད་བློ་རྟག་པ་ཡིན་པའི་ཕྱིར། རྟག་ཀྱང་རྐྱེན་ལ་ལྟོས་ནས་ཡིད་བློ་རིམ་ཅན་དུ་འབྱུང་ངོ་ཞེ་ན། །རྟག་པའི་རྐྱེན་ཁྱད་པར་ཅན་དེ་ཡོད་པ་མིན་པས་རྟག་པའི་རྐྱེན་ལ་ལྟོས་པའང་མེད་དོ། །ཡིད་བློ་སྔ་མ་ལ་ལྟོས་ནས་ལུས་ལས་རིམ་གྱིས་ཡིད་བློ་ཕྱི་མ་འབྱུང་བར་འགྱུར་རོ་སྙམ་ན། ལུས་དེའི་ཡང་སྔ་ཕྱིའི་རིམ་པ་ཡོད་པ་གསལ་བར་བྱེད་པ་ཡིན་པར་ཐལ། ཡིད་བློ་སྔ་མ་རིམ་ཅན་གྲོགས་སུ་ཡོད་པ་ལ་ལྟོས་ནས་ལུས་ཀྱིས་ཡིད་བློ་ཕྱི་མ་བསྐྱེད་པར་བྱེད་པའི་ཕྱིར། དེ་ལ་འདོད་ན། ཡིད་བློའི་ལྷན་ཅིག་བྱེད་རྐྱེན་ལུས་སྐད་ཅིག་སྔ་མ་སྔ་མ་ནི། སེམས་སྐད་ཅིག་ཕྱི་མ་རེ་རེ་སྔོན་མེད་གསར་དུ་བསྐྱེད་པ་དེ་ཡི་རྒྱུ་ཡིན་པ་དེ་ཡི་ཕྱིར་ན། སྐྱེ་མ་ཐག་པ་དང་འཆི་ཁ་མའི་དུས་ཐམས་ཅད་ཀྱི་ཚེ་ན་ལུས་སེམས་ཕན་ཚུན་རྒྱུ་ཡིན་པར་ཚད་མའི་མཐོང་བ་ཉིད་དུ་འགྱུར་རོ།།

    སྐྱེ་བ་སྔ་ཕྱི་མེད་པའི་སྒྲུབ་བྱེད་དགག་པ།

༈ གཉིས་པ་སྐྱེ་བ་སྔ་ཕྱི་མེད་པའི་སྒྲུབ་བྱེད་དགག་པ་ལ་གསུམ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་བོ་ནི། ཐ་མའི་སེམས་ནི་སེམས་གཞན་དང༌། །མཚམས་སྦྱོར་བ་ལ་འགལ་ཅི་ཡོད། །དགྲ་བཅོམ་སེམས་གང་ཡིན་དེ་ཡང༌། །གང་ལས་མཚམས་སྦྱོར་མེད་པར་འདོད། །ཚད་མས་མ་གྲུབ་དོན་ཅན་གྱི། །གྲུབ་མཐའི་རྗེས་སུ་འབྲང་ངམ་ཅི། །གལ་ཏེ་དེ་རྒྱུ་བྲལ་ཕྱིར་ན། །དེ་ཉིད་འདིར་ནི་ཅིས་མ་བརྗོད། །ཅེས་བྱུང༌། ཁོ་ན་རེ། ཐ་མལ་བའི་འཆི་ཁའི་སེམས་ནི། སེམས་ཕྱི་མ་དང་མཚམས་མི་སྦྱོར་ཏེ། འཆི་སེམས་ཡིན་པའི་ཕྱིར། དཔེར་ན་ཁྱེད་ཅག་གིས་བཤད་པའི་དགྲ་བཅོམ་པའི་འཆི་སེམས་བཞིན་ནོ་ཞེ་ན། ཁྱབ་པ་ཡང་མ་ངེས་ལ། དཔེ་ཡང་མ་གྲུབ་སྟེ། འཆི་སྲིད་ཐ་མའི་སེམས་ནི་སེམས་ཕྱི་མ་གཞན་དང་མཚམས་སྦྱོར་བ་ལ་འགལ་བ་ཅི་ཡང་ཡོད་པ་མིན་ཏེ། འདོད་གཟུགས་ཀྱི་ཁམས་གཉིས་སུ་སྐྱེ་ན་འཆི་སྲིད་ཐ་མའི་སེམས་ནི་བར་དོ་བའི་སེམས་དང་མཚམས་སྦྱོར་ཞིང༌། བར་དོ་བའི་སེམས་དེ་འཆི་སྲིད་པའི་སེམས་ཕྱི་མ་དང༌། བར་དོ་བའི་སེམས་སྐྱེ་སྲིད་པའི་སེམས་དང་མཚམས་སྦྱོར་པའི་ཕྱིར། གཞན་དུ་ན། སྐྱེ་སྲིད་དེའི་སྐད་ཅིག་དང་བོའི་སེམས་ལ་ཉེར་ལེན་གྱི་རྒྱུ་མེད་པར་ཐལ་ཞིང༌། དེ་མེད་ན་དེའི་ལྷན་ཅིག་བྱེད་རྐྱེན་ཡང་མེད་པར་འགྱུར་ཏེ། ལྷན་ཅིག་བྱེད་རྐྱེན་ཞེས་པ་ཉེར་ལེན་གྱི་རྒྱུ་དང་ལྷན་ཅིག་ཏུ་འབྲས་བུ་དེ་སྐྱེད་བྱེད་ཀྱི་རྐྱེན་ལ་བཤད་པའི་ཕྱིར་རོ། །དཔེ་ཡང་མ་གྲུབ་སྟེ། དགྲ་བཅོམ་པའི་འཆི་སེམས་ཐ་མ་གང་ཡིན་པ་དེ་ཡང་རྒྱུ་མཚན་གང་ལས་སེམས་ཕྱི་མ་དང་མཚམས་སྦྱོར་བ་མེད་པར་འདོད། དེ་ལྟར་ན་སྐྱེ་བ་སྔ་ཕྱི་ཚད་མས་མ་གྲུབ་པའི་དོན་ཅན་གྱི་ཕྱི་རོལ་བ་ཁྱེད་ཅག་སངས་རྒྱས་པའི་གྲུབ་མཐའི་རྗེས་སུ་འབྲང་ངམ་ཅི། དགྲ་བཅོམ་པའི་འཆི་སེམས་ཕྱི་མར་མཚམས་མི་སྦྱོར་བར་འདོད་པའི་ཕྱིར། གལ་ཏེ་འཆི་སེམས་ཐ་མ་དེ། སེམས་ཕྱི་མ་དང་མཚམས་མི་སྦྱོར་ཏེ། སེམས་ཕྱི་མ་དེ་ཡི་རྒྱུ་དབུགས་འབྱུང་རྔུབ་དང་བྲལ་བའི་ཕྱིར་ན། རྟགས་དེ་ཉིད་འཆི་སེམས་ཕྱི་མར་མཚམས་སྦྱོར་བ་མེད་པར་སྒྲུབ་པའི་སྐབས་འདིར་ནི་ཅིས་མ་བརྗོད་དེ་བརྗོད་རིགས་པའི་ཕྱིར། འོ་ན་ཁྱོད་ལྟར་ན་མངལ་ན་གནས་པའི་བྱིས་པ་དང༌། བསམ་གཏན་བཞི་བ་སྙོམས་པར་ཞུགས་པ་དང༌། རྒྱལ་བ་སོགས་ཀྱིས་ཀྱང་སེམས་ཕྱི་མར་མཚམས་མི་སྦྱོར་བར་ཐལ། དབུགས་འབྱུང་རྔུབ་མི་བྱེད་པའི་ཕྱིར།

༈ གཉིས་པ་རྒྱས་པར་བཤད་པ་ལ་གསུམ། ལུས་ཕུང་སེམས་ཀྱི་བདག་རྐྱེན་ཡིན་པ་དགག་པ། དེ་སེམས་ཀྱི་ཉེར་ལེན་ཡིན་པ་དགག་པ། རྩོད་པ་སྤོང་བའོ། །དང་པོ་ནི། དེ་བློ་བཞིན་དུ་འཛིན་འགྱུར་ཕྱིར། །དབང་བོ་བཅས་ལས་ཡིད་ཤེས་མིན། །ཤེས་བསྐྱེད་ནུས་པ་ཐ་དད་ཕྱིར། །ཀུན་ལས་ཀྱང་ནི་མ་ཡིན་ནོ། །སེམས་མེད་ཉིད་ཕྱིར་གཞན་ལས་མིན། །རྒྱུ་གཅིག་ཕྱིར་ན་ལྷན་ཅིག་གནས། །དབང་བཞིན་གཟུགས་དང་རོ་བཞིན་ནོ། །དོན་གྱི་སྒོ་ནས་འགྱུར་བ་ཡིན། །རྟག་ཏུ་དེ་ཡི་རྗེས་འཇུག་ཕྱིར། །གང་ཞིག་ཡོད་པས་ཕན་འདོགས་བྱེད། །དེ་རྒྱུ་དེ་ཕྱིར་བདུན་པ་དང༌། །སྐྱེས་ཕྱིར་ཞེས་ནི་བཤད་པ་ཡིན། །འགའ་ཞིག་ཚེ་ན་སེམས་རྒྱུན་ལ། །ཕན་འདོགས་བྱེད་པའང་ཡིན་བླ་སྟེ། །བུམ་སོགས་ལ་ནི་མེ་སོགས་བཞིན། །དེ་ཙམ་གྱིས་ནི་ལྡོག་པ་མིན། །ཞེས་བྱུང༌། ལུས་ནི་སེམས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིན་ན། ལུས་དེ་དབང་བློ་བཞིན་དུ་ཡུལ་འཛིན་པར་ཐལ་བར་འགྱུར་བའི་ཕྱིར། དེས་ན་དབང་བོ་དང་བཅས་པའི་ལུས་ལས་ཡིད་ཤེས་སྐྱེ་བ་མིན་ཏེ། དབང་བོ་ལྔ་བོ་རྣམས་ཀྱི་རང་རང་གི་དབང་ཤེས་སྐྱེད་པའི་ནུས་པ་ཐ་དད་ཡིན་པའི་ཕྱིར། དབང་བོ་ཀུན་ཚོགས་པ་ལས་ཀྱང་ཡུལ་དྲུག་འཛིན་པའི་ཡིད་ཀྱི་ཤེས་པ་དེ་ནི་བསྐྱེད་པ་མ་ཡིན་ནོ། །འོན་ཏེ་དབང་བོ་མེད་པའི་ལུས་ལས་ཡིད་བློ་རྟོག་པ་སྐྱེའོ་ཞེ་ན། སེམས་མེད་ཉིད་ཡིན་པའི་ཕྱིར་ན་ལུས་ཀྱི་སྐྲ་དང་སེན་མོ་སོགས་ཤེས་པས་མ་བསྡུས་པ་གཞན་དག་ལས་ཀྱང་བློ་སྐྱེ་བ་མིན་ནོ། །ལུས་སེམས་གཉིས་འཕེན་བྱེད་ལས་ཀྱི་རྒྱུ་ཚོགས་གཅིག་ལས་སྐྱེས་པའི་ཕྱིར་ན་ལྷན་ཅིག་ཏུ་གནས་པ་ཙམ་རུང་ཡང༌། དེ་གཉིས་ཕན་ཚུན་རྟེན་དང་བརྟེན་པ་མ་ཡིན་ཏེ། དཔེར་ན། དབང་བོ་ལྔ་བཞིན་དང༌། གཟུགས་དང་རོ་བཞིན་ནོ། །ཁོ་ན་རེ། འོ་ན་ལུས་འགྱུར་བས་ཡིད་བློ་འགྱུར་བ་མཐོང་བ་ཅི་ཡིན་ཞེ་ན། འོ་ན་ཁྱོད་ལྟར་ན་ཕྱི་རོལ་གྱི་དོན་ཡང་ཡིད་བློའི་རྟེན་ཡིན་པར་ཐལ། ཕྱི་དོན་གྱི་སྒོ་ནས་ཡིད་བློ་འགྱུར་བ་མཐོང་བ་ཡིན་པའི་ཕྱིར། དེ་ལྟར་ན་འབྲས་བུ་བཟློག་པའི་རྒྱུ་ཁྱད་པར་ཅན་ཅི་ལྟ་བུ་ཞེ་ན། དཔེར་ན། སྒྲོན་མེའི་འོད་དེ་རྟག་ཏུ་སྒྲོན་མེ་དེ་ཡི་ཉེར་ལེན་གྱི་རྗེས་སུ་འཇུག་པའི་ཕྱིར་ན། རྒྱུ་གང་ཞིག་ཡོད་པས་འབྲས་བུ་དེ་ལ་ཕན་འདོགས་པར་བྱེད་པའི་ཕྱིར། དེར་ཐལ། མར་མེ་དེ་མར་མེའི་འོད་དེ་ཡི་བཟློག་རྒྱུ་ཁྱད་པར་ཅན་ཡིན་པ་དེའི་ཕྱིར། དེས་ན་མདོ་ལས། འདི་ཡོད་ན་འདི་འབྱུང་ཞེས་རྒྱུ་མཚན་ཅན་གྱི་རྣམ་དབྱེ་བདུན་པ་དང༌། འདི་སྐྱེས་པའི་ཕྱིར་འདི་སྐྱེས་ཞེས་རྣམ་དབྱེ་ལྔ་བ་འབྱུང་ཁུངས་ཀྱིས་ནི་བཤད་པ་ཡིན་ནོ། །དུས་འགའ་ཞིག་གི་ཚེ་ན་ལུས་ཕུང་དེ་སེམས་ཀྱི་རྒྱུན་ལ་ཕན་འདོགས་བྱེད་པའང་ཡིན་པ་བླ་སྟེ། དཔེར་ན། བུམ་པ་སོགས་ལ་ནི་མེ་སོགས་ཀྱི་ཕན་འདོགས་པའི་སྐབས་ཡོད་པ་བཞིན་ནོ། །སྐབས་ལ་ལར་ལུས་དེས་སེམས་ལ་ཕན་འདོགས་པ་སྲིད་ཀྱང༌། དེ་ཙམ་གྱིས་ནི་ལུས་ལོག་པའི་སེམས་ལྡོག་པ་མིན་ནོ། །འདི་ལ་སློབ་དཔོན་ལྷ་དབང་བློ་ནི། ལུས་དང་སེམས་ནི་རྒྱུ་འབྲས་སུ་མི་འགྲུབ་སྟེ། མངལ་ལ་སོགས་པ་སྔར་དམིགས་ཤིང་སེམས་ཕྱིས་དམིགས་པར་ངེས་བའི་རྗེས་སུ་འགྲོ་ལྡོག་མེད་པའི་ཕྱིར་རོ། །ཞེས་གསུངས་ལ། སློབ་དཔོན་རྒྱན་མཁན་པོས། ཡིད་ནི་ལུས་ཀྱི་འབྲས་བུ་མ་ཡིན་ཏེ། རྟག་ཏུ་རྗེས་སུ་འགྲོ་ལྡོག་མ་གྲུབ་པའི་ཕྱིར་རོ། །ཞེས་གསུངས་སོ།།

༈ གཉིས་པ་ལུས་སེམས་ཀྱི་ཉེར་ལེན་ཡིན་པ་དགག་པ་ལ་གཉིས། ལུས་ཀྱིས་སེམས་ཀྱི་ཉེར་ལེན་བྱེད་ཚུལ་ལ་བརྟགས་ནས་དགག་པ། ལུས་ཀྱི་ངོ་བོ་ལ་བརྟགས་ནས་ལུས་ནི་སེམས་ཀྱི་ཉེར་ལེན་ཡིན་པ་དགག་པའོ། དང་བོ་ལ་གཉིས། ལུས་སེམས་ཀྱི་ཉེར་ལེན་དུ་འདོད་པ་ལ་གནོད་བྱེད་བརྗོད་པ། ལུས་སེམས་ཀྱི་ཉེར་ལེན་མིན་པའི་སྒྲུབ་བྱེད་བརྗོད་པའོ། །དང་བོ་ལ་གཉིས། སྔ་ཕྱི་ལ་བརྟགས་ནས་དགག་པ། དུས་མཉམ་ལ་བརྟགས་ནས་དགག་པའོ། །དང་བོ་ལ་གསུམ། ཐལ་བ་འགོད་པ་དང༌། དེའི་ལན་དགག་པ། ཉེར་ལེན་གྱི་མཚན་ཉིད་བཤད་པའོ། །དང་བོ་ནི། ལུས་ནི་གནས་པ་ཉིད་ན་སེམས། །ལྡོག་པ་མེད་པར་ཐལ་བར་འགྱུར། །ཞེས་བྱུང༌། ལུས་སེམས་ཀྱི་ཉེར་ལེན་ཡིན་ན། ཤི་བའི་ལུས་ནི་མ་ཞིག་པར་ཚང་བར་གནས་པ་ཉིད་ཀྱི་སྐབས་ན། སེམས་ཀྱང་ཤི་བའི་རོ་ལས་ལྡོག་པ་མེད་པར་གནས་པར་ཐལ་བར་འགྱུར་རོ།།

༈ གཉིས་པ་ཐལ་བ་དེའི་ལན་དགག་པ་ལ་གཉིས། མཐུན་རྐྱེན་མ་ཚང་བའི་ལན་དགག་པ་དང༌། འགལ་རྐྱེན་གྱིས་བཅོམ་པའི་ལན་དགག་པའོ། །དང་བོ་ནི། དེ་ཡོད་དང་ཡོད་དང་དབང་བསྒྱུར་ཕྱིར། །དེ་ལས་འབྱུང་རྔུབ་དེ་མ་ཡིན། །རླུང་འབྱིན་པ་དང་འདྲེན་པ་ནི། །འབད་རྩོལ་མེད་པར་གང་ལས་ཡིན། །དེ་དག་ཕུལ་བྱུང་འགྲིབ་པ་ལས། །ཕུལ་བྱུང་འགྲིབ་པ་ཐོབ་པར་འགྱུར། །དེ་དག་ལ་ཡང་ཐལ་བ་མཚུངས། །སེམས་རྒྱུ་ཡིན་ན་མཚུངས་མ་ཡིན། །གནས་པའི་འཕེན་བྱེད་གཞན་དག་ཀྱང༌། །གང་ཕྱིར་རྒྱུ་ནི་ཡིན་པར་འདོད། །ཞེས་བྱུང༌། ཁོ་ན་རེ། ཤི་མ་ཐག་པའི་རོ་ལ་སེམས་ཀྱི་ཉེར་ལེན་གྱི་རྒྱུ་ནི་ཡོད་ཀྱང་རྐྱེན་དབུགས་རྒྱུ་བ་མེད་པས་རོ་ལ་སེམས་ཡོད་པར་ཐལ་བའི་སྐྱོན་མེད་དོ་ཞེ་ན། སེམས་དེ་ཡོད་ན་དབུགས་དེ་ཡོད་པ་དང༌། སེམས་ཀྱིས་ནི་དབུགས་འབྱུང་རྔུབ་ལ་དབང་བསྒྱུར་བའི་ཕྱིར་སེམས་དེ་ལས་དབུགས་འབྱུང་རྔུབ་འབྱུང་གི་དབུགས་རྒྱུ་བ་དེ་ལས་ཡིད་བློ་བྱུང་བ་མ་ཡིན་པའི་ཕྱིར། རླུང་ཕྱིར་འབྱིན་པ་དང་ནང་དུ་འདྲེན་པ་ནི། སེམས་ཀྱིས་འབད་རྩོལ་མེད་པར་གང་ལས་བྱུང་བ་ཡིན། འདི་ལ་སློབ་དཔོན་ལྷ་དབང་བློས། དཔེར་ན། འདོད་པ་སྔོན་དུ་སོང་བ་ཅན་གྱིས་ལག་པའི་བརྐྱང་བ་དང་བསྐུམ་པ་ལྟ་བུ་སྟེ། དབུགས་འབྱུང་རྔུབ་དག་ཀྱང་སེམས་ཀྱི་འདོད་པའི་དབང་གིས་འཇུག་པ་དང་ལྡོག་པ་ཡིན་ནོ། ཞེས་གསུངས་སོ། གཞན་དུ་ན་དབུགས་དེ་དག་ཕུལ་དུ་བྱུང་བ་དང་འགྲིབ་པ་ལས། ཡིད་བློ་ཕུལ་བྱུང་དང་འགྲིབ་པ་ཐོབ་པར་འགྱུར་བར་ཐལ། དབུགས་དེ་སེམས་ཀྱི་དངོས་རྒྱུ་ཡིན་པའི་ཕྱིར། དབུགས་དེ་དག་ལ་ཡང་སྔར་གྱི་ཐལ་བ་དེ་མཚུངས་པར་འབབ་སྟེ། ཤི་མ་ཐག་པའི་རོ་ལ་ཡང་དབུགས་འགྲོ་འོངས་ཡོད་པར་ཐལ་ཏེ། དེ་ལ་སེམས་ཀྱི་ཉེར་ལེན་གྱི་རྒྱུ་ལུས་ཚང་བར་གནས་པའི་ཕྱིར། སེམས་སྔ་མ་སེམས་ཕྱི་མའི་ཉེར་ལེན་གྱི་རྒྱུ་ཡིན་ན། ཤི་བའི་རོ་ལ་ཡང་སེམས་ཡོད་པར་ཐལ་བའི་ཉེས་པ་རང་ལ་མཚུངས་པ་མ་ཡིན་ཏེ། ལུས་སེམས་ལྷན་ཅིག་གནས་པའི་འཕེན་བྱེད་གཞན་དག་ཀྱང༌། རྒྱུ་མཚན་གང་གི་ཕྱིར་ལུས་སེམས་ལྷན་ཅིག་གནས་པའི་རྒྱུ་ནི་ཡིན་པར་འདོད་དོ། །གཉིས་པ་འགལ་རྐྱེན་གྱིས་བཅོམ་པའི་ལན་དགག་པ་ནི། གལ་ཏེ་སྡོང་དུམ་ལ་སོགས་བཞིན། །ཉེས་པས་མི་མཐུན་ལུས་རྒྱུ་མིན། །ཤི་བའི་ཉེས་པས་ཉམས་འགྱུར་ཚེ། །སླར་ཡང་འཚོ་བ་དག་ཏུ་འགྱུར། །གལ་ཏེ་མེ་ནི་ལྡོག་ན་ཡང༌། །ཤིང་གི་འགྱུར་བ་མི་ལྡོག་བཞིན། །དེ་ནི་ལྡོག་པ་མེད་ཅེ་ན། །མ་ཡིན་གསོ་སྦྱོར་ཡོད་ཕྱིར་རོ། །སླར་མི་འབྱུང་བར་འགའ་ཞིག་ནི། །ལ་ལར་འགྱུར་བ་སྐྱེད་པར་བྱེད། །འགའ་ཞིག་ལྡོག་པ་ཡིན་ཕྱིར་དཔེར། ཤིང་དང་གསེར་ལ་མེ་བཞིན་ནོ། །དང་བོ་ཆུང་ཡང་ལྡོག་པ་མིན། །སླར་ལྡོག་རུང་བར་འགྱུར་བྱས་གང༌། དེ་ནི་སླར་ཡང་འབྱུང་འགྱུར་ཏེ། །གསེར་གྱི་སྲ་བ་ཉིད་བཞིན་ནོ། །ཅུང་ཟད་གསོ་བྱ་མིན་བརྗོད་པ། །འཆོས་བྱེད་རྙེད་བར་དཀའ་ཕྱིར་རམ། །ཚེ་ཟད་ཕྱིར་རོ་ཉེས་འབའ་ཞིག །ཡིན་ན་གསོ་མིན་མེད་པ་ཉིད། །ཤི་བའི་དུག་སོགས་ལྡོག་ཕྱིར་ངམ། །དེ་ཡི་སོས་ཟིན་བཅད་ལས་ཀྱང༌། །འགྱུར་བའི་རྒྱུ་དང་བྲལ་བས་ན། །དེ་ཅིས་སླར་ཡང་འཚོ་མི་འགྱུར། །ཞེས་བྱུང༌། ཡང་ཁོ་ན་རེ། གལ་ཏེ་སྔགས་ཀྱིས་བཏབ་པའི་སྡོང་དུམ་ལ་སོགས་པ་མེ་ཡི་རྒྱུ་མིན་པ་བཞིན་དུ། ནད་གཅོད་སོགས་ཀྱི་ཉེས་པས་ལུས་ཏེ་སེམས་གནས་པ་དང་མི་མཐུན་པར་བྱས་པའི་ཕྱིར་ན། ཤི་བའི་ལུས་ཏེ་སེམས་ཀྱི་རྒྱུ་མིན་ནོ་ཞེ་ན། འོ་ན་ཤི་བས་ནད་ཀྱི་ཉེས་པ་སྡུག་བསྔལ་སོགས་ཉམས་པར་འགྱུར་བའི་ཚེ། མི་དེ་སླར་ཡང་འཚོ་བ་དག་ཏུ་འགྱུར་བར་ཐལ། སེམས་ཀྱི་ཉེར་ལེན་གྱི་རྒྱུ་ལུས་ནི་ཚང་བར་གནས་ཤིང༌། རླུང་མཁྲིས་བད་ཀན་སོགས་ནད་ཀྱི་ཉེས་པའང་ཉམས་ཤིང་མེད་པའི་ཕྱིར། ཁོ་ན་རེ། གལ་ཏེ་མེ་ནི་ལྡོག་ན་ཡང༌། བུད་ཤིང་གི་འགྱུར་བ་ཐལ་བ་མི་ལྡོག་པ་བཞིན་དུ། ནད་ལོག་ཀྱང་ནད་ཀྱི་འགྱུར་བ་དེ་ནི་ལྡོག་པ་མེད་དོ་ཅེ་ན། ནད་ཀྱི་འགྱུར་བ་ལྡོག་མི་རུང་བ་མ་ཡིན་པར་ཐལ། ནད་གསོ་བར་བྱེད་པའི་སྦྱོར་བ་ཡོད་པའི་ཕྱིར་རོ། །ནད་ཀྱི་འགྱུར་བ་ཡིན་ན། སླར་མི་འབྱུང་བར་ཡང་མ་ངེས་ཏེ། འགྱུར་བྱེད་འགའ་ཞིག་གིས་ནི་སྐབས་ལ་ལར་འགྱུར་བ་སྐྱེད་པར་བྱེད་ལ། འགའ་ཞིག་དེ་ལས་ལྡོག་པ་ཡིན་པའི་ཕྱིར་རོ། །དཔེར་ན། ཤིང་དང་གསེར་ལ་མེ་སྦར་བ་བཞིན་ནོ། །འགྱུར་བ་དང་བོ་ཆུང་ཡང་སླར་ལྡོག་པ་མིན་ཏེ། རང་རྒྱུ་ལས་སླར་ལྡོག་མི་རུང་བར་འགྱུར་བའི་ཚུལ་དུ་བྱས་པའི་ཕྱིར། སླར་ལྡོག་ཏུ་རུང་བར་བྱས་བའི་འགྱུར་བ་གང་ཡིན་པ་དེ་ནི། སླར་ཡང་འབྱུང་བར་འགྱུར་ཏེ། དཔེར་ན། གསེར་གྱི་སྲ་བ་ཉིད་བཞིན་ནོ། །དེ་ཡང་སླར་ལྡོག་མི་རུང་བ་ནི། དཔེར་ན། མེས་བསྲེག་པར་བྱས་བའི་སོལ་བ་ཆུང་ངུ་ཡང་སླར་ཤིང་དུ་ལྡོག་པ་མིན་ལ། རིམས་དང་དུག་སོགས་ཀྱིས་འཆི་བའི་ཉེན་ཁ་ལ་གནས་པའི་འགྱུར་བ་ཆེན་པོ་ཡང་སླར་ལྡོག་སྟེ་ནད་མེད་པར་གྱུར་བ་ཡང་ཡོད་དེ། དཔེར་ན། མེས་བཞུས་པའི་གསེར་གྱི་ཞུ་བ་ཆེན་པོ་ཡང་མེ་དང་བྲལ་ན་སླར་ཡང་སྲ་བ་ཉིད་དུ་འགྱུར་བ་བཞིན་ནོ། །ནད་ཀྱི་འགྱུར་བ་ལྡོག་ཏུ་རུང་ན། གསོར་མི་རུང་བའི་ནད་ཡོད་པར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། ཅུང་ཟད་གསོ་བྱ་མིན་པའི་ནད་ཡོད་པར་བརྗོད་པ་ནི། ནད་དེ་འཆོས་བྱེད་རྙེད་པར་དཀའ་བའི་ཕྱིར་རམ། ཡང་ན་ཚེ་ཟད་པ་ལ་དགོངས་པའི་ཕྱིར་རོ། །མཐུན་རྐྱེན་མ་ཚང་བ་དེ་ལྟ་བུ་ཡོད་པ་མིན་པར་ནད་ཀྱི་ཉེས་པ་འབའ་ཞིག་འཆི་བའི་རྒྱུ་ཡིན་ན། གསོ་རུང་མིན་པའི་ནད་མེད་པ་ཉིད་དུ་ཐལ་ལོ། །ཁྱོད་ལྟར་ན་ཤི་བའི་མི་སླར་ཡང་འཚོ་བ་ཡོད་པར་ཐལ། སེམས་ཀྱི་ཉེར་ལེན་གྱི་ལུས་ནི་གནས་ཤིང༌། ཤི་བའི་རྐྱེན་ནད་དང་དུག་སོགས་ལྡོག་པའི་ཕྱིར་རམ། ཡང་ན་དུག་སྦྲུལ་ལྟ་བུ་དེ་ཡིས་སོས་ཟིན་པ་ལ་ཤི་བ་ཞིག་ཡིན་ན་སོས་ཟིན་པའི་རྨ་དེ་བཅད་པ་ལས་ཀྱང་འཚོ་བར་འགྱུར་ཏེ། ནད་དུ་འགྱུར་བའི་རྒྱུ་དང་བྲལ་བས་ན། དེ་ཅིས་སླར་ཡང་འཚོ་བར་མི་འགྱུར་ཞེས་ཁྱོད་ཀྱིས་བསམ་པར་བྱའོ།།

༈ གསུམ་པ་ཉེར་ལེན་གྱི་རྒྱུའི་དོན་བཤད་པ་ནི། ཉེར་ལེན་འགྱུར་བ་མེད་པར་ནི། །ཉེར་ལེན་ཅན་དག་འགྱུར་བར་ནི། །བྱེད་པར་མི་ནུས་དཔེར་འཇིམ་པ། །འགྱུར་བ་མེད་པར་བུམ་སོགས་བཞིན། །དངོས་གང་འགྱུར་བ་མེད་པར་ནི། །དངོས་པོ་གང་ཞིག་ནམ་འགྱུར་བ། །དེ་དེའི་ཉེར་ལེན་མི་རིགས་ཏེ། །བ་གླང་བ་མིན་ལ་སོགས་བཞིན། །སེམས་དང་ལུས་ཀྱང་དེ་བཞིན་ནོ། །དེ་རྒྱུ་ལྷན་ཅིག་བྱེད་པ་ལས། །སྐྱེ་བའི་འབྲས་བུ་ལྷན་ཅིག་གནས། །མེ་དང་ཟངས་མའི་ཁུ་ཉིད་བཞིན། །ཞེས་བྱུང༌། ཉེར་ལེན་གྱི་རྒྱུ་དེ་རང་གི་ཉེར་འབྲས་སུ་འགྱུར་བ་མེད་པར་ནི། ཉེར་ལེན་ཅན་གྱི་འབྲས་བུ་དག་ཏུ་འགྱུར་བར་ནི་བྱེད་པར་མི་ནུས་ཏེ། དཔེར་ན། རྫ་བུམ་གྱི་ཉེར་ལེན་གྱི་འཇིམ་པ་འབྲས་བུ་དེར་འགྱུར་བ་མེད་པར་འཇིམ་པའི་ཉེར་འབྲས་རྫ་བུམ་སོགས་མི་འབྱུང་བ་བཞིན་ནོ། །དངོས་པོ་གང་ཞིག་རང་གི་འབྲས་བུར་འགྱུར་བ་མེད་པར་ནི། དངོས་པོ་གང་ཞིག་ཏུ་ནམ་ཡང་འགྱུར་བ་མེད་དོ། །དེ་ཡི་ཕྱིར་འབྲས་བུ་དེར་མི་འགྱུར་བ་དེ་ནི་དེའི་ཉེར་ལེན་དུ་མི་རིགས་ཏེ། བ་གླང་དང་བ་མིན་ལ་སོགས་པ་བཞིན་དུ། སེམས་དང་ལུས་ཀྱང་དེ་བཞིན་ནོ། །ལུས་ནི་སེམས་ཀྱི་ཉེར་ལེན་གྱི་རྒྱུ་མ་ཡིན་ཏེ། གཟུགས་ཀྱིས་ཤེས་པའི་ཉེར་ལེན་གྱི་རྒྱུ་བྱེད་པ་དང༌། ཤེས་པས་གཟུགས་ཀྱི་ཉེར་ལེན་གྱི་རྒྱུ་བྱེད་པ་གཏན་ནས་མི་སྲིད་པའི་ཕྱིར། འོན་ཀྱང་སེམས་སེམས་བྱུང་གི་རྫས་རྒྱུན་ལ་ས་བོན་སོགས་ཡོད་པས། ལྡན་མིན་འདུ་བྱེད་ཤེས་པར་འགྱུར་བ་དང༌། ཤེས་པ་ལྡན་མིན་འདུ་བྱེད་དུ་འགྱུར་བ་ནི་ཡོད་དོ། །ལུས་སེམས་དེ་གཉིས་ཀྱི་ཉེར་ལེན་གྱི་རྒྱུ་འགལ་ཡང༌། ལྷན་ཅིག་བྱེད་རྐྱེན་མི་འགལ་བས། ལྷན་ཅིག་བྱེད་པ་ལས་སྐྱེ་བའི་འབྲས་བུ་ལུས་སེམས་གཉིས་ལྷན་ཅིག་ཏུ་གནས་པའི་སྐབས་ཡོད་དེ། དཔེར་ན། མེ་དང་ཟངས་མའི་ཁུ་བ་ཉིད་བཞིན་ནོ།།

༈ གཉིས་པ་ལུས་སེམས་དུས་མཉམ་ལ་ལྟོས་ནས་དགག་པ་ལ་གསུམ། ལུས་སེམས་དུས་མཉམ་པའི་རྟེན་དགག་པ། ཚུལ་དེས་རིགས་ཅན་གཞན་ཡང་ཁེགས་པར་བསྟན་པ། དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། ཡོད་མེད་དག་ལ་རྟེན་མེད་ཕྱིར། །མ་ཡིན་ཡོད་པའི་གནས་རྒྱུ་ནི། །རྟེན་ཡིན་ཞེ་ན་འདི་རྟེན་མེད། །གནས་པ་པོ་ལས་གཞན་མིན་ཕྱིར། །གནས་ཡིན་ན་ཡང་དེ་རྒྱུ་ཉིད། །དེས་ནི་དངོས་པོ་ཅི་ཞིག་བྱས། །འཇིག་པ་མེད་པར་ཐལ་བར་འགྱུར། །གལ་ཏེ་དེ་འཇིག་རྒྱུ་ལས་འདོད། །དེ་ལའང་ཐལ་བ་མཚུངས་པ་ཡིན། །གནས་པའི་རྒྱུས་ཀྱང་ཅི་ཞིག་བྱས། །གལ་ཏེ་འཇིག་རྒྱུ་འཕྲད་པར་དུ། །དེས་གནས་འཇིག་པ་དངོས་ཆོས་ཉིད། །ཡོད་པ་འདི་གནོད་མེད་པའི་ཕྱིར། །གནས་པའི་རྒྱུས་ནི་ཅི་ཞིག་བྱ། །གལ་ཏེ་དཔེར་ན་ཆུ་སོགས་ཀྱི། །རྟེན་བཞིན་བྱས་ན་འདི་ལའང་མཚུངས། །དངོས་རྣམས་སྐད་ཅིག་རེ་རེར་ནི། །འཇིག་ན་དངོས་རྒྱུན་དེ་ལྟ་བུར། །སྐྱེ་རྒྱུ་ཡིན་ཕྱིར་དེ་རྟེན་ཡིན། །དེ་ལྟ་མིན་ན་རིགས་མ་ཡིན། །འཕོ་བ་ཡི་ནི་གེགས་བྱེད་ཕྱིར། །ཆུ་སོགས་ཀྱི་ནི་རྟེན་འགྱུར་གྱི། །འགྲོ་བ་མེད་ཅན་ཡོན་ཏན་སྤྱི། །ལས་རྣམས་ལ་ནི་རྟེན་ཅི་དགོས། །ཞེས་བྱུང༌། ལུས་ནི་སེམས་ཀྱི་དུས་མཉམ་གྱི་རྟེན་མ་ཡིན་ཏེ། སེམས་ཡོད་པ་དང་མེད་པ་དག་ལ་རྟེན་གཞན་མེད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་ལྟར་མ་ཡིན་ཏེ། དངོས་པོར་ཡོད་པའི་གནས་པའི་རྒྱུ་ནི། དེ་དག་གི་རྟེན་ཡིན་ནོ་ཞེ་ན། འོ་ན་ལུས་འདི་སེམས་ཀྱི་རྟེན་དུ་མེད་པར་ཐལ། གནས་པ་བོ་སེམས་ཀྱི་རྟེན་ནི་སེམས་ལས་རྫས་གཞན་མིན་པའི་ཕྱིར། གལ་ཏེ་རྫས་གཞན་ཡིན་ན་ཡང་དེ་སེམས་ཀྱི་ཉེར་ལེན་གྱི་རྒྱུ་ཉིད་དུ་མི་རིགས་སོ། །ལུས་དེས་ནི་སེམས་ཀྱི་དངོས་པོ་ཅི་ཞིག་གནས་པར་བྱས། གཞན་དུ་ན་ཡིད་བློ་འཇིག་པ་མེད་པར་ཐལ་བར་འགྱུར་ཏེ། ལུས་དེས་སེམས་ཀྱི་སྐད་ཅིག་གཉིས་པར་མི་འཇིག་པར་གནས་པར་བྱས་པའི་ཕྱིར། གལ་ཏེ་ཡིད་བློ་དེ་འཇིག་རྒྱུ་ལས་འཇིག་པར་འདོད་དོ་ཞེ་ན། དེ་ལའང་སྔར་ལྟར་ཡིད་བློའི་འཇིག་པ་ཡིད་བློ་དང་རྫས་གཅིག་དང་ཐ་དད་བརྟགས་ན་ཐལ་བ་སྔ་མ་དང་མཚུངས་པར་འཇུག་པ་ཡིན་ཏེ། གནས་པར་བྱེད་པའི་རྒྱུས་ཀྱང་ཅི་ཞིག་བྱས་ཀྱང་གནས་པར་མི་ནུས་པར་ཐལ། འཇིག་རྒྱུ་ལས་འཇིག་པའི་ཕྱིར། གལ་ཏེ་སེམས་འཇིག་རྒྱུ་དང་འཕྲད་པའི་བར་དུ་ལུས་དེས་སེམས་ཏེ་གནས་པར་བྱས་སོ་ཞེ་ན། མི་འཐད་དེ། འཇིག་རྒྱུ་ལ་མི་ལྟོས་པར་རང་གྲུབ་པའི་སྐད་ཅིག་གཉིས་པར་འཇིག་པ་འདུས་བྱས་ཀྱི་དངོས་པོ་རྣམས་ཀྱི་ཆོས་ཉིད་དུ་ཡོད་པ་འདི་ལ་གནོད་པ་མེད་པའི་ཕྱིར། མི་འཇིག་པར་གནས་པའི་རྒྱུས་ནི་ཅི་ཞིག་བྱ་སྟེ། འདུས་བྱས་རྣམས་འཇིག་པ་ཆོས་ཉིད་ཡིན་པས་མི་འཇིག་པར་གནས་པར་བྱེད་མི་ནུས་པའི་ཕྱིར། གལ་ཏེ་དཔེར་ན། བུམ་པ་དེ་ཆུ་སོགས་ཀྱི་རྟེན་ཡིན་པ་བཞིན་དུ། ལུས་ཀྱང་སེམས་ཀྱི་རྟེན་ཡིན་ནོ་ཞེ་ན། ཁྱོད་ཀྱི་འདོད་པ་འདི་ལའང་གོང་དུ། ཡོད་མེད་དག་ལ་རྟེན་མེད་ཕྱིར། །ཞེས་པ་ལྟར་གྱི་ཐལ་བ་དེ་འབབ་པ་མཚུངས་སོ། །ཇི་ལྟར་ན། སེམས་ཡོད་པ་དང་དེ་མེད་པའི་རྟེན་མེད་པས་སོ། །དངོས་པོ་རྣམས་སྐད་ཅིག་རེ་རེར་ནི་འཇིག་པ་ན། ཆུའི་དངོས་པོ་རྒྱུན་ཕྱི་མ་རྣམས་རང་གི་ཉེར་ལེན་དང་གོ་ས་མཚུངས་པ་དེ་ལྟ་བུར་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ན། བུམ་པ་སོགས་དེ་ཆུ་ཡི་རྟེན་ཡིན་ནོ། །བུམ་པ་རང་ནང་གི་ཆུ་གནས་པ་ལ་ཕན་འདོགས་བྱེད་དེ་ལྟ་མིན་ན་རིགས་པ་མ་ཡིན་ཏེ། བུམ་པས་བུམ་ནང་གི་ཆུ་ཐུར་དུ་འཕོ་བ་ཡི་ནི་གེགས་བྱེད་པའི་ཕྱིར་ན། ཆུ་སོགས་ཀྱི་ནི་རྟེན་དུ་འགྱུར་གྱི། འགྲོ་བ་མེད་པ་རྟག་པའི་བདག་ཉིད་ཅན་ཡིན་ན། ཡོན་ཏན་དང༌། སྤྱི་དང་ལས་རྣམས་ལ་ནི་རྟེན་ཅི་དགོས་ཏེ་མི་དགོས་པས་སོ། །གཉིས་པ་ཚུལ་དེས་རིགས་ཅན་གཞན་ཡང་ཁེགས་པར་བསྟན་པ་ནི། འདིས་ནི་འཕྲོད་པ་འདུ་བ་དང༌། །འཕྲོད་པ་འདུ་བ་ཅན་རྒྱུ་དང༌། །རིགས་ལ་སོགས་པ་རྣམ་གནས་ཉིད། །རྟེན་མེད་ཕྱིར་ན་གསལ་བ་ཡིན། །ཞེས་བྱུང༌། ཡིད་བློ་ཆོས་ཅན། ལུས་དེ་ཁྱོད་ཀྱི་དུས་མཉམ་པའི་རྟེན་མ་ཡིན་པར་ཐལ། ཁྱོད་རྫས་སུ་ཡོད་པ་དང་མེད་པ་དག་ལ་དུས་མཉམ་པའི་རྟེན་རྫས་གཞན་གང་ཡང་མེད་པའི་ཕྱིར། ཞེས་གྲུབ་ཟིན་གནས་པའི་རྟེན་འགོག་པའི་རིགས་པ་འདིས་ནི། ལུས་སེམས་གཉིས་རིམ་པ་བཞིན་རྟེན་པར་འབྲེལ་བའི་འཕྲོད་པ་དང་འདུ་བ་དང༌། ལུས་སེམས་ཀྱི་འཕྲོད་པ་དང་འདུ་བ་ཅན་གྱི་རྒྱུ་བདག་གིས་བྱས་པ་དང་གསལ་བ་རྣམས་རིགས་ལ་གནས་པ་དང༌། སོགས་སྒྲས་བསྡུས་པ་འབྱུང་བ་ལ་འབྱུང་འགྱུར་དང༌། འབྱུང་བ་ལ་སེམས་དང༌། ཆོས་ཅན་ལ་ཆོས་ཉིད་རྣམ་པར་གནས་པ་ཉིད་ནི། དུས་མཉམ་པའི་རྟེན་གཞན་མེད་པའི་ཕྱིར་ན་བསལ་བ་ཡིན་ནོ།།

༈ གསུམ་པ་དོན་བསྡུ་བ་ནི། གལ་ཏེ་གཞན་ལས་དངོས་འཇིག་ན། །དེ་ཡི་གནས་རྒྱུས་ཅི་ཞིག་བྱ། །དེ་གཞན་མེད་པར་འཇིག་ན་ཡང༌། །གནས་པའི་རྒྱུ་རྣམས་ནུས་མེད་ཡིན། །རྟེན་བཅས་ཐམས་ཅད་གནས་ལྡན་དང༌། །སྐྱེ་བ་ཅན་ཀུན་རྟེན་བཅས་ཡིན། །དེ་ཕྱིར་དངོས་པོ་ཐམས་ཅད་ནི། །འགའ་ཞིག་ཚེ་ནའང་འཇིག་མི་འགྱུར། །གལ་ཏེ་རང་འཇིག་ངང་ཚུལ་བདག །ཡིན་ན་དེ་གནས་བྱེད་གཞན་གང༌། །ཞེས་བྱུང༌། ཁོ་ན་རེ། གལ་ཏེ་འཇིག་རྒྱུ་གཞན་དང་འཕྲད་པ་ལས་དངོས་པོ་རྣམས་འཇིག་པ་ཡིན་ནོ་ཞེ་ན། འོ་ན་དངོས་པོ་དེ་ཡི་གནས་པའི་རྒྱུས་ནི་ཅི་ཞིག་བྱ་སྟེ། དགོས་དོན་མེད་པའི་ཕྱིར། དངོས་པོ་དེ་འཇིག་རྒྱུ་གཞན་མེད་པར་འཇིག་གོ་ཞེ་ན་ཡང༌། སེམས་གནས་པའི་རྒྱུ་ལུས་རྣམས་ལ་གྲུབ་ཟིན་པའི་སེམས་གནས་པའི་ནུས་བ་མེད་པ་ཡིན་པའི་ཕྱིར། རྟེན་བཅས་ཐམས་ཅད་རྟག་པར་གནས་ལྡན་དང༌། སྐྱེ་བ་ཅན་ཀུན་མི་འཇིག་པར་རྟག་པའི་རྫས་ཀྱི་རྟེན་དང་བཅས་པ་ཡིན་པར་ཁས་བླངས་པའི་ཕྱིར། དེའི་ཕྱིར་དངོས་པོ་ཐམས་ཅད་ནི། དུས་འགའ་ཞིག་གི་ཚེ་ནའང་འཇིག་པ་མི་འགྱུར་བར་ཐལ། སྐྱེས་བ་ཅན་ཀུན་མཐར་བདག་ལ་སོགས་པའི་རྟག་དངོས་ཀྱི་རྟེན་དང་བཅས་པའི་ཕྱིར། གལ་ཏེ་དངོས་པོ་རྣམས་རང་འཇིག་པའི་ངང་ཚུལ་གྱི་བདག་ཉིད་ཅན་ཡིན་ན། དེ་མི་འཇིག་པར་རྟག་པར་གནས་བྱེད་ཀྱི་རྒྱུ་གཞན་གང་ཡིན་ཞེས་འདྲིའོ།།

༈ གཉིས་པ་ལུས་སེམས་ཀྱི་ཉེར་ལེན་མིན་པའི་སྒྲུབ་བྱེད་བརྗོད་པ་ལ་གསུམ། སྒྲུབ་བྱེད་བརྗོད་པ་དངོས། ལུས་སེམས་རྫས་གཅིག་ཏུ་འདོད་པ་དགག་པ། འཁོར་བའི་རྒྱུ་ངོས་བཟུང་བའོ། །དང་བོ་ནི། ལུས་ཀྱི་ཕུལ་བྱུང་འགྲིབ་མེད་པར། །བློ་ཡི་བྱེད་པའི་ཁྱད་པར་གྱི། །ཤེས་རབ་ལ་སོགས་ཕུལ་བྱུང་དང༌། །འགྲིབ་པ་དག་ཏུ་འགྱུར་བ་ཡིན། །འདི་ནི་མར་མེ་འོད་ལ་སོགས། །རྟེན་པ་རྣམས་ལ་ཡོད་མ་ཡིན། །དེ་ལས་ཀྱང་འདི་ཁྱད་འགྱུར་ཏེ། །སེམས་ལ་ཕན་འདོགས་མེད་པར་མིན། །འགའ་ཚེ་ཆགས་སོགས་རྒྱས་སོགས་ཀྱི། །འཕེལ་བ་བདེ་སྡུག་ལས་སྐྱེས་ཡིན། །དེ་ཡང་ཁམས་སྙོམས་ལ་སོགས་པ། །ནང་གི་དོན་ནི་ཉེ་བ་ལས། །འདིས་ནི་འདུས་པ་ལ་སོགས་པ། དྲན་པ་ཉམས་སོགས་བཤད་པ་ཡིན། །ནང་དོན་ཁྱད་པར་ལས་སྐྱེས་པའི། །བློས་ནི་འགྱུར་བར་བྱེད་ཕྱིར་རོ། །དཔེར་རྒྱུད་ཁྱད་པར་འགའ་ཞིག་ལ། །སྟག་ཉིད་དང་ནི་ཁྲག་ལ་སོགས། །ཐོས་པ་དང་ནི་མཐོང་བ་ལས། །རྨོངས་པ་ལ་སོགས་འབྱུང་འགྱུར་བཞིན། །དེ་ཕྱིར་ངེས་པར་རང་ཉིད་ཀྱི། །འདུ་བྱེད་ཀྱི་ནི་རྗེས་འཇུག་པའི། །སེམས་ནི་དེ་མེད་མི་འབྱུང་བ། །དེ་ཕྱིར་སེམས་ལ་བརྟེན་པ་ཡིན། །ཞེས་བྱུང༌། ལུས་ནི་སེམས་ཀྱི་ཉེར་ལེན་མ་ཡིན་ཏེ། ལུས་ཀྱི་སྟོབས་དང་མཛེས་སྡུག་སོགས་ཕུལ་དུ་བྱུང་བ་དང་འགྲིབ་པ་ལ་ལྟོས་པ་མེད་པར། སྐྱེས་སྦྱང་གི་བློ་ཡི་བྱེད་པའི་ཁྱད་པར་གྱིས་ཤེས་རབ་ལ་སོགས་པ་ཕུལ་དུ་བྱུང་བ་དང༌། ཉོན་མོངས་པའི་སེམས་སོགས་འགྲིབ་པ་དག་ཏུ་འགྱུར་བ་ཡིན་པའི་ཕྱིར། བློ་གྲོས་འཕེལ་འགྲིབ་རྗེས་སུ་བྱེད་པ་འདི་ནི། མར་མེ་འོད་ལ་སོགས་པ་ཉེར་ལེན་གྱི་གཟུགས་ལ་བརྟེན་པ་རྣམས་ལ་ཡོད་པ་མ་ཡིན་ནོ། །ལུས་གསོ་བྱེད་ཀྱི་བཅུད་ལེན་ལ་སོགས་པ་དེ་དག་ལས་ཀྱང་སེམས་འདི་ཅུང་ཟད་གསལ་བར་འགྱུར་བ་སོགས་ཀྱི་ཁྱད་པར་འགྱུར་ཏེ། དེས་ལྷན་ཅིག་བྱེད་རྐྱེན་ཙམ་གྱི་སྒོ་ནས་སེམས་ལ་ཕན་འདོགས་པར་བྱེད་པ་ལས་སེམས་དྭངས་པ་སོགས་བྱུང་བ་ཡིན་གྱི། བཅུད་ལེན་སོགས་ཀྱི་སེམས་ལ་ཕན་འདོགས་པ་གང་ཡང་མེད་པར་སེམས་གསལ་བ་སོགས་འབྱུང་བ་མིན་ནོ། །དེ་ལ་ཁོ་ན་རེ། ལུས་རྒྱས་པ་ལས་འདོད་ཆགས་དང་རྒུད་པ་ལས་ཞེ་སྡང་སྐྱེ་བ་མཐོང་བས། རྩ་བའི་རྟགས་མ་གྲུབ་བོ་ཞེ་ན། མི་འཐད་དེ། དུས་འགའ་ཞིག་ཚེ་ན་ཆགས་སོགས་རྒྱས་པ་དང༌། ཞེ་སྡང་སོགས་ཀྱི་འཕེལ་བ་ནི། བདེ་སྡུག་མྱོང་འགྱུར་གྱི་ཚོར་བ་ལས་ཀྱང་སྐྱེས་པ་ཡིན་ནོ། །དེ་ཡང་ཁམས་སྙོམས་པ་དང་མི་སྙོམས་པ་ལ་སོགས་པ་ནང་གི་རེག་བྱའི་བཟུང་དོན་དང་ནི་ཉེ་བ་ལས་སྐྱེས་པའི་ཕྱིར། རིགས་པ་འདིས་ནི་འདུས་པའི་རིམས་ནད་ལ་སོགས་པ་དང༌། དྲན་པ་ཉམས་པ་སོགས་ལ་ལུས་ནི་སེམས་ཀྱི་ཉེར་ལེན་དུ་མེད་པར་བཤད་པ་ཡིན་ཏེ། ནང་གི་རེག་བྱ་གཟུང་དོན་དུ་ཉེ་བའི་ཁྱད་པར་ལས་སྐྱེས་པའི་དབང་བློས་ནི་འགྱུར་བ་དེ་བསྐྱེད་པར་བྱེད་པའི་ཕྱིར་རོ། །དཔེར་ན། སེམས་ཅན་གྱི་རྒྱུད་སྙིང་ཁམས་ཆུང་བའི་ཁྱད་པར་འགའ་ཞིག་ལ་སྟག་ཉིད་བྱུང་ངོ་ཞེས་བརྗོད་པ་དང༌། གཞན་བསད་པའི་ཁྲག་ལ་སོགས་པ་ཐོས་པ་དང་ནི་མཐོང་བ་ལས་སྐྲག་པས་སེམས་རྨོངས་པ་ལ་སོགས་པ་ལུས་ཀྱི་ཉེར་ལེན་ལ་མ་བརྟེན་པར་འབྱུང་བར་འགྱུར་བ་བཞིན་ནོ། །དེ་ཕྱིར་ངེས་པར་སེམས་སྔ་མ་གང་ཡང་རུང་བ་ཉིད་ཀྱི་འདུ་བྱེད་ཀྱི་ནི་རྗེས་སུ་འཇུག་པའི་སེམས་ནི། སེམས་སྔ་མ་དེ་ཉེར་ལེན་དུ་མེད་ན་མི་འབྱུང་བ་དེ་ཕྱིར་སེམས་ཀྱི་ཉེར་ལེན་ནི་སེམས་ལ་བརྟེན་པ་ཡིན་ནོ།།

༈ གཉིས་པ་ལུས་སེམས་གཉིས་རྫས་གཅིག་ཏུ་འདོད་པ་དགག་པ་ནི། ཇི་ལྟར་སེམས་ལ་བརྟེན་བྱས་ནས། །ཐོས་སོགས་འདུ་བྱེད་སེམས་ལ་ནི། །དུས་གསལ་ཐ་དད་མེད་པའི་ཕྱིར། །དེ་ལྟར་ལུས་ལའང་ཡོན་ཏན་འགྱུར། །ཞེས་བྱུང༌། ཇི་ལྟར་སེམས་སྔ་མ་ལ་བརྟེན་པར་བྱས་ནས་ཐོས་པ་སོགས་འདུ་བར་བྱེད་པའི་ཡོན་ཏན་སེམས་ལ་ནི་དུས་འགའ་ཞིག་གི་ཚེ་བ་ལྟར་ལུས་ལའང་སེམས་ཀྱི་ཡོན་ཏན་ཐོས་སོགས་དེ་དག་གསལ་བར་ཡོད་པར་ཐལ། ལུས་སེམས་རྫས་ཐ་དད་དུ་མེད་པའི་ཕྱིར། ཁྱོད་ཀྱི་འདོད་པ་དེ་ལྟར་ན་ལུས་ལའང་ཐོས་བསམ་སྒོམ་པའི་ཡོན་ཏན་ཡོད་པར་འགྱུར་རོ། །གསུམ་པ་འཁོར་བའི་རྒྱུ་ངོས་བཟུང་བ་ནི། བདག་ལ་ཆགས་པ་དང་ལྡན་པས། །སེམས་ཅན་གཞན་གྱིས་བཀྲི་མིན་པར། །བདེ་སྡུག་དོར་ཐོབ་འདོད་པས་ན། །དམན་པའི་གནས་ནི་ཡོངས་སུ་ལེན། །སྡུག་བསྔལ་ཕྱིན་ཅི་ལོག་བློ་དང༌། སྲེད་པ་ཀུན་ནས་འཆིང་བ་ནི། །སྐྱེ་རྒྱུ་གང་ལ་དེ་མེད་པ། །དེ་ནི་སྐྱེ་བར་མི་འགྱུར་རོ། །གལ་ཏེ་འགྲོའང་མ་མཐོང་ན། །དབང་བོ་མི་གསལ་ཕྱིར་མ་མཐོང༌། །དཔེར་ན་མིག་མི་གསལ་བ་ཡིས། །དུ་བ་ཆུང་དུ་མི་མཐོང་བཞིན། །ལུས་ཅན་ཡིན་ཡང་ཕྲ་བའི་ཕྱིར། །འགའ་ཞིག་ལ་ལར་ཐོགས་མེད་དེ། །ཆུ་བཞིན་གསེར་ལ་དངུལ་ཆུ་བཞིན། །མ་མཐོང་ཕྱིར་ན་མེད་པ་མིན། །ཞེས་བྱུང༌། ལུས་སེམས་ཀྱི་ཉེར་ལེན་མིན་ན་འཁོར་བར་འཁོར་བྱེད་ཀྱི་རྒྱུ་གང་ཞེ་ན། སེམས་ཅན་ཐ་མལ་བ་རྣམས་བདག་ཉིད་ལ་ཆགས་པ་དང་ལྡན་པས་ན། འཁོར་བའི་གནས་སུ་སེམས་ཅན་གཞན་གྱིས་བཀྲི་བ་ལྟར་འགྲོ་བ་མིན་པར། རང་ཉིད་ཀྱི་བདེ་བ་ཐོབ་པར་འདོད་པ་དང༌། སྡུག་བསྔལ་དོར་བར་འདོད་པས་ན། ལས་ཀྱི་དབང་གིས་དམན་པའི་གནས་སུ་ནི་སྐྱེ་བ་ཡོངས་སུ་ལེན་ཏེ། དེ་ཡང་སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་གི་བློ་དང༌། སྲེད་པའི་ཀུན་ནས་འཆིང་བ་ནི་འཁོར་བར་སྐྱེ་བའི་རྒྱུ་ཡིན་པས། སྐྱེ་རྒྱུ་དེ་དག་གང་ལ་མེད་པ་དེ་ནི། འཁོར་བར་ལས་ཉོན་གྱི་དབང་གིས་སྐྱེ་བར་མི་འགྱུར་རོ། །གལ་ཏེ་སྐྱེ་བ་སྔ་མ་ནས་འདི་དང་འདི་ནས་ཕྱི་མའི་སྐྱེ་སྲིད་དུ་འགྲོ་བའི་བར་དོ་ཞིག་ཡོད་ན། དེས་འགྲོ་འོང་བྱེད་པ་མཐོང་ཆོག་པ་ལ་མ་མཐོང་བའི་ཕྱིར་ཞེ་ན། རིགས་མཐུན་ལྷ་མིག་དག་པས་མཐོང༌། །ཞེས་གསུངས་པ་ལྟར་ཡིན་པས། རྒྱང་འཕེན་ཁྱོད་ཀྱི་མིག་གི་དབང་བོ་མི་གསལ་བའི་ཕྱིར་ན། བར་སྲིད་པ་མ་མཐོང་ངོ༌། །དཔེར་ན། མིག་མི་གསལ་བ་ཡིས་བར་སྣང་གི་དུ་བ་ཆུང་ངུ་མི་མཐོང་བ་བཞིན་ནོ། །འོ་ན་བར་དོ་བའི་གཟུགས་ཕུང་མི་མཐོང་ན་ཡང༌། དེ་ལུས་ཅན་ཡིན་པས་གཟུགས་ཅན་གཞན་དང་ཐོགས་ཆོག་པ་ལ་སུ་དང་ཅི་ལ་ཡང་མི་ཐོགས་པའི་ཕྱིར་ན། བར་སྲིད་པའི་གཟུགས་ཕུང་ལུས་ཅན་ཡིན་ཡང་ཤིན་ཏུ་ཕྲ་བའི་ཕྱིར་ན། ལུས་ཅན་འགའ་ཞིག་ཡུལ་ལ་ལར་ཐོགས་པ་མེད་དེ། དཔེར་ན། བྱེ་མ་ལ་ཆུ་མི་ཐོགས་པ་བཞིན་དང༌། གསེར་ལ་དངུལ་ཆུ་མི་ཐོགས་པ་བཞིན་ནོ། །རྒྱང་འཕེན་སོགས་ཀླ་ཀློ་འགའ་ཞིག་གིས། བར་སྲིད་པ་དང་ལྷ་འདྲེ་སོགས་ཁོ་བོས་མ་མཐོང་བའི་ཕྱིར་ན་མེད་པ་ཡིན་ནོ་ཞེས་ཟེར་བ་ནི། གཏན་ནས་འཐད་པ་མིན་ཏེ། ཁྱོད་ཀྱིས་མ་མཐོང་བའི་ཤེས་བྱ་ནི་འཇིག་རྟེན་གྱི་ཁམས་ན་མཐའ་ཡས་པ་ཡོད་པའི་ཕྱིར།

༈ གཉིས་པ་ལུས་ཀྱི་ངོ་བོ་ལ་བརྟག་ནས་དགག་པ་ལ་གཉིས། ལུས་གཅིག་སེམས་ཀྱི་ཉེར་ལེན་ཡིན་པ་དགག་པ་དང༌། ལུས་དུ་མ་སེམས་ཀྱི་ཉེར་ལེན་ཡིན་པ་དགག་པའོ། །དང་བོ་ལ་གསུམ། དངོས་དང༌། རྩོད་སྤོང༌། རྫས་ལ་བརྟེན་པའི་ཆོས་གཞན་དགག་པའོ། །ལས་སོགས་གཡོ་ན་ཐམས་ཅད་དག །གཡོ་བར་འགྱུར་ཕྱིར་འགལ་བ་ཅན། །ལས་ནི་གཅིག་ལ་མི་རུང་ཕྱིར། །གཞན་དུ་ཐ་དད་གྲུབ་པར་འགྱུར། །གཅིག་བསྒྲིབས་པ་ན་ཐམས་ཅད་དག །བསྒྲིབས་པར་འགྱུར་བའམ་མ་བསྒྲིབས་ན། །མཐོང་འགྱུར་གཅིག་ཚོན་གྱིས་བསྒྱུར་ན། །བསྒྱུར་བའམ་མ་བསྒྱུར་རྟོགས་པར་འགྱུར། །དེ་ཕྱིར་ཚོགས་པ་གཅིག་ཡོད་མིན། །ཞེས་བྱུང༌། ལུས་གཅིག་སེམས་ཀྱི་ཉེར་ལེན་ཡིན་པ་དེ་ལྟར་ན། ལག་པ་སོགས་ཡན་ལག་གཅིག་གཡོ་ན་ཡན་ལག་ཐམས་ཅད་དག་གཡོ་བར་འགྱུར་བའི་ཕྱིར་ཏེ། གཡོ་བ་དང་མི་གཡོ་བའི་འགལ་བ་ཅན་གྱི་ལས་གཉིས་ནི་གཞི་གཅིག་ལ་མི་རུང་བའི་ཕྱིར་རོ། །གཞན་དུ་ན་ལག་པ་གཅིག་བུའི་སྟེང་དུ་གཡོ་བ་དང་མི་གཡོ་བ་གཉིས་ཐ་དད་དུ་གྲུབ་པར་འགྱུར་རོ། །གཞན་ཡང༌། ཡན་ལག་གཅིག་བསྒྲིབས་པ་ན་ཡན་ལག་ཐམས་ཅད་དག་བསྒྲིབས་པར་འགྱུར་བའམ་ཡན་ལག་གཅིག་མ་བསྒྲིབས་ན་ཡན་ལག་ཐམས་ཅད་མཐོང་བར་འགྱུར་ཏེ། གཅིག་མ་བསྒྲིབས་ན་ཀུན་མ་བསྒྲིབས་པར་འགྱུར་བའི་ཕྱིར། གཞན་ཡང༌། གདོང་ལྟ་བུའི་ཡན་ལག་གཅིག་ཚོན་གྱིས་བསྒྱུར་ན་ཡན་ལག་ཐམས་ཅད་ཚོན་གྱིས་བསྒྱུར་བའམ། ཡང་ན་ཡན་ལག་གཞན་ཚོན་གྱིས་མ་བསྒྱུར་ན་གདོང་ཡང་ཚོན་གྱིས་མ་བསྒྱུར་བར་རྟོགས་པར་འགྱུར་བར་ཐལ་ལོ། །དེའི་ཕྱིར་ཚོགས་པ་ཆ་མེད་གཅིག་ཡོད་པ་མིན་ནོ། །གཉིས་པ་ལུས་དུ་མ་སེམས་ཀྱི་ཉེར་ལེན་ཡིན་པ་དགག་པ་ནི། དུ་མ་ཉིད་ནའང་སྔ་མ་བཞིན། །ཁྱད་མེད་ཕྱིར་དང་ཕྲ་རབ་ཕྱིར། །རྟོགས་མིན་ཞེ་ན་ཁྱད་མེད་པར། །མ་གྲུབ་ཁྱད་པར་ཅན་རྣམས་ནི། །དབང་ཡུལ་དེ་ཕྱིར་རྡུལ་ཕྲན་མིན། །འདིས་ནི་སྒྲིབ་བྱེད་ལ་སོགས་པ། །མེད་པ་དག་ཀྱང་བསལ་བ་ཡིན། །དངུལ་ཆུ་གསེར་སོགས་དང་འདྲེས་པའམ། །རྡོ་ཚན་ལ་སོགས་ཇི་ལྟར་སྣང༌། །དབང་སོགས་སོ་སོར་ནུས་མེད་རྣམས། །རྟོགས་པ་དག་ནི་ཇི་ལྟར་ཡིན། །ལྡན་ལས་ཤེས་ན་འདིར་ཐལ་མཚུངས། །གལ་ཏེ་གསེར་དང་དངུལ་ཆུ་ནི། །ལྡན་པས་སྣང་བ་ཡིན་ཞེ་ན། །རྟེན་མཐོང་མེད་པར་གང་ལས་རྟོགས། །རོ་གཟུགས་ལ་སོགས་ལྡན་པར་འགལ། །གལ་ཏེ་ཉེ་བར་བཏགས་པ་ལས། །འདོད་ན་བློ་ཐ་དད་པར་འགྱུར། །ཇི་ལྟར་ཕྲེང་རིང་ཞེས་བྱར་འགྱུར། །ཞེས་བྱུང༌། ལུས་ཀྱི་རྡུལ་དུ་མ་ཉིད་སེམས་ཀྱི་ཉེར་ལེན་དུ་འདོད་ནའང་རྡུལ་ཕྲན་སྔ་མ་བཞིན་དུ་རྡུལ་ཕྲན་རེ་རེ་ནས་སེམས་སུ་འགྱུར་དགོས་པ་ཁྱད་པར་མེད་པའི་ཕྱིར་དང༌། གལ་ཏེ་རྡུལ་ཕྲ་རབ་ཡིན་པའི་ཕྱིར་དབང་ཤེས་ཀྱི་རྟོགས་པ་མིན་ནོ་ཞེ་ན། ལུས་ཕུང་སོགས་གཟུགས་རགས་པ་རྣམས་ཀྱིས་དབང་ཤེས་ཀྱི་དམིགས་རྐྱེན་བྱེད་པ་རྡུལ་ཕྲན་རེ་རེ་བ་དང་ཁྱད་པར་མེད་པར་མ་གྲུབ་སྟེ། ཁྱད་པར་ཅན་རྣམས་ནི་དབང་ཤེས་ཀྱི་ཡུལ་ཡིན་པ་དེ་ཕྱིར་དུ་མ་ནི་རྡུལ་ཕྲན་མིན་ནོ། །རྡུལ་ཕྲན་ཁྱད་པར་ཅན་སྒྲུབ་པའི་རིགས་པ་འདིས་ནི་ཡན་ལག་ཅན་རྫས་གཅིག་པ་མེད་ན། སྐྱེས་བུས་ལུས་སོགས་ཀྱི་སྒྲིབ་བྱེད་དང་ཐོགས་པ་ལ་སོགས་པ་མེད་པར་ཐལ། ཆ་ཚོགས་པའི་རྡུལ་ཕྲ་རབ་སོ་སོར་བ་ལ་སྒྲིབ་ཐོགས་མེད་པའི་རྡུལ་ཕྲ་རབ་ཡིན་པའི་ཕྱིར་སྙམ་པའི་ཀླན་ཀ་དེ་དག་ཀྱང་བསལ་བ་ཡིན་ཏེ། འདི་ལ་ཡང་གཏན་ཚིགས་མ་གྲུབ་པའི་ལན་བཏབ་པས་ཆོག་པས་སོ། །དངུལ་ཆུ་གསེར་སོགས་དང་འདྲེས་པའམ། རྡོ་ཚོན་ལ་སོགས་པ་དབང་ཤེས་ལ་ཇི་ལྟར་སྣང་སྟེ་མི་སྣང་བར་ཐལ། དེ་ལ་ཡན་ལག་ཅན་དོན་གཞན་མེད་པའི་ཕྱིར་ཏེ། རྡུལ་རིགས་མི་མཐུན་པ་ཚོགས་པའི་ཕྱིར། དབང་ཤེས་སོགས་རྡུལ་ཕྲ་རབ་སོ་སོར་སྣང་བའི་ནུས་པ་མེད་རྣམས་ཀྱིས་རྡུལ་ཕྲ་རབ་རྟོགས་པ་དག་གི་ཚུལ་ནི་ཇི་ལྟར་ཡིན། ཁོ་ན་རེ། རྡུལ་ཕྲན་རིགས་མི་མཐུན་པ་ཕན་ཚུན་འཕྲད་ཅིང་ལྡན་པ་ལས་དབང་ཤེས་ལ་སྣང་བ་ཡིན་ནོ་ཞེ་ན། འདིར་ཡང་ཚོགས་མ་ཚོགས་ཀྱི་ཐལ་བ་དེ་མཚུངས་པར་འབབས་སོ། །གལ་ཏེ་གསེར་དང་དངུལ་ཆུ་འདྲེས་པ་ནི། རྡུལ་ཕྲན་ཕན་ཚུན་ལྡན་པས་སྣང་བ་ཡིན་ནོ་ཞེ་ན། རྟེན་གྱི་རྡུལ་མཐོང་བ་མེད་པར་རྡུལ་གྱི་ལྡན་པ་གང་ལས་རྟོགས། རྫས་སྣ་ཚོགས་སྦྱར་བའི་བཟའ་བཏུང་གི་རོ་ཞིམ་པ་དང་གཟུགས་ལེགས་པ་ལ་སོགས་པའི་ཡོན་ཏན་ལྡན་པར་འགལ་བར་ཐལ། དེ་ལྡན་པའི་ཡན་ལག་ཅན་དོན་གཞན་མེད་པའི་ཕྱིར། གལ་ཏེ་དེ་མེད་ཀྱང་ཡན་ལག་གི་རོ་གཟུགས་ལ་ཉེ་བར་བཏགས་པ་ལས་བཟའ་བཏུང་ཞིམ་པོ་ལ་སོགས་པའི་ཐ་སྙད་འདོད་དོ་ཞེ་ན། དེ་ལྟར་ན་བཟའ་བཏུང་དེ་དག་གི་རོ་གཟུགས་སོགས་མ་འདྲེས་པར་སྣང་བའི་བློ་ཐ་དད་པ་སྐྱེ་བར་འགྱུར་རོ། །ཇི་ལྟར་མེ་ཏོག་གི་ཕྲེང་བ་རིང་བོ་ཞེས་བྱ་བར་འགྱུར་བ་ཡང་མེད་པར་ཐལ། རོ་ཞིམ་པ་སོགས་སུ་བཏགས་པ་ཅན་དུ་ཟད་ཀྱི་ཡན་ལག་ཅན་གྱི་རོ་ཞིམ་པ་མེད་པ་དང་མཚུངས་པའི་ཕྱིར།

༈ གསུམ་པ་རྫས་གཞན་ལ་བརྟེན་པའི་ཆོས་གཞན་དགག་པ་ལ་གཉིས། མི་དམིགས་པས་དགག་པ་དང༌། རྩོད་པ་སྤོང་བའོ། །དང་བོ་ནི། དེ་ལྡན་རང་གི་ངོ་བོ་དང༌། །བརྗོད་པ་དག་ལས་ཐ་དད་པར། །གྲངས་ལྡན་ལས་ལ་སོགས་པ་ཡི། །ངོ་བོ་བློ་ལ་མི་སྣང་ངོ༌། །ཞེས་བྱུང༌། གྲངས་སོགས་དེ་དང་ལྡན་པའི་གཟུགས་རང་གི་ངོ་བོ་དང༌། གཟུགས་ཞེས་བརྗོད་པའི་སྒྲ་དག་ལས་ཐ་དད་པར་གྲངས་ལྡན་དང་ལས་ལ་སོགས་པ་ཡི་ངོ་བོ་མེད་བས། བློ་མ་འཁྲུལ་བ་ལ་མི་སྣང་ངོ༌།།

༈ གཉིས་པ་རྩོད་པ་སྤོང་བ་ལ་གཉིས། སྒྲ་རྟོག་ཐ་དད་དུ་མི་འཇུག་པའི་ཉེས་པ་མེད་པ་དང༌། དྲུག་སྒྲ་མི་རུང་བའི་ཉེས་པ་མེད་པའོ། །དང་བོ་ནི། སྒྲ་ཤེས་དངོས་པོ་ཐ་དད་པའི། །རྗེས་འབྲང་རྣམ་རྟོག་བཏགས་དོན་ཅན། །དཔེར་ན་ཡོན་ཏན་ལ་སོགས་པའམ། །ཞིག་དང་མ་སྐྱེས་དག་ལ་བཞིན། །གལ་ཏེ་འདིར་ནི་བཏགས་འདོད་ན། །རྒྱུ་མཚན་གང་གིས་དེ་འདོད་པ། །དེ་ནི་དངོས་པོ་ཐམས་ཅད་ལ། །དེ་དག་གི་རྒྱུས་ཅིས་མི་འདོད། །གལ་ཏེ་ཀུན་ལ་ཉེར་བཏགས་མིན། །ཐ་དད་ཁྱད་པར་གཙོ་བོ་ཞེས། །བྱ་ཉིད་གང་ལས་ཐ་དད་པ། །མེད་པ་ཐ་དད་དོན་མེད་ན། །དོན་གཞན་རྒྱུ་མཚན་ཅན་མིན་ཡང༌། །དཀར་ལ་སོགས་པ་གྲངས་སོགས་དང༌། །ལྡན་པའི་སྒྲ་ནི་རྣམ་གྲངས་མིན། །གལ་ཏེ་དེ་ལའང་དོན་གཞན་ན། །ཡོན་ཏན་རྫས་ནི་ཁྱད་མེད་འགྱུར། །དོན་གཞན་མིན་ཡང་ལྡོག་པ་ཡི། །དབྱེ་བས་ཐ་དད་པ་ཡིན་ཏེ། །ལས་རྫས་མིན་པའི་སྒྲ་བཞིན་ནོ། །ཞེས་གསུངས། གཟུགས་སོགས་བརྗོད་པའི་སྒྲ་དང་དེ་འཇལ་བའི་རྟོག་བཅས་ཀྱི་ཤེས་པ་དག་དངོས་པོ་ཐ་དད་པའི་རྗེས་སུ་འབྲང་བའི་རྣམ་རྟོག་གིས་བཏགས་པའི་དོན་ཅན་ཡིན་པས། དཔེར་ན། ཡོན་ཏན་ལ་སོགས་པའམ། ཞིག་པ་དང་མ་སྐྱེས་བ་དག་ལ་གཅིག་གཉིས་ལ་སོགས་པའི་སྒྲ་འཇུག་པ་བཞིན་ནོ། །གལ་ཏེ་འདུས་པ་སོགས་འདིར་ནི་གཅིག་གཉིས་ལ་སོགས་པའི་གྲངས་ཀ་སོགས་བཏགས་མིང་དུ་འདོད་དོ་ཞེ་ན། རྒྱུ་མཚན་གང་གིས་འདས་སོགས་ལ་གྲངས་སོགས་ཀྱི་སྒྲ་དེ་བཏགས་མིང་དུ་འཇུག་པར་འདོད་པ་དེ་ནི། དངོས་པོ་ཐམས་ཅད་ལ་གྲངས་སོགས་དེ་དག་གི་སྒྲ་བཏགས་མིང་དུ་འཇུག་པའི་རྒྱུ་མཚན་དུ་ཅིས་མི་འདོད། གལ་ཏེ་ཀུན་ལ་ཉེ་བར་བཏགས་མིང་དུ་འཇུག་པ་མིན་ཏེ། ཐ་དད་པའི་རྫས་ཁྱད་པར་ཡོད་ཆོས་གཙོ་བོ་ལ་དངོས་མིང་ཡིན་པའི་ཕྱིར་ན། དེ་དངོས་མིང་མིན་ནོ་ཞེས་བྱ་བ་འདི་ཉིད་གང་ལས་རྟོགས། ཁོ་ན་རེ། རྫས་ཐ་དད་པ་མེད་པ་ལ་སྒྲ་ཐ་དད་དོན་མེད་དོ་ཞེ་ན། བརྗོད་བྱ་རྫས་ཐ་དད་པ་མེད་ན་སྒྲ་ནི་རྣམ་གྲངས་པ་ཡིན་མི་དགོས་ཏེ། དོན་གཞན་རྒྱུ་མཚན་ཅན་མིན་ཡང༌། དཀར་བོ་ལ་སོགས་པ་གྲངས་སོགས་དེ་དང་ལྡན་པའི་སྒྲ་ནི་རྣམ་གྲངས་པ་མིན་པའི་ཕྱིར། གལ་ཏེ་དཀར་བོ་དེ་ལའང་ཡོན་ཏན་དོན་གཞན་ཡོད་དོ་ཞེ་ན། ཡོན་ཏན་དང་རྫས་གཉིས་ནི་ཁྱད་མེད་དུ་ཐལ་བར་འགྱུར། རྫས་ཐ་དད་མེད་ཀྱང་སྒྲ་ཐ་དད་དུ་འཇུག་པ་མི་འགལ་ཏེ། །དོན་གཞན་མིན་ཡང་ལྡོག་པ་ཡིས་དབྱེ་བས་སྒྲ་ཐ་དད་པ་འཇུག་པ་ཡོད་པ་ཡིན་ཏེ། དཔེར་ན། རས་ནི་རྫས་མིན་ཞེས་བརྗོད་པའི་སྒྲ་བཞིན་ནོ། །གཉིས་པ་དྲུག་སྒྲ་མི་རུང་བའི་ཉེས་པ་མེད་པ་ནི། དངོས་པོ་བརྗོད་པའི་སྒྲ་རྣམས་ཀྱིས། །གྲངས་སོགས་དེ་ལྡན་ལྡན་པ་ལས། །ཐ་དད་བཞིན་དུ་བསྟན་གང་དེའང༌། །ཆོས་གཞན་ཁྱད་བར་བྱེད་པ་ཡིན། །དེ་ཙམ་ཤེས་པར་འདོད་པ་ལ། །གཞན་ཀུན་འཕངས་པ་མེད་པར་ནི། །ལ་ལར་སོར་མོའི་ལྡན་པ་ཞེས། །ཐ་དད་ཆོས་བཞིན་བརྗོད་པར་བྱེད། །དོན་གཅིག་བརྗོད་ཀྱང་ཐམས་ཅད་ནི། །འཕེན་ཕྱིར་སོར་མོ་ལྡན་འགྱུར་ཞེས། །ཆོས་ཅན་བརྗོད་པར་གྲགས་ཡིན་ཏེ། །དེ་ལྟར་བརྡར་ནི་བྱས་པ་ཡིན། །གཟུགས་སོགས་ནུས་པའི་ཁྱད་པར་ནི། །སྤོང་བའི་དེ་མཚུངས་འབྲས་བུ་ཡི། །རྒྱུ་མིན་པ་ནི་རྣམ་གཅོད་ལ། །བུམ་པའི་སྒྲ་ནི་འཇུག་པར་འགྱུར། །དུས་ན་བུམ་པ་གཟུགས་སོ་ཞེས། །གཞི་གཅིག་པ་ཅན་སྒྲ་མ་ཡིན། །དེས་ན་འདི་ནི་རིགས་དང་ནི། །ཚོགས་པ་བརྗོད་པའི་ཁྱད་པར་ཡིན། །དེ་སྤྱི་ཡན་ལག་ཏུ་བྱས་ཏེ། བུམ་པ་ཡི་ནི་གཟུགས་སོགས་ཞེས། །དེ་ནུས་ཁྱད་པར་སྟོན་པར་བྱེད། །ཕྱོགས་འདིས་གཞན་ལའང་བརྗོད་པར་བྱ། །ཞེས་བྱུང༌། དཔེར་ན། རྫས་འཇལ་བྱེད་ཀྱི་སྲང་དང་སྲང་གི་གྲངས་ཀ་ལྟ་བུ་རྫས་ཐ་དད་དུ་མེད་ན། སྲང་གི་གྲངས་དང་བུམ་པའི་གྲངས་ཞེས་པ་ལྟ་བུའི་རྣམ་དབྱེ་དྲུག་པའི་སྒྲ་སྦྱོར་བ་མི་འཐད་དེ། སྒྲ་གཞུང་ལས། ཐ་དད་པ་ལ་ནི་དྲུག་པའོ། །ཞེས་བྱུང་བས། དྲུག་སྒྲ་ནི་ཆོས་དང་ཆོས་ཅན་རྫས་ཐ་དད་པ་ལ་སྦྱོར་དགོས་པས་སོ་ཞེ་ན། མི་འཐད་དེ། བུམ་པའི་གྲངས་ཞེས་པ་ལྟ་བུ་དང་སོ་སོ་འམ་ཆོས་བརྗོད་པའི་སྒྲ་རྣམས་ཀྱིས་གྲངས་སོགས་ལས་དེ་དང་ལྡན་པའི་བུམ་པ་སོགས་ལས་ཐ་དད་པ་བཞིན་དུ་བསྟན་པ་གང་ཡིན་པ་དེ་ལའང་དགོས་པ་ཡོད་དེ། ཆོས་གཞན་གྱི་གྲངས་ལ་ཁྱད་པར་དུ་བྱེད་པའི་ཆེད་ཡིན་པའི་ཕྱིར། དེ་བཞིན་དུ་སོར་མོའི་ལྡན་པ་དེ་ཙམ་ཤེས་པར་འདོད་པ་ལ། ཁྱད་ཆོས་གཞན་ཀུན་བློ་ཡུལ་དུ་འཕངས་པ་མེད་པར་ནི། ལ་ལར་སོར་མོའི་ལྡན་པ་ཞེས་སོར་མོའི་ལྡན་པ་དེ། སོར་མོ་ལས་ཐ་དད་པའི་ཆོས་བཞིན་དུ་བརྗོད་པར་བྱེད་པས། གཞི་གང་ཡང་རུང་བ་ཞིག་གི་ཁྱད་ཆོས་སམ་ཁྱད་པར་གྱི་ཆོས་བརྗོད་པའི་ཆོས་བརྗོད་ཀྱི་སྒྲ་དང༌། ཁྱད་པར་ཅན་ནམ་ཆོས་ཅན་བརྗོད་པའི་སྒྲ་གཉིས་ཀྱིས་དོན་གཅིག་བརྗོད་ཀྱང༌། སོར་མོ་ལྡན་པ་ཞེས་པས་སོར་མོའི་ཁྱད་ཆོས་ཐམས་ཅད་ནི་ཉན་པ་བོའི་བློའི་ཡུལ་དུ་འཕེན་བའི་ཕྱིར་ན། སོར་མོ་ལྡན་པར་འགྱུར་རོ་ཞེས་བརྗོད་པའི་སྒྲ། ཆོས་ཅན་བརྗོད་པར་གྲགས་པ་ཡིན་ཏེ། ཁྱད་པར་གྱི་སོར་མོ་ལྡན་པ་ཙམ་གོ་བར་བྱེད་པའི་ཕྱིར། མདོར་ན་ཆོས་དང་ཆོས་ཅན་རྫས་ཐ་དད་པ་མེད་ཀྱང་དྲུག་སྒྲ་སྦྱོར་བ་འཐད་དོ། །དོན་གཅིག་ཉིད་ཁྱད་གཞི་ལྟ་བུར་གོ་བར་བྱེད་པ་དང༌། ཁྱད་ཆོས་ལྟ་བུར་གོ་བར་བྱེད་པའི་བརྡ་སྦྱོར་གྱི་བྱེ་བྲག་གིས་ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་ཐ་དད་དུ་འཇུག་པའི་ཕྱིར། དཔེར་ན། སྒྲ་མི་རྟག་ཅེས་པ་ཆོས་ཅན་བརྗོད་པའི་སྒྲ་དང༌། སྒྲའི་མི་རྟག་ཅེས་པ་ཆོས་བརྗོད་ཀྱི་སྒྲ་ཡིན་པ་བཞིན་ནོ། །དེ་ལྟར་སྒྲ་སྦྱོར་ཚུལ་གྱི་བྱེ་བྲག་གིས་ཆོས་བརྗོད་དང་ཆོས་ཅན་བརྗོད་པའི་བརྡར་ནི་བྱས་བ་ཡིན་གྱི། ཆོས་ཅན་ལས་རྫས་ཐ་དད་པའི་ཆོས་ཡོད་པའི་དབང་གིས་དེ་ལྟར་བྱས་པ་མ་ཡིན་ནོ། །ཆོས་དེ་ཉིད་ཁྱད་པར་གཞན་གྱི་རྟེན་བྱེད་པའི་ཆོས་ཅན་ནམ། ཁྱད་གཞི་ལྟ་བུར་བློའི་ཡུལ་དུ་མི་སྟོན་པའི་སྒྲ་ནི་ཁྱད་པར་གཞན་སྤོང་གི་སྒྲ་དང༌། ཆོས་དེ་ཉིད་ཆོས་གཞན་གྱི་རྟེན་བྱེད་པའི་ཆོས་ཅན་ནམ། ཁྱད་གཞི་ལྟ་བུར་བློའི་ཡུལ་དུ་མི་སྤོང་ཞིང་སྟོན་པའི་སྒྲ་ནི་ཁྱད་པར་གཞན་མི་སྤོང་བའི་སྒྲ་དང་ཆོས་ཅན་བརྗོད་པའི་སྒྲ་ཡིན་ནོ། །དེ་ལ་ཁ་ཅིག་ན་རེ། བྱས་པ་བྱས་པ་ཡིན་ནོ་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཁྱད་པར་གཞན་སྤོང་མི་སྤོང་གི་སྒྲ་གཉིས་ཀ་ཡིན་པར་ཐལ། བྱས་པ་ལ་ལྟོས་ཏེ་དེ་གཉིས་ཀ་ཡིན་པའི་ཕྱིར་ཞེས་ཟེར། གཞན་དག་ན་རེ། མ་ཁྱབ་སྟེ། སྒྲ་དེ་བྱས་པ་ལ་ལྟོས་ཏེ་ཁྱད་པར་གཞན་སྤོང་གི་སྒྲ་མ་ཡིན་ཏེ། བྱས་པ་དེ་ཁྱད་པར་གཞན་གྱི་ཁྱད་གཞི་ལྟ་བུར་བློའི་ཡུལ་དུ་སྤོང་བ་མ་ཡིན་པའི་ཕྱིར། དེར་ཐལ། ཁྱད་ཆོས་གཞན་གྱི་ཁྱད་གཞིར་བློའི་ཡུལ་དུ་སྤོང་ཞིང་དེར་སྟོན་པའི་ཕྱིར་ཞེས་ཟེར་རོ། །གལ་ཏེ་རིགས་དོན་གཞན་དང༌། ཡན་ལག་ཅན་དོན་གཞན་མེད་ན་རིགས་བརྗོད་ཀྱི་སྒྲ་དང༌། ཚོགས་བརྗོད་ཀྱི་སྒྲའི་དབྱེ་བ་མི་འཐད་པར་ཐལ་བར་འགྱུར་རོ་ཞེ་ན། གཟུགས་སོགས་ཀྱི་ནུས་པའི་ཁྱད་པར་ནི་སྤོང་བས། བུམ་པ་ཞེས་པའི་རིགས་བརྗོད་ཀྱི་སྒྲས་བུམ་པའི་རྡུལ་རྫས་བརྒྱད་པོ་དེ་ཡི་མཚུངས་པའི་འབྲས་བུ་ཆུ་སྐྱོར་བ་ཡི་རྒྱུན་མིན་པ་ནི་རྣམ་པར་གཅོད་པའི་ཚོགས་པ་ལ་བུམ་པ་ཞེས་པའི་སྒྲ་ནི་དངོས་མིང་དུ་འཇུག་པར་འགྱུར་བའི་ཕྱིར། དེས་ན་བུམ་པ་གཟུགས་སོ་ཞེས་བརྗོད་པའི་སྒྲ་དེ་བུམ་པ་དང་བུམ་པའི་གཟུགས་གཉིས་གཞི་གཅིག་པ་ཅན་ཏེ་གཞི་མཐུན་སྡུད་པའི་སྒྲ་མ་ཡིན་ཏེ། བུམ་པའི་གཟུགས་ཞེས་བརྗོད་པའི་དྲུག་སྒྲ་དེ་གཞི་མཐུན་སྟོན་པའི་དྲུག་སྒྲ་མ་ཡིན་པའི་ཕྱིར། དེས་ན་རིགས་བརྗོད་ཀྱིས་རིགས་དོན་གཞན་དང༌། ཚོགས་བརྗོད་ཀྱིས་ཚོགས་དོན་གཞན་བརྗོད་པ་ཡིན་ཏེ། རིགས་ཀྱིས་རིགས་ཅན་བརྗོད་བྱར་མི་སྤོང༌། ཚོགས་བརྗོད་ཀྱིས་ཚོགས་པ་ཅན་བརྗོད་བྱར་སྤོང་བ་འདི་ནི། རིགས་བརྗོད་ཀྱི་སྒྲ་དང་ནི་ཚོགས་པ་བརྗོད་པའི་སྒྲའི་ཁྱད་པར་ཡིན་ནོ། །ཁོ་ན་རེ། བུམ་པ་དང་བུམ་པའི་གཟུགས་རྫས་ཐ་དད་མིན་ན། བུམ་པའི་གཟུགས་ཞེས་བརྗོད་པ་དོན་མེད་དོ་ཞེ་ན། དེ་ཡི་སྤྱི་ཡན་ལག་ཏུ་བྱས་ཏེ། བུམ་པ་ཡི་ནི་གཟུགས་སོ་ཞེས་བརྗོད་པ་ཆོས་ཅན། དེ་ལྟར་བརྗོད་པའི་དོན་ཡོད་དེ། བུམ་པ་དེ་ཡིས་མིག་ཤེས་སྐྱེད་པའི་ནུས་པའི་ཁྱད་པར་སྟོན་པར་བྱེད་པའི་ཕྱིར། ཕྱོགས་འདིས་གཞན་ལའང་བརྗོད་པར་བྱ་སྟེ། དཔེར་ན། ཙན་དན་གྱི་དྲི་ཞེས་པའི་སྒྲས་ཙན་དན་གྱི་དྲི་དེ་ཤུག་པའི་དྲི་ལས་ཁྱད་པར་དུ་བྱས་ནས་བརྗོད་པའི་ཕྱིར།

༈ གཉིས་པ་ལུས་དུ་མ་སེམས་ཀྱི་ཉེར་ལེན་ཡིན་པ་དགག་པ་ལ་གཉིས། ཡན་ལག་ཚོགས་པ་སེམས་ཀྱི་ཉེར་ལེན་མ་ཡིན་པ་དང༌། ཡན་ལག་རེ་རེ་བ་སེམས་ཀྱི་ཉེར་ལེན་མ་ཡིན་པའོ། །དང་བོ་ནི། མ་ལུས་རྒྱུ་ཉིད་ཡིན་ན་ནི། །ཡན་ལག་གཅིག་དང་བྲལ་ནའང་མིན། །ཞེས་བྱུང༌། ལུས་ཀྱི་ཡན་ལག་མ་ལུས་པ་སེམས་ཀྱི་ཉེར་ལེན་གྱི་རྒྱུ་ཉིད་ཡིན་ན་ནི། ལུས་ཀྱི་ཡན་ལག་གཅིག་དང་བྲལ་ནའང་དེའི་ཉེར་ལེན་གྱི་རྒྱུ་མིན་པས་དེ་ལ་སེམས་མི་སྐྱེས་པར་འགྱུར་རོ།།

༈ གཉིས་པ་ལ་གསུམ། ཐལ་བ་འགོད་པ་དང༌། སྐྱོན་སྤོང་དགག་པ་དང༌། མཚུངས་པ་སྤོང་བའོ། །དང་བོ་ནི། རེ་རེ་ནུས་བ་ཉིད་ཡིན་ནའང༌། །གཅིག་ཆར་མང་བོ་འབྱུང་བར་འགྱུར། །ཞེས་བྱུང༌། ལུས་ཀྱི་ཡན་ལག་རེ་རེ་ནས་ཡིད་བློ་སྐྱེད་ནུས་པ་ཉིད་ཡིན་པར་འདོད་ནའང༌། འཐད་པ་མིན་ཏེ། དེ་ལྟར་ན་ཅིག་ཅར་དུ་ཡིད་བློ་མང་བོ་འབྱུང་བར་འགྱུར་བའི་ཕྱིར།

༈ གཉིས་པ་སྐྱོན་སྤོང་དགག་པ་ནི། དུ་མ་ཉིད་དུ་མཚུངས་པའི་ཕྱིར། །དབུགས་རྔུབ་དག་ནི་ངེས་བྱེད་མིན། །གཅིག་ཉིད་ན་ཡང་མང་གསལ་འགྱུར། །དེ་རྒྱུ་རྟག་ཏུ་ཉེ་ཕྱིར་རོ། །གལ་ཏེ་དུ་མའི་རྒྱུ་མིན་ན། །རིམ་གྱིས་ཀྱང་མིན་ཁྱད་མེད་ཕྱིར། །དབུགས་གཅིག་ལ་ཡང་དོན་དུ་མ། །འཛིན་ཕྱིར་དེ་ལས་ངེས་མ་ཡིན༌། །དུ་མ་བློ་གཅིག་གིས་ཤེས་ན། །དེ་ནི་གཅིག་ཅར་ཉིད་འགྱུར་ཏེ། །འགལ་བ་མེད་ཕྱིར་རིམ་གྱིས་ཀྱང༌། །མི་འགྱུར་ཁྱད་པར་མེད་ཕྱིར་རོ། །རང་རིགས་མིན་པའི་དུས་ཅན་གྱི། །དབུགས་ཀྱི་སྐད་ཅིག་མང་བོ་དག །གལ་ཏེ་དེ་འདྲའི་སེམས་ཉིད་ཀྱི། །རྒྱུ་ཡིན་པར་ནི་རྟོགས་བྱེད་ན། །གོ་རིམ་ལྡན་པའི་རྒྱུ་མེད་པར། །དེ་དག་རིམ་ལྡན་ཇི་ལྟར་འགྱུར། །རང་རིགས་སྔ་མ་རྒྱུ་ཡིན་ན། །དང་བོ་འབྱུང་བར་མི་འགྱུར་ཏེ། །དེ་རྒྱུ་དེ་འདྲ་ཡོད་མ་ཡིན། །དབུགས་འབྱུང་ཐ་དད་ཡུལ་ཅན་ཕྱིར། །ཡོད་ཀྱང་དུ་མ་ཉིད་དུ་ངེས། །དེ་ཕྱིར་བློ་ནི་ཅིག་ཅར་སྐྱེས། །གལ་ཏེ་དུ་མའང་གཅིག་དུས་ཅན། །སེམས་གཅིག་གི་ནི་རྒྱུ་ཡིན་ན། །དབུགས་རྒྱུ་ཞན་པ་ལ་སོགས་སུ། །གཅིག་མ་ཚང་ནའང་མི་འབྱུང་འགྱུར། ཅི་སྟེ་ཇི་ལྟར་ཡོད་རྒྱུ་མིན། །ཤེས་པ་ལ་ཡང་ཁྱད་ཡོད་འགྱུར། །གང་ཞིག་གང་གི་ཐ་དད་ལས། །ཐ་དད་མིན་དེ་འབྲས་མིན། །ཞེས་བྱུང༌། དབུགས་ནི་ཡིད་བློ་རེ་རེ་ཁོ་ན་གསལ་བྱེད་ཡིན་པས་སྐྱོན་མེད་དོ་ཞེ་ན། དུ་མ་ཉིད་དུ་མཚུངས་བའི་ཕྱིར་ན་དབུགས་འབྱུང་རྔུབ་དག་ནི། ཡིད་བློ་རེ་རེ་བ་གསལ་བྱེད་དུ་ངེས་བྱེད་མིན་ནོ། །ཁོ་ན་རེ། དབུགས་འབྱུང་རྔུབ་དག་ནི་དུ་མ་ཉིད་ཡིན་པ་རྟགས་མ་གྲུབ་སྟེ། རྟག་པ་གཅིག་ཉིད་ཡིན་ནོ་ཞེ་ན། དེ་ཡང་མི་འཐད་དེ། དེ་ལྟར་ན་ཡིད་བློ་མང་བོ་གཅིག་ཅར་གསལ་བར་འགྱུར་བར་ཐལ། དེ་རྒྱུ་རྟག་ཏུ་ཉེ་བར་ཡོད་པའི་ཕྱིར་རོ། །གལ་ཏེ་དེ་ནི་གཅིག་ཅར་དུ་ཡིད་བློ་དུ་མའི་རྒྱུ་བྱེད་པ་མིན་ནོ་ཞེ་ན། འོ་ན་དེས་ཡིད་བློ་རིམ་གྱིས་ཀྱང་སྐྱེད་པའི་རྒྱུ་མིན་པར་ཐལ། གཅིག་ཅར་མི་སྐྱེད་པ་གང་ཞིག་སྔ་ཕྱི་ཁྱད་པར་མེད་པའི་ཕྱིར། དབུགས་གཅིག་གི་ཡུན་ལ་ཡང་དོན་དུ་མ་འཛིན་པའི་རྣམ་པར་ཤེས་པ་དུ་མ་སྐྱེ་བའི་ཕྱིར་ན། དབུགས་དེ་ལས་ཡིད་བློ་རེ་རེ་བར་སྐྱེ་བ་མ་ཡིན་པའི་ཕྱིར། ཁོ་ན་རེ། དོན་དུ་མ་བློ་གཅིག་གིས་ཤེས་པའི་ཕྱིར་ཞེ་ན། དེ་ལྟར་ན་ནི་དོན་དུ་མ་དེ་ནི་ཡིད་བློས་གཅིག་ཅར་ཉིད་དུ་འཛིན་པར་འགྱུར་ཏེ། དེ་འཛིན་པ་གང་ཞིག རྟག་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྟག་པས་ཡུལ་འཛིན་ན་གཅིག་ཅར་བཟུང་བ་ལ་འགལ་བ་མེད་པའི་ཕྱིར། ཡིད་བློ་རྟག་པ་དེས་རིམ་གྱིས་ཀྱང་འཛིན་པར་མི་འགྱུར་བར་ཐལ། གཅིག་ཅར་མི་འཛིན་པ་གང་ཞིག སྔ་ཕྱི་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་རང་གི་རིགས་འདྲ་སྔ་མ་ལས་བྱུང་བ་མིན་པའི་དུས་ཅན་གྱི་དབུགས་ཀྱི་སྐད་ཅིག་མང་པོ་དག གལ་ཏེ་སྔ་ཕྱི་དེ་འདྲའི་སེམས་ཉིད་ཀྱི་རྒྱུ་ཡིན་པར་ནི་རྟོགས་པ་སྟེ་འཛིན་པར་བྱེད་ན། གོ་རིམ་ལྡན་པའི་རྒྱུ་མེད་པར་དེ་དག་རིམ་ལྡན་དུ་ཇི་ལྟར་འགྱུར། གལ་ཏེ་རང་གི་རིགས་འདྲ་སྔ་མ་རྒྱུ་ཉིད་ཡིན་ནོ་ཞེ་ན། མངལ་དུ་དབུགས་ཀྱི་སྐད་ཅིག་མ་དང་བོ་འབྱུང་བར་མི་འགྱུར་ཏེ། དེ་རྒྱུ་རིགས་འདྲ་སྔ་མ་དེ་འདྲ་ཡོད་པ་མ་ཡིན་པའི་ཕྱིར། དབུགས་འབྱུང་རྔུབ་དག་ཐ་དད་པར་ཡུལ་དུ་བྱས་པ་ཅན་ཡིན་པའི་ཕྱིར། ཡོད་ཀྱང་དུ་མ་ཉིད་དུ་ངེས་པས་སོ། །དེ་ཕྱིར་ཁྱོད་ལྟར་ན་ཡིད་བློ་ཐམས་ཅད་ནི་གཅིག་ཅར་སྐྱེ་བར་འགྱུར་ཏེ། ཉེར་ལེན་གྱི་རྒྱུ་ལུས་དང་རྐྱེན་དབུགས་དུ་མ་ཉེ་བར་ཡོད་པའི་ཕྱིར། གལ་ཏེ་དབུགས་དུ་མའང་དུས་གཅིག་པ་ཅན་གྱི་དུས་ཅན་སེམས་གཅིག་གི་ནི་རྒྱུ་ཡིན་ཞེ་ན། དབུགས་ཀྱི་རྒྱུ་བ་ཞན་པ་ལ་སོགས་པའི་གནས་སྐབས་སུ་དབུགས་གཅིག་མ་ཚང་ནའང་ཡིད་བློ་མི་འབྱུང་བར་འགྱུར་རོ། ཅི་སྟེ་དབུགས་ཇི་ལྟར་ཡོད་པ་རྒྱུ་ཡིན་པས་སྐྱོན་མེད་དོ་ཞེ་ན། དབུགས་འཕེལ་འགྲིབ་ཀྱིས་ཡིད་ཀྱི་ཤེས་པའང་འཕེལ་འགྲིབ་ཀྱི་ཁྱད་པར་ཡོད་པར་འགྱུར་བར་ཐལ། རྣམ་པར་ཤེས་པ་དབུགས་ཀྱི་དངོས་འབྲས་ཡིན་པའི་ཕྱིར། དེས་ན་དེ་ནི་མིན་ཏེ་རྣམ་པར་ཤེས་པ་གང་ཞིག་རྒྱུ་དབུགས་གང་གི་འཕེལ་འགྲིབ་ཐ་དད་ལས་རྣམ་ཤེས་འཕེལ་འགྲིབ་ཐ་དད་དུ་གྱུར་བ་མིན་ཏེ། དེ་ཡི་དངོས་འབྲས་མིན་པའི་ཕྱིར།

༈ གསུམ་པ་རང་ལ་མཚུངས་པ་སྤང་བ་ནི། རྣམ་ཤེས་ནུས་པ་ངེས་པའི་ཕྱིར། །གཅིག་ནི་གཅིག་གི་རྒྱུ་ཡིན་ཏེ། །རྣམ་ཤེས་དོན་གཞན་ཆགས་པ་ཡིས། །ནུས་མེད་དོན་གཞན་མི་འཛིན་ཕྱིར། །གལ་ཏེ་ལུས་ལས་གཅིག་ཅར་བློ། །སྐྱེས་ཤིང་ཕྱིས་ནི་རང་རིགས་ལས། །ངེས་ན་ལུས་ཀྱི་ནུས་པ་ནི། །ཅི་ཡི་ཕྱིར་ན་ལྡོག་པ་ཡིན། །ཞེས་བྱུང༌། རྣམ་ཤེས་སྔ་མ་རེར་རྣམ་ཤེས་ཕྱི་མ་རེ་རེ་སྐྱེད་པའི་ནུས་པ་ངེས་པའི་ཕྱིར་ན། བློ་སྔ་མ་གཅིག་ནི་བློ་ཕྱི་མ་གཅིག་གི་རྒྱུ་ཡིན་ཏེ། རྣམ་ཤེས་དོན་གཞན་ལ་ཆགས་པ་ཡིས། གཞན་གསལ་བར་འཛིན་པ་ནུས་མེད་དུ་བྱས་པས་དོན་དེ་ལས་གཞན་མི་འཛིན་པའི་ཕྱིར། གལ་ཏེ་དང་བོ་ལུས་ལས་གཅིག་ཅར་ཡིད་བློ་སྐྱེས་ཤིང༌། ཕྱིས་སུ་ནི་བློ་རང་གི་རིགས་འདྲ་ལས་སྐྱེ་བར་ངེས་པས། བློ་དུ་མ་གཅིག་ཅར་དུ་མི་སྐྱེའོ་ཞེ་ན། དེས་ན་རྣམ་ཤེས་སྐྱེ་བའི་ལུས་ཀྱི་ནུས་པ་ནི་ཅི་ཡི་ཕྱིར་ན་ལྡོག་པ་ཡིན་ཏེ། ལྡོག་མི་ནུས་པར་ཐལ། རྟག་པ་ཡིན་པའི་ཕྱིར།

༈ གསུམ་པ་རྩོད་སྤོང་བ་ནི། གལ་ཏེ་ལུས་ནི་ལྡོག་པ་ནི། །རྟེན་མེད་ཕྱིར་ན་སེམས་འབའ་ཞིག །གནས་འགྱུར་ཞེ་ན་གལ་ཏེ་དེའི། །རྒྱུ་འཇུག་ཐོབ་ཕྱིར་སེམས་ཀྱི་རྒྱུན། །གནས་རྒྱུར་ཡན་ལག་མི་འགྱུར་ན། །ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ། །ལུས་གཞན་སྐྱེད་པའི་རྒྱུ་ཉིད་ཡིན། །དེ་ཡི་ཡན་ལག་དངོས་པོ་དང༌། །རྒྱུ་ཉིད་འགོག་ལ་མི་དམིགས་པ། །ངེས་བྱེད་མིན་པར་རབ་ཏུ་བཤད། །དབང་སོགས་ཀྱང་ནི་ལྷག་ལྡན་ཡིན། །དབང་བོ་སྔ་མ་རང་རིགས་ལ། །ནུས་པ་དག་ནི་མཐོང་བ་ཡིན། །འགྱུར་བ་མཐོང་ཕྱིར་གཞན་དང་གཞན། །སྐྱེ་བ་དག་ཀྱང་འགྲུབ་པ་ཉིད། །གལ་ཏེ་ལུས་ལས་དེ་སྐྱེ་ན། །སྔ་མ་བཞིན་དུ་ཐལ་བར་འགྱུར། །སེམས་ལས་ཤེ་ན་ལུས་གཞན་ཡང༌། །འདི་ཉིད་ལས་ནི་སྐྱེ་བར་འགྱུར། །ཞེས་བྱུང༌། གལ་ཏེ་ཤི་བའི་ཚེ་ལུས་ནི་ལྡོག་པ་ན། ལུས་ནི་སེམས་ཀྱི་རྟེན་མིན་པའི་ཕྱིར་ན། སེམས་འབའ་ཞིག་གནས་པར་འགྱུར་ཏེ། རྟེན་གཞན་མེད་པའི་ཕྱིར་ཞེ་ན། གལ་ཏེ་འདོད་གཟུགས་གང་རུང་ནས་ཤི་འཕོས་ཏེ་གཟུགས་མེད་དུ་སྐྱེ་བ་ཞིག་ཡིན་ན། དེ་ཤི་བའི་འོག་ཏུ་རེ་ཞིག་སེམས་འབའ་ཞིག་གནས་པར་འགྱུར་ཏེ། འཆི་ཁ་མའི་སེམས་དེ་ལུས་ཕྱི་མ་དེ་ཡི་རྒྱུ་འཇུག་པ་ཐོབ་པའི་ཕྱིར་དུ། གཟུགས་མེད་པའི་སེམས་ཀྱི་རྒྱུན་གནས་པའི་རྒྱུར་ལུས་ཀྱི་ཡན་ལག་གང་དུ་མི་འགྱུར་རོ། །ཁམས་གསུམ་གང་རུང་ནས་ཤི་འཕོས་ཏེ་འདོད་གཟུགས་གང་རུང་དུ་སྐྱེ་བ། ལུས་ཕྱི་མའི་ཉེར་ལེན་གང་ཞེ་ན། གཟུགས་མེད་ཀྱི་ཁམས་ན་གཟུགས་མེད་ཀྱང་གཟུགས་མེད་པ་དེའི་སེམས་ཀྱི་སྟེང་ན་དབང་བོ་ལྔ་སོགས་ཀྱི་ས་བོན་ཁོ་ན་ཡོད་པས། དེས་ལུས་དབང་སོགས་ཀྱི་ཉེར་ལེན་གྱི་རྒྱུ་བྱེད་པ་ཡིན་ལ། འདོད་གཟུགས་གང་རུང་ནས་འདོད་གཟུགས་གང་རུང་དུ་སྐྱེ་ན་ཚེ་འདི་ཉིད་ཀྱིས་སྐྱེ་མཆེད་ཐ་མ་ལྔ་ནི་ལུས་ཕྱི་མ་གཞན་བསྐྱེད་པའི་ཉེར་ལེན་གྱི་རྒྱུ་ཉིད་ཡིན་ནོ། །འཆི་ཁ་མའི་སེམས་དེ་ནི་སྐྱེ་བ་ཕྱི་མའི་ལུས་དེ་ཡི་ཡན་ལག་གི་དངོས་པོ་དང་ཉེར་ལེན་གྱི་རྒྱུ་ཉིད་ཡིན་པ་འགོག་པ་ལ། རྒྱང་ཕན་གྱིས་དེ་ལྟར་མི་དམིགས་པ་ཙམ་རྟགསསུ་བཀོད་པ་ནི། དེ་དག་མེད་པའི་སྒྲུབ་བྱེད་ཡང་དག་མིན་ཏེ། མ་མཐོང་ཕྱིར་ན་མེད་པ་མིན། ཞེས་བཤད་ཟིན་པའི་ཕྱིར་རོ། །གཞན་ཡང༌། རྟགས་དེ་འཆི་ཁ་མའི་ལུས་སེམས་གཉིས་ཕྱི་མའི་རྒྱུད་འགོག་པ་ལ་ངེས་བྱེད་མིན་པར་རབ་ཏུ་བཤད་དོ། །དབང་བོ་སོགས་ཀྱང་ནི་དེ་འགོག་པའི་རྟགས་ཡང་དག་མིན་ཏེ། རྗེས་འགྲོ་ལ་ཐེ་ཚོམ་གྱི་ལྷག་མ་དང་ལྡན་པའི་རྟགས་ཡིན་པའི་ཕྱིར། ཚེ་འདིའི་དབང་བོ་སྔ་མ་དག་ནི་རང་གི་རིགས་འདྲ་ཕྱི་མ་ལ་ཕན་འདོགས་པའི་ནུས་པ་དག་ནི་མཐོང་བ་ཡིན་ཏེ་དབང་བོ་ཕྱི་མར་འགྱུར་བ་མཐོང་བའི་ཕྱིར། ཕྱི་མའི་དབང་བོ་གཞན་དང་གཞན་རིགས་འདྲ་སྔ་མ་ལས་སྐྱེ་བ་དག་ཀྱང་འགྲུབ་པ་ཉིད་ཡིན་ཏེ། ད་ལྟར་གྱི་དབང་བོ་དང་སྐྱེ་ཚུལ་མཚུངས་པའི་ཕྱིར། ཁོ་ན་རེ། གལ་ཏེ་ལུས་ལས་དབང་བོ་དེ་སྐྱེ་ན་སྔ་མ་བཞིན་དུ་གཅིག་ཅར་སྐྱེ་བར་ཐལ་བར་འགྱུར་བས། དབང་བོ་དེ་དག་སེམས་ལས་སྐྱེའོ་ཞེ་ན། དེ་ལྟར་ན་ཕྱི་མའི་ལུས་གཞན་ཡང་སེམས་འདི་ཉིད་ལས་ནི་སྐྱེ་བར་འགྱུར་བར་ཐལ་ལོ། །གསུམ་པ་དོན་བསྡུ་བ་ནི། དེས་ན་རྒྱུ་དང་བྲལ་བའི་ཕྱིར། །ཐ་མ་ཡི་ནི་སེམས་རྣམས་ཀུན། །མཚམས་སྦྱོར་མེད་པ་མིན་དེའི་ཕྱིར། །དེ་འདྲའི་སྒྲུབ་བྱེད་ལྷག་ལྡན་འདོད། །ཅེས་བྱུང༌། ལུས་སེམས་ཀྱི་ཉེར་ལེན་གྱི་རྒྱུ་མིན་པ་དེས་ན། འཆི་ཁ་མའི་སེམས་ཕྱི་མར་མཚམས་མི་སྦྱོར་ཏེ། ཉེར་ལེན་གྱི་རྒྱུ་ལུས་དང་བྲལ་བའི་ཕྱིར་ཞེས་པ་རིགས་པ་མིན་ནོ། །དེའི་ཕྱིར་ཁྱོད་ཀྱིས། འཆི་སེམས་ཐ་མ་ཆོས་ཅན། སེམས་ཕྱི་མར་མཚམས་མི་སྦྱོར་ཏེ། འཆི་སེམས་ཡིན་པའི་ཕྱིར། ཞེས་ཐ་མ་ཡི་ནི་སེམས་རྣམས་ཀུན་སེམས་ཕྱི་མར་མཚམས་སྦྱོར་བ་མེད་པར་འདོད་པ་དེ་འཐད་པ་མིན་ནོ། །དེའི་ཕྱིར་དེ་འདྲའི་སྒྲུབ་བྱེད་ནི། དེ་སྒྲུབ་ཀྱི་ལྷག་ལྡན་གྱི་མ་ངེས་པའི་རྟགས་ཡིན་པར་འདོད་དོ།།

གཉིས་པ་བསམ་སྦྱོར་ཕུན་ཚོགས་གོམས་ཀྱང་མཐའ་མེད་དུ་འཕེལ་བ་མེད་ཟེར་བ་དགག་པ་ལ། རྩོད་པ་དང༌། ལན་ནོ། །དང་བོ་ནི། གོམས་ལས་ཁྱད་པར་འགྱུར་ན་ཡང༌། །མཆོངས་དང་ཆུ་ཡི་དྲོད་བཞིན་དུ། །རང་བཞིན་ལས་འདས་མིན་ཞེ་ན། །ཞེས་བྱུང༌། སྙིང་རྗེ་གོམས་པ་ལས་ཁྱད་པར་དུ་འཕེལ་བར་འགྱུར་ན་ཡང༌། མི་ཞིག་གཞན་དུ་མཆོངས་པ་དང་ཆུ་ཁོལ་མ་ཡི་དྲོད་མཐའ་མེད་དུ་མི་འཕེལ་བ་བཞིན་དུ། སྔར་གྱི་རང་བཞིན་ལས་འདས་ཏེ་མཐའ་མེད་དུ་འཕེལ་བ་མིན་ནོ་ཞེ་ན།

༈ གཉིས་པ་ལ་གཉིས། དཔེ་དོན་མི་མཚུངས་པར་བསྟན་པ་དང༌། རྩོད་པ་སྤོང་བའོ། །དང་པོ་ནི། བྱས་ཏེ་གལ་ཏེ་སླར་ཡང་ནི། །འབད་རྩོལ་ལ་ནི་ལྟོས་འགྱུར་རམ། །རྟེན་མི་བརྟན་པ་ཉིད་གྱུར་ན། །ཁྱད་པར་དག་ནི་མི་འཕེལ་ན། །རང་བཞིན་དེ་འདྲའང་མ་ཡིན་ཏེ། །དེ་ལ་ཕན་འདོགས་ནུས་པ་རྣམས། །ཁྱད་པར་ཕྱི་མ་དག་ལ་ནི། །སྒྲུབ་པའི་ནུས་པ་མེད་ཕྱིར་དང༌། །རྟག་ཏུ་རྟེན་གནས་མ་ཡིན་ཕྱིར། ཁྱད་པར་འཕེལ་ཡང་རང་བཞིན་ཉིད། མིན་ཕྱིར་གང་ཚེ་བྱས་གྱུར་བ། །ཡང་རྩོལ་ལ་ལྟོས་མི་འགྱུར་ན། །རྩོལ་གཞན་ཁྱད་པར་བྱེད་པར་འགྱུར། །སེམས་ལ་བརྩེ་སོགས་གོམས་སྐྱེས་པ། །རང་གི་རང་གིས་འཇུག་འགྱུར་ཏེ། མེ་ལ་སོགས་པ་ཤིང་དག་དང༌། །དངུལ་ཆུ་དང་ནི་གསེར་སོགས་བཞིན། །དེ་ཕྱིར་དེ་དག་ལས་སྐྱེས་ཏེ། །ངོ་བོ་ཉིད་སྐྱེས་ཡོན་ཏན་ཡིན། །ཞེས་བྱུང༌། མཆོངས་པ་དང་ཆུ་ཡི་དྲོད་སོགས་གོམས་པར་བྱས་ཏེ་གལ་ཏེ་སླར་ཡང་ནི་འབད་རྩོལ་ལ་ནི་ལྟོས་པར་འགྱུར་རམ། རྟེན་མི་བརྟན་པ་ཉིད་དུ་འགྱུར་བས་ན། ཁྱད་པར་དག་ནི་མི་འཕེལ་ན་ཇི་ལྟར་དེ་དག་མཐའ་མེད་དུ་འཕེལ་བར་འགྱུར། དེས་ན་བརྩེ་སོགས་ཀྱི་རྟེན་ནི་བརྟན་ཞིང༌། ཡུན་རིང་གོམས་པ་ལས་རང་གི་ངང་གིས་ཁྱད་པར་འགྱུར་བས། བརྩེ་སོགས་ཀྱི་རང་བཞིན་ནི་ཆུའི་དྲོད་ལྟ་བུ་དེ་འདྲའང་མ་ཡིན་ཏེ། མཆོངས་དང་ཆུའི་དྲོད་སོགས་དེ་དག་ལ་ཕན་འདོགས་པའི་ནུས་པ་རྣམས་ཁྱད་པར་ཕྱི་མ་དག་ལ་ནི། དེ་དག་གོང་འཕེལ་དུ་འགྲོ་བའི་ཕན་པ་སྒྲུབ་པའི་ནུས་པ་མེད་པའི་ཕྱིར་དང༌། རྟག་ཏུ་ཆུ་ཁོལ་གྱི་རྟེན་དུ་གནས་པ་མ་ཡིན་པར་སྐམ་པར་འགྱུར་བའི་ཕྱིར། དེས་ན་མཆོངས་བ་ལྟ་བུ་སྦྱང་ན་ཁྱད་པར་དུ་ཅུང་ཟད་ཅིག་འཕེལ་ན་ཡང༌། མཐའ་མེད་དུ་འཕེལ་བའི་རང་བཞིན་ཉིད་མིན་པའི་ཕྱིར་ན། གང་གི་ཚེ་མཆོངས་པ་ལྟ་བུ་གོམས་པར་བྱས་པར་འགྱུར་བ་ཡང་མཐའ་མེད་དུ་འཕེལ་བ་འབད་རྩོལ་ལ་ལྟོས་པར་མི་འགྱུར་ནའང༌། རྩོལ་བ་གཞན་སྙིང་རྗེ་སོགས་ལ་གོམས་པ་གོང་ནས་གོང་དུ་ཁྱད་པར་དུ་བྱེད་པར་འགྱུར་བའི་ཕྱིར། སེམས་ལ་བརྩེ་སོགས་གོམས་པ་ལས་སྐྱེས་པ་ནི་རང་གི་ངང་གིས་འཇུག་པར་འགྱུར་ཏེ། དཔེར་ན། མེ་ལ་སོགས་པས་ཤིང་དག་ལ་ཐལ་བར་མ་སོང་བའི་བར་དུ་རང་གི་ངང་གིས་འཇུག་པ་དང༌། དངུལ་ཆུ་འདུལ་སྦྱང་ལེགས་པ་དེ་དང་ནི་གསེར་སོགས་དང་ཁ་སྦྱོར་དུ་བཞུ་བ་དེ་ནི་ཞུ་བ་གཉིས་པ་ལ་མི་ལྟོས་པར་རང་གི་ངང་གིས་འཇུག་པ་བཞིན་ནོ། །དེའི་ཕྱིར་གོམས་པ་དེ་དག་ལས་སྐྱེས་པའི་བརྩེ་བ་སོགས་ཀྱི་རྟེན་པ་ཡིན་པ་ཏེ། སེམས་ངོ་བོ་ཉིད་དུ་སྐྱེས་པའི་ཡོན་ཏན་ཡིན་པའི་ཕྱིར།

༈ གཉིས་པ་རྩོད་པ་སྤོང་བ་ནི། དེས་ན་རྩོལ་བ་ཕྱི་མ་དང༌། །ཕྱི་མར་ཁྱད་པར་བྱེད་པ་ཡིན། །གང་ཕྱིར་རིགས་མཐུན་སྔ་མ་ཡི། །ས་བོན་ལས་ནི་འཕེལ་བ་ཅན། །བརྩེ་བ་ལ་སོགས་བློ་དེ་དག གོམས་པར་གྱུར་ན་གང་ན་གནས། །དེ་ལྟར་མཆོངས་ཉིད་ལས་མཆོངས་མིན། །དེ་རྒྱུ་སྟོབས་དང་འབད་རྩོལ་དག །ནུས་པ་ངེས་པ་ཉིད་ཀྱི་ཕྱིར། །མཆོངས་པ་ངེས་པའི་བདག་ཉིད་ཡིན། །དེ་ནི་དང་བོ་ཕྱིས་བཞིན་དུ། །མཆོངས་མིན་ལུས་མི་མཐུན་པའི་ཕྱིར། །རྩོལ་བས་རིམ་གྱིས་མི་མཐུན་པ། །བསལ་ན་རང་སྟོབས་ཉིད་དུ་གནས། །བརྩེ་རང་ས་བོན་ལས་བྱུང་བ། །གལ་ཏེ་རང་ས་བོན་རྒྱུ་ཅན། །མི་མཐུན་ཕྱོགས་ཀྱིས་གནོད་མེད་པ། །སེམས་ལ་དེ་བདག་ཉིད་དུ་འགྱུར། །འདི་ལྟར་གོམས་པ་སྔ་མ་དང༌། །སྔ་མའི་སེམས་ཆོས་བརྩེ་བ་དང༌། །ཆགས་བྲལ་བློ་སོགས་གཞན་དག་གི །གསལ་བ་ཡི་ནི་རྩ་བ་ཡིན། །གོམས་ལས་བརྩེ་བའི་བདག་ཉིད་ནི། །ཆགས་བྲལ་ཆགས་དང་ཡིད་ལོག་བཞིན། །ཞེས་བྱུང༌། དེས་ན་རྩོལ་བ་ཕྱི་མ་དང་ཁྱད་པར་བྱེད་པ་དག་གི་སྒོ་ནས་བརྩེ་སོགས་མཐའ་མེད་དུ་འཕེལ་བ་ཡིན་ནོ། །འོ་ན་མཆོངས་པ་ཡང་མཐའ་མེད་དུ་འཕེལ་བར་འགྱུར་བར་ཐལ། དེ་ལ་གོམས་པར་བྱས་པས་འཕེལ་བར་འགྱུར་བའི་ཕྱིར་ཞེ་ན། དེ་གཉིས་མི་མཚུངས་ཏེ། གང་གི་ཕྱིར་ན་རང་གི་རིགས་མཐུན་སྔ་མ་ཡི། ས་བོན་ལས་ནི་གོང་ནས་གོང་དུ་འཕེལ་བ་ཅན་གྱི་སེམས་ལ་བརྩེ་བ་ལ་སོགས་པའི་བློ་དེ་དག་གོམས་པར་གྱུར་ན་ཚད་ཅན་དུ་གང་ན་གནས་ཏེ་མི་གནས་སོ། །བརྩེ་སོགས་གོམས་པར་བྱས་པ་དེ་ལྟར་མཆོངས་པ་སྔ་མ་ཉིད་ལས་མཆོངས་བ་ཕྱི་མ་འབྱུང་བ་མིན་ཏེ། དེ་ཡི་རྒྱུ་ལུས་ཀྱི་སྟོབས་དང་འབད་རྩོལ་དག་ཅི་ཙམ་ཡོད་པ་དེ་ཙམ་ལས་རིགས་འདྲ་རེ་རེ་ཞིང་འབྱུང་དགོས་པའི་ཕྱིར། མཆོངས་བ་ནི་ཚད་ཅན་དུ་བསྐྱེད་ནུས་པ་ངེས་པ་ཉིད་ཀྱི་ཕྱིར་ན། མཆོངས་པའང་ཚད་ངེས་པའི་བདག་ཉིད་ཅན་ཡིན་ནོ། །དེ་ནི་དང་བོ་ཉིད་ནས་ཕྱིས་བཞིན་དུ་མཆོངས་པ་མིན་ཏེ། བད་ཀན་སོགས་ཀྱིས་ལུས་ཤིན་ཏུ་ཡང་བ་དང་མི་མཐུན་པར་བྱས་པའི་ཕྱིར། དེ་ཡང་རྩོལ་བས་རིམ་གྱིས་མི་མཐུན་པ་བསལ་ན། རང་སྟོབས་ཇི་ལྟར་ཡོད་པ་བཞིན་དུ་མཆོངས་པའི་ཚད་ཀྱང་རང་སྟོབས་ཉིད་དུ་འཚམ་པར་གནས་པ་ཡིན་གྱི། མཐའ་མེད་དུ་འཕེལ་བ་མེད་པས་རང་སྟོབས་ཉིད་དང་མཚུངས་པར་གནས་པས་སོ། །བརྩེ་བ་སོགས་བསམ་སྦྱོར་ཕུན་ཚོགས་རྣམས་རང་གི་ས་བོན་ལས་བྱུང་བ་ཡིན་ཀྱང༌། གལ་ཏེ་རང་གི་ས་བོན་གྱི་རྒྱུ་ཅན་བརྩེ་བ་སོགས་ལ་མི་མཐུན་ཕྱོགས་ཞེ་སྡང་སོགས་ཀྱིས་གནོད་པ་མེད་ན། སེམས་ནི་སེམས་ཅན་ལ་སྙིང་བརྩེ་བ་དེ་ཡི་བདག་ཉིད་དུ་འགྱུར་བ་ཡིན་པས་མཐའ་མེད་དུ་འཕེལ་ལ། འདི་ལྟར་གོམས་པ་སྔ་མ་དང་སྔ་མའི་སེམས་ཀྱི་ཆོས་བརྩེ་བ་དང་ཆགས་བྲལ་གྱི་བློ་སོགས་ནི། གཞན་དག་གི་གསལ་བ་ཡི་ནི་རྩ་བ་ཡིན། བསམ་སྦྱོར་དེ་དག་གོམས་པར་བྱས་པ་ལས་བརྩེ་བའི་བདག་ཉིད་ཅན་ནི། དཔེར་ན། དགྲ་བཅོམ་པ་ལ་ཆགས་བྲལ་དང༌། འདོད་པ་ཅན་ལ་ཆགས་པ་དང༌། མི་སྡུག་པ་སྒོམ་པ་དག་ལ་འདོད་ཆགས་ལས་ཡིད་ལོག་པའི་བློ་རང་གི་ངང་གིས་འབྱུང་བ་བཞིན་ནོ།།

    སྦྱོར་བ་ཕུན་ཚོགས་བཤད་པ།

༈ གཉིས་པ་སྦྱོར་བ་ཕུན་ཚོགས་བཤད་པ་ལ་གསུམ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་བོ་ནི་བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་བ། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་བྱུང༌། བརྩེ་ལྡན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་ཅན་ཀྱི་སྡུག་བསྔལ་གཞོམ་པའི་ཕྱིར་དུ། འགྲོ་བ་རྣམས་སྡུག་བསྔལ་ཞི་བའི་ཐབས་རྣམས་ལ་ནི་མངོན་པར་སྦྱོར་བར་མཛད་དོ། །ཐབས་ལས་བྱུང་བ་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་དེ་ཐོབ་བྱེད་ཀྱི་རྒྱུ་ཚོགས་རང་ཉིད་ཀྱིས་མི་ཤེས་པར་ལྐོག་ཏུ་གྱུར་བ་ན། ཐབས་དང་ཐབས་བྱུང་གི་ཚུལ་དེ་དག་གཞན་སློབ་མ་སོགས་ལ་འཆད་པ་ནི་དཀའ་བ་ཡིན་ཏེ། དཔེར་ན། ལོང་བས་ལོང་བ་ཁྲིད་མི་ནུས་པ་བཞིན་ནོ།།

༈ གཉིས་པ་རྒྱས་པར་བཤད་པ་ནི། ལུང་དང་རིགས་པས་རྣམ་དཔྱོད་པ། །སྡུག་བསྔལ་ཉིད་ཀྱི་ཁྱད་པར་གྱི། །སྡུག་བསྔལ་རྒྱུ་དང་དེ་མི་རྟག །ལ་སོགས་རང་བཞིན་རྟོག་པར་མཛད། །གང་ཕྱིར་དེ་ལྟར་རྒྱུ་གནས་ན། །འབྲས་ལོག་གཟིགས་པ་མེད་ཕྱིར་རོ། །དེ་རྒྱུ་གཞོམ་ཕྱིར་དེ་ཡི་ནི། །མི་མཐུན་ཕྱོགས་ལ་བརྟག་པ་མཛད། །རྒྱུ་ཡི་ངོ་བོ་རྟོགས་པའི་ཕྱིར། །དེ་མི་མཐུན་ཕྱོགས་ཀྱང་ངེས་འགྱུར། །བདག་དང་བདག་གིར་འཛིན་བྱས་པ། འདུས་བྱས་སྤྱོད་ཡུལ་ཅན་ཆགས་ནི། །རྒྱུ་ཡིན་དེ་ཡི་གནོད་བྱེད་ནི། །བདག་མེད་མཐོང་བ་འགལ་བ་ཡིན། །རྣམ་པར་དུ་མར་ཐབས་མང་བོ། །ཡུན་རིང་དུས་སུ་གོམས་པ་ལས། །དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །དེས་ན་ཐུགས་ཀྱང་གསལ་བའི་ཕྱིར། །རྒྱུ་ཡི་བག་ཆགས་སྤངས་པ་ཡིན། །ཐུབ་ཆེན་གཞན་དོན་འཇུག་ཅན་གྱི། །བསེ་རུ་ལ་སོགས་ཁྱད་འདི་ཡིན། །ཞེས་བྱུང༌། འོ་ན་བདེན་པ་བཞི་ཡི་བླང་དོར་ལ་རྟོགས་པའི་ཐབས་གང་ཞེ་ན། བདེན་པ་བཞི་ལ་ལུང་དང་རིགས་པས་ཞིབ་ཏུ་རྣམ་པར་དཔྱོད་པ་ཡིན་ནོ། །དེ་ལྟར་དཔྱོད་པ་ན་སྡུག་བསྔལ་ཉིད་ཀྱི་ཁྱད་པར་གྱིས་སྡུག་བསྔལ་གྱི་རྒྱུ་དང་རྒྱུ་དེ་མི་རྟག་པ་ལ་སོགས་པའི་རང་བཞིན་ལ་རྟོག་ཅིང་དཔྱད་པར་མཛད་དོ། །གང་གི་ཕྱིར་དེ་ལྟར་རྟོག་ཅེ་ན། ཕྱི་རོལ་བ་ལྟར་སྡུག་བསྔལ་གྱི་རྒྱུ་རྟག་པར་གནས་ན། འབྲས་བུ་སྡུག་བསྔལ་ལོག་པ་གཟིགས་ཤིང་མཁྱེན་པ་མེད་པའི་ཕྱིར་རོ། །དེས་ན་སྡུག་བསྔལ་དེ་ཡི་རྒྱུ་ཀུན་འབྱུང་སྲེད་པ་སོགས་གཞོམ་པའི་ཕྱིར་དུ། ཀུན་འབྱུང་དེ་ཡི་ནི་མི་མཐུན་ཕྱོགས་ལ་བརྟག་པ་མཛད་པ་ན། སྡུག་བསྔལ་གྱི་རྒྱུ་ཡི་ངོ་བོ་རྟོགས་པའི་ཕྱིར་རོ། །དེ་ལྟར་རྟོགས་པ་ལ་བརྟེན་ནས་ཀུན་འབྱུང་དེ་ཡི་མི་མཐུན་ཕྱོགས་ཀྱང་ངེས་པར་འགྱུར་རོ། །འོ་ན་སྡུག་བསྔལ་གྱི་རྒྱུ་དང་དེ་ལ་གནོད་བྱེད་དག་གང་ཞེ་ན། སྡུག་བསྔལ་ནི་གང་ཟག་གི་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པའི་བདག་འཛིན་གྱི་བྱས་པ་སྟེ། དེ་དག་ལས་བྱུང་བའི་ཟག་པ་དང་བཅས་པའི་འདུས་བྱས་ཀྱི་སྤྱོད་ཡུལ་ཅན་གྱི་འདོད་ཆགས་ནི། སྡུག་བསྔལ་གྱི་རྒྱུ་ཡིན་ལ། དེ་ཡི་གནོད་བྱེད་ནི། བདག་མེད་མཐོང་བའི་ཤེས་རབ་ཡིན་ཏེ། བདག་འཛིན་དེ་དང་འཛིན་སྟངས་དངོས་སུ་འགལ་བའི་སྒོ་ནས་སུན་འབྱིན་པར་བྱེད་པ་ཡིན་པའི་ཕྱིར། འོ་ན་ཐབས་དེ་དག་གོམས་པ་ལས་མངོན་སུམ་དུ་འགྱུར་བའི་ཚུལ་ཇི་ལྟ་བུ་ཞེ་ན། ཀུན་རྫོབ་དང་དོན་དམ་པའི་རྣམ་པ་དུ་མར་ཐབས་མང་བོ་ཡུན་རིང་བོར་དུས་དང་དུས་སུ་གོམས་པ་ལས། མཉམ་མེད་ཐུབ་པའི་དབང་བོ་དེ་ལ་སྐྱོན་གྱི་རྣམ་པ་གང་ཡང་མེད་པ་དང༌། སྤངས་རྟོགས་ཀྱི་ཡོན་ཏན་ཕུལ་དུ་བྱུང་བ་དག་ཀྱང་རབ་ཏུ་གསལ་བ་ཉིད་དུ་འགྱུར་རོ།།

༈ དེས་ན་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། བསམ་པ་ཕུན་ཚོགས་སྙིང་རྗེ་དང་ཐུགས་རྗེ་ཆེན་པོ་བསྐལ་བ་གྲངས་མེད་གསུམ་དུ་གོམས་པར་བྱས་པའི་སྐྱེས་བུ་ཡིན་པའི་ཕྱིར། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། སྦྱོར་བ་ཕུན་ཚོགས་བདག་མེད་རྟོགས་པའི་ཤེས་རབ་ལ་བརྟེན་ནས་རྟེན་འབྱུང་རང་དབང་དུ་སྟོན་པའི་སྐྱེས་བུ་ཡིན་པའི་ཕྱིར། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། ཁྱད་པར་གསུམ་ལྡན་གྱི་བདེ་གཤེགས་བརྙེས་པའི་སྐྱེས་བུ་ཡིན་པའི་ཕྱིར། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། འགྲོ་བ་རྣམས་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྐྱོབ་པ་པོ་ཡིན་པའི་ཕྱིར། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། སྔོན་གྱི་བསམ་པ་ཕུན་ཚོགས་ལས་ཆོས་སྟོན་པའི་སྦྱོར་བ་ཕུན་ཚོགས་དང༌། དེ་ལས་བདེ་གཤེགས་བརྙེས་ནས་འགྲོ་བ་སྐྱོབ་པའི་གང་ཟག་ཡིན་པའི་ཕྱིར། དེ་ལྟར་ཡང༌། དེ་ཕྱིར་ཚད་ཡིན་ཞེས་གསུངས་པ་ལྟར་རོ། །དེས་ན་བཅོམ་ལྡན་འདས་ནི་བདེན་བཞིའི་བླང་དོར་སོགས་ཤེས་བྱ་ཐམས་ཅད་ལ་ཐུགས་མཁྱེན་པའི་ཡེ་ཤེས་ཀྱང་གསལ་བར་འཇུག་པའི་ཕྱིར་ན། སྡུག་བསྔལ་རྒྱུ་དང་བཅས་པ་ཡི་ས་བོན་བག་ཆགས་དང་བཅས་པ་གཏན་དུ་སྤངས་པ་ཡིན་ནོ། །ཐུབ་པ་ཆེན་པོ་རྟག་ཏུ་གཞན་དོན་ལ་འཇུག་པ་ཅན་གྱི་སྤངས་རྟོགས་ཀྱི་ཡོན་ཏན་ནི། བསེ་རུ་ལྟ་བུའི་རང་རྒྱལ་ལ་སོགས་པ་ལས་ཁྱད་ཞུགས་པ་ནི་འདི་ལྟར་ཡིན་ནོ།།

༈ གསུམ་པ་དེ་དག་གི་དོན་བསྡུ་བ་ནི། དེ་དོན་ཕྱིར་ན་ཐབས་གོམས་པ། །དེ་ཉིད་སྟོན་པ་ཡིན་པར་འདོད། །གྲུབ་ལས་དང་བོར་འབྱུང་བའི་ཕྱིར། །གཉིས་པོ་འདི་ནི་རྒྱུ་རུ་བཤད། །ཅེས་བྱུང༌། ཐུབ་དབང་སྟོན་པ་དེ་ཡི་རྒྱུ་དོན་གཙོ་བོ་ཡིན་པའི་ཕྱིར་ན། ཐབས་བདག་མེད་རྟོགས་པའི་ཤེས་རབ་གོམས་པ་དེ་ཉིད་ནི། སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། ཞེས་པའི་སྐབས་ཀྱི་འབྲས་མིང་རྒྱུ་ལ་བཏགས་པའི་སྟོན་པ་ཡིན་པར་འདོད་དོ། །དོན་གཉིས་ཕུན་ཚོགས་གྲུབ་པའི་དང་བོར་འབྱུང་བའི་ཕྱིར་ན། བསམ་སྦྱོར་ཕུན་ཚོགས་གཉིས་པོ་འདི་ནི་སློབ་དཔོན་གྱིས་འབྲས་བུ་སྤངས་རྟོགས་ཕུན་སུམ་ཚོགས་པ་གཉིས་ཐོབ་པའི་རྒྱུ་རུ་བཤད་དོ།།

    བདེ་གཤེགས་ཀྱི་དོན་བཤད་པ།

 ༈ གཉིས་པ་འབྲས་བུ་ཕུན་སུམ་ཚོགས་པ་ལ་གཉིས། བདེ་གཤེགས་དང༌། སྐྱོབ་པའི་དོན་ནོ། །དང་བོ་ལ་གཉིས། དངོས་དང༌། རྩོད་པ་སྤོང་བའོ། །དང་བོ་ནི། རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། །ཉིད་ཡིན་སྡུག་བསྔལ་རྟེན་མིན་ཕྱིར། །ལེགས་ཡིན་དེ་ནི་བདག་མེད་པ། །མཐོང་བའམ་སྦྱོར་བ་ལས་ཡིན་ནོ། །སྐྱེ་དང་སྐྱོན་ནི་ཀུན་འབྱུང་དག །སླར་ཡང་ལྡོག་ཅེས་བཤད་པ་ཡིན། །བདག་ལྟའི་ས་བོན་སྤངས་པའི་ཕྱིར། །སླར་མི་གཤེགས་པ་ཉིད་ཡིན་ནོ། །དེ་བདེན་ཐ་དད་བདག་ཉིད་ཀྱིས། །ལུས་ངག་སེམས་ཀྱི་གནས་ངན་ལེན། །ཉོན་མོངས་ནད་དང་ནད་མེད་དང༌། །ལམ་བཤད་མི་གསལ་ཉིད་ལུས་ཡིན། །གོམས་ཕྱིར་མ་ལུས་སྤངས་པ་ཉིད། །ཅེས་བྱུང༌། ཐུབ་པ་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། སྡུག་བསྔལ་གྱི་རྒྱུ་མ་ལུས་པ་སྤངས་པའི་ཡོན་ཏན་གསུམ་ལྡན་གྱི་བདེ་བར་གཤེགས་པ་ཉིད་ཡིན་པའི་ཕྱིར། ཡོན་ཏན་གསུམ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་སྒྲིབ་པ་ཐམས་ཅད་ལེགས་པར་སྤངས་པ་ཡིན་ཏེ། ཕྱི་རོལ་བ་ལྟར་སྤངས་པ་དེ་སྡུག་བསྔལ་ཀྱི་རྟེན་མིན་པའི་ཕྱིར། སླར་མི་ལྡོག་པར་སྤངས་པ་ཡིན་ཏེ། དེ་ནི་བདག་མེད་པ་མངོན་སུམ་དུ་མཐོང་བའམ་སྦྱོར་བ་ཕུན་ཚོགས་གོམས་པ་ལས་ཐོབ་པ་ཡིན་ནོ། འཁོར་བར་ལས་ཉོན་གྱིས་སྐྱེ་བ་དང་དེར་སྐྱེ་བྱེད་ཀྱི་ཉོན་མོངས་པའི་སྐྱོན་ནི་རང་རྒྱུད་ལ་ཀུན་ཏུ་འབྱུང་བ་དག་ནི། རྒྱུན་ཞུགས་སྲིད་པ་ལན་བདུན་པ་ལྟར་སླར་ཡང་འཁོར་བར་ལྡོག་ཅེས་བཤད་པ་ཡིན་ནོ། དེས་ན་བཅོམ་ལྡན་འདས་ཀྱིས་བདག་ལྟའི་ས་བོན་དང་བཅས་པ་སྤངས་པའི་ཕྱིར་ན། སླར་ཡང་འཁོར་བར་ལས་ཉོན་གྱི་དབང་གིས་མི་གཤེགས་པ་ཉིད་ཡིན་ནོ། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་འཛིན་ལ་ཇི་ལྟར་གནོད་ཅེ་ན། བདག་མེད་རྟོགས་པའི་ཤེས་རབ་དེ་ཡིས་བདེན་པ་ཕྱིན་ཅི་མ་ལོག་པར་རྟོགས་པས། བདག་འཛིན་དེ་དང་འཛིན་སྟངས་ཐ་དད་པའི་བདག་ཉིད་ཀྱིས་འགལ་བ་ཡིན་པའི་ཕྱིར་རོ། །ཉན་ཐོས་དགྲ་བཅོམ་པས་སྒྲིབ་པ་མ་ལུས་པ་ཇི་ལྟར་མ་སྤང་ཞེ་ན། དེས་ལུས་དང་ངག་དང་སེམས་ཀྱི་གནས་ངན་ལེན་མ་སྤང་ལ། དེ་ལ་ནི་ཉོན་མོངས་པ་མེད་པ་དང༌། ཉོན་མོངས་པ་ལས་བྱུང་བའི་ནད་མེད་པ་དང་བཅས་པ་ཡིན་ཡང༌། ལམ་འབྲས་ཀྱི་རིམ་པ་སོགས་གཞན་ལ་བཤད་པ་མཛད་པ་ན་ཕྱོགས་འགའ་ཞིག་ལ་ཐུགས་མི་གསལ་བའི་ཆ་ཤེས་བྱའི་སྒྲིབ་པ་ཉིད་ལུས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ནི། སྒྲིབ་པའི་གཉེན་པོ་གོམས་པ་མཐར་ཕྱིན་པའི་ཕྱིར་ན། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་སྐྱོན་མ་ལུས་པར་སྤངས་པ་ཉིད་དོ། དེས་ན་བཅོམ་ལྡན་འདས་ཀྱི་སྤངས་པ་བདེ་གཤེགས་ནི། ཕྱི་རོལ་བའི་ཆགས་བྲལ་ལྟ་བུ་མ་ཡིན་པར་སྒྲིབ་པའི་ས་བོན་བག་ཆགས་དང་བཅས་པ་སྤངས་པས་ན། ལེགས་པར་སྤངས་པ་ཡིན། རྒྱུན་ཞུགས་སྲིད་པ་ལན་བདུན་པས་སྤངས་པ་ལྟ་བུ་མ་ཡིན་པར་སླར་མི་ལྡོག་པར་སྤངས་པ་ཡིན། ཉོན་མོངས་དགྲ་བཅོམ་པའི་སྤངས་པ་ཕྱོགས་གཅིག་པ་ལྟ་བུ་མ་ཡིན་པར་སྒྲིབ་པ་མ་ལུས་པར་སྤངས་པ་ཡིན་ཞེས་གསུངས་པ་ཡིན་ནོ།།

༈ གཉིས་པ་རྩོད་པ་སྤོང་བ་ནི། ཁ་ཅིག་སྨྲ་སོགས་ཕྱིར་ན་སྐྱོན། །ཟད་མིན་ཞེས་ཟེར་འདི་ལྡོག་ལ། །ཐེ་ཚོམ་ཟ་བ་དེ་ཕྱིར་འཁྲུལ། །རྟག་ཉིད་ཕྱིར་རམ་ཐབས་མེད་ཕྱིར། །ཡང་ན་ཐབས་ནི་མི་ཤེས་ཕྱིར། །སྐྱོན་རྣམས་མི་ཟད་པ་ཉིད་ཅེས། །བྱ་བར་ཡོངས་སུ་རྟོགས་གྲང་ན། །རྒྱུ་ཡོད་ཕྱིར་དང་རྒྱུ་ཡི་ནི། །གཉེན་པོ་གོམས་པས་ཟད་ཕྱིར་དང༌། །རྒྱུ་ཡི་རང་བཞིན་ཤེས་པ་ཡིས། །དེ་ཤེས་པ་ཡང་གྲུབ་པ་ཡིན། །ཞེས་བྱུང༌། རྒྱལ་དཔོག་པ་སོགས་ཁ་ཅིག་ན་རེ། ཤཱཀྱ་ཐུབ་པ་ནི། གཞན་ལ་ངག་སྨྲ་བ་སོགས་ཡིན་པའི་ཕྱིར་ན། ཉེས་སྐྱོན་ཐམས་ཅད་ཟད་པ་མིན་ནོ་ཞེས་ཟེར་རོ། སྦྱོར་བ་ནི། སངས་རྒྱས་ཤཱཀྱ་ཐུབ་པ་ཆོས་ཅན། ཉེས་ཟད་ཀྱི་སྐྱེས་བུ་མིན་ཏེ། ངག་སྨྲ་བའི་ཕྱིར་ཞེས་པའོ། །སྦྱོར་བ་འདི་ཡི་ལྡོག་ཁྱབ་ངག་སྨྲ་བ་ཉེས་ཟད་མ་ཡིན་པའི་ཁྱབ་པ་ལ་ཐེ་ཚོམ་ཟ་བ་དེ་ཕྱིར། ཁྱབ་པ་འཁྲུལ་བ་ཅན་ཡིན་ནོ། །འདོད་ཆགས་ལ་སོགས་པའི་སྐྱོན་དེ་དག་ཟད་པའི་གང་ཟག་གཏན་ནས་མེད་ན། སྐྱོན་དེ་དག་རྟག་པ་ཉིད་ཡིན་པའི་ཕྱིར་ཞེས་ཟེར་རམ། མི་རྟག་ཀྱང་སྤོང་བའི་ཐབས་མེད་པའི་ཕྱིར་ཟེར་རམ། ཡང་ན་ཐབས་དེ་ནི་སུས་ཀྱང་མི་ཤེས་པའི་ཕྱིར་ཟེར་རམ། ཞེས་སྐྱོན་རྣམས་མི་ཟད་པ་ཉིད་ཀྱི་བྱ་བར་ཡོངས་སུ་རྟོགས་གྲང་ན། དེ་ཐམས་ཅད་མི་རིགས་ཏེ། སྐྱོན་རྟག་པ་མ་ཡིན་པར་ཐལ། སྐྱོན་གྱི་རྒྱུ་ཡོད་པའི་ཕྱིར་དང༌། སྐྱོན་གྱི་རྒྱུ་ཡི་གཉེན་པོ་གོམས་པས་སྐྱོན་ཟད་པར་འགྱུར་བའི་ཕྱིར་དང༌། སྐྱོན་གྱི་རྒྱུ་ཡི་རང་བཞིན་ཡོངས་སུ་ཤེས་པ་ཡིས་གཉེན་པོ་བདག་མེད་རྟོགས་པའི་ཐབས་དེ་ཤེས་པ་ཡང་གྲུབ་པ་ཡིན་ནོ།།

    བདེན་བཞི་སྟོན་པས་སྐྱོབ་པར་བཤད་པ།

༈ གཉིས་པ་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་པ་ལ་གཉིས། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ་གཉིས། འབྲས་བུ་ཕུན་སུམ་ཚོགས་པ་དང༌། རྒྱུ་ཕུན་སུམ་ཚོགས་པའོ། །དང་པོ་འབྲས་བུ་ཕུན་སུམ་ཚོགས་པ་ལ་གཉིས། སྐྱོབ་པའི་དོན་དང་བདེ་གཤེགས་ཀྱི་དོན་ནོ། །དང་བོ་ལ་གཉིས། བདེན་བཞི་སྟོན་པས་སྐྱོབ་པར་བསྟན་པ། བསྟན་བྱའི་བདེན་བཞི་གཏན་ལ་དབབ་པའོ། །དང་པོ་ནི། སྐྱོབ་པ་ཉིད་གཟིགས་ལམ་གསུང་བ། །འབྲས་མེད་ཕྱིར་ན་བརྫུན་མི་གསུང༌། །ཐུགས་བརྩེ་ལྡན་ཕྱིར་རྩོམ་ཀུན་ཡང༌། །གཞན་གྱི་དོན་དུ་སྦྱོར་ཕྱིར་རོ། །དེ་ཕྱིར་ཚད་ཡིན་ཡང་ན་སྐྱོབ། །བདེན་པ་བཞི་ནི་སྟོན་མཛད་པའོ། །ཞེས་བྱུང༌། དོན་འགྲེལ་ནི། ཐུབ་པ་བཅོམ་ལྡན་འདས་ཆོས་ཅན། གྲོལ་བདེན་གཉེར་རྣམས་ཀྱི་སྐྱོབ་པ་ཡིན་ཏེ། རང་ཉིད་ཀྱིས་ཐར་ལམ་གཟིགས་པ་ལྟར་མཐར་ཕྱིན་པར་མཛད་པའི་ཕྱིར། དེ་ཆོས་ཅན། ལམ་གྱི་རིམ་པ་གསུངས་པ་ལྟར་མཐར་ཕྱིན་པ་ཡིན་ཏེ། དྲི་མ་ཟད་པར་སྤངས་པའི་ཕྱིར། དེ་ཆོས་ཅན། གཞན་ལ་བླང་དོར་ཕྱིན་ཅི་མ་ལོག་པར་བདེན་པ་ཁོ་ན་གསུང་བར་མཛད་པ་ཡིན་ཏེ། རང་གི་ཐོབ་བྱའི་འབྲས་བུ་ལ་འདོད་པ་མེད་པས་ཕྱིན་ཅི་ལོག་གི་རྫུན་མི་གསུངས་པའི་ཕྱིར། དེ་ཆོས་ཅན། སྔོན་སློབ་ལམ་དུ་བྱ་བ་གང་རྩོམ་ཐམས་ཅད་གཞན་དོན་ཁོ་ན་ཡིན་ཏེ། སེམས་ཅན་ལ་ཐུགས་བརྩེ་བ་ཆེན་པོ་གོམས་པ་མཐར་ཕྱིན་པའི་ཕྱིར། དེས་ན་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། སྔོན་གྱི་ཚེ་ན་སྙིང་རྗེ་ཆེན་པོ་ལས་ཐུགས་རྗེ་ཆེན་པོ་སོགས་བསམ་པ་ཕུན་ཚོགས་ཐབས་ཀྱི་ཆ་རྣམས་བྱུང་ཞིང༌། དེ་ལས་སྦྱོར་བ་ཕུན་ཚོགས་བདག་མེད་རྟོགས་པའི་ཤེས་རབ་ཡུན་རིང་བོར་གོམས་པ་ལས་བདེ་བར་གཤེགས་པ་བརྙེས་ནས་འགྲོ་བ་རྣམས་སྐྱོབ་པའི་སྐྱབས་མཐར་ཐུག་ཡིན་པའི་ཕྱིར། རྣམ་བཤད་ལས། དེ་ལྟར་ལུགས་འབྱུང་གི་སྐབས་འདིར་སྐྱོབ་པས་རྟགས་ཀྱིས་བསྒྲུབ་བྱར་བྱས་ནས་གཞན་གསུམ་རིམ་གྱིས་སྒྲུབ་བྱེད་དུ་བཀོད་པ་ན། མཐར་གཏུགས་པའི་སྒྲུབ་བྱེད་ཐུགས་རྗེ་ཆེན་པོ་ཡིན། ཞེས་གསུངས་སོ། །ཐུབ་པ་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། སྐྱོབ་པ་མཐར་ཐུག་ཡིན་པའི་ཕྱིར། དེར་ཐལ། ཉིད་ཀྱིས་གཟིགས་པའི་ཐར་ལམ་གསུང་བ་ཐམས་ཅད་དོན་ལ་མི་སླུ་ཞིང་བདེན་པ་ཁོ་ན་སྟེ། རང་གི་ཐོབ་བྱའི་བདེ་འབྲས་ལ་རེ་བ་མེད་པའི་ཕྱིར་ན་རྫུན་མི་གསུང་བའི་ཕྱིར། དེ་ནི་ཐུགས་བརྩེ་བ་ཆེན་པོ་དང་ལྡན་པའི་ཕྱིར་ན། སྔོན་སློབ་ལམ་སྐབས་སུ་ལུས་ངག་གི་བྱ་བ་གང་རྩོམ་པ་ཀུན་ཡང་གཞན་གྱི་དོན་དུ་སྦྱོར་བར་མཛད་པའི་ཕྱིར་རོ། །དེ་ལྟར་སྙིང་རྗེ་ལས་ཐུགས་རྗེ་ཆེན་པོ། དེ་ལས་སྦྱོར་བ་ཕུན་ཚོགས། དེ་ལས་བདེ་གཤེགས། དེ་ལས་སྐྱོབ་པ་འབྱུང་བ་དེ་ཕྱིར། ལུགས་འབྱུང་གི་སྒོ་ནས་བཅོམ་ལྡན་འདས་ཚད་མའི་སྐྱེས་བུ་ཡིན་པར་གྲུབ་བོ། །ལུགས་ལྡོག་གི་སྒོ་ནས་བཅོམ་ལྡན་འདས་ཚད་མའི་སྐྱེས་བུར་སྒྲུབ་པ་ནི། ཡང་ན་བཅོམ་ལྡན་འདས་ཆོས་ཅན། སྐྱོབ་པ་བླ་ན་མེད་པ་ཡིན་ཏེ། འཕགས་པའི་བདེན་པ་བཞི་རང་སྟོབས་ཀྱིས་སྟོན་པར་མཛད་པའོ་ཡིན་པའི་ཕྱིར།

    སྡུག་བསྔལ་གྱི་བདེན་པ་བཤད་པ།

༈ གཉིས་པ་བསྟན་བྱའི་བདེན་པ་བཞི་གཏན་ལ་དབབ་པ་ཡིན་ནོ། བཅོམ་ལྡན་འདས་ཀྱིས་གདུལ་བྱ་རྣམས་ལ་བསྟན་པའི་བདེན་པ་བཞི་བོ་དེ་གང་ཞེ་ན། འདི་ལ་བཞི། སྡུག་བསྔལ་ཀྱི་བདེན་པ། ཀུན་འབྱུང་བའི་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་བཤད་པའོ། དང་བོ་ལ་བཞི། སྡུག་བདེན་ངོས་བཟུང་བ། འཁོར་བའི་ཐོག་མ་མེད་པར་བསྒྲུབ་པ། འཁོར་བའི་ཐོག་མ་ཡོད་པར་འདོད་པ་དགག་པ། བདེན་པའི་རྣམ་པ་བཤད་པའོ། །དང་བོ་ནི། སྡུག་བསྔལ་འཁོར་བ་ཅན་ཕུང་བོ། །ཞེས་བྱུང༌། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། མངོན་པ་ཀུན་བཏུས་ལས་གསུང་བ་ལྟར་སྡུག་བསྔལ་གྱི་བདེན་པ་ལ་ཕྱི་ནང་གི་སྡུག་བདེན་མང་ཡང༌། གཙོ་བོ་ནི་འཁོར་བ་ཅན་ཟག་བཅས་ཉེར་ལེན་གྱི་ཕུང་བོ་ལྔའོ། །འཁོར་བ་དེ་གང་གིས་འཁོར་ཞེ་ན། ལས་དང་ཉོན་མོངས་པས་སོ། །གང་དུ་འཁོར་ན་ཁམས་གསུམ་གང་རུང་དུའོ། །གང་འཁོར་ན་ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེས་པ་རྣམས་སོ། །འཁོར་བ་རང་གི་ངོ་བོ་གང་ཞེ་ན། ཟག་བཅས་ཉེར་ལེན་གྱི་ཕུང་བོའོ། །དེའི་ཕྱིར། སྡུག་བསྔལ་འཁོར་བ་ཅན་ཕུང་བོ། །ཞེས་གསུངས་པ་ཡིན་ནོ།།

༈ གཉིས་པ་འཁོར་བ་ཐོག་མེད་དུ་སྒྲུབ་པ་ལ་གཉིས། རྟགས་དགོད་པ་དང༌། ཚུལ་བསྒྲུབ་པའོ། །དང་བོ་ནི། གོམས་ལས་འདོད་ཆགས་སོགས་གསལ་བ། མཐོང་ཕྱིར། ཞེས་བྱུང༌། རྒྱང་འཕེན་པ་ན་རེ། སྐྱེ་བ་སྔར་བསམ་སྦྱོར་ཕུན་ཚོགས་གོམས་པ། རྟགས་མ་གྲུབ་སྟེ། སྐྱེ་བ་སྔ་ཕྱི་མེད་པའི་ཕྱིར་ཞེ་ན། མི་འཐད་དེ། ཐོག་མ་མེད་པ་ནས་གོམས་པའི་སྟོབས་ལས། སྐྱེས་ནས་རིང་བོ་མ་ལོན་པར་འདོད་ཆགས་སོགས་གསལ་བར་མངོན་དུ་གྱུར་བ་མཐོང་བའི་ཕྱིར། སྐྱེ་བ་འདིར་ཡང་སྐྱེས་བུ་འགའ་ཞིག་སྐྱེ་བ་སྔར་འདོད་ཆགས་དང༌། ཤེས་རབ་ལ་སོགས་པ་གོམས་པ་ལས། སྐྱེ་བ་ཕྱི་མར་འདོད་ཆགས་དང་ཤེས་རབ་ལ་སོགས་པ་ཤིན་ཏུ་ཆེས་གསལ་བར་འགྱུར་བ་མཐོང་བའི་ཕྱིར། སྐྱེས་མ་ཐག་པའི་འདོད་ཆགས་དང་ཤེས་རབ་ལ་སོགས་པ་ཡང༌། སྐྱེ་བ་སྔ་མའི་འདོད་ཆགས་དང་ཤེས་རབ་ལ་སོགས་པ་གོམས་པ་ལས་འབྱུང་ལ། སྐྱེས་པ་འདིས་ཆགས་སོགས་ལས་སྐྱེ་བ་ཕྱི་མའི་ཆགས་སོགས་འབྱུང་བས་འཁོར་བ་འདི་གྲུབ་པ་ཡིན་ནོ། །ཞེས་སློབ་དཔོན་ལྷ་རྒྱན་གཉིས་ཀྱིའོ།།

༈ གཉིས་པ་ཚུལ་བསྒྲུབ་པ་ལ་གཉིས། རྒྱུ་མེད་ལས་སྐྱེ་བ་དགག་པ་དང༌། མི་མཐུན་པའི་རྒྱུ་ལས་སྐྱེ་བ་དགག་པའོ། །དང་བོ་ནི། འདོད་རྒྱལ་ཉིད་མིན་ཏེ། །རྒྱུ་མེད་སྐྱེ་བ་འགལ་ཕྱིར་རོ། །ཞེས་བྱུང༌། ཆགས་སོགས་དེ་དག་ལ་རྒྱུ་མེད་པར་འདོད་རྒྱལ་དུ་བྱུང་བ་ཉིད་མིན་ཏེ། རྒྱུ་མེད་པར་སྐྱེ་བ་འགལ་བའི་ཕྱིར་རོ། །དབུ་མ་འཇུག་པ་ལས། གལ་ཏེ་རྒྱུ་མེད་ཁོ་ནར་སྐྱེ་བར་ལྟ་ཞིག་འགྱུར་ན་ནི། །དེ་ཚེ་མཐའ་དག་རྟག་ཏུ་ཐམས་ཅད་ལས་ཀྱང་སྐྱེ་འགྱུར་ཞིང༌། །འབྲས་འབྱུང་ཆེད་དུ་འཇིག་རྟེན་འདི་ཡིས་ས་བོན་ལ་སོགས་ནི། །བརྒྱ་ཕྲག་དག་གི་སྒོ་ནས་སྡུད་པར་བྱེད་པར་ཡང་མི་འགྱུར། ཞེས་གསུངས་པ་ལྟར་རོ།།

༈ གཉིས་པ་མི་མཐུན་པའི་རྒྱུ་ལས་སྐྱེ་བ་དགག་པ་ལ་གཉིས། རླུང་མཁྲིས་བད་དཀན་གྱི་ནད་གསུམ་དུག་གསུམ་གྱི་དངོས་རྒྱུ་ཡིན་པ་དགག་པ་དང༌། འབྱུང་བ་བཞི་དུག་གསུམ་གྱི་དངོས་རྒྱུ་ཡིན་པ་དགག་པའོ། དང་བོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། དང་བོ་ནི། འཁྲུལ་ཕྱིར་རླུང་སོགས་ཆོས་མ་ཡིན་ཏེ། །གལ་ཏེ་རང་བཞིན་འདྲེས་པའི་ཕྱིར། །སྐྱོན་མེད་ཅེ་ན་དེ་ཡི་ཆོས། །དེ་ལས་གཞནཡང་ཅིས་མ་མཐོང༌། ཐམས་ཅད་འདོད་ཆགས་མཚུངས་པར་ནི། །ཐལ་ཕྱིར་ཀུན་གྱི་ཆོས་མ་ཡིན། །གཟུགས་སོགས་བཞིན་སྐྱོན་མེད་ཅེ་ན། གལ་ཏེ་དེ་ལ་ཁྱད་པར་ཅན། །ལས་རྣམས་བདག་པོ་མ་ཡིན་ན། དེར་ཡང་རྩོད་པ་མཚུངས་པ་ཡིན། །ཆགས་སོགས་རང་བཞིན་ཐམས་ཅད་ཀྱི། །ཆོས་ཡིན་པར་ཡང་འདོད་ན་གོ །ནུས་མེད་རང་བཞིན་མེད་པས་ན། །འབྲས་བུ་མི་མཚུངས་གང་ལས་ཡིན། །ཞེས་བྱུང༌། ཡང་ཁོ་ན་རེ། ཆགས་སོགས་རང་གི་རིགས་འདྲ་སྔ་མ་ལས་སྐྱེས་པ་མ་ཡིན་པར་ཆགས་སོགས་གསུམ་ནད་གསུམ་གྱི་དངོས་འབྲས་ཡིན་ཏེ། བད་ཀན་ལས་འདོད་ཆགས་དང༌། མཁྲིས་ནད་ལས་ཞེ་སྡང་དང༌། རླུང་ལས་གཏི་མུག་སྐྱེ་བའི་ཕྱིར་ཞེ་ན། མི་འཐད་ཏེ། དེ་སྒྲུབ་ཀྱི་ཁྱབ་པ་འཁྲུལ་བའི་ཕྱིར། དེར་ཐལ་བད་ཀན་ཅན་འདོད་ཆགས་ཆུང་ལ་ཞེ་སྡང་ཆེ་བ་སོགས་ཡོད་པའི་ཕྱིར། དེས་ན་ཆགས་སོགས་གསུམ་རླུང་སོགས་ནད་གསུམ་གྱི་དངོས་འབྲས་ཀྱི་ཆོས་མ་ཡིན་ནོ། གལ་ཏེ་འདོད་ཆགས་ལ་ཞེ་སྡང་གི་རྒྱུ་མཁྲིས་པའི་རང་བཞིན་འདྲེས་པའི་ཕྱིར་ན་སྐྱོན་མེད་ཅེ་ན། འོ་ན་གང་ཟག་དེ་ལ་མཁྲིས་པའི་ནད་དེ་ཡི་དངོས་འབྲས་ཀྱི་ཆོས་ཤ་སེར་མིག་སེར་སོགས་ཞེ་སྡང་ཅན་དེ་ལས་གཞན་ལ་ཡང་ཅིས་མ་མཐོང༌། དེ་ལ་དངོས་རྒྱུ་མཁྲིས་པ་ཚང་བར་ཡོད་པའི་ཕྱིར། དེ་ལྟར་ན་སྐྱེ་བུ་ཐམས་ཅད་འདོད་ཆགས་སོགས་ཆེ་ཆུང་མཚུངས་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། དེས་ན་ཆགས་སོགས་གསུམ་ནད་གསུམ་པོ་ཀུན་གྱི་དངོས་འབྲས་ཀྱི་ཆོས་མ་ཡིན་ནོ། །བྱས་པ་ལ་ཁོ་ན་རེ། སྐྱེས་བུ་ཀུན་གྱི་རྒྱུ་འབྱུང་བ་མཚུངས་ཀྱང་གཟུགས་སོགས་བོང་ཚོད་ཆེ་ཆུང་མི་མཚུངས་པ་བཞིན་ཡིན་པས་ཆགས་སོགས་ཆེ་ཆུང་ཅན་ཡོད་ཀྱང་སྐྱོན་མེད་ཅེ་ན། གལ་ཏེ་སྐྱེས་བུའི་གཟུགས་དེ་ལ་ཆེ་ཆུང་གི་ཁྱད་པར་ཡོད་པ་ནི་སྔོན་གྱི་ལས་རྣམས་ཀྱི་བདག་པོའི་སྐྱོན་གྱི་ཁྱད་པར་གྱིས་མ་ཡིན་ན། སྐྱེས་བུའི་གཟུགས་དེར་ཡང་ཆེ་ཆུང་སོགས་ཀྱི་ཁྱད་པར་མི་འཐད་པར་ཐལ། རྒྱུ་འབྱུང་བ་ཁོ་ནས་བསྐྱེད་པར་འདྲ་བའི་ཕྱིར་ཞེས་པའི་རྩོད་པ་འཇུག་པ་མཚུངས་པ་ཡིན་ནོ། །ཆགས་སོགས་ཀྱི་རང་བཞིན་ནད་ཐམས་ཅད་ཀྱི་དངོས་འབྲས་ཀྱི་ཆོས་ཡིན་པར་ཡང་འདོད་ན་ད་ཀོ་ཆགས་སོགས་བསྐྱེད་པའི་ནུས་པ་མེད་པའི་ནད་ཀྱི་རང་བཞིན་མེད་པས་ན། དེ་དག་གི་འབྲས་བུ་མི་མཚུངས་པ་རྒྱུ་གང་ལས་ཡིན་ཞེས་བསམ་པར་བྱའོ།།

༈ གཉིས་པ་རྒྱས་བར་བཤད་པ་ནི། སྐྱོན་རྣམས་ཁྱད་པར་ཡོད་ནའང༌། ཁྱད་པར་མེད་ཕྱིར་མ་གྲུབ་ཉིད། །མ་ཡིན་ཐམས་ཅད་འགྱུར་བ་ཡིས། །འགྱུར་ཕྱིར་ཀུན་ལས་སྐྱེས་པའང་མིན། །རྒྱུ་ནི་འཕེལ་བར་གྱུར་བ་ན། །འབྲས་བུ་འགྲིབ་པར་མི་རུང་སྟེ། །ཚ་བ་སོགས་བཞིན་ཆགས་སོགས་ཀྱི། །འགྱུར་བ་བདེ་སྡུག་ལས་སྐྱེས་ཡིན། །ཆ་མི་མཉམ་སྐྱེས་སྡུག་བསྔལ་གྱིས། །གལ་ཏེ་འདོད་ཆགས་མི་སྐྱེད་ན། ཅིས་བསྐྱེད་སྨྲོས་ཤིག་ཆ་མཉམ་ལས། ཁུ་འཕེལ་དེ་ལས་འདོད་ཆགས་ཡིན། །ཆ་མཉམ་ལའང་ཆགས་ཅན་མཐོང༌། །གཞན་ནི་ཆ་མཉམ་ན་ཡང་མིན། །གཞན་ནི་ཟད་ནས་ཁྲག་འཛག་ཀྱང༌། །བུད་མེད་གཅིག་ལ་ཁུ་ངེས་མེད། །དེ་གཅིག་ལ་ཆགས་དྲག་མི་འགྱུར། །གལ་ཏེ་གཟུགས་སོགས་ཀྱང་ཡན་ལག །མ་ཡིན་ཀུན་ལ་ངེས་ཕྱིར་རོ། །ངེས་པ་མེད་པར་འབྱུང་བའང་མིན། །ཡོན་ཏན་མི་འཛིན་པ་ལའང་འགྱུར། །གལ་ཏེ་ཡོན་ཏན་འཛིན་དེ་ཡང༌། །ཡན་ལག་ཡིན་ན་ཐམས་ཅད་ཀྱིས། །ཡོན་ཏན་འཛིན་པ་ཅན་འགྱུར་ཏེ། །རྒྱུ་ལ་ཁྱད་པར་མེད་ཕྱིར་རོ། །གནས་སྐབས་གང་ལ་ཆགས་ཅན་འདོད། །དེ་འདྲ་ཞེ་སྡང་ཅན་མི་འགྱུར། །དེ་གཉིས་ངོ་བོ་མི་མཚུངས་ཕྱིར། །འདི་ལ་ངེས་པར་མཐོང་བའང་མེད། །གང་གི་འདོད་ཆགས་ལ་སོགས་པ། །རིགས་མཐུན་བག་ཆགས་ཁྱད་པར་ལ། །རག་ལས་བས་ནི་འཇུག་འགྱུར་བ། །དེ་ལ་སྐྱོན་འདིར་ཐལ་བ་མེད། །ཅེས་བྱུང༌། ཆགས་སོགས་གསུམ་རླུང་སོགས་གསུམ་ལས་དངོས་སུ་སྐྱེ་བའང་མ་ཡིན་ཏེ། སྐྱོན་རྣམས་ལ་འཕེལ་འགྲིབ་ཀྱི་ཁྱད་པར་ཡོད་ནའང་ཆགས་སོགས་འཕེལ་འགྲིབ་ཀྱི་ཁྱད་པར་མེད་པའི་ཕྱིར། རྟགས་མ་གྲུབ་པ་ཉིད་ཀྱང་མ་ཡིན་ཏེ། ནད་ཐམས་ཅད་འགྱུར་བ་ཡིས་ཞེ་སྡང་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར། ཞེ་སྡང་དེ་ནད་ཀུན་ལས་སྐྱེ་བའང་མིན་ནོ། །རྒྱུ་བད་ཀན་ནི་འཕེལ་བར་གྱུར་བ་ན་འབྲས་བུ་འདོད་ཆགས་འགྲིབ་པར་མི་རིང་སྟེ། དཔེར་ན། མཁྲིས་པ་འཕེལ་བ་ན་ཚ་བ་ལ་སོགས་པའི་ནད་འཕེལ་བ་བཞིན་ནོ། །འོ་ན་ཆགས་སོགས་ཀྱི་རྒྱུ་གཙོ་བོ་གང་ཞེ་ན། ཆགས་སོགས་ཀྱི་འགྱུར་བ་ནི་ནད་འབའ་ཞིག་ལས་སྐྱེ་བ་མ་ཡིན་ཏེ། གཙོ་བོ་རང་རྒྱུ་ཚོར་བ་བདེ་སྡུག་ལས་སྐྱེས་པ་ཡིན་པའི་ཕྱིར། གལ་ཏེ་ནད་གསུམ་ཆ་མི་མཉམ་པ་ལས་སྐྱེས་པའི་སྡུག་བསྔལ་གྱིས། གལ་ཏེ་འདོད་ཆགས་སོགས་མི་སྐྱེད་ན་ཅིས་བསྐྱེད་སྨོས་ཤིག་བྱས་པས། ཁོ་ན་རེ། ནད་གསུམ་ཆ་མཉམ་པ་ལས་ཁུ་བ་འཕེལ་ལ། དེ་ལས་འདོད་ཆགས་སྐྱེས་པ་ཡིན་ནོ་ཞེ་ན། མི་འཐད་དེ། ནད་གསུམ་ཆ་མི་མཉམ་པ་ལའང་འདོད་ཆགས་སྐྱེས་པ་ཅན་མཐོང་བའི་ཕྱིར། ཆགས་བྲལ་བ་གཞན་དག་ནི་ནད་གསུམ་ཆ་མཉམ་པར་གྱུར་ན་ཡང་ཆགས་སོགས་སྐྱེ་བ་མིན་ནོ། །ཆགས་ཅན་གཞན་ཁ་ཅིག་ནི། ཁུ་བ་ཟད་ནས་ཁྲག་འཛག་ཀྱང་འདོད་ཆགས་སྐྱེ་བ་མཐོང་བའི་ཕྱིར། བུད་མེད་གཅིག་ལ་ཆགས་པ་དེས་བུད་མེད་དེ་ལ་ཁུ་བ་འཕེལ་བའི་ངེས་པ་མེད་པའི་ཕྱིར་ན། དེ་བུད་མེད་གཅིག་ཤོས་ལ་འདོད་ཆགས་དྲག་པོ་སྐྱེ་བར་མི་འགྱུར་བར་ཐལ་ལོ། །གལ་ཏེ་གཟུགས་མཛེས་པ་སོགས་ཀྱང་འདོད་ཆགས་སྐྱེས་པའི་ཡན་ལག་ཏུ་དགོས་སོ་ཞེ་ན། གཟུགས་མཛེས་པ་སོགས་ཆགས་པའི་དངོས་རྒྱུར་དགོས་པ་མ་ཡིན་ཏེ། མཛེས་ལྡན་ཀུན་ལ་འདོད་ཆགས་སྐྱེ་བ་མ་ངེས་པའི་ཕྱིར་རོ། །ཡུལ་ངེས་པ་མེད་པར་འདོད་ཆགས་འབྱུང་བའང་མེད་པར་ཐལ་ལོ། །བུད་མེད་ཀྱི་མཛེས་པ་སོགས་ཡོན་ཏན་དུ་མི་འཛིན་པ་དེ་ལའང་ཆགས་པ་སྐྱེ་བར་འགྱུར་བས་སོ། །གལ་ཏེ་གཟུགས་མཛེས་པ་ཡོན་ཏན་དུ་མི་འཛིན་པ་དེ་ཡང་འདོད་ཆགས་ཀྱི་ལྷན་ཅིག་བྱེད་པའི་ཡན་ལག་ཡིན་ནོ་ཞེ་ན། དེ་ལྟར་ན་སྐྱེས་བུ་ཐམས་ཅད་ཀྱི་གཟུགས་མཛེས་བ་ཡོན་ཏན་དུ་འཛིན་པ་ཅན་དུ་འགྱུར་ཏེ། རྒྱུ་ལ་ཁྱད་པར་མེད་པའི་ཕྱིར་རོ། །ནད་ཀྱི་གནས་སྐབས་གང་ལ་འདོད་ཆགས་ཅན་དུ་འདོད། བད་ཀན་ཤས་ཆེ་བའི་སྐྱེས་བུ་དེ་འདྲ་ཞེ་སྡང་ཅན་དུ་མི་འགྱུར་བར་ཐལ། འདོད་ཆགས་ཅན་དུ་འདོད་པའི་ཕྱིར། ཁྱབ་སྟེ། ཆགས་སྡང་དེ་གཉིས་ཀྱི་ངོ་བོ་འཛིན་སྟངས་མི་མཚུངས་པའི་ཕྱིར། བད་ཀན་ཅན་འདི་ལ་ཞེ་སྡང་མི་སྐྱེ་བ་ངེས་པར་མཐོང་བའང་མེད་པའི་ཕྱིར་རོ། །བད་ཀན་ཅན་ལ་ཞེ་སྡང་མི་སྐྱེ་བའི་ཉེས་བ་ཁྱོད་རང་ལའང་མཚུངས་སོ་ཞེ་ན། གང་གི་ལུགས་ལ་འདོད་ཆགས་ལ་སོགས་པ་རིགས་མཐུན་པའི་བག་ཆགས་ཀྱི་ཁྱད་པར་ལ་རག་ལས་པས་ནི་འཇུག་པར་འགྱུར་བ་ཡིན་པའི་ཕྱིར་ན། བད་ཀན་ཅན་དེ་ལ་ཞེ་སྡང་མི་སྐྱེ་བའི་སྐྱོན་ནི་འདིར་ཐལ་བ་མེད་དོ། །དེ་ལྟར་ན་ཕྱི་རོལ་བས་ནད་གསུམ་ཆགས་སོགས་གསུམ་གྱི་དངོས་རྒྱུར་འདོད་པ་སློབ་དཔོན་གྱིས་བཀག་པ། འོ་ན་སངས་རྒྱས་པའི་ལུགས་ལ་ཇི་ལྟར་ཡིན་ཞེ་ན། གསོ་བ་རིགས་པའི་གཞུང་ལས། དེ་ལ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་རླུང་འཁྲིས་བད་ཀན་རིམ་པས་སྐྱེད་པའི་རྒྱུ། ཞེས་གསུངས་པ་ལྟར་རོ།།

༈ གཉིས་པ་འབྱུང་བཞི་ཆགས་སོགས་ཀྱི་དངོས་རྒྱུ་ཡིན་པ་དགག་པ་ནི། ཚུ་རོལ་མཛེས་པ་ན་རེ། འདོད་ཆགས་སོགས་བད་ཀན་སོགས་ལས་མི་སྐྱེ་ཡང་འབྱུང་བ་ལས་སྐྱེ་བ་ཡིན་ཏེ། ས་ཆུ་ཤེས་ཆེ་བ་ལས་འདོད་ཆགས་དང༌། མེ་རླུང་ལས་ཞེ་སྡང༌། ཆུ་རླུང་ལས་གཏི་མུག་སྐྱེ་བའི་ཕྱིར་ཞེ་ན། འདིས་ནི་འབྱུང་བའི་ཆོས་ཉིད་བཀག །རྟེན་ཡང་བཀག་པ་ཉིད་ཕྱིར་རོ། །དཀར་བོ་ལ་སོགས་ས་སོགས་ལ། །བརྟེན་པ་ཉིད་ནི་མ་ཡིན་ནོ། །དེ་རྟེན་སྒྲ་ཡང་རྒྱུ་དོན་ནམ། །ཡང་ན་རང་གི་རྟེན་དག་དང༌། །དབྱེར་མེད་པར་ནི་གནས་པའི་ཕྱིར། །རྟེན་ཡིན་གཞན་དུ་འཐད་མ་ཡིན། །གལ་ཏེ་མྱོས་སོགས་ནུས་པ་བཞིན། །དབྱེར་ཡོད་ཅེ་ན་དངོས་པོ་ལས། །ནུས་པ་དོན་གཞན་ཉིད་མ་ཡིན། །དངོས་པོ་འཇིག་འགྱུར་རྟེན་ཚང་བར། །གནས་ན་རྟེན་པ་འཇིག་མ་ཡིན། །གལ་ཏེ་དེ་མཚུངས་ཞེ་ན་མིན། །སྣང་བ་ཐ་དད་ཅན་རྟོགས་པས། །འབྱུང་སེམས་ཐ་དད་ཉིད་ཕྱིར་རོ། །ཇི་སྲིད་ལུས་ནི་འགྱུར་བར་དུ། །གཟུགས་སོགས་བཞིན་དུ་ཡིད་ངོ་བོ། །མཚུངས་འགྱུར་རྣམ་པར་རྟོག་པ་ནི། །དོན་གྱི་གཞན་དབང་ཅན་ཉིད་གང༌། །གང་ཚེ་ལུས་ལ་ལྟོས་མེད་པར། །ཤེས་པ་འགའ་ཞིག་འགའ་ཞིག་གི །བག་ཆགས་སད་པའི་རྒྱུར་འགྱུར་བ། །དེས་ནི་འགའ་ཞིག་ལས་འགའ་ཡིན། །ཞེས་བྱུང༌། ཆགས་སོགས་གསུམ་ནད་གསུམ་གྱི་དངོས་འབྲས་ཡིན་པ་སོགས་པའི་རིགས་པ་འདིས་ནི། ཆགས་སོགས་འབྱུང་བའི་དངོས་འབྲས་ཀྱི་ཆོས་ཉིད་ཡིན་བའང་བཀག་ཀྱང༌། འབྱུང་བཞི་ཆགས་སོགས་ཀྱི་རྟེན་དུ་ཡང་བཀག་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་འབྱུང་བ་རྣམས་འབྱུང་གྱུར་རྣམས་ཀྱི་རྟེན་དུ་བཤད་པ་དང་འགལ་ལོ་ཞེ་ན། དཀར་བོ་ལ་སོགས་པ་ས་སོགས་འབྱུང་བ་ལ་དུས་མཉམ་དུ་བརྟེན་པ་ཉིད་ནི་མ་ཡིན་ནོ། །འབྱུང་གྱུར་དེ་འབྱུང་བ་ལ་བརྟེན་པར་བྱེད་པའི་སྒྲ་འམ། ཡང་ན་རང་གི་སྔ་ལོགས་ཀྱི་ས་སོགས་རྒྱུ་བྱེད་པའི་དོན་ནམ། ཡང་ན་རང་གི་རྟེན་དུ་ཐ་སྙད་བྱས་པའི་འབྱུང་བ་ས་སོགས་དེ་དག་དང་འབྱུང་གྱུར་གཟུགས་སོགས་དབྱེར་མེད་པར་ནི་གནས་པའི་ཕྱིར་རྟེན་དང་བརྟེན་པ་ཡིན་གྱི། དེ་ལས་གཞན་དུ་དུས་མཉམ་པ་ཕན་མི་འདོགས་པའི་དོན་གཞན་རྟེན་དང་བརྟེན་པ་འཐད་པ་མ་ཡིན་ནོ། །ཁོ་ན་རེ། གལ་ཏེ་ཆང་དང་མྱོས་པ་སོགས་ཀྱི་ནུས་པ་བཞིན་དུ། འབྱུང་བ་དང་སེམས་གཉིས་ཀྱང་དུས་མཉམ་དུ་དབྱེར་ཡོད་ཅེ་ན། ཆང་གི་དངོས་པོ་ལས་ཆང་གི་ནུས་པ་དོན་གཞན་ཉིད་མ་ཡིན་ཏེ། ནུས་པ་དང་ནུས་པ་ཅན་ཡིན་པའི་ཕྱིར། ཆང་གི་ནུས་པ་ནི་ཆང་གི་རྫས་ཡིན་པས། དེ་ཞིག་ན་ཆང་གི་དངོས་པོ་ཡང་འཇིག་པར་འགྱུར་ན། རྟེན་ཆང་གི་དངོས་པོ་ཚང་བར་གནས་ན་བརྟེན་པ་མྱོས་པའི་ནུས་པ་ཡང་འཇིག་པ་མ་ཡིན་ཏེ། དེ་གཉིས་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། གལ་ཏེ་ཆང་དང་མྱོས་པའི་ནུས་པ་བཞིན་དུ། ལུས་སེམས་དེ་གཉིས་རྫས་གཅིག་ཡིན་པར་མཚུངས་སོ་ཞེ་ན། མཚུངས་པ་མིན་ཏེ། ལུས་སེམས་གཉིས་སྣང་བ་ཐ་དད་པ་ཅན་གྱི་མངོན་སུམ་གྱི་སོ་སོར་རྟོགས་པས། འབྱུང་སེམས་གཉིས་རྫས་ཐ་དད་པ་ཉིད་ཀྱི་ཕྱིར་རོ། །ཇི་སྲིད་ལུས་ནི་རྣམ་པ་གཞན་དུ་མི་འགྱུར་གྱི་བར་དུ། གཟུགས་སོགས་འབྱུང་གྱུར་འབྱུང་བའི་རྗེས་སུ་བྱེད་པ་བཞིན་དུ་ལུས་རྣམས་གཞན་དུ་མི་འགྱུར་ཡང་དམིགས་རྐྱེན་གྱི་དབང་གིས་ཡིད་ཀྱི་ངོ་བོ་དེ་དང་མཚུངས་པར་རྣམ་པ་གཞན་དུ་འགྱུར་རོ་ཞེ་ན། མི་འཐད་དེ། རྣམ་པར་རྟོག་པ་ནི་གཟུང་དོན་གྱི་གཞན་དབང་ཅན་ཉིད་གང་ལས་ཡིན་ཏེ་མ་ཡིན་པའི་ཕྱིར་རོ། །བྱིས་པ་སྐྱེས་མ་ཐག་པ་གང་གི་ཚེ་ལུས་ཁོ་ན་ལ་ལྟོས་པ་མེད་པར་ཤེས་པ་སྔ་མ་འགའ་ཞིག ཕྱི་མ་འགའ་ཞིག་གི་བག་ཆགས་སད་པའི་རྒྱུར་འགྱུར་བ་དེས་ན། ཤེས་པ་སྔ་མ་འགའ་ཞིག་ལས་ཤེས་པ་ཕྱི་མ་འགའ་ཞིག་སྐྱེས་པ་ཡིན་ནོ།།

༈ གསུམ་པ་འཁོར་བའི་ཐོག་མ་ཡོད་པར་འདོད་པ་དགག་པ་ལ་གཉིས། རྟགས་ཀྱི་དགག་པ་དང༌། ཧ་ཅང་ཐལ་བའི་སྒོ་ནས་དགག་པའོ། དང་བོ་ནི། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་གྲུབ། །གལ་ཏེ་དངོས་པོ་ཐམས་ཅདནི། །རྣམ་ཤེས་ནུས་ལྡན་ཕྱིར་འདོད་ན། །རྩ་སོགས་རྩེ་ན་གླང་ཆེན་བརྒྱ། །སྔོན་ཚེ་མ་མཐོང་ཡོད་དོ་ཞེས། །དེ་སྐད་གྲངས་ཅན་ཕྱུགས་ལས་གཞན། །ངོ་མཚར་བཅས་བ་སུ་བརྗོད་རྩོལ། །རྒྱུ་ནི་ལན་བརྒྱད་རྣམ་ཕྱེ་ཡང༌། ངོ་བོ་གང་ཞིག་སྣང་གྱུར་བའི། །ངོ་བོ་དེ་ནི་སྔར་མི་སྣང༌། །ཇི་ལྟར་དེ་ནི་ཡོད་པར་འགྱུར། ཞེས་བྱུང༌། རྣམ་ཤེས་ཀྱི་རྫས་མིན་པ་ཞིག་གིས་རྣམ་ཤེས་ཀྱི་ཉེར་ལེན་གྱི་རྒྱུ་བྱེད་པ་མིན་པའི་ཕྱིར་ན་ཡང་འཁོར་བ་ལ་ཐོག་མ་མེད་པར་གྲུབ་བོ། གལ་ཏེ་དངོས་པོ་ཐམས་ཅད་ནི་རྣམ་ཤེས་སྐྱེད་པའི་ནུས་ལྡན་ཡིན་པའི་ཕྱིར་ན། རྣམ་ཤེས་མིན་པ་ལའང་རྣམ་ཤེས་ཀྱི་ཉེར་ལེན་ཡོད་པར་འདོད་དོ་ཞེ་ན། རྩ་སོགས་རྩེ་ན་གླང་ཆེན་བརྒྱ་སྔོན་རྒྱུ་ཡི་ཚེ་མ་མཐོང་ཡང་མངོན་བར་མི་གསལ་བའི་ཚུལ་གྱིས་ཡོད་དོ་ཞེས་དེ་སྐད་སྨྲ་བ་ནི། གྲངས་ཅན་པ་ཕྱུགས་ལྟ་བུ་ལས་གཞན། ངོ་མཚར་དང་བཅས་པའི་དམ་བཅའ་འདི་ལྟ་བུ་སུ་ཞིག་གིས་བརྗོད་པའི་རྩོལ་བ་བྱེད། འདི་ལ་རྒྱལ་སྲས་ཞི་བ་ལྷས། གལ་ཏེ་རྒྱུ་ལ་འབྲས་གནས་ན། །ཟན་ཟ་མི་གཙང་ཟ་བར་འགྱུར། །ཞེས་གསུངས་པ་ཡིན་ནོ། །རྒྱུ་ནི་ལན་བརྒྱར་རྣམ་པར་ཕྱེ་ཡང་འབྲས་བུའི་ངོ་བོ་གང་ཞིག་སྣང་བར་འགྱུར་བའི་ངོ་བོ་དེ་ནི། སྔར་རྒྱུ་ཡི་དུས་ན་མི་སྣང་ན། ཇི་ལྟར་རྒྱུའི་དུས་སུ་འབྲས་བུ་དེ་ནི་ཡོད་པར་འགྱུར།

༈ གཉིས་པ་ཧ་ཅང་ཐལ་བས་དགག་པ་ལ་གཉིས། ཐལ་བ་འགོད་པ་དང༌། སྐྱོན་སྤོང་དགག་པའོ། །དང་བོ་ནི། སྔར་མེད་པར་འབྱུང་བ་ལས། ཆགས་སོགས་ངེས་མེད་ཐལ་བར་འགྱུར། །ཞེས་གསུངས། རང་གི་རིགས་འདྲ་སྔ་ན་མེད་པར་འབྱུང་བ་དག་ལས་ཆགས་སོགས་གློ་བུར་དུ་སྐྱེ་བ་ཡིན་ན། སེམས་ཅན་ཀུན་ལ་ཆགས་སོགས་ངེས་མེད་དུ་སྐྱེ་བར་ཐལ་བར་འགྱུར་རོ།།

༈ གཉིས་པ་སྐྱོན་སྤོང་དགག་པ་ལ་གསུམ། སེམས་ཅན་ཀུན་ལ་ཆགས་སོགས་ཡོད་པའི་སྒྲུབ་བྱེད་དགག་པ། ཁྱབ་པ་མ་ངེས་པས་དགག་པ། མཇུག་བསྡུ་བའོ། དང་བོ་ནི། འབྱུང་བའི་བདག་ལས་མ་འདས་ཕྱིར། །གལ་ཏེ་ཀུན་ཆགས་སོགས་ལྡན་ན། །ཐམས་ཅད་འདོད་ཆགས་མཚུངས་པར་འགྱུར། །གལ་ཏེ་འབྱུང་ཁྱད་ལས་ཡིན་ན། འབྱུང་རྣམས་སྲོག་ཆགས་ཁྱད་མེད་ཀྱང༌། ཁྱད་པར་འདི་རྟེན་གང་ཡིན་ན། །དེ་ནི་ཕུལ་བྱུང་འགྲིབ་པ་བཞིན། །དེ་ཡོད་པ་ལས་དེ་མེད་འགྱུར། །གལ་ཏེ་ཆགས་སོགས་ཐ་དད་ཀྱང༌། །རྒྱུ་མཚུངས་བདག་ཉིད་མི་ལྡོག་ཕྱིར། །མིན་ན་བདག་ཉིད་འདྲ་རྒྱུའི་ཕྱིར། །ཀུན་ལ་འདོད་ཆགས་འདྲ་བར་འགྱུར། །མཚུངས་བདག་ལས་བྱུང་བ་གླང་གི །ཤེས་བའམ་འདིར་ཡངས་སོགས་ལ། །སྲོག་ཆགས་ཉིད་སོགས་ཁྱད་པར་གྱི། །རིམ་པ་ལ་ལར་ཡོད་མ་ཡིན། །དྲོ་རིམ་ཁྱད་པར་ཡོད་ན་ཡང༌། །དྲོ་མེད་མེ་འགའ་ཡོད་མིན་པ། །དེ་བཞིན་འདིར་ཡང་ཞེ་ན་མིན། །དྲོ་ལས་མེ་གཞན་བཀག་ཕྱིར་རོ། །གང་ཞིག་གཞན་ཡོད་ཡོན་ཏན་ནི། །ཁྱད་པར་རིམ་པ་དང་ལྡན་པ། །དེ་དག་དེ་ཡི་ཁྱད་པར་ནི། །ལ་ལར་ཆད་འགྱུར་དཀར་སོགས་བཞིན། །ཞེས་བྱུང༌། ཕྱོགས་སྔ་མ་ན་རེ། སེམས་ཅན་ཀུན་ཀྱང་འབྱུང་བའི་བདག་ཉིད་ལས་མ་འདས་པའི་ཕྱིར་ན། གལ་ཏེ་སེམས་ཅན་ཀུན་ཆགས་སོགས་ཉོན་མོངས་དང་ལྡན་པ་ཡིན་ནོ་ཞེ་ན། མི་འཐད་དེ། དེ་ལྟར་ན་སེམས་ཅན་ཐམས་ཅད་འདོད་ཆགས་ཆེ་ཆུང་མཚུངས་པར་འགྱུར་ཏེ། ཉེར་ལེན་གྱི་རྒྱུ་འབྱུང་བ་མཚུངས་པའི་ཕྱིར། གལ་ཏེ་འབྱུང་བ་ཤེས་ཆེ་ཆུང་གི་ཁྱད་པར་ལས་འདོད་ཆགས་ཆེ་ཆུང་དུ་གྱུར་བ་ཡིན་ནོ་ཞེ་ན། རྒྱུ་འབྱུང་བ་རྣམས་ལ་སྲོག་ཆགས་ཆེ་ཆུང་གི་ཁྱད་པར་མེད་ཀྱང༌། ཆགས་སོགས་ཆེ་ཆུང་གི་ཁྱད་པར་ནི་ཆགས་སོགས་འདི་ཡི་རྟེན་གྱི་འབྱུང་བ་གང་ཡིན་པ་དེ་ཉིད་ནི་ཕུལ་དུ་བྱུང་བ་དང་འགྲིབ་པ་བཞིན་དུ་ཆགས་སོགས་ཆེ་ཆུང་དུ་འགྱུར་བར་ཐལ་ལོ། འདོད་ན། ཆགས་སོགས་དེ་སྔར་ཡོད་པ་ལས་ཕྱིས་དེ་དོན་མེད་དུ་མེད་པར་འགྱུར་བར་ཐལ། ཆགས་སོགས་འཕེལ་འགྲིབ་དུ་འགྱུར་བ་འབྱུང་བ་འཕེལ་འགྲིབ་ལ་ལྟོས་པའི་ཕྱིར། འདོད་ན། འདོད་ཆགས་དང་བྲལ་བ་མི་སྲིད་དོ་ཞེས་དམ་བཅས་པ་ཉམས་སོ། །གལ་ཏེ་ཆགས་སོགས་ཆེ་ཆུང་ཐ་དད་པ་ཡོད་ཀྱང༌། རྒྱུ་འབྱུང་བ་མཚུངས་པའི་བདག་ཉིད་ཅན་དེ་གཏན་དུ་མི་ལྡོག་པའི་ཕྱིར་ན། སེམས་ཅན་ལ་ཆགས་སོགས་ཡེ་མེད་དུ་འགྱུར་བ་ནི་སྲིད་པ་མིན་ནོ་ཞེ་ན། དེ་ལྟར་ན་སེམས་ཅན་ཀུན་ལ་འབྱུང་བའི་བདག་ཉིད་འདྲ་བར་གནས་ཤིང༌། དེ་ཆགས་སོགས་ཀྱི་རྒྱུའི་བདག་ཉིད་ཡིན་པའི་ཕྱིར་ན། སེམས་ཅན་ཀུན་ལ་འདོད་ཆགས་ཆེ་ཆུང་འདྲ་བར་འགྱུར་ཏེ། རྒྱུ་འབྱུང་བའི་བདག་ཉིད་འདྲ་བའི་ཕྱིར། དཔེར་ན། གྲངས་ཅན་གྱི་ལུགས་ལ་བ་ལང་དུ་མཚུངས་པའི་བདག་ཉིད་ལས་བྱུང་བ་ལ་བ་ལང་གི་ཤེས་པའི་ཡུལ་གྱི་བ་ལང་སོགས་ལ་ཆེ་ཆུང་གི་ཁྱད་པར་མེད་བའམ། རྒྱང་འཕེན་གྱི་ལུགས་འདིར་ཡང་ས་སོགས་ལ་སྲོག་ཆགས་ཉིད་ལ་སོགས་པའི་ཁྱད་པར་གྱི་རིམ་པ་ལ་ལར་ཡོད་པ་མ་ཡིན་པ་བཞིན་དུ། ཉེར་ལེན་གྱི་རྒྱུ་འབྱུང་བར་མཚུངས་པ་ལ་ཆགས་སོགས་ཆེ་ཆུང་གི་ཁྱད་པར་འཐད་པ་མ་ཡིན་ནོ། །གལ་ཏེ་མེ་ལ་དྲོ་རིམ་གྱི་ཁྱད་པར་ཡོད་ན་ཡང༌། །དྲོ་བ་མེད་པའི་མེ་འགའ་ཡང་ཡོད་པ་མིན་པ་དེ་བཞིན་དུ། སེམས་ཅན་འདིར་ཡང་ཆགས་སོགས་ཆེ་ཆུང་གི་ཁྱད་པར་ཙམ་ཡོད་ནའང་ཆགས་སོགས་གཏན་ནས་མེད་པ་མི་སྲིད་དོ་ཞེ་ན། ཁྱོད་ཀྱིས་བཀོད་པའི་དཔེ་དོན་གཉིས་མཚུངས་པ་མིན་ཏེ། དྲོ་བ་ལས་མེ་ཡི་རང་བཞིན་གཞན་ཡིན་པ་བཀག་ཟིན་པའི་ཕྱིར་རོ། གང་ཞིག་ལུས་ལས་དོན་གཞན་དུ་ཡོད་པའི་ཡོན་ཏན་ཆགས་སོགས་ནི། འབྱུང་བ་འཕེལ་འགྲིབ་ཀྱི་ཁྱད་པར་རིམ་པ་དང་ལྡན་པ་ལས་ཆགས་སོགས་དེ་དག་འབྱུང་བ་དེ་ཡི་ཁྱད་པར་གྱི་ནི་ཆོས་གཞན་ཡིན་པས་སྐབས་ལ་ལར་རྒྱུན་ཆད་པར་འགྱུར་བ་སྲིད་དེ། གོས་ཀྱི་ཁ་དོག་དཀར་པོ་ལ་སོགས་པ་གོས་དེ་དང་བྲལ་བའི་སྐབས་སྲིད་པ་བཞིན་ནོ།།

༈ གཉིས་པ་ཁྱབ་པ་མ་ངེས་པས་དགག་པ་ནི། གཟུགས་སོགས་བཞིན་དུ་ངེས་མིན་ཏེ། །དེ་དག་འབྱུང་དང་དབྱེར་མེད་ཕྱིར། །གལ་ཏེ་དེ་མཚུངས་ཤེ་ན་མིན། །ཆགས་སོགས་ལྷན་ཅིག་སྐྱེ་ཐལ་ཕྱིར། །རྣམ་པར་བརྟགས་པ་ཡུལ་ཡིན་ཕྱིར། །ཡུལ་ཡང་ངེས་བྱེད་མ་ཡིན་ནོ། །ཞེས་བྱུང༌། ཆགས་སོགས་ནི་འབྱུང་བ་ལས་འབྱུང་གྱུར་གྱི་གཟུགས་སོགས་གནས་པ་བཞིན་དུ་འབྱུང་བ་ལ་ངེས་པར་གནས་པ་མིན་ཏེ། ས་སོགས་འབྱུང་བའི་གཟུགས་དྲི་རོ་རེག་དེ་དག་འབྱུང་བ་དང་ཚོསག་པ་གཅིག་པའི་སྒོ་ནས་དབྱེར་མེད་དུ་གནས་པའི་ཕྱིར། གལ་ཏེ་ཆགས་སོགས་དེ་དག་ཀྱང་འབྱུང་བ་དང་འབྱུང་འགྱུར་ལྟར་དབྱེར་མི་རུང་བར་མཚུངས་སོ་ཞེ་ན། འཐད་པ་མིན་ཏེ། གཞན་དུ་ན་ཆགས་སྡང་སོགས་ལྷན་ཅིག་སྐྱེ་བར་ཐལ་བའི་ཕྱིར། གཟུང་དོན་གྱི་དབང་གིས་ཆགས་སྡང་སོགས་རིམ་གྱིས་སྐྱེའོ་ཞེ་ན། ཆགས་སྡང་སོགས་ནི་རྟོག་པས་རྣམ་པར་བརྟགས་པ་ཡུལ་དུ་བྱེད་པ་ཅན་ཡིན་པའི་ཕྱིར་ན་གཟུང་ཡུལ་ཡང་རིམ་པ་བཞིན་དུ་སྐྱེད་པར་ངེས་བྱེད་མ་ཡིན་ནོ།།

༈ གསུམ་པ་དོན་བསྡུ་བ་ནི། སྐལ་མཉམ་རྒྱུ་དང་བྲལ་བའི་ཕྱིར། །ཆགས་སོགས་ངེས་པ་མེད་པའམ། །རྒྱུན་ནི་ཉེ་ཕྱིར་བློ་རྣམས་ཀུན། །ཐམས་ཅད་ཀུན་ཚེ་སྐྱེ་བར་འགྱུར། །ཞེས་བྱུང༌། འགའ་ཞིག་ཆགས་སོགས་སྐྱེ་བའི་སྐལ་མཉམ་གྱི་རྒྱུ་དང་བྲལ་བའི་ཕྱིར་ན། སེམས་ཅན་ཀུན་ལ་ཆགས་སོགས་སྐྱེ་བའི་ངེས་པ་མེད་པའམ། ཁྱོད་ལྟར་ན་འབྱུང་བ་རྒྱུ་འབྱུང་བ་རྣམས་ནི་རྟག་པར་ཉེ་བའི་ཕྱིར་ན། ཆགས་སྡང་རྨོངས་པའི་བློ་རྣམས་ཀུན་ནས་སེམས་ཅན་ཐམས་ཅད་ལ་དུས་ཀུན་གྱི་ཚེ་སྐྱེ་བར་འགྱུར་རོ།།

༈ བཞི་བ་འཕགས་པའི་བདེན་པ་བཞིའི་རྣམ་པ་བཤད་པ་ལ་བཞི་ལས། དང་པོ་སྡུག་བདེན་གྱི་རྣམ་པ་ནི། དེ་ནི་རེས་འགའ་དམིགས་པའི་ཕྱིར། །མི་རྟག་ཉེས་པའི་རྟེན་ཕྱིར་དང༌། །རྒྱུ་དབང་ཕྱིར་ཡང་སྡུག་བསྔལ་ཡིན། །བདག་མིན་བྱིན་གྱིས་བརླབས་པའང་མིན། །རྒྱུ་མིན་བྱིན་གྱིས་རློབ་པ་མིན། །རྟག་པའང་ཇི་ལྟར་སྐྱེད་བྱེད་ཡིན། །དེ་ཕྱིར་གཅིག་ལས་དུ་མ་ནི། །དུས་ཐ་དད་པར་སྐྱེ་མི་འགྱུར། །རྒྱུ་གཞན་དག་ནི་ཚོགས་ན་ཡང༌། །འབྲས་བུ་སྐྱེ་བ་མེད་པའི་ཕྱིར། །རྒྱུ་གཞན་རྗེས་སུ་དཔག་གྱུར་ན། །དེ་ནི་རྟག་རྣམས་ལ་ཡོད་མིན། །ཞེས་གསུངས། སྡུག་བསྔལ་འཁོར་བ་ཅན་ཕུང་བོ། །ཞེས་ཇི་སྐད་གསུངས་པ་ལྟར། སྡུག་བསྔལ་བདེན་པའི་གཙོ་བོ་ཉེ་བར་ལེན་པའི་ཕུང་བོ་དེ་ནི་རེས་འགའ་སྐྱེས་པར་དམིགས་པའི་ཕྱིར་ན་མི་རྟག་པའོ། དེ་ནི་ཉེས་པའི་རྟེན་ཡིན་པའི་ཕྱིར་དང༌། རང་རྒྱུ་ལས་ཉོན་གྱིས་གཞན་དབང་ཅན་ཡིན་པའི་ཕྱིར་ན་ཡང་སྡུག་བསྔལ་བ་ཡིན་ནོ། །དེའི་ངོ་བོ་གང་ཟག་གི་བདག་ཏུ་གྲུབ་པ་མིན་པས་སྡུག་བདེན་བདག་ཏུ་མེད་པ་དང༌། བདག་དེས་སྡུག་བདེན་ལ་དབང་བསྒྱུར་བའམ་བྱིན་གྱིས་བརླབས་པའང་མིན་པས་སྡུག་བདེན་བདག་གིས་སྟོང་བ་དང༌། བདག་དེ་སྡུག་བདེན་གྱི་རྒྱུ་མིན་པས་དེ་ལ་བྱིན་གྱིས་རློབ་པ་པོ་ཡང་མིན་ནོ། །དབུ་མ་ལ་འཇུག་པ་ལས། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག །ཅེས་གསུངས་པ་ལྟར། བདག་དེ་ཁྱོད་ཀྱིས་རྟག་པར་འདོད་པས་རྟག་པའང་འབྲས་བུ་ཇི་ལྟར་སྐྱེད་བྱེད་ཡིན། དེ་ཕྱིར་བདག་ཤེས་རིག་པའི་སྐྱེས་བུ་གཅིག་བུ་ལས་འབྲས་བུ་དུ་མ་ནི་དུས་སྔ་ཕྱི་ཐ་དད་པར་སྐྱེ་བར་མི་འགྱུར་རོ། །རྒྱུ་གཞན་པ་དག་ནི་ཚོགས་ན་ཡང་འབྲས་བུ་དག་ནི་དུས་ཐམས་ཅད་དུ་སྐྱེ་བ་མེད་པའི་ཕྱིར། འབྲས་བུ་དག་ལ་རྒྱུ་གཞན་ཡོད་པར་རྗེས་སུ་དཔོག་པར་འགྱུར་ན། རྒྱུ་འབྲས་རྗེས་སུ་འགྲོ་ལྡོག་གི་ཚུལ་དེ་ནི་རྟག་པ་རྣམས་ལ་ཡོད་པ་མིན་ནོ། །མངོན་པ་ཀུན་བཏུས་ལས། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ། །ཞེས་གསུངས་པ་ལྟར། ཕྱི་ནང་གི་ཟག་བཅས་ཐམས་ཅད་སྡུག་བསྔལ་གྱི་བདེན་པ་ཡིན་ལ། །དེ་ལ་ཡང་མཛོད་ལས། ཡིད་འོང་ཡིད་དུ་མི་འོང་དང༌། །དེ་ལས་གཞན་ཟག་བཅས་རྣམས་ཉིད། །སྡུག་བསྔལ་ཉིད་གསུམ་ལྡན་པའི་ཕྱིར། །ཅི་རིགས་མ་ལུས་སྡུག་བསྔལ་ལོ། །ཞེས་གསུངས་པ་ལྟར། སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་གསུམ་ཡོད་པ་ལས། དང་བོ་ནི། ཚོར་བ་སྡུག་བསྔལ་ཐམས་ཅད་ཡིན་ཏེ། སྐྱེས་ཙམ་ཉིད་ནས་སྡུག་བསྔལ་གྱི་ངོ་བོར་སྐྱེ་བའི་ཕྱིར། གཉིས་པ་ནི། འདོད་པའི་ཟག་བཅས་ཀྱི་ཚོར་བ་བདེ་བ་ལྟ་བུ་སྟེ། རང་གི་ངོ་བོ་བདེ་བ་ཡིན་ཡང་རྐྱེན་ཅུང་ཟད་ཙམ་གྱིས་སྡུག་བསྔལ་གྱི་ངོ་བོར་འགྱུར་བའི་ཕྱིར། གསུམ་པ་ནི། ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་ཏེ། དེ་ཁམས་གསུམ་ལ་ཁྱབ་ཅིང་སྡུག་བསྔལ་འདུ་བར་བྱེད་པའི་ཕྱིར། ཕྱི་མ་གཉིས་སྡུག་བསྔལ་དངོས་མིན་ཡང༌། སྡུག་བསྔལ་གྱི་མིང་གིས་གསུང་བའི་དགོས་པ་ནི། སློབ་དཔོན་དབྱིག་གཉེན་གྱིས། གང་གི་ཚེ་ཚོར་བའི་ཕྱོགས་གཅིག་སྡུག་བསྔལ་གྱི་རང་བཞིན་ཡིན་པ་དེའི་ཚེ། ཇི་ལྟར་ན་འདུ་བྱེད་ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་ཞེས་བརྗོད་ཅེ་ན། རྣམ་པར་འགྱུར་བ་དང་མི་རྟག་པའི་ཆོས་ཅན་ཡིན་པའི་ཕྱིར་རྣམ་གྲངས་ཀྱིས་ནི་སྡུག་བསྔལ་ཉིད་ཡིན་ནོ། །དེ་ལ་བདེ་བར་མཐོང་ན་ནི་འདོད་ཆགས་ཅན་རྣམས་དེའི་རོ་མྱོང་བར་བྱེད་པའི་ཕྱིར་འཆིང་བར་འགྱུར་ལ། སྡུག་བསྔལ་དུ་མཐོང་ན་ནི་དེ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་ཐར་བར་འགྱུར་བས། བཅོམ་ལྡན་འདས་ཀྱིས་འདི་ཇི་ལྟར་མཐོང་ན་ཐར་བར་འགྱུར་བ་དེ་ཁོ་ན་བཞིན་དུ་བལྟ་བར་བཀའ་སྩལ་བ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །སྡུག་བསྔལ་བརྒྱད་ནི་འདོད་པ་བཙལ་ནས་མ་རྙེད་པས་དབུལ་ཕོངས་ཀྱི་སྡུག་བསྔལ་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། དགྲ་མི་སྡུག་པ་ཕྲད་པ་དང༌། གཉེན་སྡུག་པ་དང་བྲལ་བ་དང༌། ཉེར་ལེན་གྱི་ཕུང་བོའི་ཚ་གྲང་སོགས་ཀྱི་སྡུག་བསྔལ་ལོ།།

    ཀུན་འབྱུང་བདེན་པ་བཤད་པ།

༈ གཉིས་པ་ཀུན་འབྱུང་གི་རྣམ་པ་ལ་བཞི་ལས། དང་བོ་རྒྱུའི་རྣམ་པ་ནི། རེས་འགའ་བ་ཉིད་ཡིན་པས་ན། སྡུག་བསྔལ་འདི་རྒྱུ་བཅས་ཉིད་གྲུབ། །རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །ཇི་ལྟར་ཚོར་མ་ལ་སོགས་ཀྱི། །རྣོ་བ་ཉིད་སོགས་རྒྱུ་མེད་པ། །དེ་ལྟར་འདི་དག་རྒྱུ་མེད་འགྱུར། །ཞེས་ནི་ཁ་ཅིག་རབ་ཏུ་བརྗོད། །གང་ཡོད་ཉིད་ན་གང་སྐྱེས་པའམ། །གང་འགྱུར་ན་ཡང་རྣམ་འགྱུར་པ། །དེ་ནི་དེ་རྒྱུ་རབ་ཏུ་བརྗོད། །དེ་ནི་དེ་རྣམས་ལ་ཡང་ཡོད། །རེག་པ་གཟུགས་རྒྱུ་ཉིད་ཡིན་ཕྱིར། །མཐོང་བ་ལ་ནི་རྒྱུ་མཚན་ཡིན། །ཞེས་བྱུང༌། སྡུག་བསྔལ་གྱི་བདེན་པ་ནི་རེས་འགའ་བ་ཉིད་ཡིན་པས་ན་སྡུག་བསྔལ་གྱི་བདེན་པ་འདི་ལ་རྒྱུ་དང་བཅས་པ་ཉིད་དུ་གྲུབ་བོ། །ཁོ་ན་རེ། སྡུག་བདེན་རྒྱུ་མེད་ལས་སྐྱེས་པ་ཡིན་ནོ་ཞེ་ན། མི་འཐད་དེ། དེ་ལྟར་རྒྱུ་མེད་པར་སྐྱེ་ན་མྱུ་གུ་སོགས་སྐྱེ་བ་རྒྱུ་གཞན་ལ་མི་ལྟོས་པའི་ཕྱིར་དུས་རྟག་ཏུ་ཡོད་པའམ་ཡང་ན་གཏན་དུ་མེད་པར་འགྱུར་རོ། །ཇི་ལྟར་འཇིག་རྟེན་ན་ཚེར་མ་ལ་སོགས་པ་རྣམས་ཀྱི་རྩེ་མོ་རྣོ་བ་ཉིད་དང༌། སྲན་མ་རིལ་རིལ་བོ་ལ་སོགས་པ་དེ་ལྟར་གྱུར་བའི་རྒྱུ་མེད་པ་དེ་ལྟར། དངོས་པོ་འདི་དག་ཀྱང་རྒྱུ་མེད་ལས་སྐྱེ་བར་འགྱུར་བ་ཡིན་ནོ་ཞེས་ནི་རྒྱང་འཕེན་པ་ཁ་ཅིག་རབ་ཏུ་བརྗོད་དོ། །ཚེར་མའི་རྣོ་བ་སོགས་ཀྱི་རྒྱུ་ཡོད་དེ། འཇིག་རྟེན་ན་རྒྱུ་གང་ཞིག་ཡོད་པ་ཉིད་ན་འབྲས་བུ་གང་ཞིག་སྐྱེས་པའམ། རྒྱུ་གང་ཞིག་རྣམ་པར་འགྱུར་ན་ཡང་འབྲས་བུ་རྣམ་པར་འགྱུར་བ་དེ་ནི་དེ་ཡི་རྒྱུ་ཡིན་པར་རབ་ཏུ་བརྗོད་དེ། རྒྱུ་སྣ་ཚོགས་པ་དེ་ནི་ཚེར་མ་དང་རྨ་བྱའི་མདོངས་ལ་སོགས་པའི་དངོས་པོ་དེ་རྣམས་ལ་ཡང་ཡོད་དོ། ཇི་སྐད་དུ། རྨ་བྱའི་མདོངས་ནི་གཅིག་བུའི་ཡང༌། །རྒྱུ་ཡི་རྣམ་པ་ཐམས་ཅད་ནི། །ཀུན་མཁྱེན་མིན་པའི་ཤེས་བྱ་མིན། །དེ་ཤེས་པས་ནི་ཀུན་མཁྱེན་སྟོབས། །ཞེས་གསུངས་པ་ལྟར་རོ། །དེ་ལ་ཁོ་ན་རེ། པད་མའི་རེག་བྱ་ཆོས་ཅན། པད་མའི་གཟུགས་འཛིན་དབང་ཤེས་ཀྱི་རྒྱུ་ཉིད་ཡིན་པར་ཐལ། ཁྱོད་ཡོད་ན་དེ་སྐྱེ་ལ་མེད་ན་མི་སྐྱེ་བའི་ཕྱིར་ཞེ་ན། པད་མའི་རེག་བྱ་སྔ་མ་པད་མའི་གཟུགས་ཕྱི་མའི་རྒྱུ་ཉིད་ཡིན་པའི་ཕྱིར་ན། པད་མའི་གཟུགས་མཐོང་བའི་མིག་ཤེས་ལ་ནི་བརྒྱུད་པའི་རྒྱུ་མཚན་ནམ་རྒྱུ་ཡིན་ནོ།།

༈ གཉིས་པ་ཀུན་འབྱུང་གི་རྣམ་པ་ནི། རྟག་རྣམས་བཀག་ཕྱིར་དབང་ཕྱུག་ལ། །སོགས་པ་ལས་ཀྱང་སྲིད་མིན་ཏེ། ནུས་མེད་ཕྱིར་རོ། །ཞེས་བྱུང༌། རྟག་པ་རྣམས་ཀྱིས་རྒྱུ་བྱེད་པ་སྔར་བཀག་ཟིན་པའི་ཕྱིར་ན། རྟག་པ་རང་བྱུང་གི་དབང་ཕྱུག་ལ་སོགས་པ་དག་ལས་ཀྱང་འཇིག་རྟེན་དང་སྲིད་པ་སྐྱེས་པ་མིན་ཏེ། རྟག་པ་ལ་སྲིད་པ་སྐྱེད་པའི་ནུས་པ་མེད་པའི་ཕྱིར་རོ།།

༈ གསུམ་པ་རབ་སྐྱེ་ནི། དེ་ཡི་ཕྱིར། །སྲིད་འདོད་རྒྱུ་ཡིན་གང་གི་ཕྱིར། །མི་རྣམས་ཡུལ་གྱི་ཁྱད་པར་ནི། །ཡོངས་འཛིན་དེ་ཐོབ་བསམ་པས་བྱས། །དེ་ནི་སྲིད་འདོད་གང་ཕྱིར་ཡང༌། །སྲོག་ཆགས་བདེ་སྡུག་ཐོབ་པ་དང༌། འདོར་འདོད་འཇུག་པ་དེ་ནི། །འདོད་དང་འཇིག་སྲེད་ཡིན་པར་འདོད། །ཅེས་བྱུང༌། རྒྱུ་རྟག་པ་ལས་འབྲས་བུ་སྐྱེ་མི་སྲིད་པ་དེ་ཡི་ཕྱིར། སྲིད་པ་མངོན་པར་འདོད་པའི་སྲིད་སྲེད་ནི་ཉེར་ལེན་གྱི་ཕུང་བོའི་རྒྱུ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན། མི་རྣམས་ཀྱི་གནས་ལས་ལོངས་སྤྱོད་སོགས་ལོངས་སྤྱོད་ཡུལ་གྱི་ཁྱད་པར་ནི་ཡོངས་སུ་འཛིན་ཅིང་སྲིད་པ་དེ་ཐོབ་པར་འདོད་པའི་བསམ་པས་བྱས་པ་ཡིན་པའི་ཕྱིར། སྐབས་འདིར་སྲིད་འདོད་ཅེས་བ་སྲེད་པ་དང༌། ཡོངས་འཛིན་ཞེས་པ་ལེན་པ་ལ་བཤད་དོ། །འཇིག་རྟེན་གྱི་གནས་ལུས་ལོངས་སྤྱོད་འདོད་པའི་བསམ་པ་དེ་ནི་སྲིད་པའི་འདོད་ཆགས་ཡིན་ན། འོ་ན་མདོ་ལས། ཀུན་འབྱུང་འཕགས་པའི་བདེན་པ་གང་ཞེ་ན། སྲེད་པ་ཡང་འབྱུང་བ་ཅན་དགའ་བའི་འདོད་ཆགས་དང་བཅས་པ་དེ་དང་དེ་ལ་མངོན་པར་དགའ་བའི་ངང་ཚུལ་ཅན་འདི་ལྟ་སྟེ། འདོད་པའི་སྲིད་པ་དང༌། འཇིག་པའི་སྲིད་པ་དང༌། སྲིད་པའི་སྲེད་པའོ། །ཞེས་སྲེད་པ་གསུམ་གསུངས་བ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། རྒྱུ་མཚན་གང་གི་ཕྱིར་ཞེ་ན། སྐྱེ་གནས་ཀྱི་ཡུལ་དོན་དུ་གཉེར་བའི་སྲེད་པ་དེ་ནི་སྲིད་པའི་སྲེད་པ་དང༌། ཡང་སྲོག་ཆགས་རྣམས་ཀྱི་བདེ་བ་དང་སྡུག་བསྔལ་རིམ་པ་བཞིན་ཐོབ་པར་འདོད་པ་དང༌། འདོར་བར་འདོད་པའི་བསམ་པའི་ཡུལ་དེ་དང་དེ་ལ་འཇུག་པ་དེ་དག་ནི། རིམ་པ་བཞིན་འདོད་པའི་སྲེད་པ་དང༌། འཇིག་པའི་སྲེད་པ་ཡིན་པར་འདོད་དོ།།

༈ བཞི་བ་རྐྱེན་གྱི་རྣམ་པ་ལ་གཉིས། དངོས་དང་རྩོད་པ་སྤོང་བའོ། དང་བོ་ནི། བདག་ཏུ་ཆགས་པའི་རྒྱུ་ཉིད་ལས། །བདེ་མིན་བདེ་བར་འདུ་ཤེས་པས། །ཀུན་ལ་རབ་ཏུ་འཇུག་འགྱུར་བ། །དེ་ཕྱིར་སྲེད་པ་སྲིད་རྟེན་ཡིན། །ཆགས་བྲལ་སྐྱེས་པ་མ་མཐོང་ཕྱིར། །ཞེས་ནི་སློབ་དཔོན་རྣམས་ཀྱིས་གསུངས། ལུས་མེད་ཆགས་པ་མ་མཐོང་ཕྱིར། །ལུས་ལས་ཀྱང་ནི་འདོད་ཆགས་འབྱུང༌། །རྒྱུ་མཚན་ཁས་བླངས་ཕྱིར་ན་འདོད། །ཉེར་ལེན་ཉིད་ནི་བསལ་བ་ཡིན། །རིགས་འདི་རྗེས་སུ་འདོད་ན་ནི། །རང་ཉིད་རང་འདོད་ལ་གནོད་འགྱུར། །གལ་ཏེ་སྐྱེ་ལ་ཆགས་མཐོང་ཕྱིར། །སྐྱེ་དང་ལྷན་ཅིག་འབྱུང་ཞེ་ན། །སྐལ་མཉམ་སྐྱེ་ཕྱིར་སྔར་གྲུབ་ཡིན། །ཞེས་བྱུང༌། བདག་ཏུ་ཆགས་པའི་རྒྱུ་ཉིད་ལས་བདེ་བ་མིན་པ་ལ་བདེ་བར་ཕྱིན་ཅི་ལོག་ཏུ་འདུ་ཤེས་པས་ཡུལ་ཀུན་ལ་རབ་ཏུ་འཇུག་པར་འགྱུར་བ་དེ་ཡི་ཕྱིར། སྲེད་པ་ནི་སྲིད་པའི་རྟེན་ཡིན་ནོ། །དེ་ཡང་ཡིན་ཏེ། འདོད་ཆགས་དང་བྲལ་བ་ནི་སྲིད་པར་སྐྱེས་པ་མ་མཐོང་པའི་ཕྱིར། ཞེས་ནི་སྔོན་གྱི་སློན་དཔོན་རྣམས་ཀྱིས་གསུངས་པའི་ཕྱིར་རོ། །ཁོ་ན་རེ། ལུས་མེད་པ་ལ་ཆགས་པ་སྐྱེ་བ་མ་མཐོང་བའི་ཕྱིར་ན། ལུས་ལས་ཀྱང་ནི་འདོད་ཆགས་འབྱུང་བར་འགྱུར་རོ་ཞེ་ན། ལུས་ཀྱི་ཉེར་ལེན་བྱས་ཏེ་འདོད་ཆགས་འབྱུང་བ་མིན་ཡང༌། ལུས་ནི་ཆགས་པའི་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་མཚན་ཏུ་ཁོ་བོ་ཅག་གིས་ཁས་བླངས་པའི་ཕྱིར་ན། ལུས་ལས་འདོད་ཆགས་སྐྱེ་བར་འདོད་དོ། །དེའི་ཕྱིར་གོང་དུ་ལུས་ཉིད་ཡིད་བློའི་རྒྱུར་བཀག་པ་ཡང༌། ལུས་ནི་ཡིད་བློའི་ཉེར་ལེན་གྱི་རྒྱུ་ཡིན་པ་ཉིད་ནི་བསལ་བ་སྟེ་བཀག་པ་ཡིན་ནོ། །ལུས་འདོད་ཆགས་ཀྱི་རྒྱུ་ཡིན་པའི་རིགས་བ་འདི་ཡི་རྗེས་སུ་འབྲངས་ནས་ལུས་ཉིད་འདོད་ཆགས་ཀྱི་ཉེར་ལེན་གྱི་རྒྱུར་འདོད་ན་ནི། རྒྱང་འཕེན་རང་ཉིད་ཀྱིས་རང་གི་འདོད་པ་སྐྱེ་བ་སྔ་ཕྱི་མེད་པར་སྒྲུབ་པའི་རིགས་པ་ལ་གནོད་པར་འགྱུར་རོ། །གལ་ཏེ་ལུས་ཕུང་སྐྱེས་ནས་རིང་བོ་མ་ལོན་པ་ལ་ཡང་ཆགས་པ་སྐྱེས་པ་མཐོང་བའི་ཕྱིར་ན། ལུས་སྐྱེ་བ་དང་ཆགས་པ་སྐྱེ་བ་ལྷན་ཅིག་འབྱུང་ངོ་ཞེ་ན། དེ་ལྟར་ན་འདོད་ཆགས་དེ་ཉིད་སྐལ་མཉམ་གྱི་རྒྱུ་ལས་སྐྱེས་པའི་ཕྱིར་ན། དེའི་རིགས་འདྲའི་རྒྱུ་སྐྱེས་པ་སྔར་གྲུབ་པ་ཡིན་པར་འདོད་དགོས་སོ།།

གཉིས་པ་རྩོད་པ་སྤོང་བ་ནི། མི་ཤེས་སྲིད་པའི་རྒྱུ་ཡིན་ཡང༌། །མ་བརྗོད་སྲེད་པ་ཉིད་བཤད་པ། རྒྱུན་ནི་འཕེན་པར་བྱེད་ཕྱིར་དང༌། དེ་མ་ཐག་ཕྱིར་ལས་ཀྱང་མིན། དེ་ཡོད་ན་ཡོད་མེད་ཕྱིར་རོ། །ཞེས་བྱུང༌། སྐབས་འདིར་ཐོག་མའི་མ་རིག་པ་དང་གཉིས་པ་འདུ་བྱེད་ཀྱི་ལས་དག་སྲིད་པའི་རྒྱུར་མི་འཆད་པར། སྲེད་པ་ཉིད་འཁོར་བའི་རྒྱུར་འཆད་པའི་རྒྱུ་མཚན་ཅི་ཞེ་ན། མི་ཤེས་པའི་མ་རིག་པ་ནི་སྲིད་པའི་རྒྱུ་ཡིན་ཡང༌། ཀུན་འབྱུང་བདེན་པ་བཤད་པའི་སྐབས་འདིར་མ་བརྗོད་པའི་རྒྱུ་མཚན་ནི། ཡན་ལག་དང་བོ་གཉིས་ནི་ཡང་སྲིད་ཕྱི་མའི་རིང་བའི་རྒྱུ་ཡིན་ཞིང༌། ཀུན་འབྱུང་བདེན་པ་བཤད་པའི་སྐབས་འདིར་སྲེད་པ་ཉིད་སྡུག་བདེན་གྱི་རྒྱུའི་གཙོ་བོར་བཤད་པ་ནི། སྲེད་པས་སྲིད་པའི་རྒྱུན་ནི་འཕེན་པར་བྱེད་པའི་ཕྱིར་དང༌། སྲིད་པ་དེ་མ་ཐག་ཏུ་འགྲུབ་བྱེད་ཀྱང་ཡིན་པའི་ཕྱིར་ནའོ། །འདུ་བྱེད་ཀྱི་ལས་ཀྱང་སྲེད་པ་ལྟ་བའི་འཁོར་བའི་རྒྱུའི་གཙོ་བོ་མིན་ཏེ། སྲེད་པ་དེ་ཡོད་ན་ལས་གསོག་པ་ཡོད་ལ་སྲེད་པ་མེད་ན་འཕེན་བྱེད་ཀྱི་ལས་ཡོད་ཀྱང་འཁོར་བར་སྐྱེ་བའི་ངེས་པ་མེད་པའི་ཕྱིར་རོ། །དེས་ན་སྲེད་པ་ནི། སྡུག་བསྔལ་བདེན་པའི་རྒྱུ་རྣམས་ཀྱི་གཙོ་བོ་རྩ་བ་ལྟ་བུ་ཡིན་པའི་ཕྱིར་དང༌། སྡུག་བསྔལ་ཀུན་འབྱུང་བའི་གནས་ཡིན་པའི་ཕྱིར་དང༌། སྲེད་པ་ལས་སྡུག་བསྔལ་དྲག་པོ་རབ་ཏུ་སྐྱེ་བའི་ཕྱིར་དང༌། རང་འབྲས་སྡུག་བསྔལ་གྱི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར་ན། རིམ་པ་བཞིན་ཀུན་འབྱུང་བདེན་པའི་རྣམ་པ་རྒྱུ་དང༌། ཀུན་འབྱུང་དང༌། རབ་སྐྱེ་དང༌། རྐྱེན་གྱི་རྣམ་པ་བཞིག་ཡིན་ནོ།།

    འགོག་པའི་བདེན་པ་བཤད་པ།

༈ གསུམ་པ་འགོག་པའི་བདེན་པའི་རྣམ་པ་ལ་གསུམ། འགོག་པ། ཞི་བ། གྱ་ནོམ་པའི་རྣམ་པ་བཤད་པའོ། །དང་བོ་ནི། དེ་ནི་གཏན་དུ་བ་མིན་ཏེ། རྒྱུ་ལ་གེགས་སོགས་སྲིད་ཕྱིར་རོ། །འཁོར་ཕྱིར་ཐར་བ་མེད་ཅེ་ན། །མ་ཡིན་འདོད་དང་མ་གྲུབ་ཕྱིར། །ཇི་སྲིད་བདག་ཆགས་མ་བཅོམ་ཞིང༌། །དེ་ནི་ཡོངས་སུ་གདུང་གྱུར་བ། །དེ་སྲིད་སྡུག་བསྔལ་སྒྲོ་བཏགས་ནས། །རང་བཞིན་དུ་ནི་གནས་པ་མེད། །གྲོལ་བ་པོ་ནི་མེད་ན་ཡང༌། །ལོག་པར་སྒྲོ་བཏགས་གཞོམ་ཕྱིར་བརྩོན། །འདོད་ཆགས་བྲལ་བའི་གནས་པ་ནི། །བརྩེ་བའམ་ཡང་ན་ལས་ཀྱིས་ཡིན། །འཕངས་ལ་ལྡོག་མེད་འདོད་ཕྱིར་རོ། །སྲིད་པའི་སྲེད་ལས་རྣམ་བརྒལ་བའི། །ལས་གཞན་འཕེན་ནུས་མ་ཡིན་ཏེ། །ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། །ཞེས་བྱུང༌། །སྡུག་བསྔལ་དེ་ནི་གཏན་དུ་བ་མིན་ཏེ། སྡུག་བསྔལ་གྱི་རྒྱུ་ལ་གེགས་བྱེད་པ་སོགས་སྲིད་པའི་ཕྱིར་རོ། ཁོ་ན་རེ། སེམས་ཅན་རྣམས་དུས་རྟག་ཏུ་འཁོར་བར་འཁོར་བའི་ཕྱིར་ན། འཁོར་བ་ལས་གཏན་དུ་ཐར་བ་མེད་ཅེ་ཟེར་ན། འདིའི་ཐལ་འགྱུར་ནི། གང་ཟག་གི་བདག་ཆོས་ཅན། འཁོར་བ་ལས་ཐར་བ་མེད་པར་ཐལ། འཁོར་བའི་ཆོས་ཅན་ཡིན་པའི་ཕྱིར། ཞེས་པའོ། །ཐལ་འགྱུར་དེས་སངས་རྒྱས་པ་ལ་གནོད་པ་མ་ཡིན་ཏེ། དེ་ལ་འདོད་ལན་དང་རྟགས་མ་གྲུབ་ཀྱི་ལན་ཐེབས་པའི་ཕྱིར། འཁོར་བ་ལས་གྲོལ་བ་བོ་བདག་མེད་ན་ལམ་ལ་འབད་པ་དོན་མེད་དོ་ཞེ་ན། སོ་སོ་སྐྱེ་བོ་རྣམས་ནི་ཇི་སྲིད་བདག་ལ་ཆགས་པ་མ་བཅོམ་ཞིང༌། དེ་ལ་ནི་སྡུག་བསྔལ་གྱིས་ཡོངས་སུ་གདུང་བར་གྱུར་བ་དེ་སྲིད་དུ། སྡུག་བསྔལ་ལ་བདེ་བར་སྒྲོ་བཏགས་ནས་བདེ་བའི་རང་བཞིན་དུ་ནི་གནས་པ་མེད་པའི་ཕྱིར། གྲོལ་བ་བོ་གང་ཟག་གི་བདག་ནི་མེད་ན་ཡང༌། དེ་ཡོད་པར་ལོག་པར་སྒྲོ་བཏགས་ཏེ་བདག་ཏུ་འཛིན་པ་དེ་གཞོམ་པའི་ཕྱིར་ན་ལམ་ལ་བརྩོན་པར་བྱ་དགོས་པས་སོ། དགྲ་བཅོམ་པས་སྲེད་པ་སྤངས་པའི་ཕྱིར་འཁོར་བའི་གནས་སུ་སྐད་ཅིག་ཀྱང་མི་གནས་པར་འགྱུར་རོ་ཞེ་ན། འདོད་ཆགས་དང་བྲལ་བའི་དགྲ་བཅོམ་པ་འཁོར་བར་གནས་པ་ནི། འདོད་སྲེད་ཀྱི་དབང་གིས་གནས་པ་མིན་ནོ། །འོ་ན་ཅི་ཞེ་ན། སེམས་ཅན་རྣམས་ལ་སྙིང་བརྩེ་བའམ། ཡང་ན་རང་གི་ལས་ཀྱིས་འཁོར་བར་གནས་པ་ཡིན་ཏེ། སྔོན་གྱི་ལས་ཀྱིས་འཕངས་པ་ལ་རང་དགར་ལྡོག་པ་མེད་པའི་ཕྱིར་རོ། །སྲིད་པའི་སྲེད་པ་ལས་རྣམ་པར་བརྒལ་བའི་དགྲ་བཅོམ་པའི་རྒྱུད་ལ་ཡང་སྲིད་ཕྱི་མ་འཕེན་བྱེད་ཀྱི་ལས་ཡོད་ཀྱང༌། ལས་དེས་སྐྱེ་སྲིད་གཞན་འཕེན་ནུས་པ་མ་ཡིན་ཏེ། ལས་དེ་དང་ལྷན་ཅིག་བྱེད་པའི་རྐྱེན་སྲེད་པ་དང་ལེན་པ་ཟད་པར་སྤངས་པའི་ཕྱིར་རོ།།

༈ གཉིས་པའི་ཞི་བའི་རྣམ་པ་ནི། སྡུག་བསྔལ་ཤེས་ལ་འགལ་མེད་པའི། །འདུ་བྱེད་སྔ་མ་འཇུག་པ་ཅན། །དངོས་ཆོས་བརྩེ་བ་སྐྱེ་བ་དེ། །སེམས་ཅན་རྗེས་འབྲེལ་ཅན་མ་ཡིན། །དེ་བདག་མིན་པའི་ཆོས་ལ་ནི། །བདག་གཞན་སྒྲོ་འདོགས་བ་ལས་ཆགས། །སྡུག་བསྔལ་རྒྱུན་རིག་ཙམ་ལས་ནི། །བརྩེ་བ་སྐྱེ་བར་འགྱུར་བ་ཡིན། །གཏི་མུག་ཉེས་པའི་རྩ་བ་སྟེ། །དེ་ཡང་སེམས་ཅན་འཛིན་པ་ཡིན། །དེ་མེད་ཉེས་རྒྱུ་ལས་ཁྲོ་མིན། །དེས་ན་བརྩེ་བ་ཉེས་མེད་འདོད། །གྲོལ་མེད་མ་ཡིན་སྔོན་འདུ་བྱེད། །ཟད་ནས་གཞན་མཚམས་མི་སྦྱོར་ཕྱིར། །འདུ་བྱེད་ནུས་པ་མ་ཟད་ན། །གང་དེ་གནས་པ་ཉེས་མེད་ཉིད། །སྙིང་རྗེ་དམན་པ་ཉིད་ཕྱིར་ཡང༌། །གནས་པའི་འབད་རྩོལ་ཆེན་པོ་མེད། །གང་དག་བརྩེ་བ་ཆེན་པོ་བ། །གཞན་གྱི་ངོར་ནི་བཞུགས་པ་ཡིན། །གལ་ཏེ་འཇིག་ཚོགས་ལྟ་བྲལ་ཕྱིར། །ལམ་དང་བོར་ནི་སྲིད་མེད་འགྱུར། །ལྷན་ཅིག་སྐྱེས་པ་མ་སྤངས་ཕྱིར། །སྤངས་ནའང་སྲིད་པ་ག་ལ་ཡོད། །བདེ་བར་འགྱུར་བའམ་སྡུག་བསྔལ་བར། །མ་གྱུར་ཅི་ཅེས་འདོད་པ་ན། །ང་འོ་སྙམ་པའི་བློ་གང་དེ། །སེམས་ཅན་ལ་ལྟ་ལྷན་ཅིག་སྐྱེས། །ང་ཞེས་མཐོང་བ་མེད་པར་ནི། །འགའ་ཡང་བདག་ལ་ཆགས་མ་ཡིན། །བདག་ལ་སྲེད་པ་མེད་པར་ཡང༌། །བདེ་བ་འདོད་པས་མངོན་རྒྱུག་མིན། །ཞེས་བྱུང༌། དགྲ་བཅོམ་པ་ཆོས་ཅན། བདག་འཛིན་མ་སྤངས་པར་ཐལ། བརྩེ་ལྡན་ཡིན་པའི་ཕྱིར་ཞེ་ན། སྡུག་བསྔལ་མངོན་སུམ་དུ་ཤེས་པ་ལ། འགལ་ཟླ་མེད་པའི་འདུ་བྱེད་སྔ་མ་དག་གི་རྗེས་སུ་འཇུག་པ་ཅན་གྱི་དངོས་པོའི་ཆོས་བརྩེ་བ་སྐྱེ་བ་དེ། སེམས་ཅན་དུ་ལྟ་བ་དང་རྗེས་སུ་འབྲེལ་བ་ཅན་མ་ཡིན་པས། འདོད་ཆགས་དང་མི་མཚུངས་ཏེ། འདོད་ཆགས་དང་བརྩེ་བ་དམིགས་རྣམ་མི་མཚུངས་པའི་ཕྱིར། ཇི་སྐད་དུ། ཕར་ཕྱིན་བསྡུས་པ་ལས། གཞན་ལ་ཕན་བྱེད་རོ་གཅིག་བྱམས་པ་ལ། །འདོད་ཆགས་འགོ་བ་ཡོངས་སུ་སྤངས་པ་དང༌། །གཞན་གྱི་སྡུག་བསྔལ་མི་བཟོད་སྙིང་རྗེ་ལ། །མྱ་ངན་ཁུར་གྱིས་ལེ་ལོས་མི་དམའ་དང༌། །དགའ་མཆོག་དང་ལྡན་ཡང་དག་གཡེང་མེད་དང༌། །འགྲོ་དོན་མི་གཡེལ་བཏང་སྙོམས་ཆེན་པོ་དང༌། །ཡོན་ཏན་དེ་དང་དེ་དག་གཉེན་པོའི་ལམ། །ཤེས་རབ་ཆེན་པོས་བཀག་པས་རྣམ་པར་མཛེས། །ཞེས་འདྲ་བ་ལྟ་བའི་སེམས་བྱུང་དག་མི་འདྲ་བར་གསུངས་པ་ལྟར་ཡིན་ནོ། །གཙང་བ་དང་བདེ་བ་དེ་ཡི་བདག་ཉིད་མིན་པའི་ཆོས་ལ་ནི། བདག་དང་གཞན་དུ་སྒྲོ་འདོགས་པ་ལས་འདོད་ཆགས་སྐྱེ་ལ། སེམས་ཅན་སྡུག་བསྔལ་གྱི་རྒྱུན་རིག་པ་ཙམ་ལས་ནི་བརྩེ་བ་སྐྱེ་བར་འགྱུར་བ་ཡིན་པའི་ཕྱིར། གཏི་མུག་ནི་ཉེས་པའི་རྩ་བ་སྟེ། དེ་ཡང་སེམས་ཅན་དུ་འཛིན་པ་རྣམས་ལ་ཡོད་པ་ཡིན་གྱི། བདག་ཏུ་འཛིན་པ་དེ་མེད་པ་ལ་ཉེས་པ་དེ་ཡི་རྒྱུ་ལས་བྱུང་བའི་ཁྲོ་བ་སོགས་ཡོད་པ་མིན་ནོ། །དེས་ན་བརྩེ་བ་ནི་ཉེས་མེད་དུ་འདོད་དོ། །དགྲ་བཅོམ་པ་ལས་ཀྱིས་འཁོར་བར་གནས་པ་ཡོད་ན་དེ་དག་འཁོར་བ་ལས་མ་གྲོལ་བར་འགྱུར་རོ་ཞེ་ན། དགྲ་བཅོམ་པ་དེ་དག་འཁོར་བ་ལས་གྲོལ་བ་མེད་པ་མ་ཡིན་ཏེ། དགྲ་བཅོམ་པ་སྔོན་གྱི་འདུ་བྱེད་ལས་ཀྱི་ནུས་པ་ཟད་ནས་སྐྱེ་སྲིད་གཞན་ལ་ལས་ཉོན་གྱི་མཚམས་མི་སྦྱོར་བའི་ཕྱིར། སྔོན་གྱི་འདུ་བྱེད་ལས་ཀྱིས་ཚེ་རིང་དུ་འཕངས་པའི་ནུས་པ་མ་ཟད་ན། གང་ཡང་དགྲ་བཅོམ་པ་དེ་དག་འཁོར་བར་རིང་དུ་གནས་པ་ལ་ཉེས་པ་མེད་པ་ཉིད་དེ། དགྲ་བཅོམ་པ་འགའ་ཞིག་གི་བྱུང་བ་ལུང་ལས་འབྱུང་བ་བཞིན་ནོ། །འོ་ན་ཀྱང་ཉན་རང་དགྲ་བཅོམ་པ་དག་ནི། སྙིང་རྗེ་དམན་པ་ཉིད་ཀྱི་ཕྱིར་ན་ཡང་དེ་དག་ལ་སེམས་ཅན་ཀྱི་དོན་དུ་འཁོར་བར་ཡུན་རིང་བོར་གནས་པའི་འབད་རྩོལ་ཆེན་པོ་ནི་མེད་དོ། །གང་དག་སེམས་ཅན་ལ་བརྩེ་བ་ཆེན་པོ་བ་སངས་རྒྱས་བྱང་སེམས་དེ་དག་ནི། སྐུ་དངོས་ཀྱི་གདུལ་བྱ་ཡོད་ན་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་གདུལ་བྱ་གཞན་གྱི་ངོར་ནི་འཇིག་རྟེན་གྱི་ཁམས་འདིར་ཡུན་རིང་དུ་བཞུགས་པ་ཡིན་ནོ། །གལ་ཏེ་འཇིག་ཚོགས་ལ་ལྟ་བ་འཁོར་བའི་རྩ་བ་ཡིན་ན། འཕགས་པ་རྒྱུན་དུ་ཞུགས་པ་ཡང་ལྟ་བ་དེ་དང་བྲལ་བའི་ཕྱིར་ན། འཕགས་ལམ་དང་བོར་ནི་གནས་པ་དག་ཀྱང་སྲིད་པར་སྐྱེ་བ་མེད་པར་འགྱུར་རོ་ཞེ་ན། རྒྱུན་ཞུགས་ཀྱིས་འཇིག་ལྟ་སྤངས་པ་རྟགས་མ་གྲུབ་སྟེ། དེ་འཇིག་ལྟ་ཀུན་བཏགས་སྤངས་ཀྱང་ལྷན་ཅིག་སྐྱེས་པའི་འཇིག་ལྟ་མ་སྤངས་པའི་ཕྱིར། འཇིག་ལྟ་ཀུན་བཏགས་སྤངས་ནའང་སྲིད་པར་སྐྱེས་པ་ཡོད་དེ། དཔེར་ན། རྒྱུན་ཞུགས་སྲིད་པ་ལན་བདུན་པ་ལྟ་བུའོ། །འཇིག་ལྟ་ལྷན་སྐྱེས་སྤངས་ན་སྲིད་པར་སྐྱེས་པ་གལ་ཡོད་དེ། ཁམས་གསུམ་ལས་འདས་པས་སོ། །གང་དག་གིས་བདག་བདེ་བར་འགྱུར་བའམ། སྡུག་བསྔལ་བར་མ་གྱུར་ཅིག་ཅེས་འདོད་པ་ན། ཕུང་བོ་ལ་མ་ལྟོས་པར་ངའོ་སྙམ་པའི་བློ་གང་ཡིན་པ་དེ་ནི། སེམས་ཅན་ལ་ལྟ་བའམ་བདག་ལྟ་ལྷན་ཅིག་སྐྱེས་པ་ཡིན་པའི་ཕྱིར། རང་དབང་བའི་ང་ཞེས་མཐོང་བ་མེད་པར་ནི། འགའ་ཡང་བདག་ལ་ཆགས་པ་མ་ཡིན་ནོ། །བདག་ལ་སྲེད་པ་མེད་པར་ཡང་བདག་ཉིད་བདེ་བ་འདོད་པས་འདུ་བྱེད་ཀྱི་ལས་གསོག་པ་ལ་མངོན་པར་རྒྱུག་པ་མིན་ནོ།།

༈ གསུམ་པ་གྱ་ནོམ་པའི་རྣམ་པ་ནི། སྡུག་བསྔལ་སྐྱེ་བའི་རྒྱུ་ཉིད་ནི། །འཆིང་ཡིན་རྟག་ལ་དེ་གང་ལས། །སྡུག་བསྔལ་མི་སྐྱེད་རྒྱུ་ཉིད་ནི། །ཐར་ཡིན་རྟག་ལ་དེ་གང་ལས། །མི་རྟག་ཉིད་དུ་བརྗོད་མེད་གང༌། དེ་ནི་འགའ་ཡིའང་རྒྱུ་མ་ཡིན། །བརྗོད་བྱ་མིན་ལའང་བཅིངས་དང་ཐར། །ཇི་ལྟར་བུར་ཡང་ཡོད་མ་ཡིན། །གང་གི་རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས་རྟག་ཅེས་བརྗོད། །དེས་ན་ངོ་ཚའི་ལྟ་བ་འདི། །སྤོངས་ལ་དེ་ནི་རྟག་པར་སྨྲོས། །ཞེས་བྱུང༌། གྱ་ནོམ་པའི་ཐར་བ་ཐོབ་པ་ལ་བདག་རྟག་པ་བཅིང་གྲོལ་གྱི་གཞིར་དགོས་སོ་ཞེ་ན། དེ་མི་དགོས་ཏེ། སྡུག་བསྔལ་སྐྱེ་བའི་རྒྱུ་ཉིད་ནི་འཁོར་བར་འཆིང་བྱེད་ཡིན་ལ། རྟག་པ་ལ་འཆིང་བྱེད་དེ་གང་ལས་ཡོད་དེ་མེད་པའི་ཕྱིར། སྡུག་བསྔལ་མི་སྐྱེད་པའི་རྒྱུ་ཉིད་ནི་འཁོར་བ་ལས་ཐར་བྱེད་ཡིན་ལ། རྟག་པ་ལ་དེ་གང་ལས་ཡོད་དེ་མེད་པའི་ཕྱིར། མང་བོས་བཀུར་བ་ཁ་ཅིག་ན་རེ། རྟག་པ་དང་མི་རྟག་པ་ཉིད་དུ་བརྗོད་དུ་མེད་པའི་བདག་གང་ཡིན་པ་དེ་ནི་བཅིང་གྲོལ་གྱི་གཞི་ཡིན་ནོ་ཞེ་ན། མི་འཐད་དེ། བརྗོད་མེད་ཀྱི་བདག་དེ་ནི་འབྲས་བུ་འགའ་ཡིའང་རྒྱུ་མ་ཡིན་ཏེ། མི་རྟག་པར་བརྗོད་དུ་མེད་པའི་ཕྱིར། དེས་ན་རྟག་མི་རྟག་གང་དུ་བརྗོད་བྱ་མིན་པ་ལའང་བཅིངས་པ་དང་ཐར་བ་ཇི་ལྟར་བུར་ཡང་ཡོད་པ་མ་ཡིན་ནོ། །ཆོས་གང་གི་རང་བཞིན་འཇིག་པ་མེད་པ་དེ་ལ་ནི་མཁས་པ་རྣམས་ཀྱིས་རྟག་པ་ཞེས་བརྗོད་པ་ཡིན་ནོ། །དེས་ན་ཁྱེད་ཅག་གིས་བརྗོད་མེད་ཀྱི་བདག་བཅིང་གྲོལ་གྱི་གཞིར་ལྟ་བའི་ངོ་ཚའི་ལྟ་བ་འདི་སྤོངས་ལ། གྲངས་ཅན་པ་ལྟར་བདག་དེ་ནི་རྟག་པར་སྨྲོས་ཤིག མཐོང་སྤངས་ཉོན་མོངས་སྤངས་པའི་འགོག་བདེན་ལྟ་བུ་ནི། རྐུན་པོ་ལྟ་བུའི་མཐོང་སྤང་ཉོན་མོངས་རྣམས་གཏན་དུ་འགོག་པའི་སྒོ་གཏན་ལྟ་བུ་ཡིན་པའི་ཕྱིར་དང༌། མཐོང་སྤང་ཉོན་མོངས་རྣམས་ཉེ་བར་ཞི་བའི་ངོ་བོ་ཡིན་པའི་ཕྱིར་དང༌། མཐོང་སྤང་ཉོན་མོངས་ལས་གཏན་དུ་ཐར་བའི་ཕན་པ་དང་དགེ་བའི་ངོ་བོ་ཡིན་པའི་ཕྱིར་དང༌། མཐོང་སྤང་ཉོན་མོངས་ལས་གཏན་དུ་ངེས་པར་འབྱུང་བའི་སོ་སོར་བརྟག་པའི་འགོག་པ་ཡིན་པའི་ཕྱིར་ན། རིམ་པ་བཞིན། འགོག་པ། ཞི་བ། གྱ་ནོམ་པ་དང༌། ངེས་པར་འབྱུང་བའི་རྣམ་པ་སྟེ། འགོག་བདེན་གྱི་རྣམ་པ་བཞི་ཆར་ཡིན་ནོ།།

ལམ་གྱི་བདེན་པ་བཤད་པ།

༈ བཞི་བ་ལམ་གྱི་བདེན་པའི་རྣམ་པ་ལ་གཉིས། རང་ལུགས་ཀྱི་གྲོལ་ལམ་བཤད་པ་དང༌། གཞན་ལུགས་ཀྱི་གྲོལ་ལམ་དགག་པའོ།།

རང་ལུགས་ཀྱི་གྲོལ་ལམ་བཤད་པ།

དང་བོ་ལ་གསུམ། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་གྲོལ་ལམ་དུ་བསྟན་པ། དེ་ལ་རྩོད་པ་སྤོང་བ། བདག་འཛིན་སྲིད་པའི་རྩ་བར་བསྟན་པའོ། །དང་པོ་ནི། བཤད་ཟིན་ལམ་དེ་གོམས་པ་ལས། །གནས་གྱུར། ཞེས་བྱུང༌། འཁོར་བ་ལས་གྲོལ་བྱེད་ཀྱི་ལམ་དེ་གང་ཞེ་ན། སྔར་བཤད་ཟིན་པའི་བདག་མེད་མངོན་སུམ་དུ་རྟོགས་པའི་ལམ་དེ་ཡང་ཡང་གོམས་པ་ལས། འཁོར་བ་ལས་གནས་གྱུར་བའི་ཐར་བ་ཐོབ་པར་འགྱུར་རོ། །རྣམ་བཤད་ལས། ཐར་བ་དོན་གཉེར་གྱི་བློ་བསྐྱེད་པའི་ཐབས་བཤད་པ་ནི་གཞུང་འདི་ཉིད་མཆོག་ཏུ་གྱུར་ཤེས་གཅིག་ཏུ་སྣང་བས། གཞུང་འདི་ལ་ཐོས་བསམ་བྱེད་པའི་བཤེས་གཉེན་དག་ལ་ཕྱིར་བལྟ་འབའ་ཞིག་ཏུ་མ་སོང་བར་འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་ལེགས་པར་བསམ་ནས་དེ་ལ་ཡིད་འབྱུང་བ་ཅི་སྐྱེ་དང་ཐར་བ་ལ་དོན་གཉེར་གྱི་བློ་ཅི་སྐྱེ་བྱ། དེ་ལྟར་སྐྱེས་པ་ན་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཞིར་བཟུང༌། ལྷག་པ་སེམས་ཀྱི་བསླབ་པའི་ཡང་ཅི་ཙམ་བློ་དང་འཚམ་པ་དེ་ལ་ནན་ཏན་བྱས་ནས། དེ་ནས་ལེའུ་འདིར་བཤད་པའི་གང་ཟག་གི་བདག་མེད་དང་འོག་ནས་འཆད་པའི་ཆོས་ཀྱི་བདག་མེད་རིགས་པས་ལེགས་པར་གཏན་ལ་ཕབ་ནས་བསྒོམ། དེ་ལྟར་བྱས་ན་བསྟན་བཅོས་ལ་ཐོས་བསམ་བྱས་པ་དོན་ཆེན་པོ་དང་ལྡན་ཞིང༌། རང་གི་དལ་འབྱོར་གྱི་རྟེན་ལ་སྙིང་བོ་ལེགས་པར་ལོན་པ་ཡིན་པས་ཚུལ་དེ་ལ་འབད་པ་ནན་ཏན་དུ་བྱོས། དེ་ལས་གཞན་དུ་རྙེད་པ་དང་བཀུར་སྟི་དང་གྲགས་པ་ཅི་ཙམ་ཐོབ་ན་སྙམ་ན་སྡིག་ལྟུང་གིས་རྒྱུད་ཆུད་ཟོས་ནས་གཟུང་ན་ཚིག་མི་ཟིན། བསམས་ན་དོན་མི་གོ། བསྒོམ་ན་རྒྱུད་ལ་མི་སྐྱེ་བས་ཚེ་གང་བོ་ཐོས་བསམ་ལ་འབད་པ་སྐད་བྱས་ཀྱང་བློ་རང་དགའ་བའི་འགྲོས་འདོད་པ་ཆེ་ཆུང་དང་སྐྱོ་ཤེས་ཆེ་ཆུང་སོགས་ཞིང་བ་རང་དགའ་བ་རྣམས་དང་ཁྱད་པར་ཅུང་ཟད་ཀྱང་མེད་པར་འགྱུར་བས། ལམ་བློའི་དམིགས་པ་འབའ་ཞིག་ཏུ་མ་སོང་བར་བློའི་ངོ་བོར་བསྐྱེད་པ་ལ་ནན་ཏན་དུ་འབད་པར་བྱའོ་གསུངས།

༈ གཉིས་པ་དེ་ལ་རྩོད་པ་སྤོང་བ་ལ་གཉིས། སྤངས་པ་སླར་ལྡོག་པའི་རྩོད་པ་སྤོང་བ་དང༌། བདག་མེད་རྟོགས་པའི་ཤེས་རབ་བདག་འཛིན་གྱི་གཉེན་པོ་ཡིན་པ་ལ་རྩོད་པ་སྤོང་པའོ། །དང་པོ་ནི། གལ་ཏེ་གནས་གྱུར་ཀྱང༌། །ལམ་བཞིན་སྐྱོན་ནི་འབྱུང་ཞེ་ན། །མ་ཡིན་ནུས་པ་མེད་ཕྱིར་རོ། །རྣམ་ཤེས་ཡུལ་འཛིན་པ་ཡི་ཆོས། །ཇི་ལྟར་ཡོད་དེ་འཛིན་པ་དང༌། །ཡོད་པ་ཡིན་བདག་ཉིད་དོ། །འདི་ཡིས་སྐྱེད་པར་བྱེད་བའང་ཡིན། །རང་བཞིན་འདི་ཡིན་འདི་ལས་དེ། །རྐྱེན་གཞན་གྱིས་ནི་གལ་འགྱུར་ཞིང༌། །ལྡོག་པ་ལ་ནི་རྐྱེན་ལ་ལྟོས། །མི་བརྟན་སྤྲུལ་གྱི་བློ་བཞིན་ནོ། །སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །དེ་ཕྱིར་སྔར་ཡང་ནུས་མེད་རྣམས། །དེ་བདག་གྱུར་ལ་ཕྱིས་ནུས་མེད། །ནུས་ཡོད་ན་ཡང་གནོད་པ་ཅན། །སྐྱེད་ནུས་སྙིང་བོ་ཅན་དངོས་ལ། །ཡུན་དུ་གནས་ནུས་ཡོད་མིན་ཏེ། །ས་རློན་ལ་ནི་མེ་བཞིན་ནོ། འཚེ་བ་མེད་དང་ཡང་དག་དོན། །རང་བཞིན་ལ་ནི་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་ཟློགས་ཏེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་བྱུང༌། །གལ་ཏེ་ལན་གཅིག་ཉོན་མོངས་སྤངས་བས་སེམས་ལ་གནས་གྱུར་ཐོབ་ཀྱང༌། ལམ་བདེན་སྔར་མེད་པ་གསར་དུ་འབྱུང་བ་བཞིན་དུ། སྐྱོན་ཆགས་སོགས་ནི་སྤངས་ཀྱང་སླར་ཡང་འབྱུང་ངོ་ཞེ་ན། འདི་ནི་འགོག་བདེན་གཏན་དུ་ངེས་པར་འབྱུང་བ་དང༌། ལམ་བདེན་ཆགས་སོགས་གཏན་དུ་ངེས་པར་འབྱིན་བྱེད་ཡིན་པར་འདོད་པ་ལ་ཡང་དོན་གྱིས་བརྩད་པ་ཡིན་ནོ། ཉེས་ཟད་ཀྱི་སྐྱེས་བུ་ལ་ཆགས་སོགས་སླར་སྐྱེ་བ་མ་ཡིན་ཏེ། དེའི་རྒྱུད་ན་ཆགས་སོགས་སྐྱེད་པའི་ནུས་པའམ་ཆགས་སོགས་ཀྱི་ས་བོན་མེད་པའི་ཕྱིར་རོ། །གཟུགས་འཛིན་དབང་བོའི་རྣམ་པར་ཤེས་པས་རང་གི་ཡུལ་འཛིན་པ་ཡི་ཡུལ་གྱི་ཆོས་དེ་ཇི་ལྟར་ཡོད་པ་དེ་ལྟར་འཛིན་པ་དང༌། ཡུལ་གཟུགས་ཀྱི་རང་བཞིན་ཇི་ལྟར་ཡོད་པ་དེ་ཡི་ནི་བདག་ཉིད་དེ། ཡུལ་གཟུགས་འཛིན་པའི་དབང་པོའི་མངོན་སུམ་ནི། ཡུལ་གཟུགས་འདི་ཡིས་གཟུགས་ཀྱི་རང་བཞིན་དུ་སྐྱེད་པར་བྱེད་པའང་ཡིན་ནོ། །ཆོས་རྣམས་ཀྱིས་རང་བཞིན་ནི་བདག་ཏུ་མ་གྲུབ་པ་དང་རང་སྐྱ་བའི་བདག་གིས་སྟོང་བ་འདི་ཡིན་ནོ། །འོན་ཀྱང་རང་བཞིན་འདི་ལས་ནི་ཆོས་དེ་རྣམས་རྣམ་པར་རྟོག་པའི་རྐྱེན་གཞན་གྱིས་ནི་ཆོས་རང་རང་གི་གནས་ཚུལ་ལས་ལོགས་སུ་གོལ་བར་འགྱུར་ཞིང༌། དེ་ལྟར་གོལ་ཏེ་ཆོས་རྣམས་ཀྱི་རང་བཞིན་ལས་ཕྱིན་ཅི་ལོག་ཏུ་འཛིན་པའི་བདག་འཛིན་དེ་ལྡོག་པ་ལ་ནི། བདག་མེད་རྟོགས་པའི་ཤེས་རབ་བསྒོམ་པ་ལ་སོགས་པའི་རྐྱེན་ལ་ལྟོས་སོ། །དེ་ལྟར་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་གོམས་ན། བདག་འཛིན་གྱི་རྩ་བ་མི་བརྟན་པས་བདག་ཏུ་འཛིན་པ་ལྡོག་པར་འགྱུར་ཏེ། དཔེར་ན། ཐག་ཁྲ་ལ་སྦྲུལ་གྱི་བློ་སྐྱེ་བ་བཞིན་ནོ། །སློབ་དཔོན་ཟླ་བ་གྲགས་པས། རབ་རིམ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི། །ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ། །དེ་ཉིད་བདག་ཉིད་གང་དུ་མིག་དག་པས། །མཐོང་དེ་དེ་ཉིད་དེ་བཞིན་འདིར་ཤེས་བྱ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་འཛིན་ལ་གནོད་ན། བདག་འཛིན་གྱིས་བདག་མེད་རྟོགས་པའི་ཤེས་རབ་ལ་ཅིའི་ཕྱིར་མི་གནོད་ཅེ་ན། སེམས་ཀྱི་རང་བཞིན་ལ་དྲི་མས་སླད་པ་མ་ཞུགས་པས་དེའི་རང་བཞིན་ནི་འོད་གསལ་བ་ཡིན་ཏེ། སེམས་ཀྱི་ངོ་བོ་སྒྲིབ་བྱེད་ཀྱི་དྲི་མ་རྣམས་ནི་གློ་བུར་བ་ཡིན་པའི་ཕྱིར། དེ་ཕྱིར་དྲི་མ་དེ་དག་ལ་སྔར་ཡང་བདག་མེད་རྟོགས་པའི་ཤེས་རབ་ལ་གཏན་དུ་གནོད་པའི་ནུས་པ་མེད་ལ། བདག་འཛིན་དང་ཆགས་སོགས་དེ་རྣམས་ལ། བདག་མེད་རྟོགས་པའི་ཤེས་རབ་དེ་ཡི་བདག་ཉིད་དུ་གྱུར་བ་རྣམས་ལ་ཕྱིས་ཀྱང་གནོད་པའི་ནུས་པ་མེད་དོ། །དེ་དག་ལ་དུས་རེས་ཞིག་སེམས་ཀྱི་ངོ་བོ་ལ་སྒྲིབ་པའི་ནུས་པ་ཡོད་ན་ཡང༌། བདག་འཛིན་ལ་གནོད་པ་ཅན་གྱི་གཉེན་པོ་སྐྱེད་ནུས་པའི་སྙིང་བོ་ཅན་གྱི་དངོས་བོ་ལ་ལྷན་ཅིག་ཡུན་དུ་གནས་པའི་ནུས་པ་ཡོད་པ་མིན་ཏེ། ས་རློན་པ་ལ་ནི་མེ་ཡུན་རིང་དུ་མི་གནས་པ་བཞིན་ནོ། །དེ་ཡང་བདག་འཛིན་གྱིས་ནི་གཏན་ནས་མེད་པ་ཞིག་ལ་ཡོད་པར་སྒྲོ་བཏགས་ཏེ་གཟུང་བས་འཛིན་ཚུལ་དེ་རྫུན་པ་ཡིན་ལ། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ནི། ཕུང་བོ་ལྔ་ལ་བཏགས་པའི་བདག་ནི་ཡོད་ཀྱང་ཕུང་བོའི་ཚོགས་པ་ལ་མ་བཏགས་པའི་རང་སྐྱ་བའི་བདག་རྫས་ཡོད་པ་ཞིག་མེད་པར་མཐོང་ནས་གང་ཟག་གི་བདག་མེད་པར་བཟུང་བ་ཡིན་པས་འཛིན་ཚུལ་དེ་ལྟར་ཡུལ་གྱི་སྟེང་དུ་གནས་པས་བདེན་པ་ཡིན་ནོ། །དེས་ན་བདེན་པ་ནི་འཇིག་རྟེན་ན་དོན་སྟེང་དུ་བདེན་པ་ཡིན་པས་དུས་ནམ་ཡང་བདེན་པ་ཡིན་ལ། བདག་འཛིན་གྱི་བཟུང་བ་ལྟར་དོན་སྟེང་དུ་རྫུན་པ་ཡིན་པས། རྫུན་པ་དེས་བདེན་པ་སུན་འབྱིན་པར་མི་ནུས་སོ། །དགྲ་བཅོམ་པ་དག་ལ་རྣམ་པར་འཚེ་བ་མེད་པ་དང༌། ཡང་དག་པའི་དོན་བདག་མེད་པ་མངོན་སུམ་དུ་རྟོགས་པའི་རང་བཞིན་ལ་ནི། ཕྱིན་ཅི་ལོག་གིས་འབད་དུ་ཟིན་ཀྱང་སྤངས་པ་སླར་མི་ཟློགས་ཏེ། དེ་ཡི་བློ་ཡིས་ནི་བདག་མེད་རྟོགས་པའི་ཤེས་རབ་དེ་ཡི་ཕྱོགས་འཛིན་པའི་ཕྱིར་རོ།།

༈ གཉིས་པ་བདག་མེད་རྟོགས་པའི་ཤེས་རབ་བདག་འཛིན་གྱི་གཉེན་པོ་ཡིན་པ་ལ་རྩོད་པ་སྤོང་བ་ནི། བདག་འཛིན་རྒྱུ་གཅིག་ཅན་ཉིད་དང༌། །རྒྱུ་དང་འབྲས་བུའི་དངོས་པོའི་ཕྱིར། །འདོད་ཆགས་ཁོང་ཁྲོ་ཕན་ཚུན་དུ། །ཐ་དད་ན་ཡང་གནོད་མ་ཡིན། །བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚང་གཅོད་མིན། །ཉེས་ཀུན་དེ་ཡི་རྩ་བ་ཅན། །དེ་ཡང་འཛིན་ཚོགས་ལྟ་བ་ཡིན། །རིག་པའི་མི་མཐུན་ཕྱོགས་ཕྱིར་དང༌། །སེམས་བྱུང་ཉིད་ཀྱི་དམིགས་པའི་ཕྱིར། །ལོག་པར་དམིགས་ཉིད་མ་རིག་པར། །གསུངས་ཕྱིར་གཞན་ནི་རིགས་མ་ཡིན། །འགལ་བ་གང་ཡིན་འདིར་བཤད་བྱ། །སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །དེ་ཡི་རང་བཞིན་ཉེས་ཀུན་དང༌། །འགལ་བར་རབ་ཏུ་གྲུབ་པ་ཡིན། །ཟད་མིན་སྲོག་ཆགས་ཆོས་ཉིད་ཕྱིར། །གཟུགས་སོགས་བཞིན་མིན་མ་གྲུབ་ཕྱིར། །གཉེན་པོའི་ཕྱོགས་དང་འབྲེལ་བ་ན། །ལྡོག་པ་དག་ཀྱང་མཐོང་ཕྱིར་རོ། །ཉེས་པ་རྣམ་པར་འགགས་པ་ནི། །སྲ་བཞིན་སླར་ཡང་སྐྱེ་མེད་དེ། །དེ་བདག་ཉིད་ཀྱི་འབྲལ་མེད་དང༌། །ཐལ་བ་བཞིན་དུ་མ་ངེས་ཕྱིར། ཞེས་བྱུང༌། ཁོ་ན་རེ། བདག་མེད་རྟོགས་པའི་ཤེས་རབ་ནི་བདག་འཛིན་གྱི་གཉེན་པོ་མིན་ཏེ། འཛིན་སྟངས་འགལ་བ་ཙམ་གྱིས་གཉེན་པོ་ཡིན་ན། ཆགས་སྡང་གཉིས་ཀྱང་ཕན་ཚུན་གཉེན་པོར་འགྱུར་རོ་ཞེ་ན། མི་འཐད་དེ། ཆགས་སྡང་གཉིས་ནི་བདག་འཛིན་ལས་སྐྱེས་པས་རྒྱུད་གཅིག་པ་ཅན་ཉིད་ཡིན་པའི་ཕྱིར་དང༌། ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་བོར་འགྱུར་བ་སྲིད་པའི་ཕྱིར་རོ། །དེའི་ཕྱིར་འདོད་ཆགས་དང་ཁོང་ཁྲོ་འཛིན་སྟངས་ཕན་ཚུན་དུ་ཐ་དང་ན་ཡང་ཕན་ཚུན་གནོད་བྱེད་མ་ཡིན་ནོ། །དེ་ལྟར་ན་བདག་མེད་རྟོགས་པའི་ཤེས་རབ་ཉིད་བདག་འཛིན་གྱི་དངོས་གཉེན་དུ་མི་རིགས་ཏེ། བྱམས་སོགས་ཚད་མེད་བཞི་བོ་རྣམས་ཀྱང་གཉེན་པོ་ཡིན་པའི་ཕྱིར་ཞེ་ན། བྱམས་པ་དང་སྙིང་རྗེ་ལ་སོགས་པའི་ཚད་མེད་པ་རྣམས་ལ་ནི། རྨོངས་པ་བདག་འཛིན་དང་འཛིན་སྟངས་འགལ་བ་མེད་པའི་ཕྱིར་ན། ཞེ་སྡང་མངོན་གྱུར་བ་སོགས་ཀྱི་གཉེན་པོ་ཙམ་བྱེད་ཀྱང༌། ཤིན་ཏུ་ཉེས་པ་བདག་དང་བདག་གིར་འཛིན་པ་རྣམས་རྩ་བ་ནས་ཚར་གཅོད་པའི་དངོས་གཉེན་མིན་ནོ། །ཉེས་པ་ཀུན་པོ་དེ་ཡི་རྩ་བ་ཅན་ནི་མ་རིག་པ་ཡིན་ལ། དེ་ཡང་འཇིག་ཚོགས་ལ་ལྟ་བ་ཡིན་པའི་ཕྱིར་རོ། །དེ་ཡང་ཡིན་ཏེ། འཇིག་ལྟ་ནི་རིག་པ་ཡེ་ཤེས་ཀྱི་མི་མཐུན་ཕྱོགས་གཙོ་བོ་ཡིན་པའི་ཕྱིར་དང༌། སེམས་ལས་བྱུང་བའི་འཇིག་ལྟ་དེ་ཉིད་ཀྱིས་བདག་ལ་ལོག་པར་དམིགས་པའི་ཕྱིར་དང༌། ལོག་པར་དམིགས་པའི་ལྟ་བ་དེ་ལ་མ་རིག་པར་གསུངས་པའི་ཕྱིར་ན། འཇིག་ལྟ་ནི་མ་རིག་པ་ལས་རྫས་གཞན་དུ་ནི་རིགས་པ་མ་ཡིན་ནོ། །དེ་ལྟར་གང་དུ་གསུང་ཞེ་ན། ཟླ་བ་སྒྲོན་མེའི་མདོ་ལས། མི་ཤེས་པ་མེད་པ་གང་ཞེ་ན། ཡང་དག་པ་ཇི་ལྟ་བ་བཞིན་ཆོས་རྣམས་ལ་སྒྲོ་འདོགས་པ་མེད་པ་ཡིན་ནོ། །ཞེས་གསུངས་པའི་ཤུགས་ཀྱིས་སོ། །འོ་ན་མ་རིག་པ་དེ་དང་འཛིན་སྟངས་འགལ་བ་གང་ཞེ་ན། མ་རིག་པ་དེ་དང་འཛིན་སྟངས་འགལ་བ་གང་ཡིན་པ་དེ་སྐབས་འདིར་བཤད་པར་བྱ་སྟེ། སྟོང་བ་ཉིད་ཀྱི་ལྟ་བ་དང་མ་རིག་པ་དེ་འཛིན་སྟངས་འགལ་བའི་ཕྱིར་དང༌། མི་རིག་པ་དེ་ཡི་རང་བཞིན་དང་དེ་ལས་བྱུང་བའི་ཉེས་པ་ཀུན་དང་ཡང་སྟོང་བ་ཉིད་ཀྱི་ལྟ་བ་འགལ་བར་རབ་ཏུ་གྲུབ་པ་ཡིན་ནོ། །ཁོ་ན་རེ། སེམས་ཅན་རྣམས་ལ་ཆགས་སོགས་གཏན་དུ་ཟད་པ་ཞིག་ཡོད་པ་མིན་ཏེ། ཆགས་སོགས་ནི་སྲོག་ཆགས་རྣམས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར། དཔེར་ན། གཟུགས་སོགས་དང་གཟུགས་ཅན་བཞིན་ནོ་ཞེ་ན། འཐད་པ་མིན་ཏེ། ཆགས་སོགས་སེམས་ཅན་གྱི་ཆོས་ཉིད་དུ་མ་གྲུབ་པའི་ཕྱིར། དེར་ཐལ། གཉེན་པོའི་ཕྱོགས་དང་འབྲེལ་བ་ན། ཆགས་སོགས་ལྡོག་པ་དག་ཀྱང་མཐོང་བའི་ཕྱིར་རོ། །དེ་ལ་ཁོ་ན་རེ། ཉེས་པ་དེ་དག་ལན་གཅིག་འགགས་ཀྱང་རྐྱེན་དང་ཕྲད་ན་སླར་ཡང་སྐྱེའོ་ཞེ་ན། གཉེན་པོའི་སྟོབས་ཀྱིས་ཉེས་པ་རྣམ་པར་འགགས་པ་ནི་གསེར་གྱི་སྲ་བ་ཇི་ལྟ་བ་བཞིན་དུ་སླར་ཡང་སྐྱེ་བ་མེད་དེ། བདག་མེད་རྟོགས་པའི་ཤེས་རབ་དེ་ཡི་བདག་ཉིད་ཀྱི་སྟོབས་ཀྱིས། དགྲ་བཅོམ་པ་རྣམས་གཉེན་པོའི་ཤུགས་དང་འབྲལ་བ་མེད་པའི་ཕྱིར་དང༌། སྤང་བྱ་ལོག་ཀྱང་གཉེན་པོ་ལྡོག་པ་མ་ཡིན་ཏེ། དཔེར་ན། མེ་དང་བུད་ཤིང་གཉིས་ལོག་པས་ཐལ་བ་བཞིན་དུ་འགྱུར་བར་མ་ངེས་པའི་ཕྱིར། གཞན་དག་ན་རེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་གཉེན་པོས་ལན་གཅིག་མེད་པར་བྱས་ཀྱང༌། ཕྱིས་རྐྱེན་དང་འཕྲད་ན་སླར་ཡང་སྐྱེ་བར་འགྱུར་ཏེ། དཔེར་ན། གསེར་བཞུས་པ་ན་སླ་བའི་བདག་ཉིད་དུ་གྱུར་ཀྱང༌། མེ་དང་བྲལ་བ་ན་སླར་ཡང་སྲ་བའི་ངོ་བོར་འགྱུར་བ་བཞིན་ནོ། །ཞེས་ཟེར་རོ། །དེ་ཡང་ཉོན་མོངས་སྐྱེ་བ་ལ་རྒྱུ་གསུམ་ཚང་དགོས་ཏེ། ཆགས་སོགས་ཉོན་མོངས་པའི་ས་བོན་མ་སྤང་བ་དང༌། ཉོན་མོངས་སྐྱེ་བའི་ཡུལ་བུད་མེད་ལྟ་བུར་ཉེ་བར་ཡོད་པ་དང༌། ཆགས་ཡུལ་གྱི་ཆོས་ཡིད་དུ་འོང་བ་དང་ཁྲོ་ཡུལ་གྱི་ཆོས་ཡིད་དུ་མི་འོང་བ་སོགས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སྟེ། རྒྱུ་དེ་གསུམ་ལས་དགྲ་བཅོམ་པ་ལ་ཉོན་མོངས་ཀྱི་ས་བོན་མེད་པའི་ཕྱིར། དཔེར་ན་ནས་ཀྱིས་ས་བོན་མེད་པར་ནས་ཀྱི་མྱུ་གུ་མི་སྐྱེ་བ་བཞིན་ནོ། །དེ་ལྟར་ཡང་མཛོད་ལས། ཕྲ་རྒྱས་སྤང་བ་མ་ཡིན་དང༌། །ཡུལ་ནི་ཉེ་བར་གནས་པ་དང༌། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་རྒྱུ་ནི་ཚང་བ་ཡིན། །ཞེས་སོ། གསུམ་པ་བདག་འཛིན་སྲིད་པའི་རྩ་བར་བསྟན་པ་ནི། །གང་ཞིག་བདག་མཐོང་དེ་ལ་ནི། །ང་ཞེས་རྟག་ཏུ་ཞེན་པར་འགྱུར། །ཞེན་བས་བདེ་བ་ལ་སྲེད་འགྱུར་ཏེ། །སྲེད་པས་སྐྱོན་རྣམས་སྒྲིབ་པར་བྱེད། །ཡོན་ཏན་མཐོང་བས་ཡོངས་སྲེད་པ། །ང་ཡི་ཞེས་དེའི་སྒྲུབ་བྱེད་ལེན། །དེས་ན་བདག་ལ་མངོན་ཆགས་པ། །དེ་སྲིད་དེ་ནི་འཁོར་བར་འགྱུར། །བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཞེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་བྱུང༌། སྐྱེས་བུ་གང་ཞིག་གིས་རང་ཉིད་རང་སྐྱ་བའི་བདག་ཏུ་འཛིན་ཅིང་མཐོང་བ་དེ་ལ་ནི། ང་དང་ང་ཡི་ཞེས་བདག་ལ་རྟག་ཏུ་ཞེན་པ་འབྱུང་བར་འགྱུར་ལ། དེ་ལྟར་ཆགས་ཤིང་ཞེན་པས་བདག་གི་བདེ་བ་ལ་སྲེད་པར་འགྱུར་ཏེ། སྲེད་པས་རང་གི་སྐྱོན་རྣམས་ལ་སྐྱོན་དུ་མི་མཐོང་བར་སྒྲིབ་པར་བྱེད་དོ། །འཁོར་བའི་ཕུན་ཚོགས་ལ་ཡོན་ཏན་དུ་མཐོང་བས་དེ་ལ་ཡོངས་སུ་སྲེད་པ་སྐྱེ་འོ། །སྲེད་པ་དེའི་དབང་གིས་ང་དང་ང་ཡི་ཞེས་བདག་དང་བདག་གིར་འཛིན་པའི་དབང་གིས་བདག་དེའི་བདེ་བ་སྒྲུབ་པར་བྱེད་འདོད་པ་དེ་ནི་ལེན་པ་ཡིན་ནོ། །དེས་ན་སྲེད་ལེན་གཉིས་ཀའི་ངོ་བོ་ཆགས་བ་ཡིན་པར་མཚུངས་ཀྱང༌། སྲེད་པ་ནི་གཙོ་ཆེར་ཡུལ་དེ་ལ་ཆགས་ཤིང་ཞེན་པ་ཙམ་ཡིན་ལ། ལེན་པ་ནི་ཆགས་ཡུལ་དེ་དང་དུ་བླངས་ཏེ་སྒྲུབ་ཅིང་ཐོབ་པར་འདོད་པའོ། །དེས་ན་ཇི་སྲིད་བདག་ལ་མངོན་པར་ཆགས་པ་དེ་སྲིད་དུ་གང་ཟག་དེ་ནི་སྲིད་པ་འདིར་འཁོར་བར་འགྱུར་རོ། །དེས་ན་གང་ལ་བདག་ཏུ་འཛིན་པ་ཡོད་ན་ནི་རང་གཞན་གྱི་ཕྱོགས་ལ་རིམ་པ་བཞིན་བདག་དང་གཞན་དུ་འདུ་ཤེས་འབྱུང་ཞིང༌། དགྲ་གཉེན་དང་བདག་གཞན་སོ་སོར་འཛིན་པའི་ཆ་ལས་རང་ཕྱོགས་ལ་ཡིད་དུ་འོང་བར་འཛིན་པས་ཆགས་པ་དང༌། གཞན་ཕྱོགས་ཡིད་དུ་མི་འོང་བར་འཛིན་བས་ཞེ་སྡང་སྐྱེའོ། །ཆགས་སྡང་འདི་དག་དང་ནི་ཡོངས་སུ་འབྲེལ་བ་ལས། འཇིག་རྟེན་གྱི་ཉེས་པ་ཐམས་ཅད་འབྱུང་བར་འགྱུར་རོ།།

    བྱེ་བྲག་པའི་གྲོལ་ལམ་དགག་པ།

༈ གཉིས་པ་གཞན་ལུགས་ཀྱིས་གྲོལ་ལམ་དགག་པ་ལ་བཞི། བྱེ་བྲག་བའི་གྲོལ་ལམ་དགག་པ། གྲངས་ཅན་པའི་གྲོལ་ལམ་དགག་པ། དབང་ཕྱུག་པའི་གྲོལ་ལམ་དགག་པ། གཅེར་བུ་བའི་གྲོལ་ལམ་དགག་པའོ། །དང་བོ་ལ་གཉིས། ཐལ་བ་དགོད་པ་དང༌། རྩོད་སྤོང་དགག་པའོ། །དང་བོ་ནི། ངེས་པར་བདག་ལ་ཆགས་པ་ནི། །བདག་གི་ལ་ཆགས་མི་འབྲལ་ཞིང༌། །ཉེས་མེད་བདག་ལ་ཆགས་པ་དང༌། །བྲལ་བའི་རྒྱུ་ཡང་ཡོད་མ་ཡིན། །ཞེས་བྱུང༌། བྱེ་བྲག་པ་ན་རེ། བདག་ལ་ཆགས་ཀྱང་བདག་གི་བ་ལ་ཆགས་པ་དང་འཁོར་བ་ལས་གྲོལ་བར་འགྱུར་རོ་ཞེ་ན། མི་འཐད་དེ། གང་ཞིག་ངེས་པར་བདག་ལ་ཆགས་པ་ནི། བདག་གི་བ་ལ་ཆགས་པ་དང་མི་འབྲལ་ཞིང༌། ཁྱོད་ལྟར་ན་ཉེས་མེད་བུ་འགྱུར་བའི་རྒྱུ་དང༌། བདག་ལ་ཆགས་པ་དང་བྲལ་བའི་རྒྱུ་ཡང་ཡོད་པ་མ་ཡིན་པར་ཐལ་ལོ།།

༈ གཉིས་པ་བྱེ་བྲག་པས་སྐྱོན་སྤོང་དགག་པ་ལ་གསུམ། སྐྱོན་ཅན་སྒོམ་པ་གྲོལ་ལམ་ཡིན་ཟེར་བ་དང༌། སྡུག་བསྔལ་སྒོམ་པ་གྲོལ་ལམ་ཡིན་ཟེར་བ་དང༌། ཡོན་ཏན་འཛིན་པ་འཆིང་བྱེད་མིན་ཟེར་བ་དགག་པའོ། །དང་བོ་ནི། གལ་ཏེ་ཆགས་པ་སྐྱོན་བཅས་ན། །དེ་ལས་ཅིར་འགྱུར་དེ་སྤོང་འགྱུར། །འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཡོན་ཏན་སྐྱོན་དང་རྗེས་འབྲེལ་བའི། །འདོད་དང་སྡང་སོགས་སྤོང་བ་ནི། །དེ་དག་ཡུལ་ལ་མ་མཐོང་བས། །ཡིན་གྱི་ཕྱི་ཚུལ་དག་གིས་མིན། །ཆགས་ཡོན་ཏན་གྱི་ཆགས་མིན་གྱི། །དོན་གྱི་ཡོན་ཏན་མཐོང་བས་ཡིན། །མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ཟློག་པར་བྱེད། །ཆགས་ལ་སྐྱོན་ཡང་གང་ཞིག་མཐོང༌། །གལ་ཏེ་སྡུག་བསྔལ་རྟེན་ཞེ་ན། །དེ་ལྟའང་འདི་ལ་ཆགས་བྲལ་མིན། །བདག་གིར་མཐོང་ཕྱིར་དཔེར་བདག་བཞིན། །གལ་ཏེ་དེ་མེད་བདག་སྡུག་བསྔལ། །རྒྱུ་མིན་དེ་ཡང་དེ་དང་འདྲ། །དེ་ལྟར་གཉིས་ཀའང་སྐྱོན་མེད་པ། །དེ་ཕྱིར་གཉིས་ལ་ཆགས་བྲལ་མིན། །ཞེས་བྱུང༌། བྱེ་བྲག་བ་ན་རེ། གལ་ཏེ་བདག་ནི་ཉེས་མེད་ཡིན་ཡང་བདག་ལ་ཆགས་པ་སྐྱོན་བཅས་སུ་སྒོམ་པར་བྱ་བ་ཡིན་ནོ་ཞེ་ན། འོ་ན་དེ་ལྟར་སྒོམ་པ་ལས་ཅིར་འགྱུར་ཞེས་དྲིས་པས། དེ་ལྟར་སྒོམ་པས་བདག་ལ་ཆགས་པ་དེ་སྤོང་བར་འགྱུར་རོ་ཞེ་ན། བདག་ལ་ཆགས་བ་སྐྱོན་བཅས་སུ་སྒོམ་པ་དེ་ཙམ་གྱིས་བདག་ལ་ཆགས་པ་སྤོང་བར་མི་ནུས་ཏེ། ཆགས་སོགས་ཀྱི་རྩ་བ་བདག་ཏུ་འཛིན་པ་འདི་ལ་ཐུག་པས་བདག་འཛིན་འདི་ཡི་འཛིན་སྟངས་ཀྱི་ཡུལ་རྫས་ཡོད་ཀྱི་བདག་དེ། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སུན་ཕྱུང་བ་མེད་པར་ནི། ཆགས་སོགས་དེ་དག་སྤོང་བར་ནི་ནུས་པ་མ་ཡིན་ནོ། །ཡུལ་འགའ་ཞིག་གི་ཡོན་ཏན་དང་འགའ་ཞིག་གི་སྐྱོན་མཐོང་བ་དང་རྗེས་སུ་འབྲེལ་བའི་འདོད་ཆགས་དང་ཞེ་སྡང་སོགས་སྤོང་བ་ནི། དེ་དག་གིས་བཟུང་བ་ལྟར། ཡུལ་ལ་མ་མཐོང་བས་ཡིན་གྱི། ཕྱི་རོལ་གྱི་དྲི་མ་འཁྲུ་བ་སོགས་ཀྱི་ཚུལ་དག་གིས་ཚེར་མ་འདོན་པ་ལྟར་སྤོང་བ་ནི་མིན་ནོ། །ཆགས་པའི་ཡོན་ཏན་མཐོང་བ་ཙམ་གྱི་ཆགས་པ་སྐྱེ་བ་མིན་གྱི། བདག་འཛིན་གྱི་བདག་ཏུ་བཟུང་བའི་དོན་གྱི་ཡོན་ཏན་ལོག་པར་མཐོང་བས་སྐྱེ་བ་ཡིན་ནོ། །འབྲས་བུ་དེ་སྐྱེད་པའི་རྒྱུ་རྐྱེན་མ་ཚང་བ་མེད་པར་རྒྱུ་རྐྱེན་ཡོངས་སུ་ཚོགས་པ་དེ་ལ་ནི། འབྲས་བུ་ཆགས་སོགས་སྐྱེ་བ་ཐབས་གང་གིས་ཟློག་པར་བྱེད་དེ་ཟློག་མི་ནུས་པའི་ཕྱིར་རོ། །ཁྱོད་ཀྱིས་ཆགས་པ་ལ་སྐྱོན་ཡོད་པ་ཡང་གང་ཞིག་མཐོང༌། ཁོ་ན་རེ། གལ་ཏེ་ཆགས་པ་ནི་འཁོར་བའི་སྡུག་བསྔལ་གྱི་རྟེན་ཡིན་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་འང་སྐྱོན་དེ་ཙམ་མཐོང་བས་བདག་འདི་ལ་ཆགས་བ་དང་བྲལ་བར་བྱེད་ནུས་པ་མིན་ཏེ། དེ་ཚེ་ཡང་ངའི་ལུས་དང་ཡན་ལག་ཅེས་བདག་གི་བར་འཛིན་པ་མཐོང་བའི་ཕྱིར། དཔེར་ན། བདག་འཁོར་བའི་སྡུག་བསྔལ་གྱི་རྟེན་ཡིན་པར་མཐོང་ཡང༌། དེ་ལ་བདག་ཏུ་བཟུང་བས་ཆགས་པ་དང་མི་འབྲལ་བ་བཞིན་ནོ། །གལ་ཏེ་བདག་གི་བ་དེ་མེད་པར་བདག་རྐྱང་བ་སྡུག་བསྔལ་གྱི་རྒྱུ་མིན་ནོ་ཞེ་ན། དེ་ལྟར་ན་བདག་གི་བ་དེ་ཡང་བདག་དེ་དང་འདྲ་བར་སྐྱོན་མེད་ཡིན་པར་ཐལ། བདག་གི་བ་རྐྱང་བ་སྡུག་བསྔལ་གྱི་རྒྱུ་མ་ཡིན་པའི་ཕྱིར། དེ་ལྟར་ན་བདག་དང་བདག་གི་བ་གཉིས་ཀའང་སྐྱོན་མེད་པ་ཡིན་དགོས་པ་དེ་ཡི་ཕྱིར་བདག་དང་བདག་གི་བ་གཉིས་ལ་ཆགས་བྲལ་བྱ་བ་མིན་པར་ཐལ་ལོ།།

གཉིས་པ་སྡུག་བསྔལ་སྒོམ་པ་གྲོལ་ལམ་ཡིན་ཟེར་བ་དགག་པ་ལ་གཉིས། འདོད་པ་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ནི། གལ་ཏེ་སྦྲུལ་བཟུང་ཡན་ལག་བཞིན། །སྡུག་བསྔལ་བསྒོམས་པས་སྤོང་འགྱུར་ན། །ཞེས་བྱུང༌། བྱེ་བྲག་པ་ན་རེ། གལ་ཏེ་དཔེར་ན་དུག་སྦྲུལ་གྱིས་བཟུང་བའི་ཡན་ལག་དང་སོར་མོའི་སྡུག་བསྔལ་བཞིན་དུ། བདག་གི་བ་སྡུག་བསྔལ་གྱི་སྡུག་བསྔལ་དུ་བསྒོམས་པས་ཉེས་པ་ཐམས་ཅད་སྤོང་བར་འགྱུར་རོ་ཞེ་ན།

༈ གཉིས་པ་སྡུག་བསྔལ་གྱི་སྡུག་བསྔལ་བསྒོམ་པ་གྲོལ་ལམ་དུ་འདོད་པ་དགག་པ་ལ་གཉིས། དཔེ་དགག་པ་དང༌། དོན་དགག་པའོ། །དང་བོ་ནི། བདག་གི་བ་བློ་བཅོམ་པས་འདི། །འདོར་པ་ཡིན་གྱི་བཟློག་ལ་མིན། །ཞེས་བྱུང༌། དུག་སྦྲུལ་གྱིས་བཟུང་བའི་སོར་མོ་སོགས་ལ་བདག་གི་བ་ཡི་བློ་སྟེ་བདག་གིར་འཛིན་པའི་བདག་འཛིན་བཅོམ་པས། སྦྲུལ་གྱི་སོས་བཟུང་བའི་རྨ་འདི་འདོར་ཞིང་བཅོམ་ནུས་པ་ཡིན་གྱི། དེ་ལས་བཟློག་པ་བདག་གིར་འཛིན་པའི་བློ་བདག་འཛིན་མདོར་བ་ལ་སྡུག་བསྔལ་གྱི་སྡུག་བསྔལ་བར་མཐོང་བ་ཙམ་གྱིས་རྨ་དེ་གཅོད་ཅིང་མདོར་ནུས་པ་མིན་ནོ། །དེས་ན་ཁྱོད་ཀྱི་དཔེ་འདི་མི་འཐད་དོ།།

༈ གཉིས་པ་དོན་དགག་པ་ལ་བཞི། རང་བློ་ཡོད་པས་དགག་པ། བདག་འཛིན་ཡོད་པས་དགག་པ། རིགས་པ་གཞན་གྱིས་དགག་པ། བདག་དེ་སྐྱོན་མེད་ཡིན་པས་དགག་པའོ། །དང་བོ་ནི། དབང་བོ་ལ་སོགས་ལོངས་སྤྱོད་ཀྱི། །རྟེན་ཉིད་དུ་ནི་བཟུང་བ་ལ། །རང་བློ་གང་གིས་བཟློག་འགྱུར་ཏེ། །དེ་ལ་ཆགས་བྲལ་དེ་གང་ལས། །ལུས་ལས་བོག་པའི་སྐྲ་སོགས་ལ་ཡིད་འབྱུང་བློ་ནི་སྐྱེ་འགྱུར་བ། །ཐམས་ཅད་ཀྱིས་ནི་མངོན་སུམ་ཡིན། །དེ་ལ་འདུ་སོགས་འབྲེལ་བ་ལས། །རང་གི་བློ་ནི་སྐྱེ་འགྱུར་བའི། །འབྲེལ་ཏེ་དེ་བཞིན་ཉིད་གནས་ཕྱིར། །མཐོང་དུ་ཟིན་ཀྱང་སྤོང་མི་འགྱུར། །འདུ་བ་ལ་སོགས་མེད་ན་ཡང༌། །ཕན་འདོགས་ཉིད་ནི་ཀུན་ལ་ཡོད། །སྡུག་བསྔལ་བསྐྱེད་ཕྱིར་སོར་མོ་བཞིན། །རང་གི་བློ་ནི་མི་འགྱུར་ན། གཅིག་ཏུ་དེ་ནི་སྡུག་བསྔལ་མིན། །ཕལ་ཆེར་དུག་བཅས་ཟས་བཞིན་ནོ། །ཁྱད་པར་ཅན་བདེ་ལ་ཆགས་པས། དེ་འགལ་བ་ལ་ཆགས་བྲལ་འགྱུར། །ཁྱད་པར་ཅན་བདེ་ལ་སྲེད་པས། །བདེ་བ་ཅུང་ཟད་ཡོངས་སུ་སྤོང༌། །བསམ་མེད་བདག་ལ་ཆགས་པ་ཡིས། །ཇི་ལྟར་རྙེད་བཞིན་ལ་འཇུག་སྟེ། །བུད་མེད་དག་ནི་མ་རྙེད་པར། །དུད་འགྲོ་ལ་འདོད་སྤྱོད་མཐོང་བཞིན། །བདག་ནི་འདོད་པ་གང་ཡིན་ཏེ། ཇི་ལྟར་དེ་ནི་འཇིག་པར་འདོད། །མྱོང་བ་དང་ནི་ཐ་སྙད་དང༌། །ཡོན་ཏན་ཀུན་གྱི་རྟེན་ལོག་པ། །ཇི་ལྟར་ཞེན་པ་ཡིན་འདོད་དེ། །ཞེན་པའི་རང་བཞིན་དེ་འདྲ་མིན། །ཞེས་བྱུང༌། ཇི་སྲིད་དབང་བོ་ལ་སོགས་པ་ནི་བདག་གི་ལོངས་སྤྱོད་ཀྱི་རྟེན་ཉིད་དུ་ནི་བཟུང་བ་ལ་རང་གི་སྟེ། བདག་གི་བའི་བློ་གང་གིས་བཟློག་པར་འགྱུར་ཏེ་བཟློག་པར་མི་འགྱུར་རོ། །དེ་ཕྱིར་དེ་ལ་ཆགས་པ་དང་བྲལ་བ་དེ་གང་ལས་ཀྱང་མི་འཐད་དོ། །དེས་ན་བདག་གི་ཉེ་འཁོར་བདག་གི་བར་ཆགས་པའི་རྒྱུར་འགྱུར་གྱི། དེ་མེད་ན་མི་འགྱུར་ཏེ། ལུས་ལས་བོག་པའི་སྐྲ་སོགས་ལ་ཡིད་འབྱུང་བའི་བློ་ནི་སྐྱེ་བར་འགྱུར་བ་སྐྱེ་བོ་ཐམས་ཅད་ཀྱིས་ནི་མངོན་སུམ་ཡིན་པའི་ཕྱིར། བདག་དེ་ལ་འདུ་བ་དང་ལྡན་པ་ལ་སོགས་འབྲེལ་བ་ལས་རང་གི་དབང་བོ་སོགས་ལ་རང་གི་སྟེ་བདག་གི་བའི་བློ་ནི་སྐྱེ་བར་འགྱུར་བའི་འབྲེལ་བ་དེ་སྔར་གྱི་དེ་བཞིན་ཉིད་དུ་རྟག་པར་གནས་པའི་ཕྱིར། བདག་གི་བ་ལ་ཞེན་པ་དེ་སྡུག་བསྔལ་གྱི་རྒྱུར་མཐོང་དུ་ཟིན་ཀྱང་དེ་ཙམ་གྱིས་ཞེན་པ་དེ་སྤོང་བར་མི་འགྱུར་རོ། །དེ་ལ་ཁོ་ན་རེ། བདག་ལ་འདུ་བ་དང་འབྲེལ་བ་ལ་སོགས་པ་མེད་ན་ཡང༌། བདག་ལ་ཕན་འདོགས་པ་ཉིད་ནི་ཟས་གོས་གནས་མལ་སོགས་ཀུན་ལ་ཡོད་པ་དེ་དག་གིས་ཀྱང་སྡུག་བསྔལ་བསྐྱེད་པའི་ཕྱིར། དཔེར་ན། དུག་སྦྲུལ་གྱིས་བཟུང་བའི་སོར་མོ་བཞིན་ནོ་ཞེ་ན། མི་འཐད་དེ། ཟས་གོས་སོགས་དེ་དག་ལ་རང་གིའམ་བདག་གི་བའི་བློ་ནི་སྐྱེ་བར་མི་འགྱུར་ན་ཡང་མཐའ་གཅིག་ཏུ་དེ་ནི་སྡུག་བསྔལ་གྱི་རྒྱུ་མིན་ཏེ། རེས་འགའ་དེ་དག་གིས་བདེ་བ་སྐྱེད་པའང་མཐོང་བའི་ཕྱིར། ཡང་ཁོ་ན་རེ། དེ་དག་ལ་བདག་གི་བའི་བློ་མི་སྐྱེ་སྟེ། དེ་དག་ཕལ་ཆེར་གྱིས་སྡུག་བསྔལ་སྐྱེད་པའི་ཕྱིར་དུག་དང་བཅས་པའི་ཟས་བཞིན་ནོ་ཞེ་ན། སོ་སོ་སྐྱེ་བོ་ནི་ཁྱད་པར་ཅན་གྱི་བདེ་བ་ལ་ཆགས་པས་བདེ་བ་དེ་དང་འགལ་བ་ལ་རེ་ཤིག་ཆགས་པ་དང་བྲལ་བ་ལྟ་བུར་འགྱུར་ཡང༌། དེ་ཙམ་གྱིས་ཆགས་བྲལ་དུ་མི་འགྱུར་ཏེ། ཁྱད་པར་ཅན་གྱི་བདེ་བ་ལ་སྲེད་པས་བདེ་བ་ཅུང་ཟད་དམན་པ་དག་ཡོངས་སུ་སྤོང་ན་ཡང༌། བསམ་མེད་དེ་ནི་བདག་ལ་ཆགས་པ་ཡིས། ཇི་ལྟར་ན་བདེ་བ་ཁྱད་པར་ཅན་རྙེད་པར་འགྱུར་ཞེས་བསམ་པ་བཞིན་དེ་ཡི་ཐབས་ལ་འཇུག་སྟེ། དཔེར་ན། འདོད་ལྡན་ཅན་ཁ་ཅིག་བུད་མེད་དག་ནི་མ་རྙེད་པར་དུད་འགྲོ་ལ་ཡང་འདོད་པ་སྤྱོད་པ་མཐོང་བ་བཞིན་ནོ། །རང་སྐྱ་བའི་བདག་ནི་ཡོད་པར་འདོད་པ་གང་ཡིན་པ་དེ་དག་གིས། གྲོལ་བ་ཐོབ་པའི་ཚེ་ཇི་ལྟར་སྡུག་བསྔལ་དེ་ནི་འཇིག་པར་འདོད་པ་མི་རིགས་པར་ཐལ། བདག་ནི་ཚོར་བ་མྱོང་བ་བོ་དང་ནི་བླང་དོར་གྱི་ཐ་སྙད་དང་ཡོན་ཏན་ཀུན་གྱི་རྟེན་དུ་ལོག་པ་བ་ཉིད་དུ་འདོད་པ་དེ། ཇི་ལྟར་ཞེན་པ་ལྟར་བདག་ཡིན་པར་འདོད་དེ་འདོད་མི་རིགས་པའི་ཕྱིར། བྱེ་བྲག་པས་ཞེན་པའི་རང་བཞིན་གྱི་བདག་མྱོང་དྲན་གྱི་རྟེན་དུ་ལོག་པར་འདོད་པ་དེ་འདྲ་ནི་འཐད་པ་མིན་ཏེ། བདེ་སྡུག་མྱོང་བའི་རྟེན་བྱེད་པ་ནི་བདག་གི་མཚན་ཉིད་དུ་ཁས་བླངས་པའི་ཕྱིར།

༈ གཉིས་པ་བདག་འཛིན་ཡོད་པས་སྡུག་བསྔལ་བསྒོམ་པ་གྲོལ་ལམ་དུ་འདོད་པ་དགག་པ་ནི། རྣམ་པ་ཀུན་ཏུ་བདག་འཛིན་ནི། །བདག་ལ་ཆགས་པ་བརྟན་པར་བྱེད། །དེ་ནི་བདག་གིར་ཞེན་པ་ཡིས། །ས་བོན་གནས་སྐབས་དེ་ཉིད་གནས། །བརྩོན་ཡང་ཡོན་ཏན་ཆ་རྟེན་ནས། །འཇུག་ལྡན་བདག་གི་བ་ལ་ནི། །ཆགས་བྲལ་གེགས་བྱེད་པ་ཉིད་དང༌། །དེ་ཡི་སྐྱོན་ཡང་སྒྲིབ་པ་ཡིན། །གལ་ཏེ་བདག་ལའང་ཆགས་བྲལ་ན། །ད་ནི་ཆགས་བྲལ་གང་ཡིན་མེད། །དེ་ནི་ཇི་ལྟར་བདག་འདོར་བ། །སྡུག་བསྔལ་བསྒོམ་པ་དོན་མེད་འགྱུར། །ཞེས་བྱུང༌། རྣམ་པ་ཀུན་ཏུ་བདག་འཛིན་གྱིས་ནི། བདག་ལ་ཆགས་པ་དེ་བརྟན་པར་བྱེད་པས་ན། གྲོལ་བ་ཐོབ་པར་འདོད་པ་དེ་ནི་བདག་གིར་ཞེན་པ་ཡི་ས་བོན་གྱི་གནས་སྐབས་དེ་ཉིད་དུ་གནས་པར་ཐལ། དེ་ལ་བདག་འཛིན་ཡོད་པའི་ཕྱིར། བདག་གི་བ་སྡུག་བསྔལ་དུ་བསྒོམ་པ་ལ་བརྩོན་ཡང༌། བདག་གི་བའི་ཡོན་ཏན་གྱི་ཆ་ལ་རྟེན་ནས་འཇུག་པ་དང་ལྡན་པའི་ཕྱིར་ན། བདག་གི་བ་ལ་ནི་ཆགས་བྲལ་གྱི་གེགས་བྱེད་པ་ཉིད་དང༌། བདག་གི་བ་དེ་ཡི་སྐྱོན་ཡང་སྒྲིབ་པ་ཡིན་ནོ། །གལ་ཏེ་གྲོལ་བའི་ཚེ་བདག་ལའང་ཆགས་དང་བྲལ་བ་ཡིན་ནོ་ཞེ་ན། ད་ནི་ཆགས་བྲལ་གྱི་བདག་གང་ཡིན་པ་དེ་མེད་པར་ཐལ། བདག་ལ་ཆགས་པ་དང་བྲལ་ནས་མི་ཤེས་པའི་ཕྱིར། གྲོལ་བ་ཐོབ་པའི་ཚེ་དེ་ནི་ཇི་ལྟར་བདག་གི་བ་བཞིན་དུ་བདག་ཀྱང་འདོར་བ་ཡིན་ན། གྲོལ་བ་ཐོབ་ཕྱིར་དུ་སྡུག་བསྔལ་སྒོམ་པ་དོན་མེད་དུ་འགྱུར་རོ།།

༈ གསུམ་པ་རིགས་པ་གཞན་གྱི་སྒོ་ནས་དགག་པ་ནི། དེ་དག་སྡུག་བསྔལ་བསྒོམས་པས་ཀྱང༌། །སྡུག་བསྔལ་ཉིད་ནི་རྣམ་ཤེས་བྱེད། །དེ་ནི་སྔར་ཡང་མངོན་སུམ་ཉིད། །དེ་ལྟ་ན་ཡང་ཆགས་བྲལ་མེད། །གལ་ཏེ་དེ་ལ་ཉེས་པ་ཡིས། །སྐད་ཅིག་དེ་ཡི་བློ་ལྡོག་ཀྱང༌། །དེ་ལ་ཆགས་བྲལ་མི་འགྱུར་ཏེ། །འདོད་ལྡན་བུད་མེད་གཞན་ལ་བཞིན། །བླང་དང་དོར་བྱའི་ཁྱད་ཡོད་ན། །གཅིག་ལས་བྱུང་བའི་ཆགས་གང་ཡིན། །དེ་ཉིད་རྣམ་གྲངས་ཀྱི་བསྐྱེད་ཚེ། །ཆགས་པ་ཀུན་གྱི་ས་བོན་ཡིན། །ཞེས་བྱུང༌། བདག་གི་བ་དེ་དག་སྡུག་བསྔལ་དུ་བསྒོམས་པས་ཀྱང་སྡུག་བསྔལ་ཉིད་ནི་རྣམ་པར་ཤེས་པ་ཙམ་བྱེད་ལ། དེ་ནི་སྔར་ཡང་མངོན་སུམ་ཉིད་ཀྱིས་གྲུབ་མོད། དེ་ལྟ་ན་ཡང་དེ་ཙམ་གྱིས་ཆགས་པ་དང་བྲལ་བ་མེད་དོ། །གལ་ཏེ་ཡུལ་དེ་ལ་ཉེས་པ་མཐོང་བ་ཡིས་སྐད་ཅིག་ཙམ་ལ་ཆགས་པ་དེ་ཡི་བློ་ལྡོག་ཀྱང༌། དེ་ལ་ཆགས་བྲལ་དུ་མི་འགྱུར་ཏེ། དཔེར་ན། འདོད་ལྡན་ཅན་ནི་བུད་མེད་གཅིག་ལ་ཉེས་པ་མཐོང་སྟེ་མི་ཆགས་ན་ཡང་བུད་མེད་གཞན་ལ་ཆགས་པ་བཞིན་ནོ། །བླང་བྱ་དང་དོར་བྱའི་ཁྱད་པར་ཆགས་པའི་ཞེན་པ་ཡོད་ན། ཡུལ་གཅིག་ལས་བྱུང་བའི་ཆགས་པ་གང་ཡིན་པ་དེ་ཉིད་རྣམ་གྲངས་ཀྱིས་བསྐྱེད་པའི་ཚེ་ཆགས་པ་ཀུན་གྱི་ས་བོན་ལྟ་བུ་ཡིན་པའི་ཕྱིར།

༈ བཞི་བ་བདག་སྐྱོན་མེད་ཡིན་པ་དགག་པ་ནི། སྐྱོན་མེད་ཡུལ་ཅན་ཆགས་པ་དང༌། །སྒྲུབ་བྱེད་ཀྱང་ནི་སྐྱོན་མེད་ཡིན། །འགྲོ་བའང་དེ་ཙམ་ཉིད་ཡིན་ན། །ད་ནི་གང་ལ་ཆགས་བྲལ་འགྱུར། །དེར་དེ་སྐྱོན་བཅས་ཀྱང་ཡིན་ན། །དེ་ནི་བདག་ལའང་མཚུངས་པ་ཡིན། །དེར་དེའི་སྐྱོན་ལ་ཆགས་བྲལ་མེད། །ཅེས་བྱུང༌། བདག་སྐྱོན་མེད་དུ་འདོད་པ་ཁྱོད་ལྟར་ན། བདག་དེ་ལ་ལྡན་པའི་ཡུལ་ཅན་དབང་བོ་རྣམས་དང་བདག་ལ་ཆགས་པ་དང་བདག་དེའི་བདེ་བ་སྒྲུབ་བྱེད་ཀྱང་ནི་སྐྱོན་མེད་ཡིན་དགོས་པས། བདག་དང་བདག་ལ་ཆགས་པ་དང་བདག་གི་བ་གསུམ་བོ་སྐྱོན་མེད་ཡིན་ན། འགྲོ་བའང་གསུམ་པོ་དེ་ཙམ་ཉིད་ཡིན་པས་ན། དེ་ནི་གང་ལ་ཡང་ཆགས་བྲལ་དུ་འགྱུར་བ་མེད་པར་ཐལ་ལོ། །ཁོ་ན་རེ། བདག་ཡུལ་དེར་ཆགས་པ་དེ་སྐྱོན་བཅས་ཀྱང་ཡིན་ཏེ། སྡུག་བསྔལ་གྱི་རྟེན་ཡིན་པའི་ཕྱིར་ཞེ་ན། སྡུག་བསྔལ་གྱི་རྟེན་བྱེད་པ་དེ་ནི་བདག་སྐྱོན་མེད་ལའང་མཚུངས་པ་ཡིན་ལ། བདག་དེར་དེའི་སྐྱོན་མཐོང་བ་ལ་ཡང་དེ་ལ་ཆགས་བྲལ་བྱེད་པ་མེད་ན། དེ་ནི་ཡུལ་གང་ལ་ཡང་དེ་ཆགས་བྲལ་བྱེད་པ་མེད་པར་འགྱུར་རོ།།

༈ གསུམ་པ་ཡོན་ཏན་འཛིན་པ་འཆིང་བྱེད་ཡིན་ཟེར་བ་དགག་པ་ནི། ཡོན་ཏན་མཐོང་བ་ལས་བྱུང་བའི། །ཞེན་པ་ཉེས་པ་མཐོང་བས་འཇིག །དེ་ལྟར་དབང་སོགས་ལ་དེ་མིན། །བྱིས་སོགས་ལའང་མཐོང་ཕྱིར་དང༌། །སྐྱོན་ལྡན་ལའང་ཡོད་ཕྱིར་དང༌། །ཡོན་ཏན་ལྡན་ཡང་གཞན་དག་ལ། །མེད་ཕྱིར་འདས་པ་ལ་སོགས་པ། །བདག་གི་བ་ལ་མེད་ཕྱིར་རོ། །དེ་ཉིད་ཕྱིར་ན་བདག་གི་བའི། །བློ་རྒྱུའང་ཡོན་ཏན་མཐོང་བས་མིན། །དེ་ཕྱིར་ཡོན་ཏན་མིན་མཐོང་བས། །དེ་ཡང་སྤོང་བ་མ་ཡིན་ནོ། །གཞན་ཡང་ཡོད་མིན་ཡོན་ཏན་ནི། །སྒྲོ་འདོགས་ཆགས་པས་དེར་ཡང་མཐོང༌། །དེས་ན་དེ་རྒྱུ་གནོད་མེད་ཅན། །བསྒྲུབས་པས་དེ་ལ་ཇི་ལྟར་གནོད། །ཅེས་བྱུང༌། བྱེ་བྲག་པ་ན་རེ། བདག་གི་བ་ལ་ཆགས་པ་ནི། དེ་ཡི་ཉེས་པ་མཐོང་བས་སྤོང་བ་ལ། བདག་གི་བའི་ཡོན་ཏན་མཐོང་བས་ཆགས་སོགས་དེ་སྐྱེ་བ་ཡིན་ནོ་ཞེ་ན། ཡོན་ཏན་མཐོང་བ་ལས་བྱུང་བའི་ཞེན་པ་དེ་ཡི་ཉེས་པ་མཐོང་བས་ཞེན་པ་དེ་འཇིག་པར་འགྱུར་བ་དེ་ལྟར། དབང་པོ་སོགས་ཀྱི་ཡོན་ཏན་མཐོང་བས་དབང་བོ་སོགས་ལ་ཆགས་པ་དེ་སྐྱེ་བ་མིན་ཏེ། དབང་བོ་སོགས་ཀྱི་སྐྱོན་ཡོན་མི་ཤེས་པའི་བྱིས་པ་སོགས་ལའང་ཆགས་པ་དེ་སྐྱེ་བ་མཐོང་བའི་ཕྱིར་དང༌། དབང་སོགས་སྐྱོན་ལྡན་ལའང་དེ་ཡོད་པའི་ཕྱིར་དང༌། ཡོན་ཏན་ལྡན་ཡང་གཞན་དག་གི་དབང་བོ་ལ་བདག་གིར་བཟུང་སྟེ་ཆགས་པ་མེད་པའི་ཕྱིར་དང༌། འདས་པ་ལ་སོགས་པ་བདག་གི་བ་ལ་ཆགས་པ་སྐྱེ་བ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་བདག་གི་བའི་བློ་དང་དེའི་རྒྱུ་ལའང་ཡོན་ཏན་མཐོང་བས་ཆགས་པ་སྐྱེ་བ་མིན་ནོ། །དེ་ཕྱིར་ཡོན་ཏན་མིན་པ་ཉེས་པ་མཐོང་བས་ཆགས་པ་དེ་ཡང་སྤོང་བ་མ་ཡིན་ནོ། །གཞན་ཡང༌། བདག་ལ་ཡོད་པ་མིན་པའི་ཡོན་ཏན་ནི། ཡོད་དེ་ཞེས་སྒྲོ་འདོགས་དེ་ལ་ཆགས་པས་བདག་གི་བ་དེར་ཡང་ཆགས་པ་མཐོང་བའི་ཕྱིར། དེས་ན་དེ་རྒྱུ་གནོད་པ་མེད་པ་ཅན་བསྒྲུབས་པས་བདག་གི་བར་ཆགས་པ་དེ་ལ་ཇི་ལྟར་གནོད་ཅེས་སོམས་ཤིག

    གྲངས་ཅན་པའི་གྲོལ་ལམ་དགག་པ།

༈ གཉིས་པ་གྲངས་ཅན་པའི་གྲོལ་ལམ་དགག་པ་ལ་བཞི། རང་བཞིན་དང་སྐྱེས་བུ་ཐ་དད་དུ་ཤེས་པ་གྲོལ་ལམ་ཡིན་པ་དགག་པ། ཡིད་འབྱུང་བ་ཙམ་གྱིས་གྲོལ་བ་དགག་པ། དེ་དག་འཁོར་བ་ཡིན་པར་བསྟན་པ། དེས་ན་འཇིག་ལྟ་སྤང་དགོས་པར་གདམས་པའོ། །དང་བོ་ནི། མཆོག་གཞན་དོན་དུ་གཉེར་ཕྱིར་དང༌། །སྐྱེ་འཇིག་བློ་ཅན་ཉིད་ཀྱི་ཕྱིར། །སྐྱེ་བོ་འདི་ཡིས་དབང་སོགས་ལས། །བདག་ནི་ཐ་དད་གྱུར་བར་ཤེས། །དེ་ཕྱིར་གཅིག་ཉིད་མཐོང་བས་ཀྱང༌། །ཆགས་མིན་བདག་ལ་ཆགས་བ་དེ། །དམིགས་པའི་ནང་གི་ཡན་ལག་ལ། །ངོ་བོ་ཉིད་ཀྱི་རྗེས་ཆགས་འགྱུར། །ཞེས་བྱུང༌། གྲངས་ཅན་པ་དག་ན་རེ། བྱེ་བྲག་པ་ལྟར་སྡུག་བསྔལ་བསྒོམ་པ་ཙམ་ཞིག་གྲོལ་ལམ་མ་ཡིན་ཡང༌། རང་བཞིན་ནམ་གཙོ་བོ་དང་སྐྱེས་བུ་གཅིག་ཏུ་འཁྲུལ་བས་སྲིད་པར་འཁོར་བ་ཡིན་ལ། དེ་གཉིས་ཐ་དད་དུ་ཤེས་བས་སྲིད་པ་ལས་གྲོལ་བ་ཡིན་ནོ་ཞེ་ན། སྐྱེས་བུ་ཐ་མལ་བས་ཀྱང་དབང་བོ་སོགས་མཆོག་གཞན་དོན་དུ་གཉེར་བའི་ཕྱིར་དང༌། བདག་རྟག་པར་ཞེན་ནས་དབང་བོ་སོགས་སྐྱེ་འཇིག་བྱེད་པར་རྟོགས་པའི་བློ་ཅན་ཉིད་ཀྱིས་ཕྱིར་ན། སྐྱེ་བོ་ཐ་མལ་བ་འདི་ཡིས་དབང་སོགས་ལས་བདག་ནི་ཐ་དད་དུ་གྱུར་བར་ཤེས་པ་དེ་ཡི་ཕྱིར། བདག་དང་རང་བཞིན་གཉིས་གཅིག་པ་ཉིད་དུ་མཐོང་བས་ཀྱང་ཆགས་པ་སྐྱེ་བ་མིན་ནོ། །བདག་ལ་ཆགས་པ་དེ་ཆོས་ཅན། བདག་གི་བར་ཆགས་པའི་རྒྱུ་ཡིན་ཏེ། ཁྱོད་ལ་བརྟེན་ནས་ཆགས་པའི་དམིགས་པའི་ཡུལ་ནང་གི་ཡན་ལག་ལ་ངོ་བོ་ཉིད་ཀྱི་རྗེས་སུ་ཆགས་པར་འགྱུར་བའི་ཕྱིར།

༈ གཉིས་པ་ཡིད་འབྱུང་བ་ཙམ་གྱིས་གྲོལ་བར་འདོད་པ་དགག་པ་ལ་གསུམ། དགག་པ་དངོས་དང༌། ཆགས་བྲལ་ངོས་བཟུང་བ། ལུང་དང་འགལ་བ་སྤོང་བའོ། །དང་པོ་ནི། གང་ཞིག་ད་ལྟར་སྡུག་བསྔལ་བས། །ཡིད་འབྱུང་དེ་འདྲ་སྡང་ཡིན་གྱི། །ཆགས་བྲལ་མ་ཡིན་དེ་ཚེ་ཡང༌། །ཆགས་ཡོད་སྐབས་གཞན་འཚོལ་ཕྱིར་རོ། །ཞེ་སྡང་སྡུག་བསྔལ་རྒྱུ་ཅན་ཕྱིར། །དེ་ནི་སྲིད་ཙམ་དུ་གནས། །དེ་ལོག་ན་ནི་རང་ཉིད་ཀྱི། །རང་བཞིན་ཉིད་ལ་སླར་བརྟེན་འགྱུར། །ཞེས་བྱུང༌། གྲངས་ཅན་པ་ན་རེ། སྡུག་བསྔལ་གྱིས་ཡིད་འབྱུང་བས་ཆགས་བྲལ་དུ་འགྱུར་རོ་ཞེ་ན། གང་ཞིག་ད་ལྟར་སྡུག་བསྔལ་བས་ཡིད་འབྱུང་བ་དེ་འདྲ་བ་དེ། ཞེ་སྡང་ཅན་ཡིན་གྱི། ཆགས་བྲལ་བ་མ་ཡིན་ཏེ། ཁྱོད་སྐྱེས་པ་དེ་ཚེ་ཡང་ཆགས་པ་ཡོད་པའི་ཕྱིར། དེར་ཐལ། དེ་ཚེ་བདེ་བའི་སྐབས་གཞན་ཚོལ་བའི་ཕྱིར་རོ། །ཞེ་སྡང་ནི་སྡུག་བསྔལ་སྐྱེད་པའི་རྒྱུ་ཅན་ཡིན་པའི་ཕྱིར་ན། ཞེ་སྡང་དེ་ནི་ཇི་སྲིད་སྡུག་བསྔལ་ཡོད་པ་དེ་སྲིད་ཙམ་དུ་གནས་ཀྱི། ཞེ་སྡང་དེ་ལོག་ན་ནི་རང་ཉིད་ཀྱི་རང་བཞིན་ཉིད་ལ་སླར་ཡང་བརྟེན་པར་འགྱུར་བའི་ཕྱིར། རྒྱུད་བླ་མ་ལས། ཇི་ལྟར་སྲོག་ཆགས་སྦྲང་མ་ནི། །ཤིན་ཏུ་འཁྲུགས་ཏེ་བཟུང་བརྡེག་ལྟར། །དེ་བཞིན་ཞེ་སྡང་སྐྱེས་པ་ན། །སྙིང་ལ་སྡུག་བསྔལ་སྦྱིན་པར་བྱེད། །ཅེས་གསུངས་པ་ལྟར་རོ།།

༈ གཉིས་པ་ཆགས་བྲལ་ངོས་བཟུང་བ་ནི། བླང་དང་དོར་བྱ་སྤངས་པའི་ཕྱིར། །ཐམས་ཅད་ལ་ནི་མཉམ་སྙོམས་ཅན། །ཙན་དན་སྟེའུ་མཚུངས་པ་ལ། །ཆགས་བྲལ་ཞེས་ནི་བརྗོད་པ་ཡིན། །ཞེས་བྱུང༌། བདག་གི་བླང་བྱ་འདི་དང་དོར་བྱ་འདིའོ་ཞེས་གཅིག་ཏུ་ཆགས་ཤིང་ཞེན་པ་སྤངས་པའི་ཕྱིར་ན། འདི་དག་ནི་རང་གི་ཕྱོགས་དང་འདི་དག་ནི་གཞན་གྱི་ཕྱོགས་སོ་ཞེས་རིས་སུ་ཆད་པ་མེད་པར་ཐམས་ཅད་ལ་ནི་བསམ་པ་མཉམ་ཞིང་སྙོམས་པ་ཅན། ལུས་ལ་ཙན་དན་གྱི་བྱུགས་པ་དང་སྟེའུས་གཅོད་པ་དག་ལ་ཡང་ཁྲོ་ཆགས་མེད་པར་མཚུངས་པར་མཐོང་ཞིང་བལྟ་བ་དགྲ་བཅོམ་པ་སོགས་ལ་འདོད་ཆགས་དང་བྲལ་བ་ཞེས་ནི་བརྗོད་པ་ཡིན་ནོ། །ཇི་སྐད་དུ། ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས། ང་ཡི་འདི་ལ་གནོད་བྱ་འདི་ཉིད་བསྲུང་བྱ་འདི། །བསད་བྱ་ཞེས་བ་ལྷ་ཡི་མཆོག་གི་གཞུང་ལུས་ཡིན། །སངས་རྒྱས་ལ་ནི་དགྲ་དང་མཛའ་ཤེས་མི་མངའ་བར། །ངེས་པར་ལེགས་དང་མངོན་པར་མཐོ་བས་ཕན་འདོགས་མཛད། །ཅེས་དང༌། འོད་སྲུངས་སྟོབས་བཅུ་བས། བཅོམ་ལྡན་ཁྱོད་ཀྱི་ཐུགས་པ་ནི། །སྲས་དང་དགྲ་བོ་མཚུངས་ཞེ་ན། །བདེན་པའི་ཚིག་ནི་འདི་ཡིས་ནི། །རྨ་ཡི་འཛག་པ་ཆོད་པར་ཤོག །ཅེས་གསུངས་པའི་བདེན་ཚིག་ལྟར་གྲུབ་པ་ལྟ་བུའོ།།

༈ གསུམ་པ་ལུང་དང་འགལ་བ་སྤང་བ་ནི། འདུ་བྱེད་སྡུག་བསྔལ་ལ་དགོངས་ནས། །སྡུག་བསྔལ་བསྒོམས་པར་གསུངས་པ་ཡིན། །ངེད་ཀྱི་དེ་ཡང་རྐྱེས་ལས་སྐྱེས། །དེ་ནི་བདག་མེད་ལྟ་རྟེན་ཡིན། །སྟོང་ཉིད་ལྟ་བས་གྲོལ་བར་འགྱུར། སྒོམ་པ་ལྷག་མ་དེ་དོན་ཡིན། །དེ་ཕྱིར་མི་རྟག་ལས་སྡུག་བསྔལ། །སྡུག་བསྔལ་ལས་ནི་བདག་མེད་གསུངས། །ཞེས་བྱུང༌། ཁོ་ན་རེ། སྡུག་བསྔལ་སྒོམ་བ་གྲོལ་ལམ་དངོས་མིན་ན། བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་བསྒོམ་དགོས་པར་གསུངས་པའི་ལུང་དང་འགལ་ལོ་ཞེ་ན། ལུང་དང་མི་འགལ་ཏེ། བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་གྱི་སྡུག་བསྔལ་ཚེར་བ་སྡུག་བསྔལ་ཙམ་ཞིག་བསྒོམ་པར་གསུངས་པ་མ་ཡིན་གྱི། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལ་དགོངས་ནས་སྡུག་བསྔལ་བསྒོམས་པར་གསུངས་པ་ཡིན་ནོ། །ངེད་ཀྱི་བསྒོམ་བྱའི་སྡུག་བསྔལ་དེ་ཡང་གྲངས་ཅན་ལྟར་བདག་རྟག་པ་ལ་བརྟེན་པ་མ་ཡིན་ཏེ། རྒྱུ་དང་རྐྱེན་ལས་སྐྱེས་པའི་ཕྱིར། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བསྒོམ་པ་དེ་ཡང་ནི། གྲོལ་ལམ་དངོས་སུ་བྱས་ནས་སྒོམ་པ་མ་ཡིན་ཏེ། དེ་ནི་བདག་མེད་ལྟ་བའི་རྟེན་དུ་སྒོམ་པ་ཙམ་ཡིན་ནོ། །དེས་ན་གྲོལ་ལམ་དངོས་ནི་སྟོང་བ་ཉིད་ཀྱི་ལྟ་བ་ཡིན་པས་དེ་སྒོམ་པས་འཁོར་བ་ལས་གྲོལ་བར་འགྱུར་གྱི། སྒོམ་བ་ལྷག་མ་མི་རྟག་པ་དང་སྡུག་བསྔལ་སོགས་ནི་སྟོང་བ་ཉིད་ཀྱི་ལྟ་བ་དེ་བསྐྱེད་པའི་དོན་དུ་བསྒོམས་པ་ཡིན་ནོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདུས་བྱས་མི་རྟག་པར་རྟོགས་པ་ལས་ཟག་བཅས་སྡུག་བསྔལ་དུ་རྟོགས་པ་དང༌། ཟག་བཅས་སྡུག་བསྔལ་དུ་རྟོགས་པ་ལས་ནི་ཕུང་བོ་བདག་མེད་དུ་རྟོགས་པར་འབྱུང་བར་གསུངས་ཏེ། མདོ་ལས། དགེ་སློང་དག་གཟུགས་རྟག་པ་ཡིན་ནམ་མི་རྟག་པ་ཡིན། བཙུན་པ་མི་རྟག་པ་ལགས་སོ། །གང་མི་རྟག་པ་དང་བདེ་བ་ཡིན་ནམ་སྡུག་བསྔལ་བ་ཡིན། བཙུན་པ་སྡུག་བསྔལ་བ་ལགས་ཏེ། གང་མི་རྟག་པ་དེ་སྡུག་བསྔལ་བ་རྣམ་པར་འཇིག་པའི་ཆོས་ཅན་ལགས་སོ། །དེ་ལ་འདི་ནི་ངའོ་འདི་ནི་ངའི་བདག་གོ་ཞེས་དེ་ལྟར་རུང་ངམ། བཙུན་པ་མ་ལགས་སོ། །ཞེས་གསུངས་པ་ཡིན་ནོ།།

༈ གསུམ་པ་འཁོར་བ་ངོས་བཟུང་བ་ནི། ཆགས་བྲལ་མིན་དང་སྲེད་ལྡན་དང༌། །རྩོམ་པ་ཀུན་ལ་བརྟེན་པ་དེ། །ཉོན་མོངས་ལས་ལས་གྲོལ་བ་མིན། །དེ་འདྲ་འཁོར་བ་བ་ཞེས་བྱ། །བདག་གི་ཉིད་ནི་མི་འདོད་ན། །དེ་ཡི་ཟ་བ་བོ་ཡང་མེད། །བྱ་དང་ལོངས་སྤྱོད་མཚན་ཉིད་ཅན། །དེ་ཚེ་དེ་ཡི་བདག་ཀྱང་མེད། །ཅེས་བྱུང༌། ཆགས་བྲལ་མིན་པ་དང༌། སྲེད་པ་དང་ལྡན་པ་དང༌། དེའི་དབང་གིས་རྩོམ་པ་ཀུན་ལ་བརྟེན་པ་དེ་དག་ཉོན་མོངས་པ་དང་ལས་ལས་གྲོལ་བ་མ་ཡིན་ཏེ། གང་ཟག་དེ་འདྲ་བ་ལ་འཁོར་བ་བཞེས་བྱའོ། །གྲངས་ཅན་ལྟར་བདག་ལྟ་མ་སྤང་བར་བདག་གི་བ་ལ་ཆགས་བྲལ་སྲིད་ན། གྲོལ་བའི་བདག་ཁས་བླངས་པ་དོན་མེད་དུ་ཐལ་ཞིང༌། བདག་གི་བ་ཉིད་ནི་མི་འདོད་ན། དེ་ཡི་བདག་ཟ་བ་བོ་ཡང་མེད་པར་འགྱུར་ཏེ། བདག་དེ་ཉིད་ནི་ལས་གསོག་པའི་བྱ་བ་ཅན་དང༌། འབྲས་བུ་ལ་ལོངས་སྤྱོད་པའི་མཚན་ཉིད་ཅན་དུ་ཁས་བླངས་པའི་ཕྱིར། འདོད་ན། གྲོལ་བ་ཐོབ་པ་དེ་ཚེ་གང་གྲོལ་བ་དེ་ཡི་བདག་ཀྱང་མེད་པར་འགྱུར་བས་གྲོལ་བའི་བདག་ཁས་བླངས་པ་ཉམས་སོ།།

༈ བཞི་བའི་འཇིག་ལྟ་སྤང་བར་གདམས་པ་ནི། དེ་ཕྱིར་གྲོལ་འདོད་ཐོག་མེད་པའི། །རྒྱུ་ཅན་རིགས་མཐུན་ས་བོན་ལས། །བྱུང་བའི་འཇིག་ཚོགས་ལྟ་བ་དག །རྩ་བ་ཉིད་ནས་དབྱུང་བར་གྱིས། །ཞེས་བྱུང༌། དེ་ཕྱིར་གྲོལ་བ་ཐོབ་པར་འདོད་པས་ཐོག་མ་མེད་པའི་རྒྱུ་ཅན་གྱི་རིགས་མཐུན་པའི་ས་བོན་ལས་བྱུང་བའི་འཇིག་ཚོགས་ལ་ལྟ་བ་དག་རྩ་བ་ཉིད་ནས་དབྱུང་བར་གྱིས་ཤིག དབུ་མ་ལ་འཇུག་པ་ལས། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང༌། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་བ་ཡིས་བདག་ནི་འགོག་པར་བྱེད། །ཅེས་དང༌། དེ་ཕྱིར་ཕུང་བོ་ལས་གཞན་བདག་མེད་དེ། །ཕུང་བོ་མ་གཏོགས་དེ་འཛིན་མ་གྲུབ་ཕྱིར། །འཇིག་རྟེན་ངར་འཛིན་བློ་ཡི་རྟེན་དུ་ཡང༌། །མི་འདོད་དེ་རིག་མིན་པའང་བདག་ལྟའི་ཕྱིར། །ཞེས་གསུངས་པ་ལྟར་རོ།།

    དབང་ཕྱུག་པས་འདོད་པའི་གྲོལ་ལམ་དགག་པ།

༈ གསུམ་པ་དབང་ཕྱུག་པས་འདོད་པའི་གྲོལ་ལམ་དགག་པ་ལ་གསུམ། སྒྲུབ་བྱེད་དགག་པ། གནོད་བྱེད་བརྗོད་པ། གྲོལ་ལམ་ངོས་བཟུང་བའོ། །དང་བོ་ནི། ལུང་ནི་དེ་ལྟའི་དངོས་ཡིན་པའི། །རྒྱུ་མཐོང་བ་རྣམས་ལ་ནི། །ལུང་ཙམ་གྱིས་ནི་གྲོལ་བར་ཡང༌། །སྨྲ་བ་ཡོངས་སུ་མགུ་བྱེད་མིན། །ས་བོན་སོགས་གྲུབ་ཆོ་ག་ནི། །སྐྱེས་བུ་མ་སྐྱེད་པར་ནུས་མིན། །ཏིལ་མར་བསྐུས་དང་མེས་བསྲེགས་སོགས། །ལས་ཀྱང་གྲོལ་བར་ཐལ་ཕྱིར་རོ། །སྔར་ལྕི་བ་དག་ཕྱིས་ཡང་ཕྱིར། །སྡིག་པ་བཅོམ་པར་བྱས་པ་མིན། །འདི་ཡི་ལྕི་ཉིད་མེད་འགྱུར་གྱི། །ལུས་ཅན་མིན་ཕྱིར་སྡིག་ལྕི་མིན། །ཞེས་བྱུང༌། དབང་ཕྱུག་པ་ན་རེ། གོང་དུ་བཤད་པ་དེ་དག་གྲོལ་ལམ་མིན་ཡང༌། དབང་ཕྱུག་གི་བཀའ་ལུང་གྲོལ་ལམ་ཡིན་ཏེ། དབང་ཕྱུག་པའི་ལུང་ལས་བཤད་པའི་རིགས་སྔགས་ཀྱིས་བཏབ་པའི་ས་བོན་དག་ལས་མྱུ་གུ་མི་སྐྱེ་བས་སོ་ཞེ་ན། མི་འཐད་དེ། དབང་ཕྱུག་གི་ལུང་ནི་བསྟན་བྱའི་དོན་ལ་མི་སླུ་བ་དེ་ལྟ་བུའི་དངོས་པོ་ཅན་ཡིན་པའི་རྒྱུ་མཚན་མ་མཐོང་བས་གྲོལ་བ་དོན་གཉེར་རྣམས་ལ་ནི། དབང་ཕྱུག་གི་ལུང་ཙམ་གྱིས་ནི་འཁོར་བ་ལས་གྲོལ་བར་ཡང་སྨྲ་བ་ཡོངས་སུ་མགུ་བྱེད་མིན་ནོ། དབང་ཕྱུག་གི་རིགས་སྔགས་ཀྱིས་བཏབ་པའི་ས་བོན་སོགས་པས་མྱུ་གུ་མི་སྐྱེ་བར་གྲུབ་པའི་ཆོ་ག་དེས་ནི། སྐྱེས་བུ་འཁོར་བར་མི་སྐྱེ་བར་བྱེད་ནུས་པ་མིན་ནོ། ཁྱོད་ལྟར་ན་ས་བོན་ལ་ཏིལ་མར་བསྐུས་པ་དང་མེས་བསྲེགས་པ་སོགས་ལས་ཀྱང་ས་བོན་དེ་དག་གིས་མྱུ་གུ་སྐྱེད་མི་ནུས་པར་བྱས་པས་མེ་དང་ཏིལ་མར་དེ་དག་ལས་ཀྱང་གྲོལ་བར་ཐལ་བའི་ཕྱིར་རོ། །ཁོ་ན་རེ། སྦྱིན་སྲེག་བྱས་པས་གྲོལ་བར་འགྱུར་ཏེ། སྔར་སྡིག་ཅན་དག་སྲང་ལ་གཞལ་བ་ན་ལྕི་བ་དག་ནི་ཕྱིས་སྦྱིན་སྲེག་བྱས་པས་འགའ་ཞིག་ཡང་བར་མཐོང་བའི་ཕྱིར་ཞེ་ན། དེ་ཙམ་གྱིས་སྡིག་པ་བཅོམ་པར་བྱས་པ་མིན་ཏེ། སྦྱིན་སྲེག་བྱས་པས་ལུས་འདི་ཡི་ལྕི་བ་ཉིད་མེད་པར་འགྱུར་སྲིད་ཀྱི། ལུས་ཅན་མིན་པའི་ཕྱིར་ན་སྡིག་པ་ནི་རྒྱ་མ་དང་སྲང་གི་ཁར་ལྕི་བ་མིན་ནོ། །མཛོད་ལས། གཅོད་བྱེད་བཅད་པར་བྱ་བ་ཉིད། །ཕྱི་རོལ་གྱི་ནི་ཁམས་བཞི་ཡིན། །དེ་བཞིན་བསྲེག་བྱ་འཇལ་བྱེད་པའོ། །ཞེས་སོ།།

༈ གཉིས་པ་གནོད་བྱེད་བརྗོད་པ་ལ་གསུམ། དེའི་དབང་བསྐུར་གྱིས་སྲིད་པའི་རྒྱུ་ལ་མི་གནོད་པ། དེའི་ལན་དགག་པ། རྩོད་པ་སྤོང་བའོ། །དང་བོ་ནི། ལོག་ཤེས་དང་ནི་དེ་ལས་བྱུང༌། །སྲེད་པ་སེམས་པའི་དབང་དག་གིས། །དམན་གནས་འགྲོ་བ་སྐྱེ་བ་ཡིན། །དེ་ཕྱིར་དེ་བཅད་འགྲོ་མི་འགྱུར། །དེ་ཙམ་ལས་ནི་འབྱུང་བའི་ཕྱིར། །སྐྱེ་ལ་དེ་དག་ཉིད་ནུས་ཡིན། །སེམས་པ་དེ་དག་རང་ཉིད་ལས། །ཡིན་ཕྱིར་སྐྱེ་རྒྱུ་ཉམས་པ་མེད། །ཅེས་བྱུང༌། ལོག་ཤེས་དང་ནི་དེ་ལས་བྱུང་བའི་སྲེད་པ་དང་མཚུངས་ལྡན་གྱི་སེམས་པའི་དབང་དག་གིས། སྐྱེ་གནས་དམན་པ་ངན་སོང་གི་གནས་སོགས་སུ་འགྲོ་བ་སྐྱེ་བ་ཡིན་ནོ། དེ་ཕྱིར་སྲེད་པ་སོགས་སྤངས་ཤིང༌། དེ་བཅད་པས་སྲིད་པར་སླར་ཡང་ལས་ཉོན་གྱི་དབང་གིས་འགྲོ་བར་མི་འགྱུར་རོ། ཁོ་ན་རེ། ལོག་སྲེད་དང་མཚུངས་ལྡན་གྱི་སེམས་པ་དེ་ཙམ་ལས་ནི་སྲིད་པ་འབྱུང་བར་འདོད་པའི་ཕྱིར། ལས་ཀྱང་འཁོར་བའི་རྒྱུ་མིན་ནམ་ཞེ་ན། འཁོར་བར་སྐྱེ་བ་ལ་སེམས་པ་དེ་དག་ཉིད་ཀྱིས་ཀྱང་སྲིད་པར་འཕེན་ནུས་པ་ཡིན་ཏེ། སེམས་པ་དེ་དག་རང་ཉིད་ཀྱང་ཡང་སྲིད་ལེན་པའི་ལས་ཡིན་པའི་ཕྱིར་ན། དེ་ལས་གཞན་པའི་ལས་ཞིག་སྲིད་པའི་རྒྱུ་མི་དགོས་སོ། །དབང་དང་ལྡན་པའི་སྐྱེས་བུ་དེ་ཆོས་ཅན། སྲིད་པར་སྐྱེ་བར་འགྱུར་ཏེ། དེའི་རྒྱུད་ན་སྲིད་པར་སྐྱེ་བའི་རྒྱུ་ཉམས་པ་མེད་པ་ཡོད་པའི་ཕྱིར།

༈ གཉིས་པ་དེ་ཡི་ལན་དགག་པ་ནི། འགྲོ་དང་རྟོགས་རྟེན་བྱེད་པ་ཡིན། །དེ་ནི་མཐོང་བ་ལས་འགྱུར། །མ་མཐོང་ཞིག་ཕྱིར་འགྲོ་བ་མེད། །དེས་ན་འདུ་བྱེད་སེམས་པ་མིན། །ཡོད་དང་མེད་པའི་རྗེས་འཇུག་ཕྱིར། །བྱེད་པ་སྐྱེད་ལ་བློ་ཡི་ནི། །ནུས་མཐོང་གཞན་གྱིས་མ་ཡིན་ན། །དེ་ཡོད་དེ་དག་ཅེས་མི་འགྲོ། །ཞེས་བྱུང༌། དབང་ཕྱུག་པ་ན་རེ། གལ་ཏེ་སྐྱེ་གནས་སུ་འགྲོ་བ་དང་ཡུལ་རྟོགས་པའི་རྟེན་བྱེད་པ་དབང་པོ་སོགས་ཡིན་ལ། དེ་ནི་མ་མཐོང་བ་ལས་ལས་སྐྱེ་བར་འགྱུར་ཞིང༌། མ་མཐོང་བའི་ལས་དེ་དབང་བསྐུར་གྱིས་ཞིག་པའི་ཕྱིར་ན། དབང་ཕྱུག་གི་དབང་བསྐུར་ཐོབ་པ་སྐྱེ་གནས་སུ་འགྲོ་བ་མེད་དོ། དེས་ན་ལས་ཀྱང་བདག་གི་ཡོན་ཏན་འདུ་བྱེད་ཡིན་གྱི་སེམས་པ་མིན་ནོ་ཞེ་ན། མི་འཐད་དེ། དེ་ཕན་འདོགས་བྱེད་དུ་ཡོད་པ་དང་མེད་པའི་རྗེས་སུ་འཇུག་པའི་ཕྱིར། བྱེད་པ་དབང་བོ་སོགས་སྐྱེད་པ་ལ་ལོག་སྲེད་དང་མཚུངས་པར་ལྡན་པའི་སེམས་པའི་བློ་ཡི་ནི་ནུས་པ་མཐོང་གི་གཞན་བདག་གི་ཡོན་ཏན་འདུ་བྱེད་ཀྱིས་ཕན་པའི་ནུས་བ་མཐོང་བ་མ་ཡིན་ན། ལོག་སྲེད་དང་མཚུངས་ལྡན་གྱི་སེམས་པ་དེ་ཡོད་པའི་སྐྱེས་བུ་དབང་བསྐུར་ཐོབ་པ་དེ་དག་རྒྱུ་ཅིས་སྐྱེ་གནས་སུ་མི་འགྲོ། གདོན་མི་ཟ་བར་འགྱུར་རོ།།

༈ གསུམ་པ་རྩོད་པ་སྤོང་བ་ནི། གལ་ཏེ་དེ་དག་ནུས་མེད་ན། །དབང་སོགས་བྱས་མ་ཐག་དེ་དག །སེམས་པའི་དབང་གིས་འཛིན་དང་འཇུག །གཡེང་དང་འགོག་པ་མེད་པར་འགྱུར། །ཅི་སྟེ་དེ་ཚེ་བློ་མེད་ཕྱིར། །མི་འགྱུར་དྲི་མ་རྣམས་ཀྱིས་བློ། །མཚམས་སྦྱོར་དེ་རྣམས་ནུས་མེད་ན། །གསོན་པ་ཉིད་ན་ནུས་མེད་འགྱུར། །གཉེན་པོ་དང་ནི་རང་གི་ཕྱོགས། །འཕེལ་ན་འགྲིབ་དང་འཕེལ་བའི་ཕྱིར། །ཉེས་རྒྱུན་རང་གི་ས་བོན་ཅན། །དབང་བསྐུར་བ་ལས་ལྡོག་པ་མེད། །རྟག་པ་ལྟོས་པ་མེད་པའི་ཕྱིར། །རིམ་གྱིས་སྐྱེད་པར་བྱེད་པ་དང༌། །བྱེད་དང་མི་བྱེད་པ་དག་ནི། །འདྲ་བའི་བདག་ཉིད་བྱེད་པ་འགལ། །རྒྱུ་དང་འབྲས་བུའང་གཅིག་པར་འགྱུར། །དེ་དག་དེ་ལས་ཐ་དད་ན། །བྱེད་བོ་ཟ་བོ་ཉམས་པར་འགྱུར། །ནུས་པ་ཡང་ནི་འགྲུབ་མ་ཡིན། །གཞན་གྱི་དྲན་དང་ལོངས་སྤྱོད་སོགས། །ཐལ་བ་གནོད་བྱེད་མ་ཡིན་ཏེ། །འགའ་ཡང་དྲན་པ་མེད་པའི་ཕྱིར། །དེས་ན་མྱོང་ལས་དྲན་པ་འབྱུང༌། །ཞེས་བྱུང༌། ཡང་ཁོ་ན་རེ། གལ་ཏེ་ལོག་སྲེད་ཀྱི་སེམས་པ་དེ་དག་གི་ནུས་པ་དབང་བསྐུར་གྱིས་ཉམས་ཤིང་མེད་པར་བྱས་པའི་ཕྱིར། ལོག་སྲེད་ཅན་སྲིད་པར་མི་འགྲོའོ་ཞེ་ན། འོ་ན་དབང་བསྐུར་སོགས་བྱས་མ་ཐག་ཏུ་ལོག་སྲེད་ཅན་དེ་དག་སེམས་པའི་དབང་གིས་ཡུལ་འཛིན་པ་དང༌། ཡུལ་གྱི་བྱེ་བྲག་ལ་འཇུག་པ་དང༌། ཡུལ་གཞན་དང་གཞན་ལ་གཡེང་བ་དང༌། རྗེས་སུ་བསྟན་པའི་རྐྱེན་གྱིས་རྣམ་གཡེང་དེ་འགོག་པའི་བྱ་བ་སོགས་མེད་པར་འགྱུར་བར་ཐལ། དེ་ལྟར་བྱེད་པའི་སེམས་པའི་ནུས་པ་དབང་བསྐུར་གྱིས་བཅོམ་པའི་ཕྱིར། ཡང་ཁོ་ན་རེ། ཅི་སྟེ་ལོག་སྲེད་ཅན་དེ་དག་སྲིད་པར་སྐྱེ་བར་མི་འགྱུར་ཏེ། ལོག་སྲེད་ཅན་དེ་དག་ཤི་བར་གྱུར་བ་དེ་ཚེ་བློ་མེད་པའི་ཕྱིར་ན། ཤི་བ་དག་ལ་འཁོར་བའི་ཆོས་རྣམས་འབྱུང་བར་མི་འགྱུར་རོ་ཞེ་ན། མི་འཐད་དེ། འཆི་ཁ་མའི་རྒྱུད་ཀྱི་ཆགས་སོགས་དྲི་མ་རྣམས་ཀྱིས་ཆགས་སོགས་ཀྱི་བློ་ཕྱི་མར་མཚམས་སྦྱོར་ཏེ། དེ་ལ་དེ་དག་གི་དངོས་རྒྱུ་ནུས་པ་ཐོགས་མེད་ལྡན་པའི་ཕྱིར། གལ་ཏེ་དེ་རྣམས་རིགས་འདྲ་ཕྱི་མ་མཚམས་སྦྱོར་བའི་ནུས་པ་དབང་བསྐུར་གྱིས་མེད་པར་བྱས་པའི་ཕྱིར་ཞེ་ན། འོ་ན་གསོན་པ་བྱིས་པའི་གནས་སྐབས་ཉིད་ནའང་ཆགས་སོགས་ཀྱི་ནུས་པ་མེད་པར་འགྱུར་ཏེ། དེའི་ནུས་པ་དབང་བསྐུར་གྱིས་བཅོམ་པའི་ཕྱིར། དེས་ན་བདག་མེད་རྟོགས་པའི་ཤེས་རབ་སོགས་གཉེན་པོའི་ཕྱོགས་དང་ནི། སྐྱོན་རང་གི་ཕྱོགས་གཉིས་ལས་གཉེན་པོའི་ཕྱོགས་འཕེལ་ན། སྐྱོན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ཆགས་སོགས་གྲིབ་པ་དང༌། སྐྱོན་རང་གི་ཕྱོགས་ཚུལ་མིན་ཡིད་བྱེད་སོགས་འཕེལ་བ་ན། སྐྱོན་ཆགས་སོགས་ཀྱང་འཕེལ་བར་འགྱུར་བའི་ཕྱིར། ཆགས་སོགས་ཉེས་པ་རྒྱུན་དུ་གནས་པའི་སྐྱོན་རང་གི་ས་བོན་ཅན་དེ་ཉིད། དབང་ཙམ་བསྐུར་བ་ལས་ལྡོག་པ་མེད་དོ། །རྟག་པ་ལ་རང་གི་རྐྱེན་ལ་ལྟོས་པ་མེད་པའི་ཕྱིར་ན། རིམ་གྱིས་འབྲས་བུ་སྐྱེད་པར་བྱེད་པ་དང༌། བྱ་བ་བྱེད་པ་དང་མི་བྱེད་པ་དག་ནི་གནས་སྐབས་ཀུན་ཏུ་འདྲ་བའི་བདག་ཉིད་ཅན་ཡིན་དགོས་པས། རེས་འགའ་བྱ་བ་བྱེད་པ་དང་རེས་འགའ་མི་བྱེད་པ་འགལ་བ་དང༌། བདག་གི་རྒྱུ་དང་འབྲས་བུའང་གཅིག་པར་འགྱུར་ཏེ། བདག་ཏེ་རྟག་པ་ཡིན་པའི་ཕྱིར། རྒྱུ་འབྲས་དེ་དག་བདག་རྟག་པ་དེ་ལས་རྫས་ཐ་དད་དོ་ཞེ་ན། དེ་ལྟར་ན་བདག་རྟག་པ་དེ་ནི་ལས་བྱེད་པ་པོ་དང་འབྲས་བུ་ཟ་བ་པོ་ཡིན་ཟེར་བའི་དམ་བཅས་པ་ལས་ཉམས་པར་འགྱུར་རོ། །རྟག་པ་ཡིན་ན་འབྲས་བུ་སྐྱེད་པའི་ནུས་པ་ཡང་ནི་འགྲུབ་པ་མ་ཡིན་ནོ། ཁོ་ན་རེ། བདག་རྟག་པ་མེད་ན། གཞན་གྱིས་མྱོང་བ་གཞན་གྱིས་དྲན་པ་དང༌། གཞན་གྱིས་བསགས་པའི་ལས་ཀྱི་འབྲས་བུ་ལ་ལས་མ་བསགས་པ་གཞན་གྱིས་ལོངས་སྤྱོད་པ་སོགས་སུ་ཐལ་བར་འགྱུར་རོ་ཞེ་ན། དེ་ལྟར་ཐལ་བ་དེ་ངེད་ཅག་ལ་གནོད་བྱེད་མ་ཡིན་ཏེ། བདག་རྟག་པ་སེམས་ཅན་འགའི་ཡང་དྲན་པ་མེད་པའི་ཕྱིར་རོ། དེས་ན་སྔར་མྱོང་བ་ལས་དྲན་པ་འབྱུང་བ་ཙམ་ཞིག་ཡིན་གྱི། བདག་རྟག་པས་མྱོང་ཞིང་དྲན་པ་ནི་མ་ཡིན་ནོ།།

༈ གསུམ་པ་གྲོལ་ལམ་ངོས་བཟུང་བ་ནི། བདེན་པ་བཞི་ལ་བརྟེན་པ་དང༌། བདེ་དང་ང་དང་ངའི་ཞེས་སོགས། ཡང་དག་མིན་པ་རྣམ་བཅུ་དྲུག སྒྲོ་བཏགས་ནས་ནི་ཡོངས་སུ་སྲིད། །དེ་ཉིད་ལ་ནི་དེ་འགལ་དོན། །དེ་ཉིད་རྣམ་པ་རྗེས་རྟོགས་ཅན། །ལེགས་བསྒོམས་ཡང་དག་ལྟ་བ་ཡིས། །སྲེད་བ་རྗེས་འབྲངས་བཅས་འཇོམས་བྱེད། ཅེས་བྱུང༌། འོ་ན་གྲོལ་ལམ་གང་ཞེ་ན། འཕགས་པའི་བདེན་པ་བཞི་ལ་བརྟེན་པ་དང༌། སྡུག་བསྔལ་བ་ལ་བདེ་བར་མཐོང་བ་དང་ང་དང་ང་ཡི་ཞེས་སོགས་ཡང་དག་པ་མིན་པ་རྣམ་པ་བཅུ་དྲུག་ཏུ་སྒྲོ་བཏགས་ནས་ནི་ཡོངས་སུ་སྲེད་པ་དང༌། བདེན་པ་བཞི་ཡི་དེ་ཉིད་ལ་ནི་ཕྱིན་ཅི་ལོག་དེ་དང་འགལ་བའི་དོན་བདེན་པ་བཞིའི་དེ་ཉིད་རྣམ་པ་བཅུ་དྲུག་རྗེས་སུ་རྟོགས་པ་ཅན་དེ་ལེགས་པར་བསྒོམས་པའི་ཡང་དག་པའི་ལྟ་བ་ཡིས། སྲེད་པ་རྗེས་འབྲང་དང་བཅས་པ་འཇོམས་པར་བྱེད་དོ། །ཡང་དག་མིན་པ་རྣམ་བཅུ་དྲུག །སྒྲོ་བཏགས་ནས་ནི་ཡོངས་སུ་སྲེད། །ཞེས་གསུངས་པ་ལྟར། བདེན་བཞིའི་ཁྱད་ཆོས་བཅུ་དྲུག་གི་ལྡོག་ཕྱོགས་ལྟར་འཛིན་པའི་ལོག་འཛིན་བཅུ་དྲུག་ལས། དང་བོ་སྡུག་བསྔལ་གྱི་བདེན་པ་ལ་ལོག་པར་ཞུགས་པ་ནི། སྡུག་བདེན་མི་རྟག་པ་ལ་རྟག་པར་འཛིན་པ་དང༌། དེ་མི་གཙང་བ་ལ་གཙང་བར་འཛིན་པ། དེ་སྡུག་བསྔལ་བ་ལ་བདེ་བར་འཛིན་པ། དེ་བདག་མེད་པ་ལ་བདག་ཏུ་འདིན་པ་དང་བཞིའོ། །ཀུན་འབྱུང་བདེན་པ་ལ་ལོག་ཞུགས་པ་ནི། སྡུག་བདེན་རང་རྒྱུ་ཀུན་འབྱུང་བདེན་པ་ལས་བྱུང་བ་མིན་པར་རྒྱུ་མེད་ལས་བྱུང་བར་འཛིན་པ་དང༌། སྡུག་བསྔལ་ཀུན་ཀྱང་ཆགས་སོགས་ཀུན་འབྱུང་ལས་བྱུང་བ་མིན་པར་མི་མཐུན་པའི་རྒྱུ་ལས་བྱུང་བར་འཛིན་པ། སྡུག་བསྔལ་རང་རྒྱུ་ཀུན་འབྱུང་ལས་རབ་ཏུ་སྐྱེ་བ་མིན་པར་དབང་ཕྱུག་སོགས་ཀྱིས་བྱས་པར་འཛིན་པ། ཀུན་འབྱུང་བདེན་པ་སྡུག་བདེན་གྱི་རྐྱེན་མ་ཡིན་པར་དེ་ཡི་རང་བཞིན་རྟག་པར་འཛིན་པ་དང་བཞིའོ། །འགོག་བདེན་ལ་ལོག་པར་ཞུགས་པ་ནི། ཆགས་སོགས་ཀུན་འབྱུང་སྤངས་པའི་འགོག་པ་མེད་པར་འཛིན་པ། ཟག་བཅས་ཀྱི་ཆ་འགའ་ཞིག་ལ་ཞི་བ་དང་ཐར་བར་འཛིན་བ། སྡུག་བདེན་གྱི་ཁྱད་པར་འགའ་ཞིག་གྱ་ནོམ་པའི་ཐར་བར་འཛིན་པ། ཆགས་སོགས་རེས་ཞིག་ཟད་པ་ཡོད་ཀྱང་གཏན་དུ་ངེས་པར་འབྱུང་བ་མེད་པར་སླར་ཡང་ལྡོག་པར་འཛིན་པ་དང་བཞིའོ། །ལམ་བདེན་ལ་ལོག་པར་ཞུགས་པ་ནི། ཐར་ལམ་གཏན་ནས་ས་མེད་པར་འཛིན་པ་དང༌། བདག་མེད་རྟོགས་པའི་རིག་པ་ཡེ་ཤེས་ཐར་ལམ་མ་ཡིན་པ་དང་འཛིན་པ། ལམ་ལ་སྒྲུབ་པ་བྱ་མི་དགོས་པར་དབང་ཕྱུག་གི་ལུང་དང་དབང་བསྐུར་སོགས་ཐར་ལམ་དུ་འཛིན་པ། སྡུག་བསྔལ་དང་ཆགས་སོགས་གཏན་དུ་ངེས་པར་འབྱིན་པའི་ལམ་མེད་པར་འཛིན་པ་དང་བཞིའོ།།

    གཅེར་བུ་བས་འདོད་པའི་གྲོལ་ལམ་དགག་པ།

༈ བཞི་བ་གཅེར་བུ་བའི་གྲོལ་ལམ་དགག་པ་ལ་བཞི། ལས་དང་ལུས་ཡོད་པས་སྲིད་པར་འཁོར་བར་འདོད་པ་དགག་པ། ལས་ལུས་སྤོང་བའི་གཉེན་པོ་དགག་པ། ལས་འབྲས་བཅད་པས་ཟད་པ་དགག་བ། རང་ལ་ཁས་བླངས་འགལ་བས་དགག་པའོ། །དང་པོ་ནི། ལས་དང་ལུས་ངག་གནས་ན་ཡང༌། །གཅིག་མེད་ཕྱིར་ན་རྒྱུ་གསུམ་ཅན། །སྐྱེ་བ་སྲིད་པ་མ་ཡིན་ཏེ། །ས་བོན་མེད་པར་མྱུ་གུ་བཞིན། །ཞེས་བྱུང༌། དགྲ་བཅོམ་པ་ལ་ལས་དང་ལུས་ངག་གནས་ན་ཡང༌། སྲིད་པར་སྐྱེ་བའི་རྒྱུ་གསུམ་ལས་གཙོ་བོ་གཅིག་བུ་སྲེད་པ་མེད་པའི་ཕྱིར་ན། ལས་དང་ལུས་དང་སྲེད་པ་སྟེ་རྒྱུ་གསུམ་པ་ཅན་གྱི་འཁོར་བར་སྐྱེ་བ་སྲིད་པ་མ་ཡིན་ཏེ། དཔེར་ན། ས་བོན་མེད་པར་མྱུ་གུ་སྔོན་པ་མི་འབྱུང་བ་བཞིན་ནོ།།

༈ གཉིས་པ་ལས་ལུས་སྤོང་བའི་གཉེན་པོ་དགག་པ་ནི། ལས་དང་ལུས་ངག་སྤོང་མིན་ཏེ། །གཉེན་པོ་དག་ནི་མེད་ཕྱིར་དང༌། །ནུས་མེད་ཕྱིར་རོ་སྲིད་པ་ནི། །ཡོད་ན་སླར་ཡང་འབྱུང་ཕྱིར་རོ། །གཉིས་ཟད་དོན་དུ་འབད་ན་ཡང༌། །ལས་ཟད་དུབ་པ་དོན་མེད་ཡིན། །ཞེས་བྱུང༌། ཁོ་ན་རེ། ལས་དང་ལུས་སྤངས་པས་ཀྱང་གྲོལ་བར་འགྱུར་ཏེ། སྲིད་པར་སྐྱེ་བ་རྒྱུ་གསུམ་པ་ཅན་ཡིན་པའི་ཕྱིར་ཞེ་ན། ལས་དང་ལུས་དག་རྐྱང་བ་སྤོང་བ་མིན་ཏེ། དེའི་གཉེན་པོ་དག་ནི་མེད་པའི་ཕྱིར་དང༌། དེ་དག་སྤོང་བའི་ནུས་པ་ཡང་མེད་པའི་ཕྱིར་རོ། །སྲེད་པ་ཡོད་ན་ནི་སླར་ཡང་འཁོར་བར་འབྱུང་བའི་ཕྱིར་རོ། །ལས་དང་སྲེད་པ་གཉིས་པོ་སོ་སོར་ཟད་པའི་དོན་དུ་འབད་ན་ཡང༌། ལས་ཟད་པའི་དོན་དུ་འབད་པས་དུབ་པ་ནི་དོན་མེད་པ་ཡིན་ཏེ། སྲེད་པ་མ་སྤངས་པར་ལས་སྤོང་མི་ནུས་པའི་ཕྱིར།

༈ གསུམ་པ་ལས་འབྲས་བཅད་པས་ཟད་པ་དགག་པ་ནི། འབྲས་བུ་སྣ་ཚོགས་མཐོང་བའི་ཕྱིར། །ལས་རྣམས་ནུས་པ་ཐ་དད་དུ། །རྗེས་དཔོག་དེས་ན་དཀའ་ཐུབ་ཀྱི། །ཉོན་མོངས་དངོས་གཅིག་གིས་མི་འཛད། །རྣམ་འགས་དེ་བསྐྱེད་འབྲས་བུ་ནི། །ཆུང་འགྱུར་རིགས་མི་མཐུན་ཅན་མིན། །འབྲས་བུ་ཉམས་སུ་མྱོང་བ་ནི། །ཅི་སྟེ་དཀའ་ཐུབ་ནུས་པ་ཡིས། །ནུས་པ་འདྲེས་པ་ཟད་པ་ན། །ཉོན་མོངས་ཆ་འགས་སྤོང་བའམ། །ཉོན་མོངས་མེད་པར་ཀུན་སྤོང་འགྱུར། །གལ་ཏེ་དཀའ་ཐུབ་ཉོན་མོངས་ལས། །གཞན་འདོད་ཉོན་མོངས་ཉིད་ཅེ་ན། །དེ་ནི་ལས་འབྲས་ཡིན་ཕྱིར་འདིས། །ནུས་པ་འབྲས་སོགས་འགྱུར་མ་ཡིན༌། །ཞེས་བྱུང༌། ཁོ་ན་རེ། གཉེན་པོ་དག་ནི་མེད་ཕྱིར་དང༌། །ཞེས་བ་རྟགས་མ་གྲུབ་སྟེ། དཀའ་ཐུབ་དྲག་པོས་སྔོན་གྱི་ལས་ཟད་པར་འགྱུར་ལ། ཕྱིས་སུ་ལས་ངན་གཞན་གསར་དུ་མ་བསགས་ན་གྲོལ་བར་འགྱུར་བའི་ཕྱིར་རོ་ཞེ་ན། མི་འཐད་དེ། ལས་སྣ་ཚོགས་པ་རྣམས་ལ་འབྲས་བུ་ཡང་སྣ་ཚོགས་པ་མཐོང་བའི་ཕྱིར་དང༌། ལས་རྣམས་ཀྱི་ནུས་པ་ཡང་ཐ་དད་དུ་རྗེས་སུ་དཔོག་པའི་ཕྱིར་རོ། །དེས་ན་དཀའ་ཐུབ་ཀྱིས་ངལ་བའི་ཉོན་མོངས་པ་དངོས་པོ་གཅིག་གིས་ལས་ངན་ཀུན་མི་འཛད་པས། དཀའ་ཐུབ་ཀྱི་རྣམ་པ་འགས་ལས་དེ་ཡིས་བསྐྱེད་པའི་འབྲས་བུ་ནི་ཅུང་ཟད་ཆུང་བར་འགྱུར་ཡང༌། དེ་ཙམ་གྱིས་རིགས་མི་མཐུན་པ་ཅན་གྱི་ལས་ངན་མང་བོ་ཟད་ནུས་པ་མིན་ནོ། །དེ་ལ་ཁོ་ན་རེ། ལས་ཀྱི་འབྲས་བུ་ཆུང་ངུ་ཙམ་ཞིག་ཉམས་སུ་མྱོང་བ་ནི། ཅི་སྟེ་དཀའ་ཐུབ་ཀྱི་ནུས་པ་ཡིས་ལས་སྣ་ཚོགས་ཀྱི་ནུས་པ་འདྲེས་པ་ལས་ལས་གཅིག་ཟད་པ་ན་ལས་ཀུན་ཟད་པར་འགྱུར་བ་ཡིན་ནོ་ཞེ་ན། དེ་ལྟར་ན་དཀའ་ཐུབ་ཀྱིས་ཉོན་མོངས་པ་ཆ་འགས་ལས་ཀུན་སྤོང་བའམ། དཀའ་ཐུབ་ཀྱིས་ཉོན་མོངས་བའི་ངལ་བ་མེད་པར་ལས་ཀུན་སྤོང་བར་འགྱུར། གལ་ཏེ་དཀའ་ཐུབ་དེ་ཉོན་མོངས་ལས་གཞན་དུ་འདོད་དམ། ཉོན་མོངས་སུ་འདོད། གལ་ཏེ་དཀའ་ཐུབ་དེ་ཉོན་མོངས་ཉིད་དུ་འདོད་ཅེ་ན། མེ་ལྔ་བརྟེན་བ་སོགས་ཀྱིས་ལུས་གདུང་བའི་དཀའ་ཐུབ་དེ་ནི་ལས་ངན་གྱི་འབྲས་བུ་ཡིན་པའི་ཕྱིར་ན། དཀའ་ཐུབ་འདིས་ལས་སྣ་ཚོགས་ཀྱི་ནུས་པ་གཅིག་ཏུ་འདྲེས་པ་སོགས་སུ་འགྱུར་བར་བྱེད་ནུས་པ་མ་ཡིན་ནོ།།

བཞི་བ་རང་ལ་ཁས་བླངས་འགལ་བས་དག་པ་ནི། སྐྱེ་འདོད་ཉེས་པ་གཅོམ་པའི་ཕྱིར། །གང་ཡང་སྐྱོན་རྣམས་འགོག་བྱེད་པ། །དེས་བསྐྱེད་ལས་ལ་ནུས་འགྱུར་གྱི། །ཇི་ལྟར་བྱས་པ་ཉམས་པར་འགྱུར། །ལས་ལས་ཉེས་པ་མ་ཡིན་ཏེ། །སྐྱོན་ལྡན་བྱེད་འགྱུར་བཟློག་ལས་མིན། །ལོག་པའི་རྣམ་རྟོག་མེད་པར་ནི། །བདེ་བ་ལས་ཀྱང་འདོད་མི་འགྱུར། །ཞེས་བྱུང༌། ཁོ་ན་རེ། སྲེད་པ་སྤངས་པས་ལས་ཀྱང་སྤོང་བའི་ཕྱིར་ན། ལས་ཀྱི་གཉེན་པོ་མེད་པར་འདོད་པ་འགལ་ལོ་ཞེ་ན། མི་འགལ་ཏེ། གཉེན་པོས་མ་འོངས་བར་རང་རྒྱུད་ལ་སྐྱེ་རུང་དུ་འདོད་པའི་ཉེས་པ་ཆགས་སོགས་སྐྱེ་བའི་རྒྱུ་བཅད་པའི་སྒོ་ནས་བཅོམ་པའི་ཕྱིར་ན། གང་ཡང་སྐྱོན་ཆགས་སོགས་རྣམས་འགོག་པར་བྱེད་པ་བདག་མེད་མངོན་སུམ་ཏུ་རྟོགས་པའི་ཤེས་རབ་ཀྱིས། ཆགས་སོགས་དེས་སྐྱེད་པའི་ལས་ཀྱིས་མ་འོངས་པ་ན་རྣམ་སྨིན་འབྱིན་པའི་ནུས་པ་ལ་གནོད་ནུས་པར་འགྱུར་བ་ཡིན་གྱི། ཇི་ལྟར་ལས་ཀྱིས་བྱས་པ་སྟེ་ལས་ལས་བྱུང་ཟིན་པའི་རྣམ་སྨིན་ད་ལྟར་བ་ནི་ཉམས་པར་འགྱུར་མི་ནུས་སོ། །དགྲ་བཅོམ་པའི་རྒྱུད་ཀྱི་ལས་ལས་ཉེས་པ་རྣམ་སྨིན་གྱི་འབྲས་བུ་སྐྱེ་བ་མ་ཡིན་ཏེ། སྲེད་པ་སྤངས་པའི་ཕྱིར། དེས་ན་སྐྱོན་ལྡན་གྱིས་ཉེས་པ་བྱེད་པར་འགྱུར་གྱི། དེ་ལས་བཟློག་པ་སྐྱོན་མེད་ལས་ཉེས་པ་འབྱུང་བ་མིན་ནོ། །ལོག་པའི་རྣམ་རྟོག་ཚུལ་མིན་ཡིད་བྱེད་མེད་པར་ནི། ཚོར་བ་བདེ་བ་ལས་ཀྱང་འདོད་ཆགས་སྐྱེ་བར་མི་འགྱུར་རོ། །ཊཱིཀ་ཆེན་ལས། མ་འོངས་པའི་ཉོན་མོངས་སྐྱེ་མི་རུང་དུ་བྱས་པ་དེས་ཉོན་མོངས་སྤངས་པའི་དོན་ཡིན་གྱི། མ་འོངས་པའི་ཉོན་མོངས་སྤངས་པའི་དོན་མིན་ལ། ཞེས་དང༌། མ་འོངས་པའི་ཉོན་མོངས་སྤང་བྱར་འགྱུར་བ་ག་ལ་ཡིན། ཞེས་སོ། །མཛོད་ལས། འགག་པར་འགྱུར་བའི་ལམ་གྱི་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤོང༌། །ཞེས་དང༌། མཆིམས་འཇམ་པའི་དབྱངས་ཀྱི་མཛོད་འགྲེལ་ལས། འོ་ན་ལམ་འདས་པ་ལ་སོགས་པ་གང་གིས་སྒྲིབ་པ་དེ་སྤོང་ཞེ་ན། འགག་པར་འགྱུར་བ་སྟེ་འགག་པ་ལ་མངོན་དུ་ཕྱོགས་པ་ད་ལྟར་བའི་ལམ་གྱིས་ནི། ད་ལྟར་བ་དེ་ཡི་སྒྲིབ་པ་རབ་ཏུ་སྤོང་བ་ཡིན་ཏེ། འདི་ལྟར་སྤོང་བ་ནི། བྱ་བ་འགལ་བའི་སྒོ་ནས་གནོད་པར་བྱེད་པ་ཡིན་ན། འདས་པ་དང་མ་འོངས་པ་ནི་བྱ་བ་འགག་པ་དང་མ་སྐྱེས་པའི་ཕྱིར་རོ། །གལ་ཏེ་ད་ལྟར་བའི་ལམ་གྱིས་ད་ལྟར་བའི་སྒྲིབ་པ་སྤོང་བ་ནི་མ་ཡིན་ཏེ། རྒྱུད་གཅིག་ལ་ཉོན་མོངས་པ་དང་ཡེ་ཤེས་ཀྱི་ཤེས་པ་རྒྱུད་གཉིས་སུ་ཐལ་བའི་ཕྱིར་དང༌། འགལ་བ་ལྷན་གཅིག་ཏུ་འབྱུང་བར་ཐལ་བའི་ཕྱིར་དང༌། ཡེ་ཤེས་ཉོན་མོངས་པའི་འཇིག་རྒྱུར་ཐལ་བའི་ཕྱིར་རོ་ཞེ་ན། དེ་ལྟ་མ་ཡིན་ཏེ། ཉོན་མོངས་པའི་ཐོབ་པ་འམ་ས་བོན་སྤང་བྱར་འདོད་པས། ཡུན་རིང་དུ་མི་གནས་ཤིང་གནོད་པ་བྱེད་བཞིན་པའི་ལྷན་ཅིག་པ་ཡིན་པའི་ཕྱིར་དང༌། སྤང་བྱ་ཕྱི་མ་བསྐྱེད་པའི་ནུས་པ་དང་མི་ལྡན་པར་བསྐྱེད་པ་ལ་གནོད་པར་བརྗོད་པའི་ཕྱིར་སྐྱོན་མེད་དོ། །ཞེས་གསུངས་སོ། །སློབ་དཔོན་ལྷ་དབང་བློ་ནི། དེ་ལ་འདིར་གལ་ཏེ་འདས་པའི་ལས་ལ་བརྟེན་ནས་བརྗོད་པ་དེའི་ཚེ་མ་གྲུབ་པ་ཡིན་ལ། མ་འོངས་པའི་ལས་ལ་བརྟེན་ནས་ནི་གྲུབ་པ་ལ་བསྒྲུབ་པ་ཡིན་ནོ། །ཞེས་སོ།།

འདིར་སྨྲས་པ། གཞན་སྡེ་མུ་སྟེགས་བྱེ་བྲག་པས། །བདག་ནི་རྟག་ཅིང་སྐྱོན་མེད་ལ། །བདག་དང་བདག་གི་བ་དག་ལ། །ཆགས་པ་སྐྱོན་དུ་ལྟ་བ་དང༌། །སྡུག་བསྔལ་བསྒོམ་པ་གྲོལ་ལམ་ཟེར། གཙོ་བོ་དང་ནི་སྐྱེས་བུ་དག །ཀུན་གྱིས་གཅིག་ཏུ་བཟུང་བས་འཁོར། །དེ་གཉིས་ཕན་ཚུན་ཐ་དད་དུ། །མཐོང་བས་གྲོལ་ཞེས་གྲངས་ཅན་ཟེར། །དབང་ཕྱུག་པ་ནི་དབང་བསྐུར་དང༌། །རིགས་སྔགས་སྦྱིན་སྲེག་གྲོལ་ལམ་སྟེ། །སྡིག་ཅན་སྲང་ཁར་ལྕི་བ་ལ། །སྦྱིན་སྲེག་བྱས་པས་ཡང་ངོ་ཟེར། །གཅེར་བུ་བ་ནི་སྔོན་གྱི་སྡིག །དཀའ་ཐུབ་དྲག་པོ་བྱས་པས་འདག །གསར་དུ་ལས་ངན་མ་བསགས་ན། །འཁོར་བ་ལས་ནི་གྲོལ་ཞེས་ཟེར། །རང་ལུགས་མི་རྟག་སྡུག་བསྔལ་སོགས། །བསྒོམ་པ་ཙམ་ཞིག་གྲོལ་ལམ་མིན། །སྲིད་པའི་རྩ་བ་འཇིག་ཚོགས་ལྟའི། །འཛིན་སྟངས་སུན་ཕྱུང་མེད་པས་སོ། །དེས་ན་འཇིག་ལྟས་བཟུང་བ་ལྟར། །རྫུན་ཕུག་རྡིབ་དང་སུན་འབྱིན་པའི། །བདག་མེད་མཐོང་བའི་ཤེས་རབ་ནི། །འཁོར་བཅས་གྲོལ་ལམ་ཡིན་པར་གསུངས། །ཞེས་བྱ་བ་ནི་བར་སྐབས་ཀྱི་སྡུད་པའི་ཚིགས་སུ་བཅད་པའོ།།

    སྐྱོབ་པ་ལས་བདེ་གཤེགས་འགྲུབ་པའི་ཚུལ།

༈ གཉིས་པ་སྐྱོབ་པ་ལས་བདེ་གཤེགས་འགྲུབ་ཚུལ་ནི། །སྐྱོབ་ལས་དེ་ཉིད་དང་བརྟན་དང༌། །མ་ལུས་ཁྱད་པར་མཁྱེན་པར་གྲུབ། །གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ། །དེ་ཕྱིར་ཕྱི་རོལ་བ་དང་སློབ། །མི་སློབ་ལས་ལྷག་དེ་ཡི་ཕྱིར། །ཞེས་གསུངས། དེ་ལྟར་ཇི་སྐད་བཤད་པའི་སྐྱོབ་པ་ལས་ཁྱད་པར་གསུམ་ལྡན་གྱི་བདེ་གཤེགས་ཐུབ་པ་ཡིན་ཏེ། དེ་ཁོ་ན་ཉིད་མཁྱེན་པ་དང༌། མཁྱེན་པ་བརྟན་པ་དང༌། ཤེས་བྱ་མ་ལུས་པའི་ཁྱད་པར་མཁྱེན་པར་གྲུབ་པའི་ཕྱིར། ལུགས་འབྱུང་གི་སྒོ་ནས་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་པའི་སྐབས་སུ་གཤེགས་པ་ཞེས་པ་སྤངས་པ་བདེ་གཤེགས་ཁྱད་པར་གསུམ་ལྡན་དུ་བཤད་པ་ཡིན་ལ། ལུགས་ལྡོག་གི་སྒོ་ནས་ཀྱང་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་པའི་སྐབས་འདིར་བདེ་བར་གཤེགས་པ་ཞེས་པའི་གཤེགས་པའི་དོན་ནི་རྟོགས་པའི་དོན་ལ་འཇུག་པའི་ཕྱིར་ཏེ། དེ་ཕྱིར་དེ་ཁོ་ན་ཉིད་མཁྱེན་པས་ཕྱི་རོལ་བ་རྣམས་དང༌། མཁྱེན་པ་བརྟན་པས་འཕགས་པ་སློབ་པ་རྣམས་དང༌། ཤེས་བྱ་མ་ལུས་པར་མཁྱེན་པས་ཉན་ཐོས་མི་སློབ་པ་རྣམས་ལས་ལྷག་པ་དེ་ཡི་ཕྱིར་རོ།།

༈ གཉིས་པ་རྒྱུ་ཕུན་སུམ་ཚོགས་པ་ལ་གཉིས། བསམ་པ་ཕུན་སུམ་ཚོགས་པ་དང༌། སྦྱོར་བ་ཕུན་སུམ་ཚོགས་པའོ། །དང་པོ་ནི། གཞན་དོན་མཁྱེན་སྦྱོར་དེ་སྟོན་པ། །དེ་ལས་བརྩེ་ཡིན་གཞན་དོན་ངོར། །དོན་གྲུབ་མཛད་པ་མི་འདོད་ཕྱིར། །ཞེས་བྱུང༌། ཐུབ་པ་བཅོམ་ལྡན་འདས་ནི། རྟོགས་པ་ཕུན་ཚོགས་མངའ་བ་དེ་ཡི་ཕྱིར། གཞན་དོན་དུ་མཁྱེན་པའི་སྦྱོར་བ་དེ་གོམས་པའི་སྟོན་པ་སྔོན་དུ་སོང་བར་གྲུབ་བོ།།

༈ གཉིས་པ་ནི། སྦྱོར་བ་ཕུན་ཚོགས་དེ་ལས་བརྩེ་བ་ཆེན་པོ་སྔོན་དུ་སོང་བར་གྲུབ་པ་ཡིན་ཏེ། གཞན་དོན་དུ་མཁྱེན་པའི་སྦྱོར་བ་གོམས་པར་མཛད་པའི་ཕྱིར། ཐུབ་པ་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། རང་དོན་མཐར་ཐུག་གྲུབ་ཀྱང་སྙིང་རྗེའི་དབང་གིས། གཞན་དོན་དུ་སེམས་ཅན་གྱི་ངོར་གཞན་དོན་སྒྲུབ་པའི་མཛད་པ་མི་འདོར་བའི་ཕྱིར།

༈ གཉིས་པ་དོན་བསྡུ་བ་ནི། བརྩེ་བས་ལེགས་དང་ཡེ་ཤེས་ལས། །བདེན་པ་གསུང་མཛད་སྒྲུབ་བྱེད་བཅས། །དེ་གསུང་པར་ཡང་མངོན་སྦྱོར་ལྡན། །གང་ཕྱིར་དེས་ན་ཚད་མ་ཉིད། །ཅེས་བྱུང༌། ཐུབ་པ་བཅོམ་ལྡན་འདས་ནི། འགྲོ་བ་ཀུན་ལ་ཐུགས་བརྩེ་བས་ལེགས་པར་གསུང་བ་དང༌། མཁྱེན་པའི་ཡེ་ཤེས་ལས་བདེན་པ་ཁོ་ན་གསུང་བར་མཛད་ཅིང༌། དེ་ལ་སྒྲུབ་བྱེད་དང་བཅས་པ་དེ་གསུང་བར་ཡང་མངོན་པར་སྦྱོར་བ་མཐར་ཕྱིན་པ་དང་ལྡན་པའི་ཕྱིར། གང་གི་ཕྱིར་བཅོམ་ལྡན་འདས་ཚད་མའི་སྐྱེས་བུ་ཡིན་ཞེ་ན། གོང་དུ་བཤད་པ་ལྟར་སྐྱོབ་པ་ལས་བདེ་གཤེགས་འགྲུབ་ཚུལ་དང༌། བདེ་གཤེགས་ལས་མཁྱེན་པ་དེ་ལ་སྦྱོར་ཞིང་གོམས་པའི་སྦྱོར་བ་ཕུན་ཚོགས་སྔོན་དུ་སོང་བའི་སྒོ་ནས་སྟོན་པ་འགྲུབ་ཚུལ་དང༌། སྦྱོར་བ་ཕུན་ཚོགས་དེ་ཡང་སྙིང་རྗེ་ཆེན་པོ་སྔོན་དུ་སོང་བ་ལས་བྱུང་ཚུལ་སོགས་ལུགས་ལྡོག་གི་སྒྲུབ་བྱེད་དེས་ན། ཐུབ་པ་བཅོམ་ལྡན་འདས་བླང་དོར་གྱི་གནས་ཀུན་ལ་མི་སླུ་བའི་ཚད་མ་ཉིད་ཡིན་ནོ། །ཡང་ན། སྐྱོབ་པ་ལས་བདེ་གཤེགས་གྲུབ་ཚུལ་ནི། སྐྱོབ་པ་ལས་དེ་ཉིད་དང་བརྟན་དང༌། །མ་ལུས་ཁྱད་པར་མཁྱེན་པར་གྲུབ། །གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ། །དེ་ཕྱིར་ཕྱི་རོལ་བ་དང་སློབ། །མི་སློབ་ལས་ལྷག ཅེས་གསུངས་ཏེ། འཕགས་པའི་བདེན་པ་བཞི་སྟོན་པར་མཛད་པ་ནི། འགྲོ་བ་སྐྱོབ་པ་ཡིན་ལ། དེ་ལས་རྟགས་པ་བདེ་གཤེགས་དེ་ཁོ་ན་ཉིད་མཁྱེན་པ་དང༌། མཁྱེན་པ་བརྟན་པ་དང༌། ཤེས་བྱའི་ཁྱད་པར་མ་ལུས་པ་མཁྱེན་པ་གྲུབ་བོ། །ལུགས་ལྡོག་གི་སྒོ་ནས་བཤད་པའི་སྐབས་འདིར་བདེ་བར་གཤེགས་པ་ཞེས་པའི་གཤེགས་པ་ནི། བདེན་པ་བཞིའི་དེ་ཁོ་ན་ཉིད་རྟོགས་པ་སོགས་ཀྱི་དབང་དུ་བྱས་པའོ། །རྟོགས་པ་བདེ་གཤེགས་ལས་སྦྱོར་བ་ཕུན་ཚོགས་སྟོན་པ་གྲུབ་ཚུལ་ནི། གཞན་དོན་མཁྱེན་སྦྱོར་དེ་སྟོན་པ། །ཞེས་གསུངས་ཏེ། བདེ་གཤེགས་ལས་སྦྱོར་བ་ཕུན་ཚོགས་སྟོན་པ་གྲུབ་སྟེ། རྒྱུ་དུས་སུ་གཞན་དོན་མཁྱེན་པའི་ཕྱིར་དུ་བདག་མེད་བསྒོམ་པའི་ལམ་ལ་སྦྱོར་བ་གོམས་པར་མཛད་པའི་ཕྱིར། དེ་ལྟར་ན་རྒྱུ་དུས་སུ་གྲོལ་ལམ་བདག་མེད་རྟོགས་པའི་བློ་ལེགས་པར་མཛད་པ་ལ་སྟོན་པ་ཞེས་བཏགས་པ་ཡིན་ནོ། །སྦྱོར་བ་ཕུན་ཚོགས་ལས་བསམ་པ་ཕུན་ཚོགས་གྲུབ་ཚུལ་ནི། དེ་ལས་བརྩེ་ཡིན་གཞན་དོན་ངོར། །དོན་གྲུབ་མཛད་པ་མི་འདོར་ཕྱིར། །ཞེས་གསུངས་ཏེ། གཞན་དོན་དུ་རང་ཉིད་ལམ་ལ་གོམས་པར་མཛད་པའི་སྟོན་པ་དེ་ལས་གཞན་ལ་ཕན་པར་མཛད་པའི་བརྩེ་བ་གྲུབ་པ་ཡིན་ཏེ། གདུལ་བྱ་གཞན་གྱི་ངོར་སྦྱོར་བས་བདེན་པ་བཞིའི་གནས་ལུགས་ཀྱི་དོན་རྟོགས་པའི་ལམ་རང་རྒྱུད་ལ་གྲུབ་པར་མཛད་པ་དེ་ཡང་འགྲོ་བ་རྣམས་ཡལ་བར་མི་འདོར་བའི་བརྩེ་བ་སྙིང་རྗེ་ཆེན་པོ་ལས་བྱུང་བའི་ཕྱིར། རྟགས་དེ་དག་ལས་སྟོན་པ་ཚད་མའི་སྐྱེས་བུར་གྲུབ་པ་ནི། བརྩེ་བས་ལེགས་དང་ཡེ་ཤེས་ལས། །བདེན་པ་གསུངས་མཛད་སྒྲུབ་བྱེད་བཅས། །དེ་གསུང་བར་ཡང་མངོན་སྦྱོར་ལྡན། །གང་ཕྱིར་དེས་ན་ཚད་མ་ཉིད། །ཅེས་གསུངས་ཏེ། གཞན་གྱི་སྡུག་བསྔལ་སྤོང་བར་བཞེད་པའི་བརྩེ་བ་ཆེན་པོ་སྔོན་དུ་སོང་བ་ལས། བདེན་བཞིའི་གནས་ལུགས་རྟོགས་པའི་ཐར་བའི་ལམ་སྦྱོར་བས་ཉམས་སུ་ལེན་ཅིང་གདུལ་བྱ་གཞན་དག་ལ་ཡང་སྟོན་པ་འབྱུང་ལ། རྒྱུ་བསམ་སྦྱོར་ཕུན་ཚོགས་དེ་དག་ལས་སྤངས་པའི་རྟོགས་པའི་བདེ་གཤེགས་ཆོས་སྐུ་འགྲུབ་ཅིང༌། དེ་ལས་བླང་དོར་སྟོན་པའི་སྐྱོབ་པ་ལོངས་སྐུ་དང་སྤྲུལ་སྐུ་གཉིས་འགྲུབ་བོ། །དེས་ན་ཐུབ་པ་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། རང་ཉིད་ཀྱིས་མངོན་དུ་བྱས་པའི་རྒྱུ་འབྲས་ཕུན་ཚོགས་པ་དེ་ལ་སྐལ་ལྡན་གདུལ་བྱ་རྣམས་འགོད་པར་མཛད་པའི་ཕྱིར། དེ་ཡང་ཐུགས་བརྩེ་བས་གང་གསུང་བ་ཐམས་ཅད་ལེགས་པར་གསུངས་པ་དང༌། ཆོས་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་མངའ་བ་ལས་གང་གསུང་བ་ཐམས་ཅད་བདེན་པ་ཁོ་ན་གསུང་བའི་ཕྱིར།

    དེ་ལ་ཚད་མའི་སྒོ་ནས་བསྟོད་པའི་དགོས་པ།

༈ གསུམ་པ་ནི། སློབ་དཔོན་ཕྱོགས་གླང་གིས་བཅོམ་ལྡན་འདས་ལ་ཚད་མར་གྱུར་བའི་སྒོ་ནས་བསྟོད་པའི་དགོས་པ་གང་ཞེ་ན། དེ་ལྟའི་དངོས་སྟོན་བསྟོད་པ་ནི། །དེ་ཡི་བསྟན་པ་ཉིད་ལས་ནི། །ཚད་མའི་དེ་ཉིད་གྲུབ་དོན་དེ། །རྗེས་སུ་དཔོག་པ་མ་བཟློག་ཕྱིར། །ཅུང་ཟད་སྐྱེ་བའི་བདག་ཉིད་ཅན། །གང་དེ་ཐམས་ཅད་འགག་ཆོས་ཅན། ཞེས་སོགས་རྣམ་པ་དུ་མར་ནི། འདི་ཡི་སྦྱོར་བའང་མཐོང་ཕྱིར་རོ། །མེད་ན་མི་འབྱུང་མཚན་ཉིད་ཅན། །རྟགས་ནི་རྗེས་དཔག་རྟེན་ཡིན་ནོ། །བསྒྲུབ་བྱའི་གཏན་ཚིགས་ཁྱབ་པ་ནི། །བསྟན་ཕྱིར་དེ་ཡང་གསལ་བར་བཤད། །ཅེས་གསུངས། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ལ་ནི་ཡོན་ཏན་དཔག་ཏུ་མེད་པ་མངའ་བ་ལས། སློབ་དཔོན་ཕྱོགས་གླང་གིས། །ཤེས་བྱ་ཀུན་ལ་ཚད་མར་གྱུར་བ་དེ་ལྟ་བུའི་ཡོན་ཏན་དངོས་སུ་ཡོད་པའི་སྒོ་ནས་སྟོན་པ་ཐུབ་པའི་དབང་པོ་ལ་བསྟོད་པའི་དགོས་པ་ནི། ཐུབ་པའི་དབང་པོ་དེ་ཡི་རྗེས་སུ་བསྟན་པ་ཉིད་ལས་ནི། དཔེ་དོན་གྱི་ཚད་མའི་དེ་ཉིད་ལེགས་པར་རྟོགས་ཤིང་གྲུབ་པ་དང༌། དོན་དེ་ཉིད་ཀུན་གྱིས་རྟོགས་པར་བྱ་བའི་ཕྱིར་ཡིན་ནོ། །དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་མངོན་སུམ་ཚད་མ་གསུང་མོད། རྗེས་དཔག་ཚད་མ་ཇི་ལྟར་བཞེད་ཅེ་ན། བཅོམ་ལྡན་འདས་ཀྱིས་རྗེས་སུ་དཔོག་བ་མེད་ཅེས་མ་བཟློག་པའི་ཕྱིར་དང༌། བཅོམ་ལྡན་འདས་ཉིད་ཀྱི་ཞལ་ནས་ཀྱང༌། གང་ཅུང་ཟད་སྐྱེ་བའི་བདག་ཉིད་ཅན་གང་ཡིན་པ་དེ་ཐམས་ཅད་ནི་འགག་པའི་ཆོས་ཅན་ནོ། །ཞེས་སོགས་རྣམ་པ་དུ་མར་ནི་རྗེས་དཔག་ཚད་མ་འདི་ཡི་སྦྱོར་བའང་གསུངས་པ་མཐོང་བའི་ཕྱིར་རོ། །མེད་ན་མི་འབྱུང་བའི་མཚན་ཉིད་ཅན་གྱི་རྟགས་ནི། རྟགས་ཅན་རྗེས་དཔག་གི་རྟེན་ཡིན་ནོ། །བསྒྲུབ་བྱའི་ཆོས་ཀྱིས་གཏན་ཚིགས་ལ་ཁྱབ་པ་ནི་དངོས་སུ་བསྟན་པའི་ཕྱིར་ན། རྟགས་ཆོས་ཀྱི་འབྲེལ་བ་དེ་ཡང་གསལ་བར་བཤད་དོ། །དེ་ཡང་ཇི་སྐད་དུ། ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས། ལྟ་ངན་མུན་སེལ་གཉིས་སུ་མེད་པ་ཡི། །དོན་དམ་རྣམ་དཔྱོད་ལྷུར་ལེན་བསྟན་བཅོས་འདི། །གཞུང་མང་དོན་དཀའ་སྒྲུབ་པར་དཀའ་ན་ཡང༌། །འབྲས་བུ་ཆེ་ཕྱིར་འབད་པར་རིགས་པ་ཡིན། །ལོག་པའི་རྒྱུན་ཕྱོགས་རྗེས་སུ་གཞོལ་གྱུར་བ། ལྟ་བའི་ཆུ་བོ་བཟློག་པར་དཀའ་མོད་ཀྱི། །ཡང་དག་རིགས་པས་ལེགས་པར་བརྡ་སྤྲད་ན། །འགའ་ཡི་ཡིད་ལ་ཅི་སྟེ་འབབ་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །ལེའུའི་མཚམས་བསྟན་པ་ནི། ཚད་མ་རྣམ་འགྲེལ་ལས། ཚད་མ་གྲུབ་པ་ཞེས་བྱ་བའི་ལེའུ་གཉིས་པའི་འགྲེལ་བའོ།།

    འཇུག་སྨོན་མཛད་བྱང༌།

སྨྲས་པ། རྒྱ་ཆེན་གཏན་ཚིགས་རིགས་པའི་ཆུ་གཏེར་ལས། །དྲི་མེད་རིགས་པའི་རླབས་ཕྲེང་ཕྱོགས་བརྒྱར་གཡོ། །རྒྱ་བོད་མཁས་མང་ཀླུ་དབང་རོལ་བའི་མཚོ། །གསུང་རབ་ཕན་བདེའི་རིན་ཆེན་གཏེར་ལ་འདུད། །ཕྱོགས་གླང་གྲགས་པའི་རིགས་པ་ཟབ་ཅིང་ཕྲ། །དམ་ཆོས་ལོག་པར་བཤད་པའི་ཉེས་པ་ལྕི། །འདིར་ཡང་རྨོངས་པས་ཉེས་བཤད་སྲིད་དམ་ཞེས། །བདག་གི་ཡིད་ནི་ཤིན་དུ་གནོད་པར་གྱུར། །འདིར་འབད་ལས་བྱུང་བསོད་ནམས་གང་གཱའི་ཀླུང༌། །མི་ཟད་དགེ་ལེགས་གསེར་གྱི་བྱེ་མ་ཅན། །སྣོད་བཅུད་ཡངས་པའི་འཇིག་རྟེན་ཀུན་ཁྱབ་སྟེ། །ཐུབ་བསྟན་དབྱར་གྱི་ལང་ཚོ་རྒྱས་གྱུར་ཅིག །རྨོངས་པའི་མུན་པ་འཇིག་པའི་ཆོས་ཉིད་ཅན། །གཏན་ཚིགས་རིགས་པའི་སྣང་བ་དམ་པའི་འོད། །མཁྱེན་པའི་ལམ་དུ་གསལ་བའི་མཁས་མང་གིས། །འཆད་ཉན་ལྷུར་ལེན་མཛད་པའི་རྒྱུ་རུ་བསྔོ། །ཞེས་བསྟན་བཅོས་ཆེན་པོ་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་འགྲེལ་བ་རིགས་པའི་མེ་ལོང་ཞེས་བྱ་བ་འདི་ནི། རབ་བྱུང་བཅུ་བདུན་པའི་བགྲང་བྱ་ལྔ་བ་ལྕགས་མོ་ལུག་གི་ལོ། སྤྱི་ལོ་ཚིག་སྟོང་དགུ་བརྒྱ་གོ་གཅིག་བར་ྋདགེ་སློང་ཡེ་ཤེས་རྒྱ་མཚོ་ཞེས་བྱ་བས་རང་ཉིད་ཀྱི་བརྗེད་བྱང་ཙམ་དུ། གཅན་ཚའི་མ་ཎི་གཙུག་ལག་ཁང་གི་བཀའ་བསྟན་བཅོས་འགྱུར་རོ་ཅོག་གི་ཀུན་དགའ་ར་བར་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།ཡི་གེ་པ་ནི་གཡོན་རུའི་དགེ་བཤེས་བློ་བཟང་བྱང་ཆུབ། པར་ཡིག་པ་སེང་གེ་གཤོང་དགེ་བཤེས་འཇིགས་མེད་རྒྱ་མཚོ། སྦྱིན་བདག་སྤྱི་གཉེར་དགེ་སློང་དགེ་འདུན་ཚུལ་ཁྲིམས། ཞུ་དག་པ་དགེ་བཤེས་ལུང་རིགས་རྒྱ་མཚོ་རྣམས་སོ།། །།

སྨྲས་པ། ཚུལ་འདིར་འབྲེལ་ཐོགས་རྣམས་དང་ཀུན་བཟང་གིས། །འཆད་ཉན་ཡང་དག་མཛད་པའི་སྐལ་ལྡན་རྣམས། །ཆོས་སྤྱོད་བཅུ་ཡི་རྣམ་སྨིན་དཀར་བོ་ལ། །དེང་ནས་ཚེ་རབས་ཀུན་ཏུ་ལོངས་སྤྱོད་ཤོག སྤར་འདི་བྱང་ཕྱོགས་ཁ་སྒང་བའི་ཨོ་བསྭོ་བཀྲ་ཤིས་ཆོས་རྫོང་དུ་བཞུགས།། །།

རྩོམ་སྒྲིག་པ། བློ་བཟང་བཀྲ་ཤིས།

བརྒྱུད་འགོད།
0