༄༅། །ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པའི་རྒྱན་ཞེས་བྱ་བ་བཞུགས་སོ།།

སྤེལ་དུས།  2021-05-07   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  དགེ་བ་རྒྱལ་མཚན།   ཀློག་གྲངས།  


                              ༄༅། །ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པའི་རྒྱན་ཞེས་བྱ་བ་བཞུགས་སོ།

                              དགེ་བ་རྒྱལ་མཚན་གྱིས་མཛད།

    རྒྱ་གར་སྐད་དུ། པྲ་མ་ཎ་ས་མུད་ཙ་ཡ་ནཱ་མ་པྲ་ཀ་ར་ཨ་ལཾ་ཀ་ར་ན་མ། བོད་སྐད་དུ། ཚད་པ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པའི་རྒྱན་ཞེས་བྱ་བ། ལྷ་དང་བཅས་པའི་འཇིག་རྟེན་ཀུན་གྱི་གཙུག་རྒྱན་དེ་ལ་གུས་པས་ཕྱག་འཚལ་ལོ། །རྗེ་བཙུན་མཁྱེན་པའི་གཏེར་ལ་སྐྱབས་སུ་མཆིའོ། །ལྷག་པའི་ལྷ་མཆོག་ཁྲོ་བོ་ཆེན་པོའི་གུས་པས་ཞབས་ལ་ཕྱག་འཚལ་ལོ། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ། །མཚན་དཔེའི་ཆ་ཤས་ཡོངས་སུ་རྫོགས་པའི་སྐུ། །ཡན་ལག་དྲུག་ཅུ་ལྡན་པ་སྙན་པའི་གསུང་། །མཐའ་བྲལ་མངོན་དུ་གྱུར་པ་མཁྱེན་པའི་ཐུགས། །སྟོབས་བཅུ་མངའ་བ་ཐུབ་དབང་ཞབས་ལ་འདུད། །མཁྱེན་པའི་དཀྱིལ་འཁོར་འོད་སྟོང་ལྡན་པ་མཁའ་ལ་ཤར་བ་ན། །རྣམ་གྲོལ་དོན་དུ་གཉེར་བའི་བློ་གྲོས་པད་མོ་ལེགས་པར་གསལ་བྱེད་ཅིང་། །ལོག་ལྟ་འབྱུང་པོའི་བློ་མུན་ཀུ་མུད་ཚལ་ལྟར་ཀུན་ནས་ཟུམ་བྱེད་པའི། །རྟ་བདུན་རྒྱལ་པོ་མཁྱེན་པའི་གཏེར་གྱིས་གནས་སྐབས་ཀུན་ཏུ་བདག་སྐྱོངས་ཤིག །རིགས་པའི་ལམ་གྱིས་རིགས་མིན་སྨྲ་བ་གང་ཞིག་རིགས་མིན་ལམ་འཇུག་རྣམ་བཟློག་ནས། །མ་ནོར་དོན་རྣམས་ཇི་བཞིན་ནོར་བ་མེད་པའི་ཡང་དག་ཤེས་པས་གནས་ལུགས་དོན། །ཤེས་བྱའི་གནས་ལ་ཤེས་བྱེད་ཚད་མས་རང་གིས་ལེགས་རྟོགས་གཞན་ལ་སྟོན་པ་ཡི། །དོན་དང་དོན་མིན་རྣམ་པར་དཔྱོད་མཛད་ཕྱོགས་ཀྱི་གླང་པོ་གང་དེ་རྒྱལ་གྱུར་ཅིག །མཐའ་ཡས་ཤེས་བྱའི་གནས་ལུགས་མ་ལུས་དོན་རྣམས་ཀུན། །མཐའ་གཉིས་སྤངས་པ་སྟོང་པ་བདེན་མེད་དེ་ཉིད་དུ། །རིགས་པས་བསྒྲུབས་ནས་དངོས་སྟོབས་རིགས་པ་དོན་གཉེར་ལ། །རིགས་པས་སྟོན་མཛད་ཆོས་ཀྱི་གྲགས་པ་གང་དེ་རྒྱལ་གྱུར་ཅིག །ཤེས་དང་ཤེས་བྱའི་གནས་ལུགས་མཐའ་ཡས་ཀུན། །ཤེས་བྱ་ཇི་བཞིན་རྟོགས་པའི་བློ་གྲོས་ཀྱིས། །ལེགས་པར་རྟོགས་ནས་འགྲོ་ལ་སྟོན་མཛད་པ། །བློ་ལྡན་བཟང་པོས་རྟག་ཏུ་བདག་སྐྱོངས་ཤིག །ཐུབ་བསྟན་གངས་རིའི་སྤོ་ལ་ཆོས་ཀྱི་སེང་གེ་རིགས་པའི་ངར་སྒྲ་སྒྲོགས། །ནོར་བ་མེད་པའི་ལམ་ལ་ཀུན་དགའ་རྒྱལ་མཚན་རིགས་པའི་སྲོལ་འཛིན་ཅིང་། །དངོས་སྟོབས་རིགས་པའི་ལམ་ལ་སངས་རྒྱས་དཔལ་དེ་རིགས་མིན་སྨྲ་བ་འཇོམས། །རྒྱལ་བ་དགྱེས་པའི་ལམ་ལ་བློ་གྲོས་རྒྱ་མཚོ་རྟག་ཏུ་རྒྱལ་གྱུར་ཅིག །དེང་སང་འདི་ན་རྣམ་བཤད་བྱེད་པ་ཕལ་ཆེར་རྙེད་དང་བཀུར་སྟིའི་རོ་ལ་མངོན་པར་ཆགས་ནས་རིགས་ལམ་སྤངས་པ་མཐོང་བ་དང་། །འཇིག་རྟེན་དོན་གཉེར་བློ་གྲོས་བླུན་པོ་རྣམས་ཀྱང་དེར་རྗེས་འབྲང་བས་དངོས་སྟོབས་རིགས་ལམ་རྒྱང་རིང་སྤངས་པ་མཐོང་ནས་ནི། །དེ་སླད་དེ་དག་ཚར་བཅད་ཕྱིར་དང་དངོས་སྟོབས་རིགས་པས་རྗེས་སུ་བཟུང་ཕྱིར་མཚུངས་མེད་དངོས་སྟོབས་རིགས་པའི་དབང་ཕྱུག་ཁོ་བོ་ཡིས། །མཁས་པའི་གཞུང་ལུགས་རིགས་པས་སྒྲུབ་ལ་ངེས་པར་དབུལ་བའི་དོན་གཉེར་དག་ལ་མཁས་པའི་གཞུང་དོན་རིགས་པས་སྒྲུབ་པའི་རྒྱན་འདི་སྦྱར། །འདིར་བཤད་པར་བྱ་བའི་ཆོས་ནི་རིགས་པའི་བསྟན་བཅོས་ཚད་མ་ཀུན་ལས་བཏུས་པ་སྟེ། དེ་ཡང་སྔོན་དང་ད་ལྟའི་ཊི་ཀ་བྱེད་པ་ནམས་ཀྱིས་ནི་བསྟན་བཅོས་འདིའི་དོན་རིགས་པའི་ལམ་སྤངས་ནས་བཤད་པར་སྣང་བས་དེ་ལྟར་ན་སྡིག་པ་བས་སྡིག་པར་འགྱུར་བས་དེའི་རྣམ་སྨིན་བཟོད་པར་དཀའ་ལ་ཡུན་རིང་བའི་སྡུག་བསྔལ་མྱོང་དགོས་ལ་དེ་ལྟར་ན་འགྲེལ་པ་བྱས་པའི་འབྲས་བུ་ཕྱིན་ཅི་ལོག་ཏུ་གྱུར་པས་དེས་ན་སྐྱབས་མེད་པའི་འགྲོ་བ་དེ་རྣམས་རྗེས་སུ་བཟུང་ནས་རིགས་པའི་ལམ་ལ་འགོད་པའི་དོན་དུ་ཚད་མ་ཀུན་ལས་བཏུས་པའི་རྣམ་བཤད་བརྩམ་པར་བྱའོ། །འོ་ན་ཁྱོད་རྣམ་འགྲེལ་གང་གི་རྗེས་སུ་འབྲངས་ནས་རྣམ་བཤད་རྩོམ་ཞེ་ན། འདིའི་འགྲེལ་པ་དང་འགྲེལ་བཤད་ནི་བོད་དུ་འགྱུར་བ་ལ་རང་འགྲེལ་དུ་གྲགས་པ་གཅིག་དང་། རྒྱལ་པའི་དབང་པོ་བློ་གྲོས་ཀྱིས་མཛད་པའི་འགྲེལ་བཤད་གཉིས་འདུག་ལ་དེ་མིན་པའི་འགྲེལ་པ་དང་འགྲེལ་བཤད་བོད་དུ་འགྱུར་བ་ནི་མ་མཐོང་ངོ་། །དེ་ཡང་ཚིག་ཟིན་གྱི་འགྲེལ་པའི་དབང་དུ་བྱས་པ་ཡིན་གྱི་དགོངས་འགྲེལ་དང་དོན་འགྲེལ་ཙམ་ཡོད་མེད་ཀྱི་དབང་དུ་བྱས་པ་མ་ཡིན་ནོ། །དེ་བོད་ནི་རང་འགྲེལ་ཡིན་པར་རླུང་ལྟར་དུ་གྲགས་སོ། །འདི་ནི་ཅུང་ཟད་ཅིག་དཔྱད་པར་བྱ་སྟེ། རིགས་པའི་དབང་ཕྱུག་ཕྱོགས་ཀྱི་གླང་པོ་ལྟ་བུ་ལ་ནོར་པ་རྨི་ལམ་ཙམ་དུ་ཡང་མི་མངའ་ཞིང་རིགས་པའི་དབང་ཕྱུག་རྣམ་གཉིས་ནི་རྣམ་པ་ཀུན་ཏུ་དགོངས་པ་མཐུན་པར་རིགས་པའི་ལམ་དུ་འཐད་ཅིང་ཀུན་ལ་རླུང་ལྟར་དུ་གྲགས་ལ། །རང་འགྲེལ་དུ་གྲགས་པ་འདི་ལ་ནི་རིགས་པའི་ལམ་ལས་འདས་པའི་དོན་དུ་མ་རང་ལུགས་སུ་བཞག་པ་ཡང་སྣང་ཅིང་དཔལ་ལྡན་ཆོས་ཀྱི་གྲགས་པས་ཕྱོགས་སྔ་མར་བཞག་ནས་བཀག་པ་ཡང་རང་ལུགས་དུ་བཞག་ནས་སྒྲུབ་པར་སྣང་བའི་ཕྱིར་དང་། རྒྱལ་རྔ་བདུན་པ་མཆོག་གིས་ཀྱང་འདི་རང་འགྲེལ་ཡིན་པ་ལེགས་པར་བཀག་པའི་ཕྱིར། དེ་ལ་དང་པོ་རིགས་པའི་ལམ་ལས་འདས་པའི་དོན་དུ་མ་རང་ལུགས་སུ་བཞག་པ་ཇི་ལྟར་སྣང་ཞེ་ན། རང་སྤྱིའི་མཚན་ཉིད་དག་ལས་གཞན་པའི་མཚན་ཉིད་གཞལ་བར་བྱ་བ་གཞན་ནི་མེད་དེ། རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནི་མངོན་སུམ་ལ། སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་ནི་རྗེས་སུ་དཔག་པའོ་ཞེས་པའོ། །ཞེས་འབྱུང་བ་ནི་རིགས་པའི་ལམ་ལས་འདས་པར་མཐོང་སྟེ། རང་མཚན་དང་སྤྱི་མཚན་གཉིས་སུ་མ་འདུས་པའི་གཞལ་བྱ་མེད་དེ། རང་མཚན་འཛིན་པའི་ཤེས་པ་མངོན་སུམ་ཡིན་ལ། སྤྱི་མཚན་འཛིན་པའི་ཤེས་པ་རྗེས་དཔག་ཡིན་པའི་ཕྱིར་ཞེས་འགོད་ན། ཤིན་ཏུ་མི་འཐད་དེ། གཞལ་བྱ་རང་མཚན་དུ་ཁས་བླངས་ན་སྐྱོན་ཅི་ཡོད། སྤྱི་མཚན་གཞལ་བྱ་མ་ཡིན་པར་འགྱུར་རོ་ཞེ་ན། འོ་ན་རང་མཚན་འཛིན་པའི་ཤེས་པ་མངོན་སུམ་ཡིན་ན་རྗེས་དཔག་གིས་རང་མཚན་མི་འཛིན་པར་འགྱུར་རོ། །གལ་ཏེ་མངོན་སུམ་གྱིས་རང་མཚན་གཟུང་ཡུལ་དུ་འཛིན་ལ་རྗེས་དཔག་གིས་སྤྱི་མཚན་གཟུང་ཡུལ་དུ་འཛིན་པའི་ཕྱིར་ཞེས་འགོད་པས་དེ་འདྲའི་ཉེས་པ་མེད་དོ་ཅེ་ན། འོ་ན་ཤེས་པ་དང་སྤྱི་མཚན་གཉིས་སུ་མ་འདུས་པ་གཞན་མེད་པར་འགྱུར་ཏེ། མངོན་སུམ་གྱིས་ཤེས་པ་གཟུང་ཡུལ་དུ་འཛིན་ལ་རྗེས་དཔག་གིས་སྤྱི་མཚན་གཟུང་ཡུལ་དུ་འཛིན་པའི་ཕྱིར། ཞེས་བརྗོད་ན་མི་མཚུངས་སམ་སོམས་ཤིག གལ་ཏེ་གཞུང་དེའི་དོན་ཚད་མ་དེ་མངོན་རྗེས་གཉིས་སུ་གྲངས་ངེས་ཏེ། གཞལ་བྱ་དེ་རང་མཚན་དང་སྤྱི་མཚན་གཉིས་སུ་གྲངས་ངེས་པའི་ཕྱིར། ཁྱབ་པར་ཐལ། རང་མཚན་གཟུང་ཡུལ་དུ་བྱེད་པའི་ཚད་མ་ཡིན་ན་མངོན་སུམ་གྱི་ཚད་མ་ཡིན་དགོས་ལ་སྤྱི་དོན་གཟུང་ཡུལ་དུ་བྱེད་པའི་ཚད་མ་ཡིན་ན་རྗེས་དཔག་གི་ཚད་མ་ཡིན་དགོས་པའི་ཕྱིར་ཞེས་འགོད་པས་སྐྱོན་མེད་ཅེ་ན། ཤིན་ཏུ་མི་འཐད་དེ། ཚད་མ་དེ་རང་རིག་གི་མངོན་སུམ་དང་རྗེས་དཔག་གཉིས་སུ་གྲངས་ངེས་པར་ཐལ། གཞལ་བྱ་དེ་ཤེས་པ་དང་ཤེས་པ་མ་ཡིན་པ་གཉིས་སུ་གྲངས་ངེས་པའི་ཕྱིར། ཁྱབ་པར་ཐལ། ཤེས་པ་གཟུང་ཡུལ་དུ་བྱེད་པའི་ཚད་མ་ཡིན་ན་རང་རིག་གི་མངོན་སུམ་ཡིན་དགོས་ལ་ཤེས་པ་མ་ཡིན་པ་བཟུང་ཡུལ་དུ་བྱེད་པའི་ཚད་མ་ཡིན་ན་རྗེས་དཔག་གི་ཚད་མ་ཡིན་དགོས་པའི་ཕྱིར། ཞེས་བརྗོད་ན་ལན་ཅི་ཡོད། གཏན་ཚིགས་མ་གྲུབ་སྟེ། རྣལ་འབྱོར་མངོན་སུམ་ཆོས་ཅན། རང་རིག་གི་མངོན་སུམ་ཡིན་པར་ཐལ། ཤེས་པ་གཟུང་ཡུལ་དུ་བྱེད་པའི་ཚད་མ་ཡིན་པའི་ཕྱིར། ཞེས་པའི་སྐྱོན་ཡོད་དོ་ཞེ་ན་ཚད་མ་ཆོས་ཅན། མངོན་སུམ་ཚད་མ་ཡིན་པར་ཐལ། རང་མཚན་གཟུང་ཡུལ་དུ་བྱེད་པའི་ཚད་མ་ཡིན་པའི་ཕྱིར། ཞེས་བརྗོད་ན་ལན་ཅི་ཡོད། མ་གྲུབ་སྟེ། ཚད་མ་ཆོས་ཅན། ཁྱོད་ཀྱི་གཟུང་ཡུལ་ཡིན་ན་དངོས་པོ་ཡིན་དགོས་པར་ཐལ། ཁྱོད་རང་མཚན་གཟུང་ཡུལ་དུ་བྱེད་པའི་ཚད་མ་ཡིན་པའི་ཕྱིར་ཞེ་ན། རྣལ་འབྱོར་མངོན་སུམ་ཆོས་ཅན། ཁྱོད་ཀྱི་གཟུང་ཡུལ་ཡིན་ན་ཤེས་པ་ཡིན་དགོས་པར་ཐལ། ཁྱོད་ཤེས་པ་གཟུང་ཡུལ་དུ་བྱེད་པའི་ཚད་མ་ཡིན་པའི་ཕྱིར་ཞེས་བརྗོད་ན་མི་མཚུངས་སམ། གལ་ཏེ་རྣལ་འབྱོར་མངོན་སུམ་ཆོས་ཅན། རྗེས་དཔག་གི་ཚད་མ་ཡིན་པར་ཐལ། ཤེས་པ་མ་ཡིན་པ་གཟུང་ཡུལ་དུ་བྱེད་པའི་ཚད་མ་ཡིན་པའི་ཕྱིར་ཞེ་ན། འོ་ན་ཚད་མ་ཆོས་ཅན། རྗེས་དཔག་གི་ཚད་མ་ཡིན་པར་ཐལ། སྤྱི་མཚན་གཟུང་ཡུལ་དུ་བྱེད་པའི་ཚད་མ་ཡིན་པའི་ཕྱིར། ཞེས་བྱའོ། །ལན་གང་བཏབ་ཀྱང་མཚུངས་སོ། །གཞན་ཡང་ཚད་མ་དེ་ལ་མངོན་སུམ་དང་རྗེས་དཔག་གཉིས་སུ་གྲངས་ངེས་པ་ནི་ཤིན་ཏུ་མི་འཐད་དེ། བསྟན་བཅོས་གཞན་དུ་ཡང་བཀག་པའི་ཕྱིར་དང་། འོག་ནས་ཀྱང་འགོག་པའི་ཕྱིར་རོ། །ཡང་ཐུན་མོང་མིན་པའི་རྒྱུ་ཡི་ཕྱིར། །དེ་ཡི་ཐ་སྙད་དབང་པོས་བྱས། །ཞེས་པའི་འགྲེལ་པར་ཡུལ་གཟུགས་ལ་སོགས་པ་མ་ཡིན་ནོ། །འདི་ལྟར་ཡུལ་ནི་རྒྱུད་གཞན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དང་ཡང་ཐུན་མོང་བ་ཡིན་ནོ། །ཐུན་མོང་མ་ཡིན་བ་ལ་ཐ་སྙད་བྱེད་པ་ཡང་མཐོང་སྟེ། དཔེར་ན་རྔའི་སྒྲ། ནས་ཀྱི་མྱུ་གུ་ཞེས་པ་བཞིན་ནོ། །ཞེས་འབྱུང་བ་ཡང་། བརྟག་དགོས་ཏེ། དེའི་དོན་ཡང་། སྒོ་ལྔའི་རྣམ་པར་ཤེས་པ་ལ་ཡུལ་ཤེས་ཅེས་པའི་ཐ་སྙད་སྦྱར་བར་བྱ་བ་མ་ཡིན་ཏེ། ཡུལ་ཤེས་ཅེས་པའི་ཐ་སྙད་ལས་དེ་ཐུན་མོང་མིན་པར་གོ་བར་མི་ནུས་པའི་ཕྱིར། ཡུལ་གཟུགས་སོགས་ནི་གང་ཟག་གཞན་གྱི་ཡིད་ཀྱི་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །དེ་ལ་དབང་ཤེས་ཅེས་པའི་ཐ་སྙད་སྦྱར་བར་འོས་པ་ཡིན་ཏེ། དེ་ལས་ཐུན་མོང་མིན་པར་གོ་ནུས་པའི་ཕྱིར་ཞེས་པ་ཡིན་ན་ནི་འོ་ན་དེ་ལ་དབང་ཤེས་ཅེས་པའི་ཐ་སྙད་སྦྱར་བར་འོས་པ་མ་ཡིན་པར་ཐལ། དེ་ལས་དེ་ཐུན་མོང་མིན་པར་གོ་མི་ནུས་པའི་ཕྱིར། མ་གྲུབ་ན་ཁས་བླངས་མོད། ཁས་བླངས་གསལ་བར་སྟོན་ན། དེར་ཐལ། དབང་པོ་ཡང་གང་ཟག་གཞན་གྱི་ཡིད་ཀྱི་ཤེས་པའི་ཡུལ་ཡིན་པའི་ཕྱིར། ཞེས་བརྗོད་ན་ལན་ཅི་ཡོད། འདི་ནི་གཏན་ཚིགས་མ་གྲུབ་བོ་ཞེ་ན་སྔ་མའི་གཏན་ཚིགས་ཀྱང་མ་གྲུབ་བོ་ཞེས་བྱའོ། །འོན་ཀྱང་དོན་འདི་ནི་ཤིན་ཏུ་དཀའ་བས་དེའི་རྒྱུ་མཚན་འོག་ནས་ཡང་འཆད་ལ་མཛོད་ནས་བཤད་པ་ཡང་འགྲེལ་པ་འདིའི་ལུགས་བཞིན་དུ་ཚིག་ཟིན་ལ་བྱེད་པར་སྣང་བས། བློ་གྲོས་དང་ལྡན་པ་རྣམས་ཀྱིས་དཔྱད་པར་མཛོད་ཅིག ཡང་ཡིད་ཀྱང་དོན་དང་ཆགས་ལ་སོགས། །རང་རིག་རྟོག་པ་མེད་པ་ཡིན། །ཞེས་པའི་འགྲེལ་པར་འདོད་ཆགས་ཞེ་སྡང་དང་གཏི་མུག་དང་བདེ་བ་དང་སྡུག་བསྔལ་ལ་སོགས་པ་ནི་དབང་པོ་ལ་མི་ལྟོས་པའི་ཕྱིར། རང་རིག་པའི་མངོན་སུམ་མོ་ཞེས་འབྱུང་བ་དང་། རེ་ཤིག་གལ་ཏེ་འདོད་ཆགས་ལ་སོགས་པ་རང་རིག་པའི་མངོན་སུམ་ཡིན་ན་རྟོག་པའི་ཤེས་པ་ཡང་མངོན་སུམ་དུ་འགྱུར་རོ་ཞེ་ན། དེ་ནི་བདེན་ཏེ། རྟོག་པའང་རང་རིག་ཉིད་དུ་འདོད། །དོན་ལ་མ་ཡིན་དེ་རྟོག་ཕྱིར། དེ་ཡུལ་ལ་ནི་འདོད་ཆགས་ལ་སོགས་པ་ཉིད་བཞིན་དུ་མངོན་སུམ་མ་ཡིན་ཡང་རང་རིག་གོ་ཞེས་བྱ་བའི་སྐྱོན་མེད་དེ། དེ་དག་ནི་མངོན་སུམ་མོ་ཞེས་འབྱུང་ངོ་། འདི་ནི་ཤིན་ཏུ་མི་འཐད་པར་མཐོང་སྟེ། རྣལ་འབྱོར་པའི་མངོན་སུམ་ཡང་། རང་རིག་པའི་མངོན་སུམ་དུ་འགྱུར་ཏེ། དབང་པོ་ལ་མི་ལྟོས་པའི་ཕྱིར། གལ་ཏེ་མ་གྲུབ་བོ་ཅེ་ན། འོ་ན་ཆགས་སོགས་ཡང་དབང་པོ་ལ་མི་ལྟོས་པར་ཇི་ལྟར་འཐད་སོམས་ཤིག གཞན་ཡང་བདེན་སྟེ་ཞེས་པའི་དོན་ནི་གང་ཡིན་འདོད་ཆགས་ལ་སོགས་པ་རང་རིག་གི་ཡུལ་ལ་རང་རིག་གི་མངོན་སུམ་མ་ཡིན་པར་རང་གི་ངོ་བོ་ལ་རང་རིག་པའི་མངོན་སུམ་དུ་ཁས་ལེན་པས་མོད་དོ་ཅེ་ན། ཤིན་ཏུ་མི་འཐད་དེ། འདོད་ཆགས་ལ་སོགས་པ་ཆོས་ཅན། རང་གི་ཡུལ་ལའང་རང་རིག་པའི་མངོན་སུམ་དུ་འགྱུར་ཏེ། རང་གི་ཡུལ་ལ་ལྟོས་ནས་ཀྱང་དབང་པོ་ལ་མི་ལྟོས་པའི་ཕྱིར་ཞེ་བརྗོད་ན་རྣམས་པ་ཐམས་ཅད་དུ་མཚུངས་པར་མཐོང་ངོ་། །གཞན་ཡང་འདོད་ཆགས་སོགས་རང་གི་ངོ་བོ་ལ་རང་རིག་པའི་མངོན་སུམ་དུ་ཤིན་ཏུ་མི་འཐད་དེ། རིག་པའི་ལམ་ལས་འདས་པའི་ཕྱིར། ཆོས་ཀྱི་གྲགས་པ་ལ་སོགས་པའི་མཁས་མཆོག་རྣམས་ཀྱིས་ནི་བདེ་བ་ལ་སོགས་པ་རྣམས་ཀྱིས་བདག་ཉིད་རིག་པ་ནི་མངོན་སུམ་མོ་ཞེས་བདེ་སོགས་མྱོང་བའི་འཛིན་རྣམ་ལ་རང་རིག་པའི་མངོན་སུམ་གྱི་ཐ་སྙད་མཛད་ཀྱི་བདེ་སོགས་ལ་རང་གི་རིག་པའི་མངོན་སུམ་གྱི་ཐ་སྙད་ལ་མཛད་པ་མ་མཛད་དོ། །རིགས་པའི་ལམ་ལས་འདས་པ་ཇི་ལྟར་ཡིན་ཞེ་ན། འདོད་ཆགས་ལ་སོགས་པ་ཆོས་ཅན། རང་གི་ངོ་བོ་རང་རིག་པའི་མངོན་སུམ་མ་ཡིན་པར་ཐལ། རང་རིག་གི་མངོན་སུམ་ཡིན་པ་ལ་ཚད་མས་གནོད་པའི་ཕྱིར་དང་། རང་གི་ངོ་བོ་དང་རྫས་གཅིག་པ་མ་ཡིན་པའི་ཕྱིར། སྔ་མ་ལ་ཁྱབ་པ་མེད་དོ་ཅེ་ན། སྒྲོན་མེའི་འོད་ལ་ནོར་བུར་འཛིན་པའི་བློ་ནོར་བུ་ལ་མངོན་སུམ་དུ་འདོད་ན་སྐྱོན་ཅི་ཡོད། མི་འཐད་དེ། མངོན་སུམ་ཡིན་པ་ལ་ཚད་མས་གནོད་པའི་ཕྱིར། ཞེ་ན་དེའི་ཁྱབ་པ་ཡོད་པའི་རྒྱུ་མཚན་ཅི་ཡིན། ཡུལ་གཅིག་ལ་ཚད་མ་ཡིན་ན་ཚད་མ་ཡིན་པས་མ་ཁྱབ་པས་མཐར་ཚད་མ་ཡིན་པ་མི་སྲིད་པར་འགྱུར་རོ་ཞེ་ན། འོ་ན་ཡུལ་གཅིག་ལ་རང་རིག་གི་མངོན་སུ་ཡིན་ན་རང་རིག་མངོན་སུམ་ཡིན་པས་མ་ཁྱབ་པས་མཐར་རང་རིག་མངོན་སུམ་ཡིན་པ་མི་སྲིད་པར་འགྱུར་རོ་ཞེས་བརྗོད་ན་ལན་ཅི་ཡོད། གལ་ཏེ་རང་གི་ངོ་བོ་དང་རྫས་གཅིག་མ་ཡིན་པ་མ་གྲུབ་བོ་ཅེ་ན། རང་གི་ངོ་བོ་རྫས་སུ་མ་གྲུབ་པའི་ཕྱིར། མ་གྲུབ་བོ་ཞེ་ན། ཆགས་སོགས་བདེན་པས་སྟོང་བ་དེ་ཆགས་སོགས་གི་ངོ་བོ་མ་ཡིན་པར་འགྱུར་ཏེ། ཆགས་སོགས་ཀྱི་ངོ་བོ་རྫས་སུ་གྲུབ་པའི་ཕྱིར། འདོད་ན། འོ་ན་མི་རྟག་པ་བྱས་པའི་ངོ་བོ་མ་ཡིན་པར་དམ་བཅས་ན་སྐྱོན་ཅི་ཡོད། བྱས་པ་རྟག་པར་འགྱུར་ཏེ། མི་རྟག་པ་བྱས་པའི་ངོ་བོ་མ་ཡིན་པའི་ཕྱིར་ཞེ་ན། ཆགས་སོགས་བདེན་གྲུབ་ཏུ་འགྱུར་ཏེ། ཆགས་སོགས་བདེན་པས་སྟོང་བ་དེ་ཆགས་སོགས་ཀྱི་ངོ་བོ་མ་ཡིན་པའི་ཕྱིར་ཞེས་བརྗོད་ན་མི་མཚུངས་སམ། ལེགས་པར་སོམས་ཤིག གཞན་ཡང་ཁོ་བདེན་པས་སྟོང་པ་དེ་ཁོའི་ངོ་བོ་མ་ཡིན་པར་འདོད་པ་ནི་དབུ་ཚད་གང་གི་ཡང་རིགས་པའི་ལམ་མ་ཡིན་ཏེ། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེའི་དེ་ཉིད་ཡིན་ཞེས་དང་། བྱང་ཆུབ་སེམས་འགྲེལ་ལས། མེ་ཡི་རང་བཞིན་ཚ་བ་དང་། བུ་རམ་རང་བཞིན་མངར་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་རྒྱ་བོད་ཀྱི་མཁས་པ་གང་གིས་ཀྱང་ཤེས་པ་ཡིན་ན་རང་གི་ངོ་བོ་ལ་རང་རིག་པའི་མངོན་སུམ་མ་ཡིན་པས་ཁྱབ་པར་ཁས་བླངས་པར་བྱ་བ་ཡིན་ནོ། །དེས་མཚོན་ནས་རང་རིག་པའི་མངོན་སུམ་དུ་སོང་བའི་ཡུལ་ཡིན་ན་དངོས་པོ་ཡིན་པས་ཁྱབ་པར་ཤེས་པར་བྱའོ། །རྒྱས་པར་ནི་དགག་སྒྲུབ་སྐབས་སྐབས་སུ་བྱེད་དོ། །འོ་ན་ཆོས་ཀྱི་གྲགས་པས་ཕྱོགས་སྔར་བྱས་པ་འགྲེལ་པ་འདིར་རང་ལུགས་སུ་བཞག་པ་ཇི་ལྟར་ཡིན་ཞེ་ན། འགྲེལ་པ་འདིར་ནི་ཡུལ་ལ་མྱོང་བའི་རྣམ་པས་འཇུག་པའི་ཤེས་པ་ཡིན་ན་རྟོག་མེད་ཀྱི་ཤེས་པ་ཡིན་པས་ཁྱབ་པར་བཤད་དེ། འགྲེལ་པར། ཡིད་ཀྱང་གཟུགས་ལ་སོགས་པ་ལ་དམིགས་ཤིང་ཉམས་སུ་མྱོང་བའི་རྣམ་པས་འཇུག་པ་སྟེ། རྟོག་པ་མེད་པ་འབའ་ཞིག་གོ །ཞེས་འབྱུང་བའི་ཕྱིར། ཆོས་ཀྱི་གྲགས་པས་ནི་དེ་ལ་ཁྱབ་པ་མེད་པར་བཤད་དེ། ལ་ལ་དབང་སྐྱེས་ལ་སོགས་ཕྱིར་ཞེས་པའི་སྐབས་སུ་དེ་རྣམས་ཕྱོགས་སྔར་བྱས་ནས་དེ་ལ་ཁྱབ་པ་མེད་པར་བཤད་པའི་ཕྱིར་རོ། །ཡང་འགྲེལ་པ་འདིར་ནི། ལྡོག་པའི་ངེས་བཟུང་སྨོས་པའི་དགོས་པ་ནི་རྟགས་མེད་པ་མི་མཐུན་ཕྱོགས་ཁོ་ན་ལ་མེད་པ་ཡིན་གྱི་གཞན་པ་དང་འགལ་བ་མི་མཐུན་ཕྱོགས་ལ་མེད་པ་ནི་མ་ཡིན་ནོ་ཞེས་རྟོགས་པའི་དོན་དུ་བཤད་དེ། འགྲེལ་པར་མེད་པ་ཉིད་ལ་མེད་པ་ཞེས་པ་ནི་སླར་ཡང་དེ་ཉིད་ངེས་པར་བྱ་བའི་དོན་དུ་སྟེ། མེད་པ་ཉིད་ལ་མེད་པ་ཡིན་གྱི་གཞན་པ་ལ་ཡང་མ་ཡིན་ལ་འགལ་བ་ལ་ཡང་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཞེས་འབྱུང་བའི་ཕྱིར་དང་། ཆོས་ཀྱི་གྲགས་པས་ནི་ལུགས་འདི་ཕྱོགས་སྔར་བྱས་ནས་རྣམ་པར་བཀག་པའི་ཕྱིར་རོ། །རྒྱལ་སྔ་གཉིས་པ་སློབ་དཔོན་ཆོས་མཆོག་ཀྱིས་ཀྱང་འགྲེལ་པ་འདི་རང་འགྲེལ་ཡིན་པ་ནི་བཀག་སྟེ། འཐད་ལྡན་ལས། ཅི་སྟེ། གལ་ཏེ་ཀུན་ལས་བཏུས་པ་བསྟན་པར་འདོད་ན། ཅི་ལྟར་དེ་ཉིད་ལ་ལར་སྤོང་སྟེ་དཔེར་ན་འདི་ནི་ངེས་པར་བྱ་བའི་དོན་ཡིན་ཏེ། མེད་པ་ཉིད་ལ་མེད་པ་ཡིན་གྱི་གཞན་པ་ལ་ཡང་མ་ཡིན་འགལ་བ་ལ་མ་ཡིན་ནོ་ཞེས་ཚུལ་གསུམ་པ་ངེས་པའི་དོན་ཡིན་པར་བཤད་ལ། ཁྱོད་ཀྱིས་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གི་སྦྱོར་བ་ཤེས་པར་བྱ་བའི་དོན་དུ་བརྗོད་པ་ཅི་ལྟ་བུ་སྟེ། དེ་བཞིན་དུ་གཞན་དུ་ཡང་སྦྱོར་ཞེ་ན། བཤད་པ། མདོ་བདག་གི་བསྟན་གྱི་འགྲེལ་པ་ནི་མ་ཡིན་ཏེ། འགྲེལ་པ་འདི་ཉིད་ཡིན་ནོ། །དབང་ཕྱུག་སྡེ་དང་། དེའི་ཕྱོགས་པ་གཞན་སྔ་མ་དག་གིས་ནི་འགྲེལ་པ་ཕྱིན་ཅི་ལོག་ཏུ་བྱའོ། །མདོ་ནི་འགྲེལ་པའི་དབང་གི་གཞུང་གཞན་དུ་བྱ་བར་མི་ནུས་པ་དེའི་ཕྱིར་དེ་ཉིད་བཤད་དོ། །ཞེས་འབྱུང་བའི་ཕྱིར། གལ་ཏེ་སློབ་དཔོན་ཆོས་མཆོག་གིས་ནི་འགྲེལ་པ་ལ་དབང་ཕྱུག་སྡེ་ལ་སོགས་པའི་བླ་མ་སྔ་མས་ལྷད་བསྲེས་པ་ཡོད་པར་བཞེད་པ་ཡིན་ཀྱི་རང་འགྲེལ་མ་ཡིན་པར་བཞེད་པ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཇི་ལྟར་ན་རེ་སློབ་དཔོན་གྱི་གཞུང་མ་ཡིན་ཞེ་ན། གང་གི་ཕྱིར་དོན་ཡོད་དེ་འབྲས་བུ་དང་བཅས་པའི་ལུགས་རྟོག་གེའི་ཚུལ་གང་ཡིན་པས་གཟིགས་པ་དེའི་མདོ་དོན་ཡིན་པ་དེའི་ཕྱིར་འགྲེལ་པ་འགལ་བ་ནི་དེའི་མ་ཡིན་ནོ། །གལ་ཏེ་འགྲེལ་པ་ལ་ཡང་ཡིད་མི་བརྟན་ན། གང་ལས་ལུང་ཐོབ་ནས་འཆད་ཅེ་ན། འགའ་ལས་ཀྱང་མ་ཡིན་སྟེ། ལུང་ཡང་ཡལ་བར་དོར་ནས་སྟེ། །འཆད་པ་རྣམས་ལས་འོངས་པའི་དོན་ཡལ་བར་དོར་ནས་བཤད་དེ། དེ་དག་ཀྱང་མངོན་པར་མི་བརྩོན་པས་བློ་བསླད་པའི་ཕྱིར་ཡང་དག་པར་མཐོང་བ་མ་ཡིན་ནོ་འབྱུང་བའི་ཕྱིར། གལ་ཏེ་སློབ་དཔོན་ཆོས་མཆོག་གི་བཞེད་པ་ཡང་ཤིན་ཏུ་མི་འཐད་སྟེ། རྣམ་འགྲེལ་ལས་འགྲེལ་པར་བདག་ཉིད་སྒྲ་བཤད་པ། །ཞེས་དང་། རྣམ་པར་ངེས་པ་ལས་མདོ་མཛད་པས་རང་གི་འགྲེལ་པར་རང་ཉིད་ཅེས་བྱ་བ་ནི་བསྟན་བཅོས་ལ་མི་ལྟོས་པར་ཁས་བླངས་པར་སྟོན་པར་བྱེད་པའོ་ཞེས་རང་ཉིད་ཀྱི་སྒྲས་དོགས་པའི་གནས་ཟློག་པར་བཤད་དོ། །ཞེས་འབྱུང་བའི་ཕྱིར་ཞེ་ན། དེའི་སྐྱོན་མེད་དེ། ཀུན་ལས་བཏུས་ཀྱི་རང་འགྲེལ་དུ་རང་ཉིད་ཀྱི་སྒྲ་སྨོས་པ་ལ་དགོས་པ་ཡོད་ཅེས་སྟོན་པ་གཞུང་དེའི་དགོངས་པ་མ་ཡིན་པའི་ཕྱིར། འོ་ན་གཞུང་དེའི་དོན་གང་ཡིན་ཞེ་ན། རང་གིས་མཛད་པའི་འགྲེལ་པར་རང་སྒྲ་སྨོས་པ་ལ་དགོས་པ་ཡོད་ལ་དོན་དེ་མདོ་མཛད་པས་ཀྱང་དམ་བཅས་པ་ཡིན་ནོ་ཞེས་འཆད་པ་གཞུང་གི་དགོངས་པ་ཡིན་སྟེ། འཐད་ལྡན་དུ། འདོད་པའི་སྒྲ་ཡོད་པ་དེར་རྒོལ་བའི་འདོད་པ་ལས་གཞན་པ་གང་ཡིན་པའི་འདོད་པ་ཐམས་ཅད་བཟློག་དུ་ཟིན་ཀྱང་རང་གིས་མཛད་པའི་འགྲེལ་པ་རང་ཉིད་ཀྱི་སྒྲས་དོགས་པའི་གནས་སྲིད་པ་ཟློག་པར་བྱེད་པ་ཡིན་པར་བཤད་དོ། །མདོ་མཛད་པས་ཀྱང་དོན་འདི་ཉིད་དམ་བཅས་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །འོ་ན་རང་གིས་མཛད་པའི་འགྲེལ་པ་དེ་གང་ལ་འཆད་ཅེ་ན། རང་ཉིད་ཀྱི་རྒྱས་བཤད་ལ་འཆད་པ་ཡིན་སྟེ་དེར། འགྲེལ་པའི་གཞུང་སྟོན་པ་ནི་རང་ཉིད་ཅེས་བྱ་བ་ནི་སྟེ། རང་ཉིད་ཀྱི་སྒྲས་ནི་ཁས་བླངས་པ་སྟོན་པར་བྱེད་པའོ་ཞེས་པར་འབྲེལ་ཏེ། ཅེས་འབྱུང་བའི་ཕྱིར། གཞན་ཡང་རྒྱན་མཛད་པས་ཀྱང་འགྲེལ་པར་བདག་ཉིད་སྒྲ་བཤད་པ་ཞེས་པའི་འགྲེལ་པར་རང་འགྲེལ་ཡིན་པའི་འབྲུ་ནོན་མ་མཛད་པའི་ཕྱིར་དང་། ལེགས་པར་མ་བསླབས་པའི་བོད་མ་གཏོགས་རྒྱ་གར་མཁས་པའི་གཞུང་དུ་ཡང་ཚད་མ་ཀུན་ལས་བཏུས་ཀྱི་རང་འགྲེལ་ཞེས་པའི་ཐ་སྙད་མ་མཐོང་ཞིང་རིགས་པས་ཀྱང་མི་འཐད་པའི་ཕྱིར་དང་། རྒྱལ་དབང་བློའི་འགྲེལ་བཤད་བྱུང་ཡང་རང་འགྲེལ་གྱི་ཐ་སྙད་མི་འདུག་པའི་ཕྱིར་རོ། །གལ་ཏེ་འགྲེལ་པ་འདི་རང་འགྲེལ་མ་ཡིན་ན་འགྲེལ་པ་འདིར་འདུག་པའི་གང་ཡང་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་པ་ཞེས་སོགས་སློབ་དཔོན་གྱི་ལུགས་སུ་བྱས་ནས་རྣམ་འགྲེལ་ངེས་སོགས་དང་དེའི་རྗེས་སུ་འབྲང་པའི་འགྲེལ་པར་བཤད་པ་ཇི་ལྟར་ཡིན་ཞེ་ན། འགྲེལ་པ་འདིར་འདུག་པའི་གཞུང་མང་རབ་གཅིག་སློབ་དཔོན་གྱི་དགོངས་པར་བྱས་ནས་རྣམ་འགྲེལ་ངེས་སོགས་སུ་བཤད་པ་ཡོད་པ་བདེན་མོད་ཀྱང་། དེ་ཙམ་གྱིས་འགྲེལ་པ་འདི་རང་འགྲེལ་དུ་མི་འགྲུབ་སྟེ། བསྟན་བཅོས་བསྡུས་པའི་ནང་དུ་ཡང་ཐུབ་པའི་གསུང་རབ་ཀྱི་ལུང་དུ་མ་ཡོད་པའི་ཕྱིར། གང་ལྟར་ཡིན་ཀྱང་འགྲེལ་པ་འདི་རང་འགྲེལ་ཡིན་པ་ནི་ཤིན་དུ་དཀའ་བར་སྣང་བས་སྐབས་སྐབས་སུ་དགག་སྒྲུབ་བྱའོ། །ད་ནི་བསྟན་བཅོས་ཀུན་ལས་བཏུས་པ་འཆད་པ་ལ་གསུམ་སྟེ། མཚན་གྱི་དོན་དང་། གཞུང་གི་དོན་དང་། མཇུག་གི་དོན་ནོ། །དང་པོ་ལ་གཉིས་ཏེ། མཚན་སྒྱུར། མཚན་བཤད་པའོ། །དང་པོ་ནི། རྒྱ་གར་གྱི་སྐད་དུ། པྲ་མ་ཎ་ནི་བོད་ཀྱི་སྐད་དུ་ཚད་མ། ས་མུད་ཙ་ཡ་ན་མ་པྲ་ཀ་ར་ཎ་ནི་བོད་ཀྱི་སྐད་དུ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པའོ། །གཉིས་པ་ནི། སྤྱིར་པྲ་ནི་རབ་དང་པོ་སོགས་དོན་ཉེར་གཅིག་ལ་འཇུག་ཀྱང་འདིར་ནི་དང་པོ་ལ་འཇུག་པའི་དབང་དུ་བྱས་པ་ཡིན་ཏེ། ཡང་ཡང་ཤེས་པ་མ་ཡིན་ཏེ། །ཐུག་པ་མེད་འགྱུར་དྲན་སོགས་བཞིན། །ཞེས་བྱུང་བའི་ཕྱིར། །མ་ཎ་ནི་འཇལ་བའོ། །དེས་ན་དང་པོར་འཇལ་བའི་ཕྱིར་ན་ཚད་མའོ། །ཞེས་བཤད་པའོ། །ཁ་ཅིག་ན་རེ། ཕྱོགས་གླང་ཆོས་གྲགས་ཀྱིས་དང་པོར་འཇལ་བའི་ཤེས་པ་ཚད་མའི་དོན་ལྡོག་ཏུ་བྱེད་པ་མི་འཐད་ཏེ། རྟོགས་ཟིན་ལ་འཇུག་པའི་ཚད་མ་མི་སྲིད་པར་འགལ་བའི་ཕྱིར་དང་། རྟོགས་ཟིན་གྱི་དོན་དེ་ཡོད་དམ་མེད། ཡོད་ན། རྟོགས་ཟིན་གྱི་དོན་ཆོས་ཅན། ཁྱོད་མེད་པར་ཐལ། ཁྱོད་ཡོད་ན་ཁྱོད་ཚད་མས་འཇལ་དགོས། ཁྱོད་ཚད་མས་མ་གཞལ་བའི་ཕྱིར། མེད་ན། བཅད་ཤེས་ཀྱི་ཡུལ་མེད་པར་འགྱུར་རོ། །དེས་ན། པྲ་ནི་རབ་ལ་འཇུག་པའི་དབང་དུ་བྱས་ནས་རབ་ཏུ་འཇལ་པའི་ཤེས་པ་དེ་ཚད་མའི་དོན་ལྡོག་ཡིན་ཞེས་ཟེར་རོ། །དེ་ནི་མུན་སྤྲུལ་གྱི་བཤད་པ་ཡིན་ཏེ། འདི་ལྟར། རབ་ཏུ་འཇལ་བའི་ཤེས་པ་ཚད་མའི་དོན་ལྡོག་ཏུ་མི་འཐད་པར་འགྱུར་ཏེ། མ་རབ་ཀྱི་དོན་རྟོགས་པའི་ཚད་མ་མི་སྲིད་པར་ཐལ་བའི་ཕྱིར་དང་། གཞན་ཡང་མ་རབ་ཀྱི་དོན་ཡོད་དམ་མེད། ཡོད་ན། མ་རབ་ཀྱི་དོན་ཆོས་ཅན། ཁྱོད་མེད་པར་ཐལ། ཁྱོད་ཡོད་ན་ཁྱོད་ཚད་མས་འཇལ་དགོས་ཁྱོད་ཚད་མས་མ་གཞལ་བའི་ཕྱིར། མེད་ན། ཕལ་པ་རྟོགས་པའི་ཤེས་པའི་ཡུལ་མེད་པར་འགྱུར་རོ་ཞེས་བརྗོད་ན་ལན་ཅི་ཡོད་ལེགས་པར་སོམས་ཤིག དེས་ན་ཡུལ་དམ་པ་ལ་རིགས་པ་མི་ཤེས་པའི་བླུན་པོས་སྐྱེ་བ་ཕྱི་མ་བློས་བཏང་བའི་ལས་བསགས་པར་མི་བྱའོ། །ཚད་མའི་མཚན་ཉིད་སོགས་གཞུང་སྣ་ཚོགས་སུ་འཐོར་ནས་བསྟན་པ་རྣམས་བསྡུས་ནས་སྟོན་པའི་ཕྱིར་ན་ཀུན་ལས་བཏུས་པ་ཞེས་བྱའོ། །ཡང་ན། མངོན་པ་ཀུན་ལས་བཏུས་པའི་མིང་དོན་བཞིན་དུ་ཤེས་པར་བྱའོ། །སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་པ་ནི་ལོ་ཙྪ་བས་བཀོད་པའི་མཆོད་བརྗོད་དོ། །གཉིས་པ་ལ་གསུམ་སྟེ། ཚད་མ་ཀུན་ལས་བཏུས་ཀྱི་བཤད་པ་ལ་འཇུག་པ་དང་། དེའི་བཤད་པ་ཉེ་བར་དགོད་པ་དང་། དེའི་བཤད་པ་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ་གཉིས་ཏེ། མཆོད་པར་བརྗོད་པ་དང་། བཤད་པར་དམ་བཅའ་བའོ། །དང་པོ་གཉིས་ཏེ། བསྟོད་པ་དང་ཕྱག་འཚལ་བའོ། །དང་པོ་ལ་གསུམ་སྟེ། དགོས་དོན། བསྡུས་དོན། ཚིག་གི་དོན་ནོ། །དང་པོ་ནི། མཐར་སངས་རྒྱས་ཐོབ་པ་དང་། གཞན་གནས་སྐབས་ཙམ་གྱི་གཞུང་རྩོམ་པའི་བར་ཆད་ཞི་བར་བྱ་བའི་ཕྱིར་དུའོ། །གཉིས་པ་ནི། རྒྱུ་ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པའི་སྒོ་ནས་ཐུབ་པ་ལ་བསྟོད་པ་བསྟན་ཏོ། །གསུམ་པ་ནི། ཚད་མའི་སྒོ་ནས་ཐུབ་པ་ལ་བསྟོད་པ་ཆོས་ཅན། དགོས་པ་ཁྱད་པར་ཅན་ཡོད་དེ། འདིར་བཤད་པའི་ཚད་མའི་མཚན་ཉིད་སོགས་ཐུབ་པའི་གསུང་རབ་ལས་བྱུང་བ་ལྟར་ཡིན་གྱི་ཁོ་བོས་རང་དགར་བཞག་པ་མ་ཡིན་ནོ་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། ཚད་མར་གྱུར་པ་ཞེས་སྨོས་པ་ཆོས་ཅན། རྣམ་བཅད་ཡོངས་གཅོད་ཀྱི་དགོས་པ་གཉིས་ཡོད་དེ། ཚད་མའི་སྐྱེས་བུ་ཡང་ཡིན་རང་བྱུང་གི་རྟག་དངོས་ཀྱང་ཡིན་པའི་གཞི་མཐུན་དགག་པའི་ཆེད་ཡིན་པའི་ཕྱིར་དང་། ཚད་མའི་སྐྱེས་བུ་དེ་རང་རྒྱུ་བསམ་སྦྱོར་ཕུན་སུམ་ཚོགས་པ་ལས་བྱུང་བར་རྟོགས་པའི་ཆེད་ཡིན་པའི་ཕྱིར། ཚད་མའི་སྐྱེས་བུའི་རྒྱུ་བསམ་སྦྱོར་ཕུན་ཚོགས་པ་གང་ཞེ་ན། དེ་ཡང་གཉིས་ཏེ། བསམ་པ་དང་། སྦྱོར་བའོ། །དང་པོ་ནི། ཚད་མའི་སྐྱེས་བུ་ཆོས་ཅན། རང་རྒྱུ་འགྲོ་བ་ལ་ཕན་པར་བཞེད་པའི་སྙིང་རྗེ་སྔོན་དུ་སོང་སྟེ། འགྲོ་བ་སྡུག་བསྔལ་ལས་སྒྲོལ་བར་འདོད་པའི་སྙིང་རྗེ་ཡང་ཡང་གོམས་པ་མཐར་ཕྱིན་པ་ལས་ཁྱོད་དུ་འགྱུར་དགོས་པའི་ཕྱིར། གཉིས་པ་ནི། བརྩེ་ལྡན་བྱང་སེམས་སྦྱོར་ལམ་པ་ཆོས་ཅན། སྟོན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གདུལ་བྱ་གཞན་གྱི་སྡུག་བསྔལ་ཞི་བར་བྱ་བའི་དོན་དུ་ཐོག་མར་རང་གི་སྡུག་བསྔལ་ཞི་བའི་ཐབས་ལ་སྦྱོར་ཞིང་གོམས་པར་བྱེད་པས་དེ་ལྟར་བརྗོད་པའི་ཕྱིར། དེས་ན་ཐུབ་པ་ཆོས་ཅན། རྒྱུ་མེད་མ་ཡིན་ཏེ། རང་རྒྱུ་བསམ་སྦྱོར་ཕུན་སུམ་ཚོགས་པ་ལས་བྱུང་བའི་ཕྱིར། འབྲས་བུ་ཕུན་སུམ་ཚོགས་པ་གང་ཞེ་ན། དེ་ཡང་རང་དོན་དང་། གཞན་དོན་ནོ། །དང་པོ་ནི། སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། བདེ་བར་གཤེགས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྤངས་རྟོགས་ཕུན་ཚོགས་པ་དང་ལྡན་པས་དེ་ལྟར་བཤད་པའི་ཕྱིར། དེ་ཡང་སུ་ག་ཏའི་སྒྲ་བདེ་བར་གཤེགས་པ་ལ་འཇུག་པས། ཁྱད་པར་གསུམ་དང་ལྡན་པ་གཟུགས་ལེགས་པ་བཞིན་དུ་མཛེས་པར་གཤེགས་པ་དང་། རིམ་ནད་ལེགས་པར་བྱང་བ་བཞིན་དུ་སླར་མི་ལྡོག་པར་གཤེགས་དང་། བུམ་པ་ལེགས་པར་གང་བ་བཞིན་དུ་མ་ལུས་པར་གཤེགས་པ་དང་ལྡན་པའི་ཕྱིར། དེ་ཡང་རིམ་པ་བཞིན་དུ་ཆགས་པ་མངོན་གྱུར་བ་དང་བྲལ་བའི་ཕྱི་རོལ་པ་དང་། སློབ་པ་དང་། དམན་པའི་དགྲ་བཅོམ་ལས་ཁྱད་པར་དུ་བྱས་པའོ། །གཉིས་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། སྐྱོབ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། འགྲོ་བ་སྡུག་བསྔལ་ལས་སྒྲོལ་བར་བྱེད་པས་དེ་ལྟར་བཤད་པའི་ཕྱིར། ཚུལ་འདི་རྣམ་རྒྱས་པར་ནི་ཚད་མ་རྣམ་པར་འགྲེལ་པ་ལས་ཤེས་པར་བྱའོ། །གཉིས་པ་ནི། དཔལ་ལྡན་ཕྱོགས་ཀྱི་གླང་པོ་ཆོས་ཅན། དོན་གཉིས་ཕུན་ཚོགས་པ་དང་ལྡན་པའི་ཐུབ་པ་ལ་ཕྱག་འཚལ་བའི་རྒྱུ་མཚན་ཡོད་དེ། དེ་ལ་སྒོ་གསུམ་གུས་པའི་ཚུལ་གྱིས་འདུད་པས་དེ་ལྟར་བཤད་པའི་ཕྱིར། གཉིས་པ་ནི། ཕྱག་འཚལ་ནས་ཅི་བྱེད་ཅེ་ན། ཁ་ལག་ཁྲུས་བྱས་ནས་ཟས་ཟའོ་ཞེས་པ་ལྟར་འོག་མ་འདྲེན་པའི་ཚིག་སྟེ། ཕྱག་འཚལ་ནས་བྱ་བ་ཁྱད་པར་ཅན་འདི་བྱེད་ཅེས་སྔ་ཕྱི་མཚམས་སྦྱོར་བའི་དོན་དུ་ནས་ཅེས་སྨོས་སོ། །བྱ་བ་ཅི་ཞིག་བྱེད་ཅེ་ན། ཕྱག་འཚལ་ནས་བྱ་བ་བྱེད་པ་མེད་པ་མ་ཡིན་ཏེ། ཕྱག་འཚལ་ནས་ཚད་མ་ཀུན་ལས་བཏུས་པ་བརྩམ་པར་བྱ་བ་ཡིན་པའི་ཕྱིར། ཞེས་སྦྲེལ་ལོ། །དགོས་ཆེད་ཅིའི་ཕྱིར་དུ་བྱེད་ཅེ་ན། རྣམ་བཅད་ཡོངས་གཅོད་ཀྱི་དགོས་པ་གཉིས་ཡོད་ཏེ། མུ་སྟེགས་ཀྱིས་བརྟགས་པའི་ཚད་མའི་སྐྱེས་བུ་དང་མངོན་རྗེས་སོགས་དགག་པ་དང་། རང་གིས་བཞག་པའི་ཚད་མའི་སྐྱེས་བུ་དང་མངོན་སུམ་གྱི་ཚད་མ་ལ་སོགས་པ་སྐྱོན་མེད་དུ་བསྒྲུབ་པར་བྱ་བའི་ཕྱིར་དུ་ཡིན་པའི་ཕྱིར། འོ་ན་རིགས་པའི་སྒོ་ལ་སོགས་པ་ལས་བསྟན་པ་དང་ཁྱད་པར་ཡོད་དམ་མེད། ཡོད་ན་སྟོན་དགོས་ཏེ། ཡོད་པ་ཐམས་ཅད་ཚད་མ་ལ་སྣང་དུ་རུང་བའི་ཕྱིར། མེད་ན་ཟློས་པའི་ཉེས་པ་ཅན་དུ་འགྱུར་རོ་ཞེ་ན། ཁྱད་པར་མེད་པར་ཁས་མི་ལེན་ལ་རིགས་པའི་སྒོ་ལ་སོགས་པ་ལས་ཁྱད་པར་ཡོད་པར་ཁས་ལེན་ལ་ཡོད་པ་ཚད་མའི་ལམ་དུ་སྟོན་ཡང་ནུས་ཏེ། རིགས་པའི་སྒོར་ནི་མདོར་བསྡུས་པ་ལ་དགའ་བའི་གདུལ་བྱ་རྗེས་སུ་བཟུང་བའི་ཆེད་དུ་ཕྱོགས་ཙམ་ཞིག་བསྟན་པ་ཡིན་ལ། འདིར་ནི་རྒྱས་པ་ལ་དགའ་བའི་གདུལ་བྱ་རྗེས་སུ་བཟུང་བའི་ཆེད་དུ་མངོན་སུམ་གྱི་ཚད་མའི་མཚན་ཉིད་ལ་སོགས་པ་སྤྱིར་བཏང་དམིགས་ཀྱིས་བསལ་བའི་སྒོ་ནས་བསྟན་པའི་ཕྱིར་རོ། །འོ་ན་རིགས་པའི་སྒོ་ལ་སོགས་པ་ལས་ཅི་ལྟར་བསྟན་ཅེ་ན། རིགས་པའི་སྒོར་དབང་རྣོན་རྗེས་སུ་བཟུང་བའི་ཆེད་དུ་ཕྱོགས་ཙམ་ཞིག་བསྟན་པ་ཡིན་ཏེ། དེ་ཡང་སྒོ་ཙམ་འདི་ནི་དམ་པའི་དོན་གྱི་ཚུལ། །ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་སྔ་མས་མདོར་བསྡུས་པ་ལ་དགའ་བ་རྗེས་སུ་བཟུང་བ་དང་། གཡོ་སྒྱུ་རྣམས་ཞེས་པ་ལ་སོགས་པ་ཕྱེད་ཕྱི་མས་དབང་པོ་རྟུལ་པོ་ལ་ཕན་པར་མི་འགྱུར་བར་བསྟན་ནོ། །གཞན་ཡང་རིགས་པའི་སྒོ་དེར་མངོན་སུམ་རྟོག་པ་དང་བྲལ་བ་ཞེས་མངོན་སུམ་གྱི་མཚན་ཉིད་སྤྱིར་བཏང་ཙམ་གསུང་གི་དམིགས་བསལ་མ་གསུངས་པས་ནི་ཟླ་བ་གཉིས་སྣང་གི་ཤེས་པ་ཡང་མངོན་སུམ་དུ་གོ་བར་འགྱུར་རོ་ཞེས་རྒྱལ་དབང་བློ་འཆད་དོ། །དེས་ན་འདིར་བསྟན་པ་ནི་རིགས་པའི་སྒོར་བསྟན་པ་དང་ཁྱད་པར་མེད་པ་མ་ཡིན་སྟེ། ཚད་མའི་མཚན་ཉིད་སོགས་གཞུང་སྣ་ཚོགས་སུ་འཐོར་ནས་བསྟན་པ་རྣམས་ལས་རྟོགས་པར་དཀའ་བས་བདེ་བླག་དུ་རྟོགས་པའི་ཆེད་དུ་འདིར་བསྡུས་ནས་བསྟན་པའི་ཕྱིར། གཞུང་གཞན་རྣམས་ལ་ཁ་འཕངས་པའི་ཚུལ་གྱིས་བྱ་བ་ཡིན་ནམ་ཞེ་ན། འདིར་མ་བསྟན་པར་གཞན་ལ་ཁ་འཕངས་པ་ཙམ་བྱེད་པ་མ་ཡིན་ཏེ། རིགས་པའི་སྒོ་དང་རླུང་གི་རབ་བྱེད་སོགས་རང་གི་གཞུང་ཀུན་ལས་རྫོགས་པར་བཏུས་ཏེ་འདིར་བསྟན་བཅོས་ཀྱི་ལུས་གཅིག་ཏུ་བྱ་བ་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། ཙ་ར་ཀ་བསྡུས་པར། མེ་དབལ་རྣམ་རབ་ཞི་དོན་དུ། །འདིར་ནི་ལས་རྣམས་གང་བཤད་པ། །དེ་རྣམས་ཐམས་ཅད་གཅིག་ཏུ་སྟེ། །ཁྲག་འབྱིན་བྱེད་པ་གཅིག་ཏུའོ། །ཞེས་བཤད་པ་བཞིན་ནོ། །གཉིས་པ་ཀུན་ལས་བཏུས་པའི་བཤད་པ་ཉེ་བར་དགོད་པ་ནི། རིགས་པའི་སྒོར། མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་བཅས་པ་བདག་རིག་ཕྱིར། །སྒྲུབ་པ་དང་ནི་སུན་འབྱིན་ངག །ལྟར་སྣང་བཅས་པ་གཞན་རྟོགས་ཕྱིར། །ཞེས་རྟོག་གེའི་དོན་བརྒྱད་དོན་ཚན་གཉིས་སུ་བསྡུས་ནས་བཤད་པ་བཞིན་དུ་དོན་ཚན་གཉིས་སུ་བྱེད་ན། རྣམ་པ་གཉིས་ཏེ། རང་གིས་གཞལ་བྱའི་གནས་མ་ལུས་པ་རྟོགས་པའི་ཐབས་བཤད་པ་དང་། དེ་ལ་བརྟེན་ནས་གདུལ་བྱ་གཞན་རྗེས་སུ་འཛིན་པའི་ཐབས་བཤད་པའོ། །དང་པོ་ལ་གཉིས་ཏེ། གཞལ་བྱ་མངོན་གྱུར་རྟོགས་པའི་ཐབས་བཤད་པ་དང་། ལྐོག་གྱུར་རྟོགས་པའི་ཐབས་བཤད་པའོ། །དང་པོ་ལ་གཉིས་ཏེ། ལེའུའི་གཞུང་བཤད། ལེའུའི་མཚན་བསྟན་པའོ། །དང་པོ་ལ་གཉིས་སྟེ། རང་ལུགས་ཀྱི་མངོན་སུམ་སྒྲུབ་པ་དང་། གཞན་གྱིས་བརྟགས་པའི་མངོན་སུམ་དགག་པའོ། །དང་པོ་ལ་གསུམ་སྟེ། ཚད་མའི་གྲངས་དང་སྤྱོད་ཡུལ་ལ་ལོག་རྟོག་བསལ་བ་དང་། མངོན་སུམ་གྱི་ཚད་མའི་ངོ་བོ་ལ་ལོག་རྟོག་བསལ་བ་དང་། འབྲས་བུ་ལ་ལོག་པར་རྟོག་པ་བསལ་བའོ། །དང་པོ་གསུམ་སྟེ། ཚད་མ་གཉིས་ཀྱི་རྫས་སྤངས་པའི་ཚད་མ་དགག་པ་དང་། གཞལ་བྱ་གཉིས་ཀྱི་རྫས་སྤངས་པའི་གཞལ་བྱའི་རྫས་མེད་པའི་རྟགས་ཀྱིས་ཚད་མ་གཉིས་ཀྱི་རྫས་སྤངས་པའི་ཚད་མའི་རྫས་མེད་པར་སྒྲུབ་པ་དང་། སྔ་མའི་རྒྱུ་མཚན་རྒྱས་པར་བཤད་པའོ། །དང་པོ་ནི། ཁ་ཅིག་ན་རེ། ཚད་མ་ཡིན་ན་རང་ལས་ངེས་ཡིན་དགོས་ན་ཚད་མའི་མཚན་ཉིད་སྟོན་པའི་བསྟན་བཅོས་དོན་མེད་དོ་ཅེས་ཟེར་བ་དང་། ཡང་ཁ་ཅིག་གིས་ནི་ཚད་མ་ཡིན་ན་རང་གི་གཟུང་ཡུལ་དུ་དངོས་པོ་འཛིན་པས་ཁྱབ་པས། རྗེས་དཔག་ནི་ཚད་མ་ཡིན་ཏེ། རང་གི་གཟུང་ཡུལ་དུ་དངོས་པོ་མི་འཛིན་པའི་ཕྱིར། དེས་ན་ཚད་མ་ཡིན་ན་མངོན་སུམ་ཡིན་པས་ཁྱབ་ཟེར་རོ། །ཡང་ལ་ལ་ནི། མངོན་རྗེས་གང་རུང་སྤངས་པའི་ཚད་མ་གསུམ་པ་ཡོད་ཏེ། དཔེ་ཉེར་འཇལ་དང་། དོན་གྱིས་གོ་བ་དང་། ཞེས་གྲགས་པ་དང་། སྙམ་སེམས་པ་དང་། སྒྲ་ཙམ་ལས་ཞེན་པའི་བརྗོད་བྱ་དཔོག་པའི་ཚད་མ་རྣམས་ནི་མངོན་རྗེས་གང་རུང་སྤངས་པའི་ཚད་མར་འདོད་དོ། །འདི་དགག་པ་ལ་གཉིས་ཏེ། སྤྱིའི་དོན་དང་། ཡན་ལག་གི་དོན་ནོ། །དང་པོ་ནི། ཁ་ཅིག་ན་རེ། མངོན་རྗེས་གང་རུང་ལས་རྫས་གཞན་པའི་ཚད་མ་མེད་དེ། རང་སྤྱི་གང་རུང་ལས་རྫས་གཞན་པའི་གཞལ་བྱ་མེད་པའི་ཕྱིར་ཞེས་འགོད་པ་ནི་མི་འཐད་དེ། དེས་མངོན་རྗེས་གཉིས་སུ་མ་འདུས་པའི་ཚད་མ་ཕུང་གསུམ་འདོད་པའི་ལོག་རྟོག་ཁེགས་ཀྱང་ཚད་མ་མངོན་སུམ་ཁོ་ནར་ངེས་པར་འདོད་པའི་ལོག་རྟོག་མི་ཁེགས་པའི་ཕྱིར། དེས་ན་ཚད་མ་མངོན་རྗེས་གཉིས་སུ་གྲངས་ངེས་པ་ཡིན་ཏེ། གཞལ་བྱ་རང་མཚན་དང་སྤྱི་མཚན་གཉིས་སུ་གྲངས་ངེས་པའི་ཕྱིར་ཞེས་ཟེར་རོ། །དེ་ནི་རིགས་པའི་རྣམ་གཞག་མ་ཤེས་པ་ཡིན་ཏེ། ཚད་མ་མངོན་སུམ་དུ་གྲངས་ངེས་པར་ཐལ། གཞལ་བྱ་སྤྱི་མཚན་དུ་གྲངས་ངེས་པའི་ཕྱིར་ཞེས་བརྗོད་ན་ལན་ཅི་ཡོད། མ་གྲུབ་སྟེ། གཞལ་བྱ་ཡིན་ན་སྤྱི་མཚན་ཡིན་པས་མ་ཁྱབ་པའི་ཕྱིར་ཞེས་སྨྲ་ན། ཚད་མ་མངོན་རྗེས་གཉིས་སུ་གྲངས་ངེས་པ་མ་ཡིན་པར་ཐལ། ཚད་མ་ཡིན་ན་མངོན་རྗེས་གང་རུང་ཡིན་པས་མ་ཁྱབ་པའི་ཕྱིར། ཞེས་བརྗོད་ན་ལན་ཅི་ཡོད། གལ་ཏེ་ཚད་མ་དེ་མངོན་རྗེས་གཉིས་སུ་གྲངས་ངེས་པར་ཐལ། གཞལ་བྱ་རང་མཚན་སྤྱི་མཚན་གཉིས་སུ་གྲངས་ངེས་པའི་ཕྱིར། མ་ཁྱབ་ན། གཞལ་བྱ་རང་མཚན་དང་སྤྱི་མཚན་གཉིས་སུ་གྲངས་ངེས་པའི་རྟགས་ཀྱིས་ཚད་མ་མངོན་རྗེས་གཉིས་སུ་གྲངས་ངེས་པར་སྒྲུབ་པ་མི་རིགས་པར་འགྱུར་རོ་ཞེ་ན། འོ་ན་ཚད་མ་ཡིན་ན་མངོན་རྗེས་གང་རུང་ཡིན་དགོས་པར་འགྱུར་ཏེ། གཞལ་བྱ་ཡིན་ན་རང་མཚན་དང་སྤྱི་མཚན་གང་རུང་ཡིན་དགོས་པའི་ཕྱིར། མ་ཁྱབ་ན་སྔ་མ་བཞིན་དུ་འགྱུར་རོ། །ཞེས་བརྗོད་ན་ལན་ཅི་ཡོད། གལ་ཏེ། ཚད་མ་མངོན་རྗེས་གཉིས་སུ་གྲངས་ངེས་པ་ཡིན་ཏེ། སྒྲུབ་ཕྱོགས་ལ་ཕུང་གསུམ་ཁེགས་པ་དང་། དགག་ཕྱོགས་ལ་ཕུང་གསུམ་ཁེགས་པའི་ཕྱིར། སྔ་མ་མ་གྲུབ་ན་དེར་ཐལ། སྒྲ་འཛིན་དབང་མངོན་ལྟ་བུ་གཞིར་བྱས་ནས། མངོན་སུམ་ཡིན་པ་ཡོངས་གཅོད་ལ་གྲུབ་ན་རྗེས་དཔག་ཡིན་པ་རྣམ་བཅད་ལ་ཁེགས་ཅིང་ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་ལྟ་བུ་གཞིར་བྱས་ནས་རྗེས་དཔག་ཡིན་པ་ཡོངས་གཅོད་ལ་གྲུབ་པ་དང་། མངོན་སུམ་ཡིན་པ་རྣམ་བཅད་ལ་ཁེགས་པའི་ཕྱིར། དགག་ཕྱོགས་ལ་ཕུང་གསུམ་པ་ཁེགས་ཏེ་རང་ཡིན་གྱི་ཚད་མ་ཡིན་པ་དང་། ཁྱོད་ཡིན་ཏུ་གྱུར་པའི་རྗེས་དཔག་མེད་ན་ཁྱོད་མངོན་སུམ་ཡིན་དགོས། ཁྱོད་ཡིན་དུ་གྱུར་པའི་མངོན་སུམ་ཡིན་པ་མེད་ན་ཁྱེད་རྗེས་དཔག་ཡིན་དགོས་པའི་ཕྱིར་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། ཚད་མ་དེ་རང་རིག་མངོན་སུམ་དང་རྗེས་དཔག་གཉིས་སུ་གྲངས་ངེས་པར་འགྱུར་ཏེ། བསྒྲུབ་ཕྱོགས་ལ་ཕུང་གསུམ་ཁེགས་པ་དང་། དགག་ཕྱོགས་ལ་ཕུང་གསུམ་ཁེགས་པའི་ཕྱིར། དང་པོ་མ་གྲུབ་ན། དེར་ཐལ། བདེ་མྱོང་རང་རིག་མངོན་སུམ་ལྟ་བུ་གཞིར་བྱས་ནས་རང་རིག་མངོན་སུམ་ཡིན་པ་ཡོངས་གཅོད་ལ་གྲུབ་པ་དང་། རྗེས་དཔག་ཡིན་པ་རྣམ་བཅད་ལ་ཁེགས་པའི་ཕྱིར་དང་། ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་ལྟ་བུ་གཞིར་བྱས་ནས་རྗེས་དཔག་ཡིན་པ་ཡོངས་གཅོད་ལ་གྲུབ་པ་དང་། རང་རིག་མངོན་སུམ་ཡིན་པ་རྣམ་བཅད་ལ་ཁེགས་པའི་ཕྱིར་ཞེས་བརྗོད་ན་ཅི་ཟེར། སྔ་མའི་གཉིས་པ་མ་གྲུབ་ན་ཁས་བླངས་མོད། ཁས་བླངས་གསལ་བར་སྟོན་པ་ནི། དེར་ཐལ། རང་ཡིན་གྱི་ཚད་མ་ཡིན་པ་དང་། ཁྱོད་ཡིན་དུ་གྱུར་པའི་རྗེས་དཔག་ཡིན་པ་མེད་ན་ཁྱེད་རང་རིག་མངོན་སུམ་ཡིན་དགོས་པ་དང་། ཁྱོད་ཡིན་དུ་གྱུར་པའི་རང་རིག་མངོན་སུམ་ཡིན་པ་མེད་ན་ཁྱོད་རྗེས་དཔག་ཡིན་དགོས་པའི་ཕྱིར། ཞེས་བརྗོད་ན་ལན་ཅི་ཡོད་ལེགས་པར་སོམས་ཤིག གལ་ཏེ། ཚད་མ་དེ་རང་རིག་མངོན་སུམ་དང་རྗེས་དཔག་གཉིས་སུ་གྲངས་ངེས་པར་ཐལ་བ་འདོད་དོ་ཞེ་ན། འོ་ན་ཚད་མ་དེ་མངོན་སུམ་དུ་གྲངས་ངེས་པར་འདོད་པ་ཇི་ལྟར་འགོག འོ་ན་རྗེས་དཔག་ཚད་མ་མ་ཡིན་པར་འགྱུར་རོ་ཞེ་ན། འོ་ན་དབང་པོའི་མངོན་སུམ་ཚད་མ་མ་ཡིན་པར་འགྱུར་ཏེ། ཚད་མ་དེ་རང་རིག་མངོན་སུམ་དང་རྗེས་དཔག་གཉིས་སུ་གྲངས་ངེས་པའི་ཕྱིར། ཞེས་བརྗོད་ན་ལན་ཅི་ཡོད་ལེགས་པར་སོམས་ཤིག དགག་སྒྲུབ་རྒྱས་པར་ནི་གཞན་དུ་བྱས་ཡོད་པས་དེར་བལྟ་བར་བྱའོ། །རང་གི་ལུགས་ཅུང་ཟད་བརྗོད་ན། གྲངས་གཞན་འགོག་པར་བྱེད་པ་ལ་རྟགས་རྣམ་པ་གཉིས་སྟེ། གང་ཞིག་དགག་པས་གྲངས་མང་བ་ཁེག་པ་དགག་པའི་གཏན་ཚིགས་དང་། གང་ཞིག་བསྒྲུབས་པས་གྲངས་འགྲུབ་པའི་སྒྲུབ་རྟགས་གཉིས་སོ། །དེ་ལ་དང་པོ་ནི། གྲངས་ཅན་སོགས་མངོན་རྗེས་གཉིས་ཀྱིས་རྫས་སྤངས་པའི་ཚད་མ་འདོད་པ་ལ། མངོན་རྗེས་གཉིས་ཀྱི་རྫས་སྤངས་པའི་ཚད་མའི་རྫས་མེད་དེ། རང་སྤྱི་གཉིས་ཀྱི་རྫས་སྤངས་པའི་གཞལ་བྱའི་རྫས་མེད་པའི་ཕྱིར། དོན་འདི་ལ་དགོངས་ནས། འདིར་ཡང་མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ་ཞེས་དང་། རྣམ་པར་ངེས་པར་ཡང་། ཡང་དག་པའི་ཤེས་པ་དེ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང་ནི་དཔག་པའོ། །ཞེས་དང་། རྣམ་པར་འགྲེལ་པ་ལས་ཀྱང་། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་ནི། མངོན་སུམ་དང་། རྗེས་སུ་དཔག་པ་ཆོས་ཅན། ཚད་མ་ཡིན་ཏེ། རང་གིས་ཡོངས་སུ་བཅད་པའི་དོན་ལ་གསར་དུ་མི་བསླུ་བའི་ཤེས་པ་ཡིན་པའི་ཕྱིར། དོན་འདི་ལ་དགོངས་ནས། འདིར་ཡང་དང་ཞེས་སྡུད་པའི་ཚིག་སྨོས་པ་དང་། རྣམ་པར་ངེས་པ་ལས་ཀྱང་། འདི་དག་གིས་དོན་ཡོངས་སུ་བཅད་ནས་འཇུག་པ་ན་དོན་བྱ་བ་ལ་བསླུ་བ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །དོན་འདི་ལྟར་དུ་ལོ་ཆེན་གྱིས་བཤད་པ་ལྟར་ཁོ་བོས་བཤད་པ་ཡིན་ནོ། །འདི་ལྟར་དུ་བཤད་ཤེས་ན་རིགས་པའི་དབང་ཕྱུག་གཉིས་ཀྱི་དགོངས་པ་རིགས་པའི་ལམ་དུ་སྒྲུབ་པར་ནུས་པ་ཡིན་གྱི་གཞན་གྱིས་བཤད་པ་བྱེད་པ་ལྟར་ན་དམ་པ་གཉིས་ཀྱི་དགོངས་པ་རིགས་པའི་ལམ་ལས་འདས་པ་ཡིན་ནོ། །དེས་ན་རང་ཉིད་ཀྱི་བློ་གྲོས་རྩིང་པོའི་བཤད་པས་མཁས་མཆོག་གི་དགོངས་པ་ཆུད་ཟོས་སུ་བཏང་བར་མི་བྱའོ། །རང་ལས་ངེས་པའི་ཚད་མའི་དོན་ད་ང་། དེའི་ཐ་སྙད་འདོགས་པའི་ཚུལ་དཔྱད་པ་ནི། ཁོ་བོས་ཚད་མ་རིགས་པའི་གཏེར་གྱི་རྒྱན་དུ་རྒྱས་པར་བཤད་ཡོད་པས་དེར་བལྟ་བར་བྱའོ། །གཉིས་པ་ནི། མངོན་སུམ་དང་ནི་རྗེས་སུ་དཔག་པའི་རྫས་སྤངས་པའི་ཚད་མའི་རྫས་མེད་དེ། དེ་ཡོད་ན་དེ་ཚད་མས་དམིགས་དགོས་པ་ལས་དེ་ལྟར་དམིགས་པའི་ཕྱིར། འོ་ཞེས་པ་ནི་ཡོངས་སུ་རྫོགས་པའི་ཚིག་གོ །གཉིས་པ་ནི། མངོན་རྗེས་གང་རུང་སྤང་པའི་ཚད་མ་མེད་དེ། མཚན་ཉིད་སྟེ། རང་སྤྱི་གཉིས་སྤངས་པའི་གཞལ་བྱ་མེད་པའི་ཕྱིར། རང་འགྲེལ་མིན་ཡང་འགྲེལ་པ་འདིའི་དགོངས་པ་ཡང་འདི་བཞིན་དུ་སྣང་ངོ་། འགྲེལ་པ་འདིར་རང་འགྲེལ་ཡིན་པར་འདོད་བཞིན་དུ་ཚད་མ་གཉིས་ཁོ་ནར་ངེས་ཏེ། གཞལ་བྱ་རང་སྤྱི་གཉིས་སུ་ངེས་པའི་ཕྱིར་ཞེས་འགོད་པ་ནི་འགྲེལ་པ་འདི་ཚར་གཅིག་བལྟ་མ་མྱོང་བར་འདུག་གོ །གསུམ་པ་ལ་གཉིས་ཏེ། མངོན་རྗེས་ཀྱི་རྫས་སྤངས་པའི་རང་སྤྱི་འདྲེས་པ་འཛིན་པའི་ཚད་མ་དགག་པ་དང་། དེ་སྤངས་པའི་ཁྱད་པར་ངོ་ཤེས་ཀྱི་ཚད་མ་དགག་པའོ། །དང་པོ་ནི། སྔོན་པོའི་ཁ་དོག་མི་རྟག་པའོ་སྙམ་པའི་ཚད་མ་ནི། མངོན་རྗེས་སྤངས་པའི་རང་སྤྱི་འདྲེས་པ་འཛིན་པའི་ཚད་མ་ཡིན་ཏེ། སྔོན་པོའི་ཁ་དོག་རང་མཚན་ཡིན་ལ་མི་རྟག་པ་སྤྱི་ཡིན་ཅིང་། དེ་འདྲེས་པ་འཛིན་པས་མངོན་རྗེས་གཉིས་སྤངས་པ་ཡིན་ནོ་ཞེས་ཟེར་རོ། །ཁ་དོག་མི་རྟག་པའོ་སྙམ་པའི་ཞེན་པའི་ཚད་མ་ཆོས་ཅན། མངོན་རྗེས་གང་རུང་གི་རྫས་སྤངས་པའི་འདྲེས་པ་འཛིན་པའི་ཚད་མ་གཞན་དུ་ནི་ཡོད་པ་མ་ཡིན་པར་ཐལ། ཁ་དོག་གི་རང་མཚན་གཟུང་ཡུལ་དུ་བྱེད་པ་མ་ཡིན་གྱི་ཁ་དོག་གི་སྤྱི་དེ་ལ་མི་རྟག་པར་རབ་ཏུ་སྦྱོར་བའི་སྤྱི་མཚན་གཟུང་ཡུལ་དུ་བྱེད་པའི་ཞེན་པའི་ཚད་མ་ཡིན་པའི་ཕྱིར། འགྲེལ་བཤད་མཁན་པོ་དང་དེའི་རྗེས་སུ་འབྲང་བ་དག བྱས་པའི་རྟགས་ལས་ཁ་དོག་མི་རྟག་པར་རྟོགས་པའི་ཚད་མ་ཆོས་ཅན་དུ་འཇོག་མོད་ཀྱང་རྣམ་པར་འགྲེལ་པའི་གཞུང་འཆད་པའི་འཕྲོས་དང་མི་མཐུན་པར་མཐོང་ངོ་། །ཁ་དོག་གི་རང་མཚན་ལ་མི་རྟག་པ་སྦྱོར་བར་མི་བྱེད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཁ་དོག་གི་རང་མཚན་གཟུང་ཡུལ་དུ་མི་བྱེད་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །མ་གྲུབ་ན། མངོན་སུམ་གྱི་རྫས་མ་སྤངས་པར་ཐལ། རང་མཚན་གཟུང་ཡུལ་དུ་བྱེད་པའི་ཚད་མ་ཡིན་པའི་ཕྱིར། འདིའི་དོན་རྒྱས་པར་རྣམ་པར་འགྲེལ་པ་ལས་ཤེས་པར་བྱའོ། །གཉིས་པ་ནི། སྔར་ཁང་པའི་ནང་དུ་མངོན་སུམ་གྱིས་ཙན་དན་གྱི་མེའི་རང་མཚན་རྟོགས་ནས་ཕྱིས་དུ་བའི་རྟགས་ལས་སྔར་རྟོགས་ཟིན་པའི་ཙན་དན་མེའི་རང་མཚན་ནོ་སྙམ་པའི་བློ་ནི། མངོན་སུམ་མ་ཡིན་ཏེ། རྟགས་ལས་ལྟོས་པའི་ཕྱིར། རྗེས་དཔག་མ་ཡིན་སྟེ། རྟགས་ཆོས་ཀྱི་འབྲེལ་པ་ལ་མི་བརྟེན་པའི་ཕྱིར། དེས་ན་དེ་མངོན་རྗེས་ཀྱི་རྫས་སྤངས་པའི་ཚད་མ་ཡིན་ཏེ། གཉིས་པོ་མ་ཡིན་ཅིང་རང་མཚན་གཟུང་ཡུལ་དུ་རྟོགས་པའི་ཕྱིར། ཞེ་ན། ཡང་ཡང་ཤེས་པ་སྟེ། རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་རྟོགས་ཟིན་བྱེད་པ་མ་ཉམས་པའི་དོན་ལ་སྔར་གྱི་དེའོ་སྙམ་པའི་ཤེས་པ་ཆོས་ཅན། མངོན་རྗེས་ཀྱི་རྫས་སྤངས་པའི་ཚད་མ་མ་ཡིན་ཏེ། དེ་ལྟར་ན་ཤེས་པ་ཐམས་ཅད་ཚད་མར་འགྱུར་བས་ཚད་མ་ཐུག་པ་མེད་པར་འགྱུར་བའི་ཕྱིར། གལ་ཏེ་རྟོགས་ཟིན་གྱི་དོན་རྟོགས་པས་ཚད་མའི་མཚན་ཉིད་རྫོགས་ན། དྲན་པ་སོགས་ཆོས་ཅན། ཚད་མར་ཐལ། རྟོགས་ཟིན་གྱི་དོན་རྟོགས་པའི་ཕྱིར། ཞེས་པ་བཞིན་ནོ། །འདི་ལྟར་བཤད་པ་ནི་རྣམ་པར་ངེས་པ་ལས་འབྱུང་བ་ལྟར་བཤད་པ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། སྤྱིར་བཏང་པའི་ཚུལ་གྱིས་མངོན་སུམ་གྱི་མཚན་ཉིད་བཤད་པ་དང་། དབྱེ་བ་དང་། གཟུང་ཡུལ་ལ་མ་འཁྲུལ་བ་མངོན་སུམ་གྱི་མཚན་ཉིད་ལྷག་མར་ཤེས་པའི་དོན་དུ་མངོན་སུམ་ལྟར་སྣང་ལ་སྡེ་ཚན་གཉིས་སུ་དབྱེ་བའོ། །དང་པོ་ནི། རྟོག་པ་དང་བྲལ་ཞེས་པ་སྟེ། རྟོག་པ་མིན་ཞིང་གཟུང་ཡུལ་ལ་མ་འཁྲུལ་བའི་ཤེས་པ་ནི་མངོན་སུམ་མོ་ཞེས་སྦྱར་རོ། །གལ་ཏེ་འདིར་སྤྱིར་བཏང་གི་ཚིག་ལས་བྱུང་བ་མ་ཡིན་ནམ་མ་འཁྲུལ་བ་མཚན་ཉིད་ཀྱི་ཟུར་དུ་སྨོས་པ་ཅི་ལྟར་ཡིན་ཞེ་ན། དེ་ལྟར་བྱུང་ཡང་འོག་ནས་དམིགས་བསལ་གྱིས་འཕངས་པའམ། མ་འཁྲུལ་བ་སྦྱར་བར་བྱ་བ་ཡིན་ཏེ། རྣམ་པར་ངེས་པ་ལས། འོ་ན་ནི་རྣམ་པར་རྟོག་པ་མེད་འི་ཕྱིར་གསལ་བར་སྣང་བའི་རྨི་ལམ་གྱི་ཤེས་པ་མངོན་སུམ་དུ་འགྱུར་རོ་ཞེ་ན་མ་ཡིན་ཏེ། མ་འཁྲུལ་བ་ཞེས་བསྟན་པའི་ཕྱིར་ཞེས་གསུངས་པའི་ཕྱིར་རོ། །འོ་ན་རྣམ་ངེས་སུ་མངོན་སུམ་གྱི་མཚན་ཉིད་བསྟན་པ་དང་འདིར་མངོན་སུམ་གྱི་མཚན་ཉིད་བསྟན་པའི་ཚུལ་ལ་ཁྱད་པར་ཅི་ཡོད་ཅེ་ན། འདིར་ནི་སྔོ་འཛིན་གྱི་དབང་མངོན་ལྟ་བུ་རྟོག་པ་མ་ཡིན་པར་སྒྲུབ་ནས་དེ་དང་གཟུང་ཡུལ་དུ་ལམ་གྱི་ཤེས་པ་མངོན་དུ་འགྱུར་རོ་ཞེ་ན་མ་ཡིན་ཏེ། མ་འཁྲུལ་བ་ཞེས་བསྟན་པའི་ཕྱིར་ཞེས་གསུངས་པའི་ཕྱིར། འོ་ན་རྣམ་ངེས་སུ་མངོན་སུམ་གྱི་མཚན་ཉིད་བསྟན་པ་དང་འདིར་མངོན་སུམ་གྱི་མཚན་ཉིད་བསྟན་པའི་ཚུལ་ལ་ཁྱད་པར་ཅི་ཡོད་ཅེ་ན། འདིར་ནི་སྔོ་འཛིན་གྱི་དབང་མངོན་ལྟ་བུ་རྟོག་པ་མ་ཡིན་པར་བསྒྲུབས་ནས་དེ་དང་གཟུང་ཡུལ་ལ་མ་འཁྲུལ་བའི་ཚོགས་པས་མངོན་སུམ་མཚོན་པས་མཚན་ཉིད་རྗེས་སུ་བརྗོད་ཀྱི་སྒྲ་དང་མཚོན་བྱ་སྒྲུབ་པའི་སྒྲས་བསྟན་པ་ཡིན་ནོ། །རྣམ་ངེས་ལས་མངོན་སུམ་རྟོག་བྲལ་མ་འཁྲུལ་བ་ཞེས་འབྱུང་བས། མཚོན་བྱ་གྲུབ་ཟིན་རྗེས་སུ་བརྗོད་ནས་མཚན་ཉིད་གཟུང་ཡུལ་ལ་མ་འཁྲུལ་བ་སྒྲུབ་པར་བྱེད་པ་སྒྲུབ་པའི་སྒྲས་བསྟན་པ་ཡིན་ནོ། །གཉིས་ཀ་ལྟར་ཡང་སྟོན་ཚུལ་མ་གཏོགས་གཟུང་ཡུལ་ལ་མ་འཁྲུལ་བའི་ཤེས་པ་སྔོན་འཛིན་དབང་མངོན་ལྟ་བུ་མངོན་སུམ་དུ་མཚོན་པ་ལ་ཁྱད་པར་མེད་དོ། །དེ་ཡང་རྟོག་པ་མ་ཡིན་ཞིང་མ་འཁྲུལ་བའི་ཤེས་པ་མངོན་སུམ་གྱི་མཚན་ཉིད་དུ་འཇོག་པ་ལྟར་ནི་མཚན་ཉིད་ཟུར་གཉིས་སྨོས་པ་རིགས་མི་མཐུན་སེལ་བའི་དབང་དུ་བྱས་པ་ཡིན་ལ། རྟོག་པ་མ་ཡིན་ཞིང་རང་གི་གཟུང་ཡུལ་ལ་མ་འཁྲུལ་བའི་ཤེས་པ་མངོན་སུམ་གྱི་མཚན་ཉིད་དུ་འཇོག་པ་ལྟར་ན། ལོག་རྟོག་སེལ་བའི་དབང་དུ་བྱས་པ་ཡིན་ནོ། །འོ་ན་བྲལ་བྱའི་རྟོག་པ་གང་ཞེ་ན། བྲལ་བྱའི་རྟོག་པ་མེད་པ་མ་ཡིན་ཏེ། མིང་སྦྱོར་རྟོག་པ་དང་རིགས་དང་ཡོན་ཏན་སོགས་སྦྱོར་བའི་དོན་སྦྱོར་རྟོག་པ་ཡོད་པའི་ཕྱིར། འདི་རྣམས་ཡང་། ཊིཀ་བྱེད་པ་དང་། འགྲེལ་བཤད་བྱེད་པ་དག་གིས་བཤད་པ་བྱེད་པ་ལྟར་ན། སོགས་པས་མིང་སྦྱོར་རྟོག་པ་བསྡུས་ཀྱང་ནུས་པ་མི་མཚུངས་པར་བསྟན་པའི་ཆེད་དུ་ལོགས་ཤིག་ཏུ་བྱས་པའོ། །འདོད་རྒྱལ་བའི་སྒྲ་རྣམས་ལ་མིང་གིས་ཁྱད་པར་དུ་བྱས་ནས་དོན་བརྗོད་པར་བྱེད་དེ། ལྷ་སྦྱིན་ཞེས་པ་ལྟ་བུའོ། །སྔར་བཤད་པ་ལྟར་སྔ་མ་མིང་སྦྱོར་གྱི་རྟོག་པ་དང་། ཕྱི་མ་དོན་སྦྱོར་གྱི་རྟོག་པ་ངོས་བཟུང་བ་ལ་བཤད་པར་བྱ་ཞིང་། ཡང་སྔ་མ་རང་ལུགས་ཀྱི་རྟོག་པའི་མཚན་ཉིད་དང་། ཕྱི་མ་གཞན་གྱིས་བརྟགས་པ་ངོས་བཟུང་ནས་དེ་མ་ཡིན་པར་སྟོན་པའོ། །གཞན་གྱིས་བརྟགས་པའི་རྟོག་པའི་རྟེན་ནི་དུ་མ་ཡོད་དེ། རིགས་ཀྱི་སྒྲ་བ་གླང་ཞེས་པ་དང་། ཡོན་ཏན་གྱི་སྒྲ་བ་གླང་དཀར་པོ་ཞེས་བྱ་བ་དང་། བྱ་བའི་སྒོ་ནས་འབྲས་འཚེད་པ་ཞེས་བྱ་བ་དང་། རྫས་ཀྱི་སྒྲ་སྦྱོར་བའི་འབྲེལ་བ་དང་། འདུ་བའི་འབྲེལ་བ་གཉིས་ཀྱི་དབྱེ་བས་དབྱུག་པ་ཅན་དང་། རྭ་ཅན་ཞེས་པ་ལྟ་བུའོ། །རིགས་པ་ཅན་པ་སོགས་ཀྱིས་རྫས་དེ་དོན་གཞན་གྱིས་ཁྱད་པར་དུ་བྱས་ནས་སྒྲས་བརྗོད་ཅིང་བློས་ཞེན་པའི་ཤེས་པ་དོན་སྦྱོར་རྟོག་པའི་མཚན་ཉིད་དུ་འདོད་ཅིང་དབང་མངོན་ཡང་དོན་སྦྱོར་རྟོག་པར་འདོད་དོ། །ཞེས་བཤད་དོ། །འདི་དང་། རྣམ་འགྲེལ་ངེས་སོགས་སུ་དོན་སྦྱོར་གྱི་རྟོག་པ་ཡིན་ན་རྫས་རྟག་པ་རིགས་སོགས་དོན་གཞན་གྱིས་ཁྱད་པར་དུ་བྱས་ནས་འཛིན་པས་ཁྱབ་པར་བཤད་པ་ལྟ་བུར་སྣང་བ་ནི་རིགས་པ་ཅན་པ་སོགས་ཀྱིས་ཁས་བླངས་ཡིན་གྱི་རང་ལུགས་སུ་བསྒྲུབ་པ་ནི་མ་ཡིན་ཏེ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་དོན་སྦྱོར་རྟོག་པ་མ་ཡིན་པར་ཐལ་བའི་ཕྱིར་རོ། །གོང་འོག་ཐམས་ཅད་དུ་དབང་མངོན་རྟོག་བྲལ་དང་རྟོག་མེད་དུ་བཤད་པ་གཞུང་གི་སྒྲ་ཅི་བཞིན་དུ་ཡོད་པ་བཞིན་ཁས་ལེན་པར་མི་བྱེད་དེ། ཁན་ལེན་ན། གཞུང་གི་སྒྲ་ཅི་བཞིན་པ་ལ་བྱེད་ན་དབང་མངོན་རྟོག་པ་མེད་པ་ཡིན་པར་འགྱུར་ཏེ། གཞུང་གི་སྒྲ་ཅི་བཞིན་པ་ལ་དེ་ལྟར་ཡིན་པའི་ཕྱིར། འདོད་ན། དབང་མངོན་ཆོས་ཅན། རྟོག་པ་གཞི་མ་གྲུབ་པར་ཐལ། རྟོག་པ་མེད་པའི་ཕྱིར། ལན་ཅི་ཡོད་ལེགས་པར་སོམས་ཤིག རྒྱས་པར་ནི་འོག་ཏུ་འཆད་དོ། །གཉིས་པ་ལ་བཞི་སྟེ། དབང་མངོན་རྩོད་སྤངས་ཀྱི་སྒོ་ནས་རྟོག་པ་མ་ཡིན་པར་སྒྲུབ་པ་དང་། ཡིད་མངོན་གཟུང་དོན་གྱི་སྒོ་ནས་དང་། རང་རིག་པའི་མངོན་སུམ་རྟོག་པ་མ་ཡིན་པའི་སྒོ་ནས་བཤད་པ་དང་། རྣལ་འབྱོར་པའི་མངོན་སུམ་ཡུལ་དང་རང་རིག་གི་རྩོད་སྤངས་ཀྱི་སྒོ་ནས་བཤད་པའོ། །དང་པོ་ལ་གསུམ་སྟེ། དབང་ཤེས་ཀྱི་ཐ་སྙད་ལ་རྩོད་པ་སྤང་བ་དང་། རྟོག་པ་མ་ཡིན་པ་མངོན་སུམ་གྱི་མཚན་ཉིད་ཀྱི་ཟུར་དུ་སྨོས་པ་ལ་ལུང་འགལ་སྤང་བ་དང་། ལྡོག་པ་དུ་མ་དང་སྤྱི་མཚན་རྫས་གཞན་དབང་མངོན་གྱི་གཟུང་ཡུལ་ཡིན་པ་བཀག་ནས་རྟོག་པ་མ་ཡིན་པར་སྒྲུབ་པའོ། །དང་པོ་ནི། སྒོ་ལྔའི་རྣམ་པར་ཤེས་པ་ལ་དབང་ཤེས་ཞེས་པའི་ཐ་སྙད་སྦྱོར་ལ་ཡུལ་ཤེས་ཞེས་པའི་ཐ་སྙད་མི་སྦྱོར་བ་མི་འཐད་དེ། དེ་ནི་ཡུལ་དང་དབང་པོ་གཉིས་ཀ་ལས་སྐྱེས་པར་མཚུངས་པའི་ཕྱིར་ཞེ་ན། རྔ་དང་དབྱུ་གུ་ཕྲད་པ་ལས་བྱུང་བའི་སྒྲ་ལས་བྱུང་བའི་སྒྲ་ལ་རྔའི་སྒྲ་ཞེས་པའི་ཐ་སྙད་སྦྱོར་བ་དབྱུ་གུའི་སྒྲ་ཞེས་པའི་ཐ་སྙད་མི་སྦྱོར་བ་མི་འཐད་པར་འགྱུར་ཏེ། དེ་རྔ་དང་དབྱུ་གུ་གཉིས་ལས་སྐྱེས་པར་མཚུངས་པའི་ཕྱིར། ཞེས་བརྗོད་ན་ལན་ཅི་ཡོད། གལ་ཏེ་རྔ་དང་དབྱུ་གུ་འཕྲད་པ་ལས་བྱུང་བའི་སྒྲ་དེ་རྔ་དང་དབྱུ་གུ་གཉིས་ལས་སྐྱེས་པར་མཚུངས་ཀྱང་དེ་ལ་རྔའི་སྒྲ་ཞེས་ཐ་སྙད་སྦྱར་བར་རིགས་ཏེ། རྔ་དེ་དེའི་ཐུན་མོང་མིན་པའི་རྒྱུ་ཡིན་པས་དེའི་སྒོ་ནས་ཐ་སྙད་བྱས་པས་དེ་ཐུན་མོང་མིན་པར་གོ་ནུས་པའི་ཕྱིར་དང་། རྔ་སྒྲ་ཞེས་པའི་ཐ་སྙད་སྦྱོར་བར་འོས་ཏེ། མིང་དེ་ཐུན་མོང་མིན་པར་གོ་བར་ནུས་པའི་ཕྱིར། དབྱུ་གུའི་སྒྲ་ཞེས་པའི་དངོས་མིང་སྦྱར་བར་མི་འོས་ཏེ། དེ་ལ་བརྟེན་ནས་ཐུན་མོང་མིན་པར་གོ་མི་ནུས་པའི་ཕྱིར། ཞེས་པའོ། །དབྱུ་གུ་ནི་ཟངས་ལ་སོགས་པ་གཞན་དང་ཐུན་མོང་བ་ཡིན་ལ་དབྱུ་གུའི་སྒྲ་ཞེས་སྨོས་ན་ཅི་རྔ་ལ་བརྟེན་པ་ཡིན་ནམ་ཟངས་ལ་སོགས་པ་གཞན་ལ་བརྟེན་པ་ཡིན་སྙམ་དུ་རེ་བ་དང་བཅས་པར་འགྱུར་གྱི་བདེ་བླག་ཏུ་མི་གོ་བའི་ཕྱིར་ཞེ་ན། འོ་ན་སྒོ་ལྔའི་རྣམ་པར་ཤེས་པ་དེ་ཡུལ་དང་དབང་པོ་གཉིས་ལས་སྐྱེས་པར་མཚུངས་ཀྱང་སྒོ་ལྔའི་རྣམ་པར་ཤེས་པ་ལ་དེའི་ཐ་སྙད་དབང་ཤེས་ཅེས་དབང་པོའི་སྒོ་ནས་ཐ་སྙད་བྱས་པ་ཡིན་སྟེ། དབང་པོ་གཟུགས་ཅན་པ་དེ་དེའི་ཐུན་མོང་མིན་པའི་རྒྱུ་ཡིན་པས་དེའི་སྒོ་ནས་ཐ་སྙད་བྱས་པས་དེ་ཐུན་མོང་མིན་པར་གོ་ནུས་པའི་ཕྱིར་དང་། དབང་ཤེས་ཞེས་པའི་མིང་སྦྱོར་བར་འོས་ཏེ། མིང་དེས་ཐུན་མོང་མིན་པར་གོ་ནུས་པའི་ཕྱིར། ཡུལ་ཤེས་ཞེས་པའི་དངོས་མིང་སྦྱར་བར་མི་འོས་ཏེ། དེ་ལ་བརྟེན་ནས་ཐུན་མོང་མིན་པར་གོ་མི་ནུས་པའི་ཕྱིར། ཞེས་པའོ། །ཡུལ་རྣམས་ནི་རྒྱུ་གཞན་དང་ཐུན་མོང་བ་ཡིན་ལ། ཡུལ་ཤེས་ཅེས་སྨོས་ན་ཅི་མིག་ལ་བརྟེན་པ་ཡིན་ནམ་ཡིད་ལ་བརྟེན་པ་ཡིན་སྙམ་དུ་རེ་བ་དང་བཅས་པར་འགྱུར་གྱི་བདེ་བླག་ཏུ་གོ་བར་མི་ནུས་པའི་ཕྱིར། ཞེས་བརྗོད་ན་མི་མཚུངས་སམ་ལེགས་པར་སོམས་ཤིག ཕྱོགས་སྔ་མཁན་པོས་ཐ་སྙད་ཁས་མི་ལེན་ན་ཕར་ཞོག་ལེན་ན་ནི་འདི་ལྟར་བཤད་པར་བྱ་བ་ཡིན་གྱི་གཞན་དག་གིས་བཤད་པ་བྱེད་པ་ལྟར་ན་ཤིན་ཏུ་མི་རིགས་སོ། །ཡང་ན། དེ་ལ་རྔའི་སྒྲ་ཞེས་པའི་ཐ་སྙད་སྦྱར་བར་འོས་ཏེ། དེ་ལྟར་གྲགས་པའི་ཕྱིར། དབྱུ་གུའི་སྒྲ་ཞེས་པའི་ཐ་སྙད་སྦྱར་བར་མི་འོས་ཏེ། དེ་ལྟར་མ་གྲགས་པའི་ཕྱིར་ཞེ་ན། སྒོ་ལྔའི་རྣམ་པར་ཤེས་པ་དེ་ལ་དབང་ཤེས་ཞེས་པའི་ཐ་སྙད་སྦྱར་བར་འོས་པར་འགྱུར་ཏེ། དེ་ལྟར་གྲགས་པའི་ཕྱིར། ཡུལ་ཤེས་ཞེས་པའི་ཐ་སྙད་སྦྱར་བར་མི་འོས་ཏེ། དེ་ལྟར་མ་གྲགས་པའི་ཕྱིར། ཞེས་བརྗོད་ན་མཚུངས་སོ། །དེ་ཡང་རིགས་པའི་གཏེར་ལས། ཕྱོགས་དང་ཆོས་ཅན་མཚུངས་ཤེ་ན། །གྲགས་པའི་སྒོ་ནས་ཁྱད་པར་ཡོད། །ཅེས་གསུང་པ་བཞིན་ནོ། །དབང་པོ་གཟུགས་ཅན་གྱི་དངོས་ཀྱི་བདག་འབྲས་ཀྱི་ཤེས་པར་བསྟན་པས་ཀྱང་རྟོག་པ་མ་ཡིན་པར་གོ་བར་བྱེད་ཏེ། ཆོས་མངོན་པའི་མདོ་ལས། མིག་གི་རྣམ་པར་ཤེས་པ་དང་ལྡན་པས་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ། །དོན་ལ་དོན་དུ་འདུ་ཤེས་ཀྱི། ཆོས་སུ་འདུ་ཤེས་པ་ནི་མ་ཡིན་ནོ། །ཞེས་པའི་ཚིག་སྔ་མ་གཉིས་ཀྱིས་རང་མཚན་རང་གི་གཟུང་ཡུལ་དུ་བྱེད་པའི་མ་འཁྲུལ་བའི་ཤེས་པར་བསྟན་པ་ཡིན་ནོ། །ཕྱི་མ་གཉིས་ཀྱིས་དབང་མངོན་རྟོག་པ་མ་ཡིན་པར་བསྟན་ཏོ། །གཉིས་པ་ནི། དབང་མངོན་རྟོག་པ་མ་ཡིན་ན་མདོ་ལས་རྣམ་པར་ཤེས་པའི་ཚོགས་ལྔ་ནི་བསགས་པ་ལ་དམིགས་པ་ཡིན་ནོ། །ཞེས་དང་། སློབ་དཔོན་དབྱིག་གཉེན་གྱིས་གང་ཡང་སྐྱེ་ཆེད་ཀྱི་རང་གི་མཚན་ཉིད་ལ་སོ་སོ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་གྱི། རྫས་ཀྱི་རང་གི་མཚན་ཉིད་ལ་ནི་མ་ཡིན་ནོ་ཞེས་གསུངས་པ་དང་འགལ་སྟེ། བསགས་པ་ཡིན་ན་ཚོགས་པ་ཡིན་པས་ཁྱབ། ཚོགས་པ་ཡིན་ན་སྤྱི་དོན་གཞན་ཡིན་པས་ཁྱབ། སྤྱི་དོན་གཞན་བཟུང་ཡུལ་དུ་བྱེད་པའི་བློ་ཡིན་ན་རྟོག་པ་ཡིན་པས་ཁྱབ་པར་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར་དང་། འདི་ནི་གཟུགས་སོ་སྙམ་པའི་སྐྱེ་མཆེད་ཀྱི་ཡུལ་ཅན་ཡིན་ན་རྟོག་པ་ཡིན་པས་ཁྱབ་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། ལུང་སྔ་མའི་དོན་ནི། མ་འཁྲུལ་བའི་དབང་མངོན་དེར་ནི་དབང་མངོན་ཆོས་ཅན། རང་གཟུང་ཡུལ་དུ་བསགས་པའི་རྫས་རང་གི་གཟུང་ཡུལ་དུ་བྱེད་ན་སྤྱི་དོན་གཞན་རང་གི་གཟུང་ཡུལ་དུ་བྱེད་པས་མ་ཁྱབ་པར་ཐལ། སྤྱི་དོན་གཞན་གཅིག་རང་གི་གཟུང་ཡུལ་དུ་བྱེད་པ་མིན་གྱི་རང་གི་གཟུང་དོན་བསགས་པའི་རྫས་ཀྱིས་རང་འདྲའི་རྣམ་པ་གཏད་པའི་སྒོ་ནས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར། འགྲེལ་བཤད་ཀྱི་འགྱུར་ལས། གཅིག་མིན་དོན་གྱིས་བསྐྱེད་བྱའི་ཕྱིར། །ཞེས་འབྱུང་བ་བཞིན་དུ་བཤད་པ་ཡིན་ནོ། །འོ་ན་སྤྱིའི་སྤྱོད་ཡུལ་ཅན་དུ་བཤད་པ་ཅི་ལྟར་ཡིན་ཞེ་ན་དེ་ཆོས་ཅན། སྤྱིའི་སྤྱོད་ཡུལ་ཅན་དུ་བཤད་པའི་རྒྱུ་མཚན་ཡོད་དེ། རྡུལ་དུ་མ་འདུས་པའི་རྫས་ཀྱིས་རང་འདྲའི་རྣམ་པ་གཏད་ནུས་པས་དེ་ལྟར་བཤད་པའི་ཕྱིར། རྩ་བའི་ཚིག་འདིས་ལུང་སྔ་ཕྱི་གཉིས་ཀའི་ལན་བསྟན་པས་ཕྱི་མ་དང་མཐུན་པར་ཡང་བསྡུ་དོན་སྦྱར་རོ། །གསུམ་པ་ནི། གལ་ཏེ་དབང་མངོན་རྟོག་པ་ཡིན་ཏེ། ལྡོག་པའི་ཆོས་ཐ་དད་དུ་མའི་ངོ་བོ་ཉིད་སྒྲ་ལྟ་བུ་གཟུང་ཡུལ་དུ་བྱེད་པ་ཡིན་པའི་ཕྱིར། དེའི་ཕྱིར་ན་ལྡོག་ཆོས་དུ་མ་གཟུང་ཡུལ་དུ་བྱེད་དོ་ཅེ་ན། ཆོས་ཅན་སྒྲ་ལྟ་བུ་ནི་ཆོས་ཅན། ལྡོག་ཆོས་དུ་མའི་ངོ་བོ་ཉིད་ཡིན་ཏེ། རིས་མི་མཐུན་པ་དུ་མ་ལས་ལོག་པར་རང་རྒྱུ་ལས་སྐྱེས་པའི་ཕྱིར། དེ་ལྟར་ནའང་། སྒྲ་འཛིན་དབང་པོའི་མངོན་སུམ་ཆོས་ཅན། དབང་པོ་གཟུགས་ཅན་གྱི་བདག་རྐྱེན་ལས་སྒྲ་བཟུང་དོན་དུ་བྱས་ནས་རྟོགས་པ་ཡིན་ན་བྱས་མི་རྟག་ཐ་དད་པའི་ཆ་ལྟ་བུ་བཟུང་དོན་དུ་བྱས་ནས་རྟོགས་པ་སྲིད་པས་ཁྱབ་པ་མ་ཡིན་པར་ཐལ། དེ་ལྟར་སྒྲ་བཟུང་དོན་དུ་བྱས་པ་ཡིན་ཡང་བྱས་མི་རྟག་པ་ཐ་དད་པའི་ཆ་ལྟ་བུ་ནི་རྟོག་པས་སྒྲོ་བཏགས་པ་ཙམ་ཡིན་པས་གཟུང་དོན་དུ་བྱས་ནས་རྟོགས་པ་མི་འཐད་པའི་ཕྱིར། དེ་བཞིན་དུ་བ་ལང་དཀར་པོ་མཐོང་བའི་ཚེ་དཀར་པོ་ཉིད་ཀྱི་སྤྱི་དོན་གཞན་ཡང་གཟུང་དོན་དུ་བྱེད་པ་མ་ཡིན་སྟེ། དཀར་པོ་དང་དཀར་པོ་ཉིད་ཀྱི་སྤྱི་ཐ་དད་ཀྱང་རྟོག་པས་བཏགས་པ་ཙམ་དུ་ཟད་པའི་ཕྱིར། ཞེས་སྦྱར་རོ། །སྒྲ་འཛིན་དབང་པོའི་མངོན་སུམ་ཆོས་ཅན། རྟོག་པས་བཏགས་པ་ཙམ་རང་གི་གཟུང་ཡུལ་དུ་མི་བྱེད་ཀྱང་རང་གི་གཟུང་ཡུལ་མེད་པ་མ་ཡིན་སྟེ། རང་རང་གིས་གཞན་དང་མི་འདྲེས་པར་རིག་པར་བྱ་བ་མིང་གི་ཐ་སྙད་ཀྱིས་དོན་དམ་པར་བསྟན་པར་མི་ནུས་ཅིང་བསྟན་པར་བྱ་བ་མིན་པའི་ངོ་བོ་ཉིད་རང་མཚན་པའི་སྒྲ་རང་གི་གཟུང་ཡུལ་དུ་བྱེད་པའི་ཕྱིར། འདིས་ཀྱང་སྤྱོད་ཡུལ་ལ་ལོག་རྟོག་བསལ་ནས་དབང་མངོན་རྟོག་པ་མིན་པར་སྒྲུབ་པ་ཡིན་སྟེ་རང་མཚན་པའི་སྒྲ་གཟུང་ཡུལ་དུ་བྱེད་པར་སྒྲུབ་པའི་ཕྱིར། འགྲེལ་པར་རེ་ཤིག་དབང་པོ་ལྔ་ལས་སྐྱེས་པའི་མངོན་སུམ་གྱི་ཤེས་པ་རྟོག་པ་མེད་པ་ཡིན་ཡང་ཞེས་སོགས་གསུངས་པ་མངོན་སུམ་གྱི་མཚན་ཉིད་སྟོན་པའི་ཚིག་གིས་རྟོག་པ་མ་ཡིན་པར་བསྟན་ཟིན་ཡང་འདིར་སྨོས་པ་ནི་གཞན་གྱི་ལོག་རྟོག་དང་དགག་པའི་ཁྱད་པར་ལ་ལྟོས་པ་ཡིན་ཏེ། ལྔ་པོ་མ་ཟད་རྟོག་པ་མ་ཡིན་པའི་ཤེས་པ་གཞན་ཡང་ཡོད་ཅེས་པའི་དོན་ནོ། །གཉིས་པ་ནི། ཡིད་ཀྱི་མངོན་སུམ་ཆོས་ཅན། ཁྱད་པར་གསུམ་དང་ལྡན་པ་ཡིན་ཏེ། རང་གི་བདག་རྐྱེན་དང་དེ་མ་ཐག་པའི་རྐྱེན་དང་གཟུང་དོན་དང་ལྡན་པའི་ཕྱིར། ཀྱང་ཞེས་སྨོས་པ་ནི་དབང་མངོན་དུ་མ་ཟད་ཡིད་མངོན་ཀྱང་མངོན་སུམ་མོ་ཞེས་སྦྱར་རོ། །འདིའི་དོན་རྒྱས་པར་ནི་ཚད་མ་རིགས་པའི་གཏེར་གྱི་རྒྱན་དུ་བཤད་ཟིན་ལ་འདིར་ཡང་བརྟག་པ་མཐའ་བཟུང་དུ་ཤེས་པར་བྱེད་དགོས་སོ། །གསུམ་པ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ནི། ཁ་ཅིག་ན་རེ། ཤེས་པ་ཡིན་ན་རང་རིག་ཡིན་པས་ཁྱབ་པ་དང་། རང་རིག་ཡིན་ན་རང་རིག་མངོན་སུམ་ཡིན་པས་ཁྱབ་པ་དང་། མངོན་སུམ་ཡིན་ན་ཚད་མ་ཡིན་པས་ཁྱབ་པ་ཡིན་ནམ་གང་ཡིན་ཞེ་ན། འདིའི་ལན་ལ་མཁས་པའི་དབང་པོ་གྲོ་ལུང་པ་ཆེན་པོ་ལན་འདི་ལྟར་མཛད་དེ། ཤེས་པ་ཡིན་ན་རང་རིག་ཡིན་པས་ཁྱབ་སྟེ། རང་མི་རིག་ན་གཞན་མི་རིག་པས་ཁྱབ་ལ་རང་གཞན་གང་ཡང་མི་རིག་པའི་ཤེས་པ་མི་སྲིད་པའི་ཕྱིར་དང་། རང་མི་རིག་ཡང་གཞན་རིག་པ་ཡིན་ན་འགྲོ་བ་མ་ལུས་པའི་རིག་བྱེད་དུ་འགྱུར་བའི་ཕྱིར་དང་། རང་གཞན་གང་ཡང་མི་རིག་པའི་ཤེས་པ་ཡིན་ན་ཤེས་པར་ཁས་བླངས་ཀྱང་བེམ་པོ་དང་། དངོས་མེད་ལྟར་འགྱུར་བའི་ཕྱིར། རང་རིག་ཡིན་ན་རང་རིག་མངོན་སུམ་ཡིན་པས་མ་ཁྱབ་སྟེ། ལོག་པའི་ཤེས་པ་མི་སྲིད་པར་ཐལ་བའི་ཕྱིར་རོ། །མངོན་སུམ་ཡིན་ན་ཚད་མ་ཡིན་པས་མ་ཁྱབ་སྟེ། སྣང་ལ་མ་ངེས་པའི་མངོན་སུམ་དུ་མ་ཡོད་པའི་ཕྱིར་དང་། ཚད་མ་སྔ་མས་གཟུང་ཟིན་པའི་དོན་ལ་འདུ་བྱེད་མ་ཉམས་པར་འཛིན་པའི་མངོན་སུམ་དུ་མ་ཡོད་པའི་ཕྱིར། ཞེས་གསུངས་སོ། །མཁས་པ་ཆེན་པོའི་གསུང་ལ་བདག་ལྟ་བུས་ཉེས་པ་བརྗོད་པ་མི་རིགས་ཀྱང་མཁས་མཆོག་སྔ་མ་གཞན་གྱི་རིགས་པའི་ལམ་ལ་བརྟེན་ནས་དགག་སྒྲུབ་བྱེད་ན་ཉེས་པ་མེད་པར་མཐོང་སྟེ། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླངས་པར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པའི་ཕྱིར། དེས་ན་ཤེས་པ་ཡིན་ན་རང་རིག་ཡིན་པས་མ་ཁྱབ་སྟེ། ཁྱབ་ན་ཤེས་པ་ཡིན་ན་འཛིན་རྣམ་ཡིན་པས་ཁྱབ་པར་འགྱུར་རོ། །འཛིན་རྣམ་ནི་རང་རིག་གི་འཇོག་བྱེད་ཡིན་པའི་ཕྱིར། འདི་མ་གྲུབ་བོ་ཞེ་ན། འོ་ན་རང་མི་རིག་ན་གཞན་མི་རིག་པས་ཁྱབ་པ་མ་གྲུབ་བོ། །དེ་ལྟར་ཁྱབ་སྟེ། དམིགས་པ་མངོན་སུམ་མ་ཡིན་ན། །དོན་མཐོང་རབ་ཏུ་འགྲུབ་མི་འགྱུར། །ཞེས་གསུངས་པའི་ཕྱིར་ཞེ་ན། འོ་ན་འཛིན་རྣམ་ཡང་རང་རིག་གི་འཇོག་བྱེད་དུ་འགྱུར་ཏེ། འཛིན་པའི་རྣམ་པ་ནི་རང་རིག་པའི་དངོས་པོ་རྣམ་པར་འཇོག་པར་བྱེད་ཞེས་གསུངས་པའི་ཕྱིར། ཞེས་བརྗོད་ན་མི་མཚུངས་སམ། གལ་ཏེ་ཤེས་པ་ཡིན་ན་འཛིན་པའི་རྣམ་པ་ཡིན་པས་ཁྱབ་པར་འདོད་དོ་ཞེ་ན། ཚད་མ་ཡིན་ན་མངོན་སུམ་ཡིན་པས་ཁྱབ་པར་འདོད་ན་སྐྱོན་ཅི་ཡོད། རྗེས་དཔག་ཚད་མ་མ་ཡིན་པར་འགྱུར་རོ་ཞེ་ན། འོ་ན་སྒྲ་རྟག་པར་འཛིན་པའི་ཤེས་པ་ཤེས་པ་མ་ཡིན་པར་འགྱུར་རོ། །དེ་རང་རིག་ཡིན་ནོ་ཞེ་ན། རྗེས་དཔག་ཀྱང་མངོན་སུམ་ཡིན་ནོ། །རྗེས་དཔག་རང་གི་གཟུང་ཡུལ་ལ་མ་འཁྲུལ་བར་འགྱུར་ཏེ། མངོན་སུམ་ཡིན་པའི་ཕྱིར་ཞེ་ན། སྒྲ་རྟག་པར་འཛིན་པའི་ཤེས་པ་རང་ཡུལ་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་འགྱུར་ཏེ། རང་རིག་ཡིན་པའི་ཕྱིར་ཞེས་བྱའོ། །གལ་ཏེ་རང་མི་རིག་ན་གཞན་མི་རིག་པས་མ་ཁྱབ་ན་སྡེ་བདུན་མདོ་དང་བཅས་པར་དེ་ལྟར་ཁྱབ་པར་བཤད་པ་ཇི་ལྟར་ཡིན་ཞེ་ན། ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་མན་ཆད་ཐམས་ཅད་ཁ་འཆམ་པར་གང་ཤེས་པ་ཡིན་ན་རང་གི་བདག་ཉིད་དུ་གྱུར་པའི་རང་གི་མྱོང་བྱེད་མེད་དགོས་ཏེ། རང་གི་མྱོང་བྱེད་ཡིན་ན་རང་དང་རྫས་གཞན་ཡིན་དགོས་པའི་ཕྱིར་ཞེས་འདོད་པ་དེ་འགོག་པ་ལ་གཞུང་དུ་སྔོ་འཛིན་གྱི་ཤེས་པ་ཆོས་ཅན། གཞན་སྔོན་པོ་མི་རིག་པར་འགྱུར་ཏེ། རང་གི་བདག་ཉིད་དུ་གྱུར་པའི་རང་གི་རིག་བྱེད་མེད་པ་གང་ཞིག་རང་ཡུལ་རྟག་རྗེན་རིག་པའི་ཤེས་པ་ཡིན་པའི་ཕྱིར། ཞེས་སོགས་བརྗོད་པ་ཡིན་གྱི་གཞན་སྔོན་པོ་མི་རིག་པར་འགྱུར་ཏེ། རང་མི་རིག་པའི་ཕྱིར་ཞེས་བརྗོད་པ་གཞུང་གི་དགོངས་པ་མ་ཡིན་ཏེ། སྔར་བཤད་པའི་རིགས་པས་གནོད་པའི་ཕྱིར་དང་། གཞན་དུ་ན། མེ་ཡང་ཆོས་ཅན། གཞན་བུད་ཤིང་མི་བསྲེགས་པར་ཐལ། རང་མི་བསྲེག་པའི་ཕྱིར་ཞེས་བརྗོད་ན་ལན་ཅི་ཡོད། མ་ཁྱབ་བོ་ཞེ་ན། སྔ་མ་ཡང་མ་ཁྱབ་པོ། །སྔོ་འཛིན་གྱི་ཤེས་པ་ཆོས་ཅན། འགྲོ་བ་མ་ལུས་པའི་རིག་བྱེད་ཡིན་པར་ཐལ། རང་མི་རིག་ཡང་གཞན་སྔོན་པོ་རིག་བྱེད་ཡིན་པའི་ཕྱིར་ཞེ་ན། འོ་ན་མེ་ཆོས་ཅན། འགྲོ་བ་མ་ལུས་པའི་བསྲེགས་བྱེད་ཡིན་པར་ཐལ། རང་མི་བསྲེགས་ཀྱང་གཞན་བུད་ཤིང་བསྲེགས་བྱེད་ཡིན་པའི་ཕྱིར། །ཞེས་བརྗོད་ན་མི་མཚུངས་སམ། གལ་ཏེ་དེ་ནི་ཚིག་འདྲ་ཙམ་ཡིན་པས་གནོད་བྱེད་དུ་མི་ཆེ་སྟེ་ཤེས་པའི་ཡུལ་ཡིན་ན་ཤེས་པས་རིག་པར་བྱ་བ་ཡིན་པས་མ་ཁྱབ་པར་འགྱུར་ཏེ། རྗོད་བྱེད་ཀྱི་སྒྲའི་ཡུལ་ཡིན་ན་རྗོད་བྱེད་ཀྱི་སྒྲས་རིག་པར་བྱ་བ་ཡིན་པས་མ་ཁྱབ་པའི་ཕྱིར་ཞེས་པའི་སྐྱོན་བརྗོད་པར་བྱེད་པ་ཡང་སུན་འབྱིན་ཡང་དག་ཏུ་འགྱུར་རོ་ཞེ་ན། སྐབས་འགའ་ཞིག་ཏུ་ཚིག་འདྲ་བརྗོད་པ་གནོད་བྱེད་ཡང་དག་ཏུ་མི་གྱུར་བ་ལྟ་བུར་སྣང་བ་བདེན་སྲིད་ཀྱང་ཐམས་ཅད་དུ་འདྲ་བ་མ་ཡིན་ཏེ། གལ་ཏེ་ཡིན་ན། ཤེས་འགགས་ཅི་ལྟར་མྱོང་བ་ཡིན། །ཞེས་དང་། གཞན་ནི་རྣམ་ཀུན་འཛིན་མའི་འགྱུར། །ཞེས་སོགས་གོང་འོག་ལ་བློ་ཕྱི་མ་ཆོས་ཅན། བློ་སྔ་མ་མྱོང་བ་མ་ཡིན་པར་ཐལ། དེ་ཁྱོད་ཀྱི་དུས་སུ་འགགས་ནས་མེད་པའི་ཕྱིར་ཞེས་དང་། གཞན་གྱི་བདེ་སྡུག་མྱོང་བ་མ་ཡིན་ཏེ། དེ་མྱོང་བའི་རྒྱུ་མཚན་བདག་གི་ཡོན་ཏན་འདུ་བྱེད་སོགས་མེད་པའི་ཕྱིར་ཞེས་པ་ལ། གཞན་གྱི་བདེ་སྡུག་འཛིན་པར་མི་འགྱུར་བར་ཐལ། དེ་འཛིན་པའི་རྒྱུ་མཚན་བདག་གི་ཡོན་ཏན་འདུ་བྱེད་སོགས་མེད་པའི་ཕྱིར་ཞེས་འགོད་པའི་རྒོལ་བ་རྣམས་ལ་འདི་ལྟར་བརྗོད་ན་ལན་ཅི་ལྟར་འདེབས། བློ་ཕྱི་མ་ཆོས་ཅན། བློ་སྔ་མ་འཛིན་པར་མི་འགྱུར་པར་ཐལ། དེ་ཁྱོད་ཀྱི་དུས་སུ་འགགས་ནས་མེད་པའི་ཞེས་བརྗོད་ན་ཅི་ཟེར། མ་ཁྱབ་ན། སྔ་མ་ལ་ཁྱབ་པར་འགལ་ལ། འདི་གཉིས་མི་མཚུངས་ན་འོག་མའི་ཐལ་བ་གཉིས་མཚུངས་པ་འགལ་ལོ། །གཞན་ནི་རྣམ་ཀུན་འཛིན་མི་འགྱུར། །ཞེས་པའི་སྦྱོར་བ་ཡང་མི་འཐད་པར་འགྱུར་ཏེ། ཤེས་པའི་ཡུལ་ཡིན་ན་ཤེས་པས་རིག་པར་བྱ་བ་ཡིན་པས་མ་ཁྱབ་པར་འགྱུར་ཏེ། རྗོད་བྱེད་ཀྱི་སྒྲའི་ཡུལ་ཡིན་ན་དེས་རིག་པར་བྱ་བ་ཡིན་པས་མ་ཁྱབ་པའི་ཕྱིར་ཞེས་སྐྱོན་བརྗོད་བྱེད་པ་སུན་འབྱིན་ཡང་དག་ཏུ་འགྱུར་རོ་ཞེས་བརྗོད་ན་མི་མཚུངས་སམ་ལེགས་པར་སོམས་ཤིག གཞན་ཡང་ཚིག་འདྲ་ཡིན་པས་གནོད་བྱེད་དུ་མི་ཆེ་ན། བ་གླང་ཉིད་སོགས་དེ་ལྡན་ཐོབ། །ཞེས་དང་། །དོན་མཚུངས་ཅན་གྱི་རྣམ་པར་ཤེས། །ཞེས་དང་། གལ་ཏེ་བསྲེ་ན་སྣང་བ་དང་། །ཡིད་བྱེད་ལ་ཡང་དེར་འགྱུར་རོ། །ཞེས་དང་། ཤེས་ལ་རྟོག་པ་དེ་ཡང་མེད། །ཞེས་སོགས་རྣམས་དང་། འདིར་ཡང་ཚིག་འདྲའི་སྐྱོན་བརྗོད་བྱས་པའི་གཞུང་དུ་མ་ཞིག་སྣང་བ་ཇི་ལྟར་འཆད། ལེགས་པར་ཁ་ནང་དུ་ཕྱོགས་ལ་སོམས་ཤིག ཡང་ཁ་ཅིག་གཞན་སྔོན་པོ་མི་རིག་པར་ཐལ། རང་མི་རིག་པའི་ཕྱིར་ཞེས་འགོད་པ་མི་འཐད་པ་བདེན་མོད། དེས་ན། གཞན་སྔོན་པོ་མི་རིག་པར་ཐལ། རང་གི་བདག་ཉིད་དུ་འགྱུར་བའི་རང་གི་རིག་བྱེད་མེད་པའི་ཕྱིར་ཞེས་འགོད་དོ་ཞེས་ཟེར་བ་མི་འཐད་དེ། མེ་ཆོས་ཅན། གཞན་བུད་ཤིང་མི་བསྲེགས་པར་ཐལ། རང་གི་བདག་ཉིད་དུ་གྱུར་པའི་རང་གི་བསྲེགས་བྱེད་མེད་པའི་ཕྱིར། ཞེས་བརྗོད་ན་ལན་ཅི་ཡོད། མ་ཁྱབ་བོ་ཞེ་ན། སྔ་མ་ཡང་མ་ཁྱབ་བོ། །འགྲོ་བ་མ་ལུས་པའི་རིག་བྱེད་ཡིན་པར་ཐལ། རང་གི་བདག་ཉིད་དུ་གྱུར་པའི་རང་གི་རིག་བྱེད་མེད་ཀྱང་གཞན་སྔོན་པོ་རིག་བྱེད་ཡིན་པའི་ཕྱིར་ཞེ་ན། འགྲོ་བ་མ་ལུས་པའི་བསྲེགས་བྱེད་ཡིན་པར་ཐལ། རང་གི་བདག་ཉིད་དུ་གྱུར་པའི་རང་གི་བསྲེགས་བྱེད་མེད་ཀྱང་གཞན་བུད་ཤིང་བསྲེགས་བྱེད་ཡིན་པའི་ཕྱིར་ཞེས་བརྗོད་ན་མི་མཚུངས་སམ། གཞན་རྣམས་ནི་སྔར་བཞིན་ནོ། །གཉིས་པ་རང་རིག་ཡིན་ན་རང་རིག་མངོན་སུམ་ཡིན་པས་མ་ཁྱབ་ཅེས་པ་དེ། སྒྲ་རྟག་པར་འཛིན་པའི་ཤེས་པ་ཆོས་ཅན། གཞན་རིག་པའི་མངོན་སུམ་ཡིན་པར་ཐལ། གཞན་རིག་ཡིན་པའི་ཕྱིར་ཞེས་ཚིག་འདྲའི་སྐྱོན་བརྗོད་བྱེད་པ་ཡིན་ནམ། མ་དཔྱད་ན་རང་རིག་མངོན་སུམ་ནི་མ་ཡིན་ལ། དེ་དཔྱད་ན་ཀུན་མཁྱེན་ནས་བས་མཐའ་སྒྲ་རྟག་པར་འཛིན་པའི་ཤེས་པའི་བར་གང་ཡིན་ཆོས་ཅན་དུ་བཟུང་ནས། རང་རིག་པའི་མངོན་སུམ་ཡིན་པར་ཐལ། རང་རིག་ཡིན་པའི་ཕྱིར་ཞེས་བརྗོད། དང་པོ་ལྟར་ན། ཚིག་འདྲའི་སྐྱོན་འགྲོ་བར་ཁོ་བོ་ཡང་ཁན་ལེན་པས་དེ་ལྟ་བརྩད་པར་མི་བྱའོ། །གཉིས་པ་ལྟར་ན། རྟགས་མ་གྲུབ་བོ། །རང་རིག་ཡིན་པར་ཐལ། རང་རིག་པ་ཡིན་པའི་ཕྱིར་ཞེས་འགོད་ན། དེ་ནི་ཤིན་ཏུ་མི་འཐད་དེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལྟར་ན། བྱང་སེམས་འཕགས་པ་ཆོས་ཅན། ལམ་ཤེས་ཡིན་པར་ཐལ། ལམ་ཤེས་པ་ཡིན་པའི་ཕྱིར་ཞེས་བརྗོད་ན་མཚུངས་པར་འགྱུར་རོ། །རིག་པའི་གཞུང་ལ་བརྟེན་ནས་སུན་འབྱིན་བརྗོད་ན། ཀུན་མཁྱེན་གྱི་ཐུགས་རྒྱུད་ཀྱི་སེམས་ཆོས་ཅན། རྟགས་འཛིན་གྱི་སེམས་ཡིན་པར་ཐལ། རྟགས་འཛིན་པའི་སེམས་ཡིན་པའི་ཕྱིར་ཞེས་བརྗོད་ན་ཅི་ཟེར། མ་གྲུབ་བོ་ཞེ་ན། སྔ་མ་ཡང་མ་གྲུབ་བོ། ཀུན་མཁྱེན་ཡེ་ཤེས་ཆོས་ཅན། རང་དེ་མེད་ངེས་སུ་ཐལ། རང་ཡོད་ན་རང་དེ་ཁྱོད་ཀྱི་གཞལ་བྱ་ཡིན་དགོས་རང་དེ་ཁྱོད་ཀྱི་གཞལ་བྱ་མ་ཡིན་པའི་ཕྱིར། རྟགས་ཕྱི་མ་ཁས་བླངས་སོ། །ཞེས་ཟེར་ན། འོ་ན་ཀུན་མཁྱེན་གྱི་ཐུགས་རྒྱུད་ཀྱི་སེམས་ཆོས་ཅན། རྟགས་དེ་མེད་ངེས་སུ་ཐལ། རྟགས་དེ་ཡོད་ན་རྟགས་ཁྱོད་ཀྱི་གཞལ་བྱ་ཡིན་དགོས་རྟགས་དེ་ཁྱོད་ཀྱི་གཞལ་བྱ་མ་ཡིན་པའི་ཕྱིར། རྟགས་ཕྱི་མ་ཁས་བླངས་སོ། །ཞེས་བརྗོད་ན་ལན་ཅི་ཡོད། རྒྱས་པར་གཞན་དུ་ཤེས་པར་བྱའོ། །གསུམ་པ་མངོན་སུམ་ཡིན་ན་ཚད་མ་ཡིན་པས་མ་ཁྱབ་ཅེས་གསུངས་པ་མི་འཐད་དེ། མངོན་སུམ་ཡིན་ན་ཚད་མ་ཡིན་པས་མ་ཁྱབ་ཅེས་པ་དེ། སྒྲ་འཛིན་མངོན་སུམ་ཆོས་ཅན། སྒྲའི་མི་རྟག་པ་ལ་ཚད་མ་ཡིན་པར་ཐལ། སྒྲའི་མི་རྟག་པ་ལ་མངོན་སུམ་ཡིན་པའི་ཕྱིར་ཞེས་བརྗོད་དམ། ཡིད་ཤེས་གཟུགས་མཛེས་ལ་ལྷག་པར་ཆགས་པའི་དུས་ཀྱི་སྒྲ་འཛིན་དབང་མངོན་ཆོས་ཅན་ཚད་མ་ཡིན་པར་ཐལ། མངོན་སུམ་ཡིན་པའི་ཕྱིར་ཞེས་བརྗོད་པ་ཡིན། དང་པོ་ལྟར་ན། ཁྱབ་པ་མ་ངེས་ཏེ། རྟོག་མེད་ཀྱི་ཤེས་པ་ཡིན་ན་ཤེས་པ་ཡིན་པས་མ་ཁྱབ་པར་འགྱུར་ཏེ། ལྷ་སྦྱིན་གྱི་རྟོག་མེད་ཀྱི་ཤེས་པ་ཡིན་ན་ལྷ་སྦྱིན་གྱི་ཤེས་པ་ཡིན་པས་མ་ཁྱབ་པའི་ཕྱིར། ཞེས་བརྗོད་ན་མི་མཚུངས་སམ། རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ། །གཉིས་པ་ལྟར་ན་ནི། རྟགས་དེ་ལྟར་འགྲུབ་པ་ནི་མི་སྲིད་དེ། དེ་འདྲའི་མངོན་སུམ་སྐྱེ་བ་སྡེ་བདུན་མདོ་དང་བཅས་པ་ལས་བཀག་ཅིང་རིགས་པས་ཀྱང་ཁེགས་པའི་ཕྱིར། མངོན་སུམ་ཡིན་པར་གྱུར་པའི་ཤེས་པ་གང་ཆོས་ཅན་དུ་བཞག་ན་ནི་ཤིན་ཏུ་འདོད་དེ། དེ་ཚད་མ་མ་ཡིན་པར་མི་འགྲུབ་པའི་ཕྱིར། གལ་ཏེ་ཚད་མ་མ་ཡིན་ཏེ། སྒྲ་འཛིན་དབང་མངོན་ཁ་ཅིག་སྒྲའི་མི་རྟག་པ་ལ་ཚད་མ་མ་ཡིན་པའི་ཕྱིར་ཞེས་སྨྲས་ན། ཤིན་ཏུ་མི་འཐད་དེ། ཁྱོད་རང་གིས་ཚད་མར་འདོད་པའི་གོམས་པ་ཅན་གྱི་སྒྲ་འཛིན་དབང་པོའི་མངོན་སུམ་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། སྒྲ་འཛིན་དབང་མངོན་གང་ཞིག་སྒྲའི་མི་རྟག་པ་ལ་ཚད་མ་མ་ཡིན་པའི་ཕྱིར། ཞེས་བརྗོད་ན་ཅི་ཟེར། འདི་རྣམས་ཀྱི་དགག་སྒྲུབ་རྒྱས་པར་ནི་ཁོ་བོས་ཚད་མ་རིགས་པའི་གཏེར་གྱི་རྒྱན་དུ་ལེགས་པར་བཤད་ཡོད་པས་དེར་བལྟ་བར་བྱའོ། །གངས་རིའི་ཁྲོད་ཀྱི་མཁས་མི་མཁས་ཐམས་ཅད་མགྲིན་གཅིག་ཏུ་ཤེས་པ་ཐམས་ཅད་རང་གི་ངོ་བོ་ལ་མངོན་སུམ་ཡིན་ཏེ། རྣམ་འགྲེལ་ལས། དེ་ཕྱིར་དེ་ལ་ཀུན་མངོན་སུམ། ཞེས་གསུངས་པའི་ཕྱིར་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ་སྔར་བཀག་ཟིན་པའི་ཕྱིར་དང་། རང་གི་ངོ་བོའི་མཚན་གཞི་གང་ཡིན་དཔྱད་ན་བརྟག་མི་བཟོད་པའི་ཕྱིར། རྟོག་པའི་ངོ་བོ་རྟོག་པ་ཉིད་ཡིན་པས་རྟོག་པ་རྟོག་པ་ལ་མངོན་སུམ་ཡིན་པར་འདོད་པའམ། དེ་ལས་གཞན་ཡོད། དང་པོ་ལྟར་ན། དེ་ལ་མངོན་སུམ་ཡིན་ན་དེ་ལ་རྟོག་པ་དང་བྲལ་བ་ཡིན་དགོས་པར་འདོད་པས། རྟོག་པ་ཆོས་ཅན། རྟོག་པ་དང་བྲལ་བ་ཡིན་པར་ཐལ། རྟོག་པ་ལ་མངོན་སུམ་ཡིན་པའི་ཕྱིར། འདོད་ན་ཤིན་ཏུ་མི་འཐད་དེ། རང་ཉིད་རང་ཉིད་དང་བྲལ་བར་འདོད་པ་ཤིན་ཏུ་ཐ་ཆད་ཡིན་པའི་ཕྱིར། གཞན་ཡང་རྟོག་པའི་མི་རྟག་པ་ལ་མངོན་སུམ་ཡིན་པར་ཐལ། རྟོག་པ་ལ་མངོན་སུམ་གང་ཞིག་རྟོག་པ་དང་རྟོག་པའི་མི་རྟག་པ་ཡུལ་དུས་གནས་སྐབས་གང་ལ་ལྟོས་ནས་ཀྱང་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། འདིའི་ཁྱབ་པ་ནི་ཐམས་ཅད་ཀྱི་ཞལ་གྱིས་བཞེས་སོ། །དེ་ལས་གཞན་ཡོད་ནའང་སྟོན་ཅིག རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ། །འོ་ན་རྣམ་འགྲེལ་གྱི་ལུང་གི་དོན་གང་ཡིན་ཞེ་ན། མངོན་སུམ་གྱི་མྱོང་བྱ་ཡིན་པས་མངོན་སུམ་དུ་བརྟགས་པ་ཡིན་གྱི་མངོན་སུམ་ཉིད་ཡིན་པར་བཤད་པ་མ་ཡིན་ནོ། །སློབ་དཔོན་རྒྱལ་བ་བློས་ཀྱང་འདི་ལྟར་དུ་བཞེད་པ་ཡིན་ཏེ། རང་ཉིད་ལ་རིག་པ་ནི་རང་རིག་གོ །འདིས་རིག་པར་བྱ་བས་ན་རིག་པ་སྟེ། འཛིན་པའི་རྣམ་པར་ཡང་དག་པར་བཤད་པ་ཉམས་སུ་མྱོང་བའི་རང་བཞིན་ཉིད་དོ་ཞེས་རིག་པར་བྱ་བས་ན་རིག་པ་ཞེས་བྱ་བའི་ཆ་ལ་བཤད་ཀྱི་རིག་པར་བྱེད་པས་ན་རིག་པ་ཞེས་བྱེད་པའི་ཆ་ལ་མ་བཤད་དོ། །གཉིས་པ་གཞུང་གི་དོན་ནི། འདོད་ཆགས་ལ་སོགས་པ་ཉམས་སུ་མྱོང་བའི་འཛིན་པའི་རྣམ་པ་ཆོས་ཅན། རང་རིག་ཡིན་ཏེ། རང་གི་གཟུང་ཡུལ་རང་མཚན་གཉིས་སྣང་ནུབ་པའི་ཚུལ་གྱིས་གསལ་བར་རྟོགས་པའི་ཤེས་པ་ཡིན་པའི་ཕྱིར། རྟོག་པ་མེད་པ་ཡིན་ཞེས་པ་སྟེ། རང་གི་གཟུང་ཡུལ་ལ་རྟོག་པ་མ་ཡིན་ཏེ། རང་གི་གཟུང་ཡུལ་གསལ་བར་སྣང་བའི་ཤེས་པ་ཡིན་པའི་ཕྱིར། རྟོག་པ་མེད་པ་ཡིན་ཞེས་གཞུང་གི་ཚིག་རིས་འགྱུར་ཉག་དུ་བྱེད་པ་མི་འཐད་དེ། ཚད་མ་དེ་ཚད་མིན་གྱི་ཤེས་པ་མེད་པར་ཁས་བླངས་ན་སྐྱོན་ཅི་ཡོད། ཚད་མ་ཆོས་ཅན། གཞི་གྲུབ་ན་ཚད་མིན་གྱི་ཤེས་པ་མེད་པས་ཁྱབ་པར་ཐལ། ཚད་མིན་གྱི་ཤེས་པ་མེད་པའི་ཕྱིར། །ཞེ་ན། ཆགས་སོགས་ཉམས་སུ་མྱོང་བའི་འཛིན་རྣམ་ཆོས་ཅན། གཞི་གྲུབ་ན་རྟོག་པ་མེད་པས་ཁྱབ་པར་ཐལ། རྟོག་པ་མེད་པ་ཡིན་པའི་ཕྱིར། ཞེས་བརྗོད་ན་ལན་ཅི་ཡོད། གལ་ཏེ་ཚད་མ་ཆོས་ཅན། ཚད་མིན་གྱི་ཤེས་པ་མེད་པ་མ་ཡིན་ཏེ། ཚད་མིན་གྱི་ཤེས་པ་དང་རྫས་གཅིག་ཡིན་པའི་ཕྱིར་ཞེས་སྨྲས་ན། འོ་ན། རྟོག་མྱོང་རང་རིག་མངོན་སུམ་ཆོས་ཅན། རྟོག་པ་མེད་པ་མ་ཡིན་པར་ཐལ། རྟོག་པ་དང་རྫས་གཅིག་ཡིན་པའི་ཕྱིར་ཞེས་བརྗོད་ན་ལན་ཅི་ཡོད། གལ་ཏེ་འདོད་དོ་ཞེ་ན། ཁས་བླངས་མོད། ཁས་བླངས་གསལ་བར་སྟོན་པ་ནི། རྟོག་པ་མེད་པ་མིན་པར་ཐལ། གཟུང་ཡུལ་རང་མཚན་གསལ་བར་སྣང་བའི་ཤེས་པ་ཡིན་མ་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་པ་མ་དྲན་ནམ། ལེགས་པར་སོམས་ཤིག རྒྱས་པར་ནི་གཞན་དུ་ཞེས་པར་བྱའོ། །བཞི་པ་ལ་གཉིས་ཏེ། དངོས་དང་། ཆགས་སོགས་རང་རིག་གི་མྱོང་བྱར་བཤད་པ་ལ་རྩོད་པ་སྤང་པའོ། །དང་པོ་ནི། ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པ་རྣམས་ཀྱི་བླ་མ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པའི་འཕགས་པའི་བདེན་པ་བཞི་སྒྲ་སྤྱི་དང་དོན་སྤྱི་གང་དང་ཡང་མ་འདྲེས་པའི་དོན་ཙམ་གསལ་བར་མཐོང་བའི་འཕགས་རྒྱུད་ཀྱི་ཡེ་ཤེས་ཆོས་ཅན། རྣལ་འབྱོར་པའི་མངོན་སུམ་ཡིན་ཏེ། ཞི་ལྷག་ཟུང་འབྲེལ་གྱི་ཏིང་འཛིན་ལ་བརྟེན་ནས་ཡང་དག་པའི་དོན་མངོན་སུམ་དུ་མཐོང་བའི་འཕགས་པའི་རྒྱུད་ཀྱི་ཡེ་ཤེས་ཡིན་པའི་ཕྱིར། འདིའི་དོན་རྒྱས་པར་ནི་དཔལ་ལྡན་ཆ་པ་ལ་སོགས་པའི་ལེགས་བཤད་ལས་ཤེས་པར་བྱའོ། །གཉིས་པ་ནི། ཆགས་སོགས་རང་རིག་མངོན་སུམ་གྱི་མྱོང་བྱ་ཡིན་ན་རྟོག་པའང་དེར་འགྱུར་རོ། །དེ་ལྟར་ན། མྱོང་བྱ་དང་མྱོང་བྱེད་བདག་ཅིག་པས་རྟོག་པ་རང་རིག་མངོན་སུམ་དུ་འགྱུར་རོ་ཞེ་ན། རྟོག་པ་ཆོས་ཅན། རང་རིག་མངོན་སུམ་གྱི་མྱོང་བྱ་ཉིད་དུ་འདོད་པ་བདེན་ཏེ། ཤེས་པ་ཡིན་པའི་ཕྱིར། དེ་ལྟར་ཡིན་ཡང་། རང་གི་གཟུང་ཡུལ་གྱི་དོན་ལ་རང་རིག་མངོན་སུམ་མ་ཡིན་ཏེ། དེ་ལ་རྟོག་པ་ཡིན་པའི་ཕྱིར། འང་ནི་ཆགས་སོགས་སུ་མ་ཟད་ཅེས་པའོ། །འདི་ལྟར་དུ་བཤད་པ་བྱེད་པ་གཞུང་གི་དགོངས་པ་ཡིན་གྱི་གཞན་དག་གིས་གཞུང་འདིའི་བཤད་པ་བྱེད་པ་ལྟར་བྱས་ན་མཁས་མཆོག་གི་གཞུང་ལོག་པར་བཤད་པས་ཕྱི་མར་རྣམ་སྨིན་ངན་པ་མྱོང་བ་ཡིན་ནོ། །གསུམ་པ་ལ་གཉིས་ཏེ། མངོན་སུམ་ལྟར་སྣང་བའི་རྟོག་པ་དྲུག་དུ་དབྱེ་བ་དང་། བསླད་པའི་མངོན་སུམ་ལྟར་སྣང་དམིགས་ཀྱིས་བསལ་བའོ། །དང་པོ་ནི་མངོན་སུམ་ལྟར་སྣང་བའི་རྟོག་པ་ཆོས་ཅན། དྲུག་ཡོད་དེ། དོན་གཞན་ལ་སྒྲོ་འདོགས་པའི་འཁྲུལ་པའི་ཤེས་པ་དང་། བརྡའི་བརྟེན་ཅན་གྱི་ཀུན་རྫོབ་ཏུ་ཡོད་པ་འཛིན་པའི་ཞེན་པའི་ཤེས་པ་དང་། རང་འབྲས་རྗེས་དཔག་གི་རྒྱུར་གྱུར་པའི་རྟགས་འཛིན་གྱི་སེམས་དང་། རྗེས་སུ་དཔག་པའི་རྒྱུ་ལས་བྱུང་བའི་རྗེས་དཔག་དང་། འདས་པའི་དོན་དྲན་པའི་རྟོག་པ་དང་། མ་འོངས་པའི་དོན་མངོན་པར་འདོད་པའི་རྟོག་པ་ཞེས་བྱ་བ་རྣམས་ཡོད་པའི་ཕྱིར། འོ་ཞེས་བྱ་བ་རྫོགས་པའི་ཚིག་གིས་རྟོག་པའི་སྡེ་ཚན་ལས་བསླད་པའི་མངོན་སུམ་ལྟར་སྣང་ལོགས་སུ་བཀར་ནས་མངོན་སུམ་ལྟར་སྣང་ལ་གཉིས་སུ་ཕྱེ་བ་ན། རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་གསུངས་པ་སྤྱིར་བཏང་དུ་རྟོགས་ནས་རང་གི་གཟུང་ཡུལ་ལ་མ་འཁྲུལ་བའི་ཤེས་པ་མངོན་སུམ་གྱི་མཚན་ཉིད་ལྷག་མར་གོ་བར་འགྱུར་བ་ཡིན་ནོ། །འོ་ན་འདིར་རྟོག་པའི་མངོན་སུམ་ལྟར་སྣང་དྲུག་ཏུ་བཤད་པ་དང་། རྣམ་འགྲེལ་དུ་དེ་གསུམ་དུ་བསྡུས་ནས་བཤད་པའི་ཁྱད་པར་ཅི་ལྟར་ཡིན་ཞེ་ན། འདིར་དྲུག་ཏུ་བཤད་པ་ནི་གསལ་བའི་དབྱེ་བ་ཤེས་པའི་དོན་དུ་ཡིན་ལ་རྣམ་འགྲེལ་དུ་བཤད་པ་གསུམ་དུ་ནི་རིགས་པ་ཅན་ལ་སོགས་པའི་འདོད་པ་དགག་པའི་ཆེད་དུ་ཡིན་ནོ། །དེ་ཡང་རིགས་པ་ཅན་ལ་སོགས་པ། དབང་པོ་དང་དོན་འཕྲད་པ་ལས་སྐྱེས་པའི་ཤེས་པ་ཐ་སྙད་དུ་བྱ་བ་མ་ཡིན་པ་ཞེན་པའི་བདག་ཉིད་ཅན་མངོན་སུམ་གྱི་མཚན་ཉིད་དུ་འདོད་པ་དགག་པའི་ཆེད་དུ་བརྡའི་རྟེན་ཅན་དང་དོན་གཞན་ལ་སྒྲོ་འདོགས་པའི་རྟོག་པ་གཉིས་རྩོད་གཞི་དང་། ཕྱི་མ་བཞི་དོན་ཚན་གཅིག་ཏུ་བསྡུས་ནས་མཐུན་དཔེར་མཛད་པ་ཡིན་ནོ། །ཚད་མ་རིག་པའི་གཏེར་ལས་ནི་དེ་གཉིས་ཀ་ཡང་ལོག་རྟོག་བཟློག་པའི་ཕྱིར་དུ་བཤད་པར་བཞེད་དེ། རྟོག་པ་གསུམ་ཡིན་དྲུག་བཤད་པ། ལོག་རྟོག་བཟློག་ཕྱིར་ཕྱེ་སྟེ་གསུངས། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ནི། རབ་རིབ་བཅས་ཞེས་པའི་དམིགས་བསལ་གྱི་ཚིག་ལ། རྒྱལ་བའི་དབང་པོའི་བློ་གྲོས་ནི་འདི་ལྟར་བཤད་དེ། དང་པོར་འཇུག་པར་བྱེད་ཅིང་བསླུ་བ་མེད་པའི་རྟོག་མེད་ཀྱི་ཤེས་པ་ནི་མངོན་སུམ་གྱི་ཚད་མ་ཡིན་ལ། ཟླ་བ་གཉིས་སྣང་གི་དབང་ཤེས་དང་། སྐྲ་ཤད་འཛག་སྣང་གི་དབང་ཤེས་སོགས་ནི། མངོན་སུམ་མ་ཡིན་ཏེ། དོན་གང་ལ་ཡང་མི་བསླུ་བ་མ་ཚང་བའི་ཕྱིར། དེས་ན་འདི་རྣམས་མངོན་སུམ་ཡིན་པ་བཅད་པའི་དོན་དུ་མངོན་སུམ་གྱི་མཚན་ཉིད་གྱི་ཡན་ལག་ཏུ་མ་འཁྲུལ་པ་སྨོས་པ་ཡིན་ནོ། །རབ་རིབ་བཅས་ཞེས་པའི་ཚིག་དེ། དབང་པོ་ལ་ཉེ་བར་གནོད་པའི་རྐྱེན་ཅན་ཐམས་ཅད་ཉེ་བར་མཚོན་པ་འབའ་ཞིག་གོ་ཞེས་བཤད་པ་མ་ཡིན་ཏེ། མིག་སེར་གྱིས་ཉེ་བར་བསླད་པའི་མིག་ཅན་གྱིས་དུང་དཀར་པོ་ལ་དུང་སེར་པོ་ལ་སོགས་པར་སྣང་བའི་མིག་ཤེས་དང་། གསལ་བའི་སྔོན་པོ་ལ་མི་གསལ་བའི་སྔོན་པོར་སྣང་བའི་མིག་ཤེས་དང་། གྲུ་དང་བཞོན་པ་བསྐྱོད་པའི་དབང་གིས་ལྗོན་ཤིང་འགྲོ་བར་སྣང་བའི་མིག་ཤེས་ནི། དེ་མ་ཡིན་ལ་དེར་འཛིན་པའི་ཤེས་པ་ཡིན་པའི་ཕྱིར། འཁྲུལ་བའི་ཤེས་པ་ཡིན་ཡང་། མངོན་སུམ་གྱི་ཚད་མ་ཡིན་ཏེ། རྟོག་མེད་ཀྱི་ཤེས་པ་ཡིན་པས་རྗེས་དཔག་མ་ཡིན་ལ། འདོད་པའི་དོན་དུང་དང་སྔོན་པོ་དང་ལྗོན་ཤིང་ལ་བསླུ་བ་མེད་པའི་ཤེས་པ་ཡིན་པས་ཚད་མ་ཡིན་པའི་ཕྱིར་དང་། ཕུང་གསུམ་གྱི་ཚད་མ་ཡིན་པ་ཁེགས་པའི་ཕྱིར་རོ། །གལ་ཏེ་འཁྲུལ་བའི་ཕྱིར་ཚད་མ་མ་ཡིན་པར་འདོད་ན། རྗེས་དཔག་ཡང་། ཚད་མ་མ་ཡིན་པར་འགྱུར་ཏེ། འཁྲུལ་བའི་ཕྱིར། འོ་ན་རབ་རིབ་བཅས་ཞེས་པའི་ཚིག་གིས་ནི། དབང་པོ་ལ་གནོད་པ་ཡོད་པའི་ཤེས་པ་ཐམས་ཅད་མངོན་སུམ་ལྟར་སྣང་དུ་མཚོན་ནས་བསྟན་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། ཚིག་རྣམས་ནི་ངེས་བཟུང་གི་སྙིང་པོ་ཅན་ཡིན་པས་རབ་རིབ་ཀྱིས་བསླད་པའི་དབང་གིས་གང་ལ་བསླུ་བ་དེ་ལ་མངོན་སུམ་ལྟར་སྣང་དུ་བསྟན་པས་ཁ་དོག་སེར་པོ་དང་ལྗོན་ཤིང་འགྲོ་བ་ལ་མངོན་སུམ་ལྟར་སྣང་དུ་བསྟན་པ་ཡིན་གྱི་དུང་དང་སྔོན་པོ་དང་། ལྗོན་ཤིང་ལ་མངོན་སུམ་ལྟར་སྣང་དུ་སྟོན་པ་མ་ཡིན་པས། རྟོག་མེད་ཀྱི་ཤེས་པ་གང་གང་ལ་བསླུ་བའི་ཆ་དེ་ལ་མངོན་སུམ་ལྟར་སྣང་དུ་མཚོན་པ་ཡིན་ནོ་ཞེས་གསུངས་སོ། །དེ་ནི་ཤིན་ཏུ་མི་འཐད་དེ། ཟླ་བ་གཉིས་སྣང་གི་མིག་ཤེས་ཡང་། མངོན་སུམ་གྱི་ཚད་མར་འགྱུར་ཏེ། རྟོག་མེད་ཀྱི་ཤེས་པ་ཡིན་པས་རྗེས་དཔག་མ་ཡིན་ལ། འདོད་པའི་དོན་ཟླ་བ་ལ་བསླུ་བ་མེད་པའི་ཤེས་པ་ཡིན་པས་ཚད་མ་ཡིན་པའི་ཕྱིར་དང་། ཕུང་གསུམ་གྱི་ཚད་མ་ཡིན་པ་ཁེགས་པའི་ཕྱིར་རོ་ཞེས་བརྗོད་ན་ལན་ཅི་ཡོད། ཟླ་བ་གཉིས་སྣང་གི་མིག་ཤེས་ནི། ཟླ་བ་ལ་ཚད་མ་མ་ཡིན་ཏེ། དེ་ལ་དངོས་རྟོགས་ཀྱི་ཚད་མ་ཡང་མ་ཡིན་ལ་དེ་ལ་ཤུགས་རྟོགས་ཀྱི་ཚད་མ་ཡིན་ཡང་མ་ཡིན་པའི་ཕྱིར་དང་། ཕུང་གསུམ་གྱི་ཚད་མ་ཡིན་པ་ཁེགས་པའི་ཕྱིར། སྔ་མ་མ་གྲུབ་ན། དེར་ཐལ། རང་ལ་ཟླ་བ་མི་སྣང་བའི་ཕྱིར། གལ་ཏེ་སྣང་ན། དེ་དང་གྲུབ་བདེ་རྫས་གཅིག་པའི་ཟླ་གཅིག་སྣང་བར་འགྱུར་ཏེ། གྲུབ་བདེ་རྫས་གཅིག་ལ་སྣང་མི་སྣང་ཆ་གཉིས་མེད་པའི་ཕྱིར། དེ་ལ་ཤུགས་རྟོགས་ཀྱང་མ་ཡིན་ཏེ། དངོས་རྟོགས་མེད་པའི་ཤུགས་རྟོགས་ཀྱང་མི་འཐད་པའི་ཕྱིར་ཞེས་ཟེར་ན། འོ་ན་ལྗོན་ཤིང་འགྲོར་སྣང་གི་མིག་ཤེས་ཀྱང་། ལྗོན་ཤིང་ལ་ཚད་མ་མ་ཡིན་པར་འགྱུར་ཏེ། དེ་ལ་དངོས་རྟོགས་ཀྱི་ཚད་མ་ཡང་མ་ཡིན་ལ། དེ་ལ་ཤུགས་རྟོགས་ཀྱི་ཚད་མ་ཡང་མ་ཡིན་པའི་ཕྱིར་དང་། ཕུང་གསུམ་གྱི་ཚད་མ་ཡིན་པ་ཁེགས་པའི་ཕྱིར། སྔ་མ་མ་གྲུབ་ན་དེར་ཐལ། རང་ལ་ལྗོན་ཤིང་མི་སྣང་བའི་ཕྱིར། གལ་ཏེ་ལྗོན་ཤིང་སྣང་ན། དེ་དང་གྲུབ་བདེ་རྫས་གཅིག་པའི་ལྗོན་ཤིང་སྡོད་པ་སྣང་བར་འགྱུར་ཏེ། གྲུབ་བདེ་རྫས་གཅིག་ལ་སྣང་མི་སྣང་ཆ་གཉིས་མེད་པའི་ཕྱིར། དེ་ལ་ཤུགས་རྟོགས་ཀྱང་མ་ཡིན་ཏེ། དངོས་རྟོགས་མེད་པའི་ཤུགས་རྟོགས་ཀྱང་མི་འཐད་པའི་ཕྱིར། ཞེས་བརྗོད་ན་མི་མཚུངས་སམ་ལེགས་པར་སོམས་ཤིག གཞན་ཡང་། མངོན་སུམ་ཡིན་ན་མ་འཁྲུལ་བ་ཡིན་པས་ཁྱབ་པར་འགྱུར་ཏེ། མ་འཁྲུལ་བའི་ཤེས་པ་མངོན་སུམ་གྱི་མཚན་ཉིད་ཀྱི་ཡན་ལག་ཏུ་ཁས་བླངས་པའི་ཕྱིར། འདོད་ན། ལྗོན་ཤིང་འགྲོ་བར་སྣང་བའི་མིག་ཤེས་ཆོས་ཅན། མ་འཁྲུལ་བར་ཐལ། མངོན་སུམ་ཡིན་པའི་ཕྱིར། གསུམ་ཆར་དངོས་འགལ་མ་ཡིན་ནམ། དུང་སེར་པོར་སྣང་བའི་མིག་ཤེས་དང་། ཐག་རིང་བའི་དབང་གིས་གསལ་བའི་སྔོན་པོ་མི་གསལ་བའི་སྔོན་པོར་སྣང་བའི་མིག་ཤེས་ལའང་དེ་བཞིན་དུ་དགག་སྒྲུབ་རྒྱ་ཆེར་ཤེས་པར་བྱའོ། །གཞན་ཡང་། རྗེས་དཔག་འཁྲུལ་བའི་ཤེས་པར་ཆེས་ཤིན་ཏུ་མི་འཐད་དེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ལྟར་སྣང་དུ་འདོད་ན་སྐྱོན་ཅི་ཡོད། མི་འཐད་དེ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡིན་པས་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་ཁས་ལེན་དགོས་པའི་ཕྱིར་ཞེ་ན། རྗེས་དཔག་འཁྲུལ་བའི་ཤེས་པར་མི་འཐད་པར་འགྱུར་ཏེ། རང་གི་གཞལ་བྱ་ཡིན་པ་ལ་ཡིན་པ་ལྟར་རྟོགས་པའི་ཤེས་པ་ཡིན་པས་མ་འཁྲུལ་བའི་ཤེས་པར་ཁས་ལེན་དགོས་པའི་ཕྱིར། ཞེས་བརྗོད་ན་ལན་ཅི་ཡོད། གལ་ཏེ་རྗེས་དཔག་འཁྲུལ་བའི་ཤེས་པར་ཐལ། རང་གི་སྣང་ཡུལ་ལ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར་ཞེ་ན། བྱས་པ་ཡང་། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ལྟར་སྣང་དུ་ཐལ། སྒྲའི་དོན་སྤྱི་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ལྟར་སྣང་ཡིན་པའི་ཕྱིར་ཞེས་བརྗོད་ན་ཅི་ཟེར། མ་ངེས་ཏེ། སྒྲའི་དོན་སྤྱི་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ལྟར་སྣང་ཡིན་ཡང་སྒྲ་དང་མི་རྟག་པའི་ཚོགས་དོན་སྒྲུབ་པའི་རྟགས་ཡང་དག་ཡིན་པ་མི་འགལ་བའི་ཕྱིར་ཞེ་ན། འོ་ན་ཁྱོད་ཀྱི་དེ་ཡང་མ་ངེས་པར་འགྱུར་ཏེ། རང་གི་སྣང་ཡུལ་ལ་འཁྲུལ་བའི་ཤེས་པ་ཡིན་པ་དང་། རང་གི་ཞེན་ཡུལ་ལ་མ་འཁྲུལ་བའི་ཤེས་པ་ཡིན་པ་མི་འགལ་བའི་ཕྱིར། ཞེས་བརྗོད་ན་ལན་ཅི་ཡོད། གཞན་ཡང་འདོད་པའི་དོན་དུང་ལ་མི་བསླུ་བའི་ཤེས་པ་ཡིན་ན་ཚད་མ་ཡིན་པས་ཁྱབ་ན། སྔོན་འཛིན་མངོན་སུམ་གྱི་རྗེས་སུ་སྐྱེས་པའི་སྔོན་པོ་དོན་མཐུན་དུ་ངེས་པའི་བཅད་ཤེས་ཡང་ཚད་མར་འགྱུར་ཏེ། འདོད་པའི་དོན་སྔོན་པོ་ལ་མི་བསླུ་བའི་ཤེས་པ་ཡིན་པའི་ཕྱིར། ཞེས་བརྗོད་ན་ཅི་ཟེར། ཡང་གསལ་བའི་སྔོན་པོ་མི་གསལ་བའི་སྔོན་པོར་སྣང་བའི་མིག་ཤེས། མངོན་སུམ་ཡིན་ནོ་ཞེས་པ་འདི་ཆོས་ཀྱི་གྲགས་པ་དང་ཕྱོགས་ཀྱི་གླང་པོ་ལ་སོགས་པ་ཤིང་རྟའི་སྲོལ་འབྱེད་ཆེན་པོ་རྣམས་ཀྱིས་ཀྱང་གསུངས་པ་ལྟ་བུར་སྣང་སྟེ། ཉེ་རིང་ལ་སོགས་ཁྱད་པར་གྱིས། གསལ་དང་མི་གསལ་མི་རུང་ངོ་། །ཞེས་སོགས་དུ་མ་གསུངས་པའི་ཕྱིར། འདི་ལྟར་ན་མངོན་སུམ་ཡིན་ན་མ་འཁྲུལ་བའི་ཤེས་པ་ཡིན་པས་ཁྱབ་པ་དང་། དེ་མ་ཡིན་ལ་དེར་སྣང་བའི་ཤེས་པ་འཁྲུལ་ཤེས་ཀྱི་མཚན་ཉིད་དུ་འདོད་ན་ཤིན་ཏུ་རིགས་པའི་ལམ་ལས་འདས་པ་ཡིན་ཏེ། གསལ་བའི་སྔོན་པོ་མི་གསལ་བའི་སྔོན་པོར་སྣང་བའི་མིག་ཤེས་ཆོས་ཅན། མ་འཁྲུལ་བའི་ཤེས་པར་ཐལ། མངོན་སུམ་ཡིན་པའི་ཕྱིར། རྟགས་ཁྱབ་དངོས། འདོད་ན། འཁྲུལ་ཤེས་སུ་ཐལ། དེ་མ་ཡིན་ལ་དེར་སྣང་བའི་ཤེས་པ་ཡིན་པའི་ཕྱིར། འཁོར་གསུམ་དངོས་འགལ་མ་ཡིན་ནམ་ལན་ལེགས་པར་ཐོབ་ཅིག དེས་ན་རིགས་པའི་ལམ་ནས་དྲངས་པའི་དགག་སྒྲུབ་བྱས་ན་ཚིག་ལ་འཁྲི་བ་ཡིན་པས་གཞུང་ལུགས་མ་གོ་ཞེས་ཟེར་བའི་བློ་གྲོས་རྩིང་པོས་འཇུག་པའི་སྙིང་ཕོད་ཅན་གྱི་བླུན་པོ་རྣམས་ཁ་ནང་དུ་ཕྱོགས་ལ་སངས་རྒྱས་ཀྱི་བསྟན་པ་མ་ཤིགས་ཤིག མཁས་པའི་གཞུང་གི་འགལ་སྤོང་ནི་གཞན་དུ་ཤེས་པར་བྱའོ། །རྒྱལ་རྔ་བདུན་པ་ཆོས་མཆོག་ནི། ཡུལ་དང་དུས་དང་རྣམ་པ་ལ་འཁྲུལ་པ་ཆ་གང་ལ་ཡང་མངོན་སུམ་གྱི་ཚད་མར་མི་རུང་བར་བཞེད་དེ། དུང་སེར་འཛིན་གྱི་དབང་ཤེས་དེ་ཉིད་དུང་གི་ཆ་གང་ལ་ཡང་ཚད་མར་མི་རུང་སྟེ། དངོས་རྟོགས་མེད་པའི་ཤུགས་རྟོགས་མི་རུང་བས་སེར་པོ་སྣང་བ་མ་གཏོགས་དུང་གི་ཆ་གང་གི་ཡང་རྣམ་པ་མ་ཤར་བའི་ཕྱིར། གལ་ཏེ་ཁ་དོག་གི་དཀར་པོ་མི་སྣང་ཡང་དུང་གི་དབྱིབས་སྣང་བས་སྐྱོན་མེད་དོ་ཞེ་ན། མི་འཐད་དེ། དུང་སེར་འཛིན་གྱི་དབང་ཤེས་ཆོས་ཅན། དུང་གི་ཁ་དོག་དཀར་པོ་སྣང་བར་འགྱུར་ཏེ། དུང་གི་དབྱིབས་སྣང་ཞིང་དུང་གི་དབྱིབས་དེ་དུང་གི་ཁ་དོག་དཀར་པོ་དང་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། དུང་ཐོབ་པ་ཡང་དུང་གི་རེག་བྱ་འཛིན་པའི་མངོན་སུམ་ཚད་མར་སོང་བ་ཡིན་གྱི་སྔ་མ་དོན་མེད་དོ། །དེ་བཞིན་དུ་ལྗོན་ཤིང་འགྲོར་སྣང་ལ་ཡང་ཤེས་པར་བྱའོ། །སྒོའི་བུ་ག་ནས་ནོར་བུའི་འོད་འདུག་པ་མཐོང་བའི་ཚེ་དེ་ན་ནོར་བུ་འདུག་གོ་སྙམ་པ་ནི་རང་གི་གཟུང་ཡུལ་གྱི་རང་མཚན་སྤངས་པ་ཡིན་པས་བློ་དེ་ནོར་བུའི་ཆ་གང་ལ་ཡང་མངོན་སུམ་གྱི་ཚད་མར་མི་རུང་ངོ་ཞེས་གསུངས་སོ། །དེ་ལ་རྒྱ་བོད་ཀྱི་མཁས་དབང་ཕལ་ཆེར་ནི་ཕྱོགས་ཕྱི་མར་བཞེད་དོ། །དེ་ལྟར་བཞེད་པ་རྣམས་ལ་འདི་སྐད་བརྗོད་ན་ལན་ཅི་འདེབས་ཞེས་འདྲི་བར་བྱ་སྟེ། མཁས་མཆོག་རྣམས་ཀྱང་མངོན་སུམ་ཡིན་ན་མ་འཁྲུལ་བའི་ཤེས་པ་ཡིན་པས་ཁྱབ་པ་དང་། དེ་མ་ཡིན་ལ་དེར་སྣང་བའི་ཤེས་པ་ཡིན་ན་འཁྲུལ་ཤེས་ཡིན་པས་ཁྱབ་པ་བཞེད་པར་ཞལ་འཆམ་མོད། དེའི་ལྟར་ན། ཉི་མ་འཛིན་པའི་མིག་གི་དབང་པོའི་མངོན་སུམ་དེ་ཉི་མ་ལ་མངོན་སུམ་གྱི་ཚད་མ་མ་ཡིན་པར་འགྱུར་ཏེ། དངོས་རྟོགས་མེད་པའི་ཤུགས་རྟོགས་མི་རུང་བས་དེ་ལ་ཉི་མའི་ཆ་གང་གི་ཡང་རྣམ་པ་མ་ཤར་བའི་ཕྱིར། གལ་ཏེ་དཔག་ཚད་ལྔ་བཅུ་རྩ་གཅིག་གི་ཁྱོན་དང་ལྡན་པའི་ཉི་མ་མི་སྣང་ཡང་ཉི་མ་སྣང་བས་སྐྱོན་མེད་དོ་ཞེ་ན། དེ་འདྲའི་དབང་མངོན་ཆོས་ཅན། དཔག་ཚད་ལྔ་བཅུ་རྩ་གཅིག་གི་ཁྱོན་དང་ལྡན་པའི་ཉི་མ་སྣང་བར་འགྱུར་ཏེ། ཉི་མ་སྣང་ཞིང་ཉི་མ་དེ་དཔག་ཚད་ལྔ་བཅུ་རྩ་གཅིག་གི་ཁྱོན་དང་ལྡན་པའི་ཉི་མ་དང་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། འདོད་དོ་ཞེ་ན། སྔ་མ་ཡང་འདོད་དོ། །སེར་པོར་སྣང་བ་དང་འགལ་ལོ་ཞེ་ན། འོ་ན་ཤིང་རྟའི་འཕང་ལོ་ཙམ་དུ་སྣང་བ་དང་འགལ་ལོ་ཞེས་བརྗོད་ན་མི་མཚུངས་སམ་ལེགས་པར་སོམས་ཤིག གཞན་ཡང་ཆོས་ཅན། དེ་མ་ཡིན་ལ་དེར་སྣང་བའི་ཤེས་པར་ཐལ། དཔག་ཚད་ལྔ་བཅུ་རྩ་གཅིག་གི་ཁྱོན་དང་ལྡན་པའི་ཉི་མ་ཡང་ཤིང་རྟའི་འཕང་ལོ་ཙམ་དུ་སྣང་བའི་ཤེས་པ་ཡིན་པའི་ཕྱིར། འདོད་ན་ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་པ་ནི། འཁྲུལ་ཤེས་སུ་འགྱུར་ཏེ། དེ་མ་ཡིན་ལ་དེར་སྣང་བའི་ཤེས་པ་ཡིན་པའི་ཕྱིར། འདོད་ན། མ་འཁྲུལ་བའི་ཤེས་པར་འགྱུར་ཏེ། མངོན་སུམ་ཡིན་པའི་ཕྱིར། ཞེས་བརྗོད་ན་ལན་ཅི་ཡོད། འདི་ཡང་གཞུང་འཆད་པའི་ཚུལ་ལ་དགག་སྒྲུབ་བྱས་ན་ལན་ཇི་ལྟར་འདེབས་ཞེས་བརྗོད་པ་ཡིན་གྱི་མཁས་པའི་གཞུང་དོན་འགོག་པ་མ་ཡིན་ནོ། །ཡང་རྒྱལ་རྔ་བདུན་པ་ཆོས་མཆོག་གིས་རྟོག་པ་དང་བྲལ་ཞིང་རང་གི་གཟུང་ཡུལ་ལ་མ་འཁྲུལ་བའི་ཤེས་པ་མངོན་སུམ་གྱི་མཚན་ཉིད་དུ་བཞག་པ་ནི། མདོ་སྡེ་པ་ཁོ་ནའི་ལུགས་ཡིན་གྱི་སེམས་ཙམ་པའི་ལུགས་སུ་མི་རུང་སྟེ། སེམས་ཙམ་པས་དབང་པོའི་མངོན་སུམ་འཁྲུལ་བར་བཞེད་པའི་ཕྱིར་ཞེས་གསུངས་སོ། །ཁོ་བོས་ཀྱང་ཚད་མ་རིགས་པའི་གཏེར་གྱི་རྒྱན་དུ་དེ་ལྟར་བཤད་པའོ། །དེ་ནི་ཤིན་ཏུ་མི་འཐད་དེ། སྔོན་འཛིན་དབང་མངོན་ཆོས་ཅན། ཁྱོད་རང་གི་སྣང་ཡུལ་ལ་མ་འཁྲུལ་བ་ཡིན་པར་ཐལ། ཁྱོད་རང་གི་སྣང་ཡུལ་རྫས་གྲུབ་འཛིན་པའི་ཤེས་པ་ཡིན་པའི་ཕྱིར། མ་ཁྱབ་ན། རིགས་པའི་གཏེར་གྱི་རྗེས་སུ་འབྲང་པའི་བཤད་པ་བྱེད་པ་ལྟར་ན་ནི། དེ་འཛིན་གྱི། །ཤེས་པ་གཉིས་པོ་འཁྲུལ་བར་འགལ། །ཞེས་པའི་སྐབས་སུ་ཁས་བླངས་ལ། རྣམ་པར་ངེས་པ་ལ་སོགས་ཀྱི་བཤད་པ་བྱེད་པའི་ཆོས་མཆོག་གི་རྗེས་སུ་འབྲང་བའི་བཤད་པ་བྱེད་པ་ལྟར་ན་ནི། སྔོ་འཛིན་དབང་པོའི་མངོན་སུམ་ཆོས་ཅན། རང་གི་སྣང་ཡུལ་ལ་མ་འཁྲུལ་བའི་ཤེས་པར་ཐལ། རང་གི་སྣང་ཡུལ་དངོས་པོ་འཛིན་པའི་ཤེས་པ་ཡིན་པའི་ཕྱིར། མ་ཁྱབ་ན། འཐད་ལྡན་དུ་མངོན་སུམ་དངོས་པོའི་སྣང་བ་དོན་བྱེད་པོ་དངོས་པོའི་རང་བཞིན་ལ་མ་འཁྲུལ་བ་ཡིན་པར་བརྗོད་པ་ཡིན་ནོ། །ཞེས་འབྱུང་བས་ཁྱབ་པ་ཁས་བླངས་པ་ཡིན་ནོ། །ཡང་། འཁྲུལ་ཤེས་མ་ཡིན་པར་ཐལ། དེ་མ་ཡིན་ལ་དེར་སྣང་བའི་ཤེས་པ་མ་ཡིན་པའི་ཕྱིར། གསུམ་ཆར་ཞལ་གྱིས་བཞེད་པ་ཡིན་ཏེ། གང་ཡང་རྗེས་སུ་དཔག་པ་ནི་དེ་མ་ཡིན་ལ་དེར་འཛིན་པའི་ཕྱིར་འཁྲུལ་བར་འགྱུར་བ་ན། གལ་ཏེ་མངོན་སུམ་ལས་བཟློག་པར་མི་བཞེད་ན། རྗེས་སུ་དཔག་པ་འཁྲུལ་པ་ཉིད་དུ་བརྗོད་པས་ཅི་ཞིག་བྱ། བཟློག་པར་བཞེད་ཅེ་ན། དེ་ནི་བཟུང་བ་ལ་ཕྱིན་ཅི་ལོག་པས་འཁྲུལ་པ་ཡིན་ལ། དེ་ལས་བཟློག་པས་མངོན་སུམ་མ་འཁྲུལ་བ་ཡིན་པའི་ཕྱིར། མངོན་སུམ་བཟུང་བ་ལ་ཕྱིན་ཅི་མ་ལོག་པས་མ་འཁྲུལ་ལོ་ཞེས་བྱ་བ་གྲུབ་བོ། །ཞེས་གསུངས་པའི་ཕྱིར། གལ་ཏེ་འདི་ནི་མདོ་སྡེ་པའི་ལུགས་འཆད་པའི་དབང་དུ་བྱེད་པ་ཡིན་གྱི་རྣམ་རིག་ཏུ་སྨྲ་བའི་ལུགས་འཆད་པ་མ་ཡིན་ཏེ། འདིའི་དེ་མ་ཐག་ཏུ་གལ་ཏེ་རྣལ་འབྱོར་སྤྱོད་པའི་གཞུང་ཡང་ཐམས་ཅད་དུ་རྗེས་སུ་འཇུག་པར་བྱེད་པ་ཡིན་ན་སློབ་དཔོན་གྱིས་རྗེས་སུ་དཔག་པ་ཉིད་གཟུང་བ་ལ་ཕྱིན་ཅི་ལོག་པ་ཉིད་ཡིན་ནོ་ཞེས་བྱ་བ་དང་། དོན་གྱི་མཐུས་སྟོབས་ཀྱིས་སྐྱེས་བས་རྟོག་པ་མེད་པ་ཉིད་དུ་གསུངས་པས་ཅིའི་ཕྱིར་རྗེས་སུ་འཇུག་པར་མི་བྱེད། དེའི་ཕྱིར་རྣམ་པར་རིག་པ་ཙམ་དུ་སྨྲ་བ་ལ་ནི་བག་ཆགས་བརྟན་པ་དང་། མི་བརྟན་པ་དག་གིས་རྣམ་པར་འཇོག་པར་མཐོང་ལ། འདིར་ནི་དོན་མེད་ན་མི་འབྱུང་པ་ལས་ཞེས་དེ་ལྟ་བུ་ལ་སོགས་པ་གསུངས་ནས། ཕྱི་རོལ་གྱི་དོན་གྱི་ཚུལ་ཉིད་བཞེད་པ་ཡིན་ནོ། །དེའི་ཕྱིར་སྔར་བཤད་པའི་མ་འཁྲུལ་བའི་དོན་ཡིན་ནོ། །ཞེས་འབྱུང་བའི་ཕྱིར་ཞེ་ན། དེ་ནི་མི་འཐད་དེ། འོག་མངོན་སུམ་ལྟར་སྣང་འཆད་པའི་སྐབས་སུ་ཡང་། མ་ཡིན་ཏེ། མ་འཁྲུལ་བ་ཞེས་བསྟན་པའི་ཕྱིར་རོ། །ཞེས་པའི་འགྲེལ་པར་གང་ཞིག་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་དེ་ནི་མངོན་སུམ་མོ་ཞེས་ཁོ་བོས་བརྗོད་ཟིན་པའི་ཕྱིར་དང་། ཅི་ལྟར་སློབ་དཔོན་གྱི་དགོངས་པ་ཡང་འདི་ཉིད་ཡིན་པ་དེ་ལྟར་ནི་དེ་མཐའ་ཉིད་དུ་སྟོན་པར་འགྱུར་རོ་ཞེས་འབྱུང་བའི་དེ་ཐམས་ཅད་ཕྱི་རོལ་དུ་སྨྲ་བའི་ལུགས་ཁོ་ན་ལ་སྦྱོར་བ་མི་འཐད་པའི་ཕྱིར། གལ་ཏེ་སྔོན་འཛིན་དབང་མངོན་ཆོས་ཅན། འཁྲུལ་ཤེས་སུ་ཐལ། དེ་མ་ཡིན་ལ་དེར་སྣང་བའི་ཤེས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྔོན་པོ་ཕྱི་རོལ་གྱི་དོན་མ་ཡིན་པ་ལ་དེར་སྣང་བའི་ཤེས་པ་ཡིན་པའི་ཕྱིར་ཞེ་ན། འོ་ན་རྟོག་པ་ཉིད་ཉམས་སུ་མྱོང་བའི་རང་རིག་པའི་མངོན་སུམ་ཆོས་ཅན། དེ་མ་ཡིན་ལ་དེར་འཛིན་པའི་ཤེས་པ་ཡིན་པར་ཐལ། རྟོག་པ་མངོན་སུམ་མ་ཡིན་པ་ལ་དེར་རྟོགས་པའི་ཤེས་པ་ཡིན་པའི་ཕྱིར། འདོད་ན། འཁྲུལ་ཤེས་སུ་འགྱུར་རོ། །རྟོག་པ་མངོན་སུམ་མ་ཡིན་པ་མ་གྲུབ་བོ་ཞེ་ན། རྟོག་པ་ཆོས་ཅན། རྟོག་བྲལ་ཡིན་པར་ཐལ། མངོན་སུམ་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །དེ་མངོན་སུམ་དུ་རྟོག་པའི་ཤེས་པ་ཡིན་པ་མ་གྲུབ་བོ་ཞེ་ན། རྟོག་མྱོང་རང་རིག་མངོན་སུམ་ཆོས་ཅན། རྟོག་པ་མངོན་སུམ་དུ་རྟོགས་པའི་ཤེས་པར་ཐལ། རྟོག་པ་ལ་མངོན་སུམ་གྱི་ཚད་མ་ཡིན་པའི་ཕྱིར་ཞེས་བརྗོད་ན་ལན་ཅི་ཡོད། གལ་ཏེ། འདི་ལྟར་ན། ཁྱོད་རང་གི་འཁྲུལ་ཤེས་ཀྱི་མཚན་ཉིད་ལའང་ཉེས་པ་འདི་མཚུངས་སོ་ཞེ་ན། དབང་མངོན་འཁྲུལ་ཤེས་སུ་འདོད་པ་ལ་འདི་ལྟར་བརྗོད་ན་ལན་ཅི་ཡོད་ཅེས་གསུངས་པ་བརྗོད་པ་ཡིན་གྱི་དངོས་པོའི་སྟོབས་ལ་ནི་གཞན་གྱིས་དེ་ལྟར་བརྗོད་པ་མ་ཡིན་ནོ། །རྒྱས་པར་གཞན་དུ་ཤེས་པར་བྱའོ། །ཡང་རྒྱལ་རྔ་བདུན་པ་ཆོས་མཆོག་གིས། མཚན་ཉིད་གཉིས་སྨོས་པ་ནི་ལོག་རྟོག་སེལ་བའི་དབང་དུ་བྱེད་པ་ཡིན་གྱི་རིགས་མི་མཐུན་པ་སེལ་བའི་དབང་དུ་བྱེད་པ་མ་ཡིན་ཏེ། མ་འཁྲུལ་བའི་ཤེས་པ་ཡིན་ན་མངོན་སུམ་ཡིན་པས་ཁྱབ་པའི་ཕྱིར་ཏེ། རྟོག་པ་ཐམས་ཅད་འཁྲུལ་བའི་ཕྱིར་ཞེས་བཤད་ནས་འོག་རྣམ་རྟོག་རྗེས་སུ་འབྲེལ་བ་ལ། ཞེས་སོགས་ཀྱི་འགྲེལ་བཤད་ཀྱི་ཐད་དུ། འདི་སྐད་དུ་འཁྲུལ་པ་དང་མ་འཁྲུལ་བའི་རང་བཞིན་གྱི་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་གང་ཡིན་པ་དེ་ཐམས་ཅད་ནི། ཞེས་འབྱུང་བ་ནི་འགལ་བར་མཐོང་སྟེ། མ་འཁྲུལ་བའི་རྟོག་པ་ཡིན་པ་ཡོད་ན་དེའི་མཚན་གཞི་གང་ཡིན། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་སོགས་གཞན་སེལ་ཕྱིན་ཅི་མ་ལོག་པའི་རྟོག་པ་ཐམས་ཅད་མ་འཁྲུལ་བའི་རྟོག་པ་ཡིན་ནོ་ཞེ་ན། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། མངོན་སུམ་ཡིན་པར་ཐལ། མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར། འཁོར་གསུམ་དངོས་འགལ་ཡིན་པར་སེམས་སོ། །འོན་ཀྱང་པཎྜི་ཏ་ཆེན་པོའི་དགོངས་པ་ལ་བདག་ལྟ་བུས་ཉེས་པ་བརྗོད་པར་མི་འོས་པས་དཔྱད་པར་བྱའོ། །གཉིས་པ་གཞུང་གི་དོན་ནི། རྟོག་པ་མ་ཡིན་པའི་ཤེས་པ་ཡིན་ན་མངོན་སུམ་ལྟར་སྣང་མིན་པས་མ་ཁྱབ་སྟེ། མངོན་སུམ་ལྟར་སྣང་སྔ་མར་མ་ཟད་རབ་རིབ་ཀྱིས་བསླད་པ་དང་བཅས་པའི་དབང་ཤེས་དེ་རྟོག་པའི་ཤེས་པ་མ་ཡིན་ཡང་མངོན་སུམ་ལྟར་སྣང་ཡིན་པའི་ཕྱིར། གསུམ་པ་ཚད་མའི་འབྲས་བུ་ལ་ལོག་རྟོག་བསལ་བ་ལ་གཉིས་ཏེ། ཚད་འབྲས་ཀྱི་རྣམ་གཞག་དངོས་དང་། རྣམ་གཞག་དེ་ཉིད་ངེས་པར་བྱ་བའོ། །དང་པོ་ལ་གསུམ་སྟེ། དོན་ཁས་བླངས་པའི་ཚད་འབྲས་སྤྱིར་བཤད་པ་དང་། གཟུགས་སོགས་གཞལ་བྱར་བྱས་པའི་ཚེ་དོན་ཀྱང་རང་གི་རང་བཞིན་རིག་པ་འབྲས་བུར་རིགས་པ་དང་། རང་རིག་གི་ཚད་འབྲས་ཀྱི་རྣམ་གཞག་བཤད་པའོ། །དང་པོ་ནི། ཚད་འབྲས་བཤད་པའི་དགོས་པ་གང་ཡིན་སྙམ་ན་རང་གི་སྡེ་པ་ཁ་ཅིག་དང་། གཞན་གྱི་སྡེ་པ་དག་ཚད་འབྲས་རྫས་ཐ་དད་དུ་འདོད་པ་དགག་པ་རྣམ་བཅད་ཀྱི་དགོས་པ་དང་། ཚད་མའི་མཚན་ཉིད་གསར་དུ་མི་བསླུ་བའི་ཤེས་པ་ངེས་པའི་སྔ་རོལ་དུ་མཚན་ཉིད་གང་ལ་འཇུག་པའི་མཚན་གཞི་ཤེས་པར་བྱེད་དགོས་ཏེ། ཁྱད་པར་གྱི་གཞི་མ་ཤེས་པར་ཁྱད་པར་གྱི་ཆོས་མི་ཤེས་ལ། ཁྱད་ཆོས་ཤེས་པ་ཁྱད་གཞི་ཤེས་པ་ལ་རག་ལས་པའི་ཕྱིར་ཞེས་འགྲེལ་བཤད་མཁན་པོས་གསུངས་སོ། །དོན་ནི་ཚད་མའི་མཚན་གཞི་ངེས་པའི་ཆེད་དུ་ཡིན་ཏེ། དེ་ཡང་རང་ཡུལ་དངོས་སུ་རྟོགས་པའི་ཚད་མ་ཡིན་ལ་དེ་ནི་རང་ཡུལ་གྱི་རྣམ་པ་ལེགས་པར་ཤར་བའི་སྒོ་ནས་འཇོག་དགོས་པའི་ཕྱིར་ཏེ། དེ་རང་ཡུལ་གྱི་རྣམ་པ་ཤར་བ་དང་མ་ཤར་བའི་དབང་གིས་དངོས་སུ་རྟོགས་པ་དང་དེ་མ་ཡིན་པར་འཇིག་རྟེན་ན་རབ་ཏུ་གྲགས་པའི་ཕྱིར་རོ། །དེས་ན་བྱེད་པ་ཐམས་ཅད་བྱ་བ་ཐམས་ཅད་ཀྱི་བྱེད་པ་མ་ཡིན་གྱི། རང་ཡུལ་གྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་ཤེས་པ་རང་ཡུལ་དངོས་སུ་རྟོགས་པའི་ཚད་མའི་འཇོག་བྱེད་ཡིན་གྱི་དེ་བསྐྱེད་བྱེད་ཐམས་ཅད་དེ་འཇོག་བྱེད་དུ་མི་འཐད་པའི་ཕྱིར། ཞེས་སྟོན་པ་ནི། ཚད་འབྲས་རྫས་གཞན་དུ་མི་འཐད་པར་ཐལ། ཚད་མ་དེ་རང་ཡུལ་གྱི་རྣམ་པ་ཤར་ན་དེ་ལ་གསར་དུ་མི་བསླུ་བའི་ཤེས་པ་ནི་འབྲས་བུ་སྟེ་རང་ཡུལ་དངོས་སུ་རྟོགས་པའི་ཚད་མའི་ངོ་བོ་ཁོ་ནར་ཡོད་པ་འཐད་པའི་ཕྱིར། མ་གྲུབ་ན། དེར་ཐལ། རང་ཡུལ་དངོས་སུ་རྟོགས་པའི་བྱ་བ་དང་བཅས་པར་རྟོགས་པའི་རང་ཡུལ་གྱི་རྣམ་པ་ཤར་ནས་རང་ཡུལ་ལ་གསར་དུ་མི་བསླུ་བའི་ཤེས་པ་དེ་རང་དངོས་སུ་རྟོགས་པའི་ཚད་མའི་འཇོག་བྱེད་དང་། རང་ཡུལ་དངོས་སུ་རྟོགས་པའི་ཚད་མ་དེ་འདིའི་བཞག་བྱ་ཡིན་པ་འཐད་པའི་ཕྱིར། འདི་དཔང་འགྱུར་ལྟར་ཡིན་གྱི་ཞ་མའི་འགྱུར་ལས་ནི། བྱ་དང་བཅས་པར་རྟོགས་པའི་ཕྱིར། འབྲས་བུ་ཉིད་ཡིན་འཇལ་བྱེད་ལ། །ཞེས་འབྱུང་ངོ་། །མ་གྲུབ་སྟེ། རང་ཡུལ་དངོས་སུ་རྟོགས་པའི་ཚད་མ་མེད་པར་ཡང་རང་ཡུལ་གྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཡོད་པའི་ཕྱིར་ཞེ་ན། དེ་འདྲའི་བྱ་བ་མེད་པར་དེ་འདྲའི་བྱེད་པ་བཞག་ནུས་པ་མ་ཡིན་པར་ཐལ། སྔོན་འཛིན་དབང་མངོན་རང་ཡུལ་དངོས་སུ་རྟོགས་པའི་ཚད་མ་ཉིད་དུ་འདོགས་པ་སྟེ་དེའི་རྒྱུ་མཚན་དུ་རང་ཡུལ་གྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་ཤེས་པ་ངེས་པར་དགོས་པའི་ཕྱིར། འོ་ན་སྔོན་འཛིན་དབང་མངོན་ཆོས་ཅན། སྔོན་པོའི་མི་རྟག་པ་དངོས་སུ་རྟོགས་པའི་ཚད་མར་ཐལ། དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཡིན་པའི་ཕྱིར་ཞེ་ན། རིགས་པའི་དབང་ཕྱུག་ཆ་པ་དང་། རྒྱལ་རྔ་བདུན་པ་ཆོས་མཆོག་མི་རྟག་པའི་རྣམ་པ་ཤར་བ་རྟགས་མ་གྲུབ་ཅེས་ལན་འདེབས་སོ། །རིགས་པ་མི་ཤེས་པའི་བླུན་པོ་ལ་ལ་ནི་འདོད་པའི་ལན་ཡང་འདེབས་སོ། །དང་པོ་ནི་མི་འཐད་པར་སེམས་ཏེ། རྫས་གཅིག་ལ་རྣམ་པ་སྣང་མི་སྣང་གི་དབྱེ་བ་མི་འཐད་པས། སྔོན་པོའི་རྣམ་པ་ཡང་མི་སྣང་བར་འགྱུར་ཏེ། སྔོན་པོ་དང་དེའི་མི་རྟག་པ་ཡུལ་དུས་གནས་སྐབས་གང་ལ་ལྟོས་ནས་ཀྱང་གྲུབ་བདེ་རྫས་གཅིག་ཡིན་ཅིང་སྔོན་པོའི་མི་རྟག་པའི་རྣམ་པ་མི་སྣང་བའི་ཕྱིར་དང་། མཐར་སྔོན་པོའི་མི་རྟག་པ་དངོས་སུ་རྟོགས་པའི་ཚད་མ་མི་སྲིད་པར་ཐལ་བའི་ཕྱིར་རོ། །ཁྱབ་པ་ཡོད་པ་ནི་ཀུན་གྱིས་ཞལ་གྱིས་བཞེས་སོ། །འདོད་པ་གཉིས་པ་ནི་ཤིན་ཏུ་ཐ་ཆད་ཡིན་ཀྱང་གཞན་དུ་འགོག་པར་བྱའོ། །ཁོ་བོ་ནི་སྔོན་པོའི་མི་རྟག་པ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཡིན་པའི་གཏན་ཚིགས་མ་གྲུབ་བོ་ཞེས་ལན་འདེབས་སོ། །དེས་ན་སྔོན་པོ་གཞལ་བྱ། སྔོན་པོའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཚད་མ། སྔོན་པོ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུའོ། །ཞེས་རྣམ་གཞག་བྱའོ། །འདི་ནི་མདོ་སེམས་གཉིས་ཀས་ཁས་ལེན་པ་ཡིན་ནོ། །འདི་རྣམས་ནི་རྣམ་འགྲེལ་ངེས་སོགས་དང་ཐུན་མོང་བའི་ཆོས་སྐད་ཡིན་པས་རྒྱས་པར་ནི་དེར་ཤེས་པར་བྱའོ། །གཉིས་པ་ནི་ཡང་ན་གཟུགས་སོགས་གཞལ་བྱར་བྱས་པ་དེའི་ཚེ་ཕྱི་རོལ་གྱི་དོན་ཁས་བླངས་རུང་མ་བླངས་ཀྱང་རུང་རང་གི་རང་བཞིན་རིག་པ་འབྲས་བུར་རིགས་པ་ཁོ་ན་ཡིན་ཏེ། གཟུང་རྣམ་དེའི་ངོ་བོ་སེམས་པ་དང་། གདུང་བའི་ངོ་བོར་འཛིན་རྣམ་ཀྱིས་མྱོང་བ་ལས་གཟུགས་ལ་སོགས་པའི་དོན་འདོད་པའི་ངོ་བོ་དང་། མི་འདོད་པའི་ངོ་བོར་ངེས་པ་ཡིན་གྱི་འཛིན་རྣམ་གྱིས་དེ་ལྟར་མ་མྱོང་བར་གཟུགས་སོགས་འདོད་པ་དང་མི་འདོད་པའི་ངོ་བོར་བཞག་པར་མི་ནུས་པའི་ཕྱིར། འདི་ལྟར་བཤད་པ་མཁས་པའི་དགོངས་པ་ཡིན་གྱི་གཟུགས་སོགས་འདོད་པ་དང་མི་འདོད་པར་འཛིན་རྣམ་གྱིས་ཉམས་སུ་མྱོང་བ་ལས་ཡིན་གྱི་ཞེས་སྨྲས་པ་ནི་མི་འཐད་དེ། འཛིན་པའི་རྣམ་པ་ཆོས་ཅན། དེ་མ་ཡིན་པ་ལ་དེར་འཛིན་པའི་ཤེས་པར་ཐལ། གཟུགས་སོགས་འདོད་པ་དང་མི་འདོད་པར་མྱོང་བའི་ཤེས་པ་གང་ཞིག་གཟུགས་སོགས་འདོད་པ་དང་མི་འདོད་པ་ཉིད་དུ་མ་གྲུབ་པའི་ཕྱིར། ཁྱབ་པ་ཀུན་གྱིས་ཁས་བླངས་སོ། །འདོད་ན། འཁྲུལ་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །འོ་ན་ཁྱོད་ལྟར་ནའང་། དེ་མ་ཡིན་ལ་དེར་འཛིན་པའི་ཤེས་པར་ཐལ། གཟུགས་སོགས་འདོད་པའི་ངོ་བོ་དང་མི་འདོད་པའི་ངོ་བོར་ཉམས་སུ་མྱོང་བའི་ཤེས་པ་གང་ཞིག གཟུགས་དེ་ལྟར་མ་གྲུབ་པའི་ཕྱིར་ཞེ་ན། རྟགས་ཕྱི་མ་མ་གྲུབ་བོ་ཞེས་ལན་འདེབས་སོ། །འོ་ན། གཟུགས་སོགས་ཆོས་ཅན། འདོད་པར་ཐལ། འདོད་པའི་ངོ་བོ་ཡིན་པའི་ཕྱིར། འདོད་ན། མི་འདོད་པར་ཐལ། མི་འདོད་པའི་ངོ་བོ་ཡིན་པའི་ཕྱིར་ཞེ་ན། རིགས་པ་མི་ཤེས་པའི་རྣམ་འགྱུར་ཡིན་ཏེ། བུམ་པ་བདེན་པས་སྟོང་པ་ཆོས་ཅན། བུམ་པར་ཐལ། བུམ་པའི་ངོ་བོ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བུམ་པའི་རང་བཞིན་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བུམ་པའི་གནས་ལུགས་ཡིན་པའི་ཕྱིར། མ་གྲུབ་ན། དབུ་ཚད་གཉིས་ཀའི་རིགས་པའི་ལམ་ལས་འདས་པ་ཡིན་ནོ། །གཞན་ཡང་ཤེས་པ་ཐམས་ཅད་རང་རིག་མངོན་སུམ་གྱི་ངོ་བོ་ཡིན་པས་རང་རིག་མངོན་སུམ་དུ་འགྱུར་བ་སོགས་མཐའ་ཡས་ཡོད་པར་ཤེས་པར་བྱའོ། །དེས་ན་འགྲེལ་པར་ཤེས་པ་ནི་སྣང་བ་གཉིས་ལས་སྐྱེས་ཏེ་རང་གི་སྣང་བ་དང་ཡུལ་གྱི་སྣང་བའོ། །སྣང་བ་དེ་གཉིས་ལས་གང་རང་རིག་པ་དེ་ནི་འབྲས་བུའོ། །ཞེས་དང་། རྣམ་འགྲེལ་ངེས་སུ། ངེས་པའི་བདག་ཉིད་རང་ངོ་བོས། །མ་ཡིན་དུ་མའི་བདག་སྐྱོན་ཕྱིར། །ཞེས་སོགས་ཀྱི་དོན་ནི་གཟུང་རྣམ་དང་། འཛིན་རྣམ་གཉིས་ལས། སྔ་མ་སེམས་གདུང་གི་ངོ་བོར་འཛིན་རྣམ་གྱིས་མྱོང་བའི་དབང་གིས་གཟུགས་སོགས་འདོད་མི་འདོད་ཀྱི་ངོ་བོར་འཇོག་པས་རང་གི་བདག་ཉིད་རིག་པའི་ཤེས་པ་འབྲས་བུ་ཡིན་ཏེ། དེའི་དབང་གིས་བཞག་པ་ལ་མི་ལྟོས་པར་གནས་ལུགས་ཀྱི་ངོས་ནས་འདོད་མི་འདོད་གཉིས་སུ་གྲུབ་ན། ལྷ་སྦྱིན་ལྟ་བུ་ལ་དགྲ་གཉེན་གང་གིས་བལྟས་ཀྱང་འདོད་མི་འདོད་གཉིས་སུ་མངོན་སུམ་ལ་སྣང་བར་འགྱུར་རོ། །ཞེས་བརྗོད་པ་ཡིན་ནོ། །གཞན་དག་འདོད་མི་འདོད་གཉིས་ཀྱི་བདག་ཉིད་དུ་འགྱུར་རོ་ཞེས་བརྗོད་པ་ཕལ་པའི་ལུགས་ཡིན་ཏེ། འདོད་མི་འདོད་གཉིས་ཀྱི་བདག་ཉིད་དུ་ཐལ་བ་ནི་ཤིན་ཏུ་འདོད་པའི་ཕྱིར་རོ། །རང་གི་བདག་ཉིད་རིག་པ་འབྲས་བུ་ཡིན་ན་འཛིན་རྣམ་ཚད་མར་འགྱུར་ལ་དེ་ལྟར་ཡིན་ན། སྔོ་སོགས་ཀྱི་རྣམ་པ་ཅན་གྱི། ཤེས་པ་ཚད་མའམ། འཇོག་བྱེད་མ་ཡིན་པར་འགྱུར་རོ་ཞེ་ན། སྔོན་པོ་གཞལ་བྱར་བྱས་པའི་ཚེ་སྔོན་པོ་རང་གི་བདག་ཉིད་རིག་པ་འབྲས་བུ་ཡིན་ཡང་ཡུལ་གྱི་སྣང་བ་སྔོན་པོའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཉིད་དེ་སྔོན་པོ་དངོས་སུ་རྟོགས་པའི་ཚད་མ་འདིའི་འཇོག་བྱེད་དམ་ཚད་མར་བཞག་པའི་རྒྱུ་མཚན་ཡོད་དེ། སྔོན་པོའི་རྣམ་པ་ཤར་བའི་ཚད་མ་དེ་ཡིས་སྔོན་པོ་དངོས་སུ་འཇལ་བར་བྱེད་པས་དེ་ལྟར་བཤད་པའི་ཕྱིར། དེས་ན་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་གཞལ་བྱ། རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཚད་མ། དེ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུ་ཞེས་སྦྱར་བར་བྱའོ། །འདིའི་མཐའ་དཔྱད་པ་ནི་རྣམ་འགྲེལ་ངེས་སུ་ཤེས་པར་བྱའོ། །གསུམ་པ་ནི། སྨྲས་པ་ཞེས་པ་ནི་རྒྱ་དཔེ་ལ་མེད་དོ། །རང་རིག་གི་ཚད་འབྲས་འཐད་པ་ཡིན་ཏེ། གང་གི་ཚེ་སྣང་བ་གཟུང་རྣམ་དེ་གཞལ་བྱ། འཛིན་རྣམ་ཚད་མ། རང་རིག་འབྲས་བུར་འཐད་པའི་ཕྱིར། ཞེས་སྟོན་པ་ནི། གང་ཚེ་སྣང་བ་དེ་གཞལ་བྱ། །ཚད་མ་དང་ནི་དེའི་འབྲས་བུ། འཛིན་དང་རྣམ་རིག་ཅེས་སོ། །ཚད་མ་དང་འབྲས་བུ་དང་། གཞལ་བྱ་དེ་གསུམ་རྫས་ཐ་དད་དུ་མ་བྱས་ཏེ། གཟུང་འཛིན་རིག་གསུམ་ཤེས་པའི་རང་བཞིན་དུ་བདག་ཉིད་གཅིག་པ་དེའི་ཕྱིར། དེ་གསུམ་རྫས་ཐ་དད་མ་ཡིན་ཏེ། དེ་གསུམ་ཤེས་པའི་རྫས་ཀྱི་ཆར་གྱུར་པའི་ཕྱིར་ཞེས་འགོད་པ་ནི་བློ་གྲོས་རྩིང་པ་ཡིན་ཏེ། སྒྲ་འཛིན་དབང་མངོན་དང་། གཟུགས་འཛིན་དབང་མངོན་ཡང་། རྫས་ཐ་དད་མ་ཡིན་པར་ཐལ། དེ་གཉིས་ཤེས་པའི་རྫས་ཀྱི་ཆར་གྱུར་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་གཉིས་བེམ་པོར་ཐལ། དེ་གཉིས་རིག་པ་གང་ཞིག་དེ་གཉིས་ཤེས་པའི་རྫས་ཀྱི་ཆར་གྱུར་པ་མ་ཡིན་པའི་ཕྱིར་ཞེས་བྱའོ། །གཉིས་པ་རྣམ་གཞན་དེ་ཉིད་ངེས་པར་བྱ་བ་ལ་གཉིས་ཏེ། བློ་ཚུལ་གཉིས་པ་ཅན་དུ་བསྒྲུབ་པ་དང་། རང་རིག་པ་ཅན་དུ་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། ཡུལ་ཤེས་རྟོགས་པའི་རྣམ་པའི་བྱེ་བྲག་ལས་ཚུལ་གཉིས་པ་ཅན་དུ་བསྒྲུབ། དུས་ཕྱིས་དྲན་པའི་རྟགས་ལས་ཚུལ་གཉིས་པ་ཅན་དུ་བསྒྲུབ་པའོ། །དང་པོ་ནི། དབང་པོའི་བློ་ནི་ཆོས་ཅན། བཟུང་རྣམ་དང་འཛིན་རྣམ་གྱི་ཚུལ་གཉིས་པ་ཅན་ཉིད་དུ་གྲུབ་སྟེ། སྔོན་པོ་ལ་སོགས་པའི་ཡུལ་ཤེས་པ་སྔོར་སྣང་དབང་པོའི་ཤེས་པ་དེའི་ཤེས་པ་སྟེ། ཡུལ་གྱི་རྣམ་པས་ཁྱད་པར་དུ་བྱས་ནས་དྲན་པའི་དབྱེ་བས་དེ་ལྟར་གྲུབ་པའི་ཕྱིར། །འགྱུར་ཡང་། ཡུལ་ཤེས་པ་ལ་དེ་ཤེས་པའི། ཞེས་པ་ལྟར་རོ། །གཉིས་པ་ནི། དབང་ཤེས་ཆོས་ཅན། ཚུལ་གཉིས་པ་ཅན་དུ་སྒྲུབ་པའི་རིགས་པ་དེ་ཙམ་དུ་ཟད་པ་མ་ཡིན་ཏེ། དུས་ཕྱིས་དྲན་པ་ལས་ཀྱང་ཚུལ་གཉིས་པ་ཅན་དུ་གྲུབ་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དངོས་དང་ཞར་ལ་རང་རིག་མེད་ན་ཧ་ཅང་ཐལ་བའོ། །དང་པོ་ནི། དབང་ཤེས་ཆོས་ཅན། ཚུལ་གཉིས་པ་ཅན་དུ་གྲུབ་ན། རང་རིག་པ་ཅན་དུ་གྲུབ་དགོས་ཏེ། འཛིན་རྣམ་ཀྱིས་ཤེས་པ་མ་མྱོང་ན་རང་ཡུལ་དྲན་པ་མེད་དགོས་པའི་ཕྱིར། ཞེས་སྟོན་པ་ནི། ཚུལ་གཉིས་དང་ནི་རང་རིག་གྲུབ། །མ་མྱོང་བར་ནི་མེད་ཕྱིར་རོ། །ཞེས་སོ། །འདི་རྣམས་ཀྱི་དོན་རྒྱས་པར་ནི་རྣམ་འགྲེལ་ངེས་སུ་ཤེས་པར་བྱའོ། །གཉིས་པ་ལ་གཉིས་ཏེ། རྩོད་པ་དང་ལན་ནོ། །དང་པོ་ནི། ཤེས་པ་ལ་སྤྱིར་མྱོང་བྱེད་ཡོད་པར་སྒྲུབ་ན་གྲུབ་པ་ལ་སྒྲུབ་པ་ཡིན་ལ། རང་གི་བདག་ཉིད་དུ་གྱུར་བའི་མྱོང་བྱེད་ཡོད་པར་སྒྲུབ་ན། འགལ་བ་ཡིན་ཏེ། གཟུགས་དེ་རང་ལས་རྫས་གཞན་པའི་ཤེས་པ་དོན་གཞན་གྱིས་མྱོང་བ་དང་། ཤེས་པ་དེ་ཡང་གཟུགས་ལ་སོགས་པའི་དྲན་པ་དོན་གཞན་གྱིས་དྲན་པ་བཞིན་དུ་ཤེས་པ་ཐམས་ཅད་ཤེས་པ་ཕྱི་མ་དོན་གཞན་གྱིས་ཉམས་སུ་མྱོང་བ་ཡིན་ནོ་ཞེ་ན། གཉིས་པ་ནི། ཤེས་པའི་མྱོང་བྱེད་ཐུག་མེད་དུ་རྒྱུད་དགོས་པར་ཐལ། ཤེས་པ་སྔ་མ་ལ་རང་གི་ངོ་བོར་གྱུར་པའི་མྱོང་བྱེད་མེད་པར་ཕྱི་མ་དོན་གཞན་གྱིས་མྱོང་དགོས་ཕྱི་མ་དེ་ཡང་སྔར་ལྟར་དོན་གཞན་གྱིས་མྱོང་བས་ཐུག་མེད་དུ་གནས་པའི་ཕྱིར། ཤེས་པ་ཕྱི་མ་དེ་ལ་མྱོང་བྱེད་མེད་པས་ཐུག་མེད་དུ་མི་འགྱུར་རོ། །ཞེ་ན། ཤེས་པ་ཕྱི་མ་དེ་ལ་ཡང་རང་མྱོང་བྱེད་ཡོད་དགོས་ཏེ། དེ་ལ་དྲན་པ་སྟེ། དྲན་པ་མཐོང་བའི་ཕྱིར། ཐུག་མེད་དུ་བརྒྱུད་དགོས་པ་འདོད་ན། གཟུགས་རྟོགས་པ་མི་སྲིད་པར་ཐལ། གཟུགས་འཛིན་ཚད་མས་མ་དམིགས་པར་གཟུགས་ཚད་མས་དམིགས་པ་མི་སྲིད་པའི་ཕྱིར་ཏེ་གཟུགས་འཛིན་དམིགས་བྱེད་ཐུག་མེད་དུ་རྒྱུད་དགོས་པའི་ཕྱིར། དེ་བཞིན་དུ་ཤེས་པ་ཕྱི་མ་ཆོས་ཅན། ཡུལ་གཞན་གཟུགས་སོགས་ལ་འཕོ་བ་མེད་པར་འགྱུར་པར་ཐལ། རང་གི་ཉེར་ལེན་ཤེས་པ་སྔ་མ་རང་གི་གཟུང་དོན་དུ་བྱས་ནས་མྱོང་ཅིང་འགྱུར་མེད་ཀྱི་དངོས་པོར་གནས་པའི་ཕྱིར། །འདོད་པར་མི་ནུས་ཏེ། གཟུགས་སོགས་རྟོགས་པ་དེ་ཡང་མཐོང་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རྩོད་སྒྲུབ་མཁན་པོའི་ལུགས་དགག་པ་དང་། གཞན་སྡེས་བརྟགས་པའི་མངོན་སུམ་གྱི་འདོད་ལུགས་དགག་པའོ། །དང་པོ་ལ་གཉིས་ཏེ། རྩོད་སྒྲུབ་ནས་བཤད་པའི་མངོན་སུམ་གྱི་མཚན་ཉིད་སོགས་སློབ་དཔོན་དབྱིག་གཉེན་གྱི་རང་ལུགས་མ་ཡིན་པར་བསྟན་པ་དང་། རྩོད་སྒྲུབ་ནས་བཤད་པའི་དོན་རྟོགས་ལ་དགག་པའོ། །དང་པོ་ནི། རྩོད་སྒྲུབ་འདི་གང་གིས་བྱས་པ་ཡིན་ཞེ་ན། རྩོད་སྒྲུབ་འདི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ཡིན་ཡང་རྩོད་སྒྲུབ་དུ་བཤད་པ་ཐམས་ཅད་སློབ་དཔོན་དབྱིག་གཉེན་གྱི་རང་ལུགས་དམ་པ་མ་ཡིན་ཏེ། དེའི་རང་ལུགས་དམ་པ་ཡིན་ན་དེ་ནས་བཤད་པའི་མངོན་སུམ་གྱི་མཚན་ཉིད་སོགས་ལ་སྙིང་པོ་ཡོད་དགོས་པ་ལས་སློབ་དཔོན་གྱིས་དེ་ལ་ངེས་པར་སྙིང་པོ་མེད་པར་དགོངས་ཤིང་ཚད་མས་ཀྱང་དེ་ལྟར་གྲུབ་པའི་ཕྱིར། བར་མ་མ་གྲུབ་ན། སློབ་དཔོན་གྱིས་དེ་ནས་བཤད་པའི་མངོན་སུམ་གྱི་མཚན་ཉིད་སོགས་ལ་སྙིང་པོ་མེད་པར་དགོངས་པར་ཐལ། དེས་དེ་ལ་སྙིང་པོ་མེད་པར་དགོངས་པ་ལས་གཞན་དུ་སྙིང་པོ་ཡོད་པར་དགོངས་ན་སློབ་དཔོན་གྱིས་རྩོད་སྒྲུབ་ལས་མངོན་སུམ་དང་། མངོན་སུམ་ལྟར་སྣང་དང་། ལྟག་ཆོད་དང་དེའི་ལན་རྣམས་སྐྱོན་ཡོད་མེད་ཆ་ཤས་སུ་ཕྱེ་ནས་དེ་རྣམས་ཀྱི་མཚན་ཉིད་སོགས་སྐྱོན་མེད་གསུངས་པར་འགྱུར་དགོས་པ་ལས་དེར་དེ་ལྟར་མ་གསུངས་པའི་ཕྱིར། དེས་ན་ཕྱོགས་ཀྱི་གླང་པོ་ཁོ་བོས་རྩོད་སྒྲུབ་ཀྱི་དོན་རྣམས་ལ་བརྟག་པར་བྱ་སྟེ། བརྟགས་པ་ན་ཉེས་པ་དང་བཅས་པ་ནི་སློབ་དཔོན་དབྱིག་གཉེན་གྱི་རང་ལུགས་དམ་པ་མ་ཡིན་པར་འཆད་པའི་ཕྱིར། འདི་ལྟར་འཆད་པ་ནི་རྩ་བའི་དགོངས་པ་ཡིན་གྱི་རྩོད་སྒྲུབ་སློབ་དཔོན་དབྱིག་གཉེན་གྱིས་བྱས་པ་མ་ཡིན་ཏེ། རྩོད་སྒྲུབ་ནས་བཤད་པའི་མངོན་སུམ་གྱི་མཚན་ཉིད་སོགས་ལ་རིགས་པས་གནོད་པའི་ཕྱིར་རོ། །ཞེས་སོགས་ཀྱི་བཤད་པ་བྱེད་པ་རྩ་བའི་དགོངས་པ་མ་ཡིན་ཏེ། མངོན་པ་མཛོད་ཀྱང་སློབ་དཔོན་དབྱིག་གཉེན་གྱིས་བྱས་པ་མ་ཡིན་ཏེ། མངོན་པ་མཛོད་ནས་བཤད་པའི་ཤེས་བྱ་གཞི་ལྔ་རྫས་སུ་གྲུབ་པ་དང་། མི་སྐྱེ་བའི་འདུས་བྱས་དང་། ལྡན་མིན་འདུ་བྱེད་རང་རྐྱ་ཐུབ་པའི་རྫས་གྲུབ་དང་། ཕུང་པོ་བཞི་ལས་རྫས་གཞན་ནི་འདུ་བྱེད་ཀྱི་ཕུང་པོའི་མཚན་ཉིད་དུ་བཤད་པ་ལ་རིགས་པས་གནོད་པའི་ཕྱིར་དང་། གཞན་ཡང་མཛོད་དུ་རིགས་པས་གནོད་པའི་བཤད་པ་དུ་མ་འདུག་པའི་ཕྱིར། འོ་ན་མངོན་པ་མཛོད་ནས་བཤད་པ་ཐམས་ཅད་སློབ་དཔོན་དབྱིག་གཉེན་གྱི་རང་ལུགས་དམ་པ་མ་ཡིན་པར་འགྱུར་ཏེ། མཛོད་ནས་བཤད་པའི་འདུས་མ་བྱས་རྫས་གྲུབ་སོགས་ལ་རིགས་པས་གནོད་པའི་ཕྱིར་ཞེ་ན། ཤིན་ཏུ་འདོད་པ་ཡིན་ཏེ། དེ་ནས་བཤད་པའི་མི་སྐྱེ་བའི་ཆོས་ཅན་གྱི་འདུས་བྱས་དང་། རང་རྐྱ་ཐུབ་པའི་རྫས་གྲུབ་དང་། མཐོང་སྤང་ཡིན་ན་ཉོན་མོངས་ཅན་ཡིན་པས་ཁྱབ་པ་སོགས་བཤད་པ་ནི་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་སོགས་ཀྱི་འདོད་པ་བཞག་པ་ཡིན་གྱི་སློབ་དཔོན་དབྱིག་གཉེན་གྱི་རང་ལུགས་དམ་པ་མིན་པའི་ཕྱིར་ཏེ། མཛོད་ལས། བདག་གིས་མངོན་པའི་ཆོས་འདི་ཕལ་ཆེར་ནི། །ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད། །ཅེས་གསུངས་པའི་ཕྱིར། དེས་ན་འགྲེལ་བཤད་མཁན་པོས། འདིར་སློབ་དཔོན་གྱིས་དབྱིག་གཉེན་གྱི་རྩོད་པ་སྒྲུབ་པའོ། །ཞེས་འཇིག་རྟེན་ན་རབ་ཏུ་གྲགས་པ་འདི་ནི། བསྟན་བཅོས་མཛད་པས་ནི་དེས་མཛད་པའི་བསྟན་བཅོས་གཞན་རྣམས་སྐྱོན་མེད་པ་ཉིད་ལ་བལྟས་ནས། སྐྱོན་དང་བཅས་པའི་རྩོད་པ་སྒྲུབ་པ་དེས་མཛད་པ་ཉིད་མི་སྲིད་དོ་ཞེས་གསུངས་པ། རྩོད་སྒྲུབ་སློབ་དཔོན་གྱིས་མ་ཡིན། །ཞེས་པའོ། །ཞེས་པ་འགྲེལ་བཤད་མཁན་པོའི་བཤད་པ་དང་པོ་མི་འཐད་དོ། །ཡང་འགྲེལ་བཤད་མཁན་པོ་ན་རེ། གལ་ཏེ་སློབ་དཔོན་གྱིས་མཛད་པ་ཡིན་ནའང་། ཤེས་རབ་ཕུལ་དུ་བྱུང་བ་མ་སྐྱེས་པའི་ཚེ་ཡིན་གྱི་ཕྱིས་བློ་བྱང་བར་འགྱུར་པ་ན་རྩོད་སྒྲུབ་ལ་སྙིང་པོ་མེད་པར་དགོངས་པ་ཡིན་ནོ་ཞེས་འཆད་དོ། །དེ་ཡང་འཐད་པར་མི་སེམས་ཏེ། དེ་ལྟར་ན་མཛོད་ལའང་མཚུངས་པར་མཐོང་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། ཕྱོགས་སྔ་འདིའི་བསུ་ལུགས་དང་དེ་འགོག་ལུགས་ལ་ཁ་ཅིག་ན་རེ། ཡུལ་གང་གི་རྣམ་པར་ཤེས་པ་དེ་ཐ་སྙད་འདོགས་པར་གྱུར་པའི་དོན་དེ་ལས་སྐྱེས་ཤིང་གཞན་ལས་མ་ཡིན་པའི་རྣམ་པར་ཤེས་པ་དེ་མངོན་སུམ་ཡིན་ཏེ། དཔེར་ན་གཟུགས་ལ་སོགས་པའི་ཤེས་པ་དང་། བདེ་བ་ལ་སོགས་པའི་ཤེས་པ་བཞིན་ནོ། །དེས་འཁྲུལ་པའི་ཤེས་པ་བསལ་ཏེ། ཉ་ཕྱིས་ལ་དངུལ་དུ་འཛིན་པའི་ཤེས་པ་དངུལ་གྱི་སྒོ་ནས་ཐ་སྙད་བྱེད་ཀྱང་། དེ་ལས་མི་སྐྱེ་བར་ཉ་ཕྱིས་ཁོ་ན་ལས་སྐྱེ་བའི་ཕྱིར་རོ། །བུམ་འཛིན་ཤེས་པ་ལྟ་བུ་ཀུན་རྫོབ་པའི་ཤེས་པ་ཡང་བསལ་ཏེ། བུམ་པའི་སྒོ་ནས་ཐ་སྙད་བྱེད་ཀྱང་དེ་རྫས་སུ་མེད་པས་དེ་རྒྱུ་མ་ཡིན་པའི་ཕྱིར་རོ། །ལ་མེ་ལྡན་དུ་རྟོགས་པའི་རྗེས་དཔག་ལྟ་བུ་མངོན་སུམ་ཡིན་པ་ཡང་བསལ་ཏེ། མེ་དུའི་འབྲེལ་པ་ངེས་པ་ལས་ཀྱང་འབྱུང་གི་མེ་ཁོ་ན་ལས་འབྱུང་བར་མ་ངེས་པའི་ཕྱིར། ཞེས་བྱའོ། །ཞེ་ན། གཉིས་པ་དེ་དགག་པ་ལ་གཉིས་ཏེ། གང་ལ་མངོན་སུམ་དུ་སོང་བའི་དོན་ལ་བརྟག་ནས་དགག་པ་དང་། དམིགས་རྐྱེན་བྱེད་ཚུལ་ལ་བརྟག་ནས་དགག་པའོ། །དང་པོ་ལ་གཉིས་ལས། དང་པོ་གང་ལ་མངོན་སུམ་དུ་བཞག་པའི་དོན་གྱི་སྒྲས་རྐྱེན་ཀུན་བརྗོད་པ་དགག་པ་ནི། གང་གི་སྒོ་ནས་ཐ་སྙད་འདོགས་པའི་དོན་དེ་ལས་སྐྱེས་པའི་ཤེས་པ་མངོན་སུམ་ཡིན་ཞེས་བྱ་བ་འདིར། དོན་དེ་ཞེས་པའི་སྒྲས་རྐྱེན་ཀུན་བརྗོད་པ་ཡིན་ན་ནི། མངོན་སུམ་དེ་དམིགས་རྐྱེན་འབའ་ཞིག་གི་སྒོ་ནས་ཐ་སྙད་བྱེད་པ་མི་འཐད་པར་ཐལ། མངོན་སུམ་གང་དེ་དམིགས་རྐྱེན་འབའ་ཞིག་ལས་སྐྱེ་བ་མིན་པའི་ཕྱིར། ཁྱབ་པ་ཁས་བླངས། རྟགས་དེར་ཐལ། བཞི་ཡིས་སེམས་དང་སེམས་བྱུང་རྣམས། །ཞེས་གྲུབ་པའི་མཐའ་ལས་འབྱུང་བས་སེམས་སེམས་འབྱུང་རྣམས་རྐྱེན་བཞི་ལས་སྐྱེས་པར་ཁས་བླངས་པའི་ཕྱིར། ཐ་སྙད་བྱེད་པའི་རྒྱུ་ནི་དམིགས་རྐྱེན་ཡུལ་ལ་བརྗོད་པས་ཧ་ཅང་ཐལ་བའི་སྐྱོན་མེད་དོ་ཞེ་ན། དོན་དེ་ཞེས་པའི་སྒྲས་དམིགས་རྐྱེན་འབའ་ཞིག་བསྟན་ནའང་། དམིགས་རྐྱེན་ཁོ་ན་ཀུན་གྱི་སྒྲས་བརྗོད་པ་ལ་འགལ་བ་མེད་དེ། དམིགས་པ་ཆོས་རྣམས་ཐམས་ཅད་དོ། །ཞེས་གྲུབ་པའི་མཐའ་ལས་འབྱུང་བས་སོ། །རྩོད་སྒྲུབ་མཁན་པོས་དོན་གྱི་སྒྲས་དམིགས་རྐྱེན་འབའ་ཞིག་བསྟན་པར་ཁས་བླངས་ཀྱང་། རྐྱེན་བཞི་པོ་ཡང་གྲུབ་མཐའ་ལས་སྤྱིར་དམིགས་རྐྱེན་དུ་ཁས་བླངས་པས། མཐའ་གཅོད་པའི་ཡན་ལག་ཏུ་དེ་ལྟར་བཀག་པའོ། །གཉིས་པ་དམིགས་རྐྱེན་འབའ་ཞིག་བརྗོད་ན་མཚན་ཉིད་ཁྱབ་ཆེས་པ་ནི། དམིགས་པའོ་ཞེས་གང་ལ་དམིགས་པའི་ཡུལ་དེ་ལས་སྐྱེས་པའི་ཤེས་པ་མངོན་སུམ་དུ་ཁས་བླངས་པ་ལ་ཧ་ཅང་ཐལ་བའི་སྐྱོན་མེད་དོ་ཞེ་ན། མཚན་ཉིད་ཁྱབ་ཆེས་ཏེ། གཟུགས་དྲན་པའི་ཤེས་པ་དང་། རོ་སྐྱུར་བར་འདོད་པ་དང་། ལ་མེ་ལྡན་དུ་རྗེས་སུ་དཔོག་པའི་དྲན་སོགས་ཀྱི་ཤེས་པའང་ཆོས་ཅན། མངོན་སུམ་ཡིན་པར་ཐལ། གང་ལ་དམིགས་པའི་ཡུལ་དེ་ལས་སྐྱེས་ཤིང་དེའི་སྒོ་ནས་ཐ་སྙད་འདོགས་པས་མངོན་སུམ་དུ་ཐལ་བར་འགྱུར་བའི་ཕྱིར་དང་། སྐྱེད་བྱེད་ཀྱི་རྒྱུ་གཞན་དམིགས་ཡུལ་དུ་བྱེད་པ་ལ་མི་ལྟོས་པའི་ཕྱིར། རྗེས་དཔག་ཕྱོགས་དང་འབྲེལ་པ་ཤེས་པ་ལས་ཀྱང་སྐྱེས་བས་ཐལ་བར་འགྱུར་བ་འདི་མི་འཐད་དོ་ཞེ་ན། རྗེས་དཔག་དེ་ཡང་དེ་དག་ལས་སྐྱེས་ཀྱང་དུ་བ་ལ་སོགས་པ་གཞན་དམིགས་པ་ལ་ལྟོས་པ་མིན་ཡང་མེ་ལ་དམིགས་ཤིང་དེ་ལས་སྐྱེས་པ་དང་དེའི་སྒོ་ནས་ཐ་སྙད་བྱེད་པས་མངོན་སུམ་དུ་ཐལ་བ་ལས་མ་འདས་སོ། །གཉིས་པ་དམིགས་རྐྱེན་བྱེད་ཚུལ་ལ་བརྟག་ནས་དགག་པ་ནི། ཇི་ལྟར་སྣང་བ་དེ་ཡོད་མིན། ཞེས་པ་ནས། དེས་ན་ཐ་སྙད་དུ་མ་བྱས། ཞེས་པའི་བར་ཞེས་ཟེར་རོ། །དོན་འདི་ལྟར་བཤད་པ་ནི་ཕལ་ཆེར་ནི་འགྲེལ་པ་དང་འགྲེལ་བཤད་དུ་ཡང་སྣང་མོད་ཤིན་ཏུ་མི་འཐད་དེ། རྩ་བའི་དགོངས་པ་དང་རིགས་པའི་ལམ་ལས་འདས་པའི་ཕྱིར་ཏེ། འདི་ལྟར། ཡུལ་གང་གི་རྣམ་པར་ཤེས་པ་དེ་ཐ་སྙད་འདོགས་པའི་དོན་དེ་ལས་སྐྱེས་ཤིང་གཞན་ལས་མ་ཡིན་པའི་ཤེས་པ་མངོན་སུམ་གྱི་མཚན་ཉིད་ཡིན་ནོ་ཞེས་པའི་ཕྱོགས་སྔ་མ་བསུས་པར་དེ་མངོན་སུམ་མོ་ཞེས་པ་ལས་མེད་པས་སྔར་འཕངས་པའི་ཐལ་འགྱུར་རྣམས་ཀྱི་ཁྱབ་པ་ཁས་བླངས་པ་མ་ཡིན་པས། གང་གི་སྒོ་ནས་ཐ་སྙད་འདོགས་པའི་དོན་དེ་ལས་སྐྱེས་པའི་ཤེས་པ་མངོན་སུམ་ཡིན་ཞེས་པ་འདིར། དོན་དེ་ཞེས་པའི་སྒྲས་རྐྱེན་ཀུན་བརྗོད་པ་ཡིན་ན་ནི། མངོན་སུམ་དེ་དམིགས་རྐྱེན་འབའ་ཞིག་གི་སྒོ་ནས་ཐ་སྙད་འདོགས་པ་མི་འཐད་པར་ཐལ། མངོན་སུམ་གང་དེ་དམིགས་རྐྱེན་འབའ་ཞིག་ལས་སྐྱེ་བ་མིན་པའི་ཕྱིར། ཞེས་བཟློག་ན་འཁོར་གསུམ་དངོས་འགལ་དུ་འགྲོ་བ་མ་ཡིན་ནམ། ཁྱབ་པ་བསྒྲིགས་པས་ཉེས་པ་མེད་དོ་ཅེ་ན། ཁྱབ་པ་གང་དུ་བསྒྲིགས་སྟོན་ཅིག གང་གི་སྒོ་ནས་ཞེས་སོགས་ཀྱི་ཤེས་པ་མངོན་སུམ་ཡིན་པ་བུད་ཅེས་བསྒྲིག་ན་བསྙོན་པའི་ཚིག་ལྟར་འགྱུར་ལ། དེ་དེའི་མཚན་ཉིད་ཡིན་པ་བུད་ཅེས་བསྒྲིག་ན་ཁས་ཀྱང་མ་བླངས་ཤིང་གལ་ཏེ་བླངས་ནའང་། རང་གི་དངོས་ཀྱི་བདག་རྐྱེན་དབང་པོ་གཟུགས་ཅན་གྱི་སྒོ་ནས་ཐ་སྙད་འདོགས་ཤིང་དབང་པོ་ལས་དངོས་སུ་སྐྱེས་པའི་མ་འཁྲུལ་བའི་གཞན་རིག་མངོན་སུམ་གྱི་ཤེས་པ་དེ་དབང་པོའི་མངོན་སུམ་གྱི་མཚན་ཉིད་མ་ཡིན་པར་འགྱུར་ཏེ། རང་གི་དངོས་ཀྱི་བདག་རྐྱེན་དབང་པོ་གཟུགས་ཅན་འབའ་ཞིག་ལས་སྐྱེས་པ་མིན་པས་དེའི་སྒོ་ནས་ཐ་སྙད་འདོགས་པ་མ་ཡིན་པས་ཁྱབ་པའི་ཕྱིར་ཞེས་བརྗོད་ན་ཅི་ཟེར། གལ་ཏེ་མ་གྲུབ་པོ་ཞེ་ན། གཟུགས་འཛིན་དབང་པོའི་མངོན་སུམ་ཆོས་ཅན། རང་གི་དངོས་ཀྱི་བདག་རྐྱེན་དབང་པོ་གཟུགས་ཅན་འབའ་ཞིག་གི་སྒོ་ནས་ཐ་སྙད་འདོགས་པ་མ་ཡིན་པར་འགྱུར་ཏེ། དེ་འབའ་ཞིག་ལས་སྐྱེས་པ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །རྟགས་མ་གྲུབ་ན། དེར་ཐལ། བཞི་ཡིས་སེམས་དང་སེམས་འབྱུང་རྣམས། ཞེས་གྲུབ་པའི་མཐའ་ལས་འབྱུང་བས་སེམས་སེམས་བྱུང་རྣམས་རྐྱེན་བཞི་ལས་སྐྱེས་པར་ཁས་བླངས་པའི་ཕྱིར། ཞེས་བརྗོད་ན་འཁོར་གསུམ་དངོས་འགལ་དང་འདྲ་བར་ཁས་བླངས་པ་མ་དྲན་ནམ། གཞན་ཡང་། དམིགས་རྐྱེན་ཁོ་ན་ཀུན་གྱི་སྒྲས་བརྗོད་པ་ལ་འགལ་བ་མེད་དེ། དམིགས་པ་ཆོས་རྣམས་ཐམས་ཅད་དོ། །ཞེས་གྲུབ་པའི་མཐའ་ལས་འབྱུང་བས་སོ་ཞེས་པའི་དོན་དེ་གང་ཡིན། དམིགས་ཡུལ་ཡིན་ན་དམིགས་རྐྱེན་ཡིན་པས་ཁྱབ་པས་གཟུགས་འཛིན་དབང་མངོན་དེ་དམིགས་རྐྱེན་ཁོ་ན་ལས་སྐྱེ་བར་ཁས་བླངས་ཀྱང་ཉེས་པ་མེད་དོ་ཞེ་ན། གཟུགས་འཛིན་དབང་མངོན་དེ་དམིགས་རྐྱེན་ཁོ་ན་ལས་སྐྱེ་བ་མ་ཡིན་པར་ཐལ། བཞི་ཡིས་སེམས་དང་སེམས་འབྱུང་རྣམས། །ཞེས་གྲུབ་པའི་མཐའ་ལས་འབྱུང་བས་སེམས་སེམས་འབྱུང་རྣམས་རྐྱེན་བཞི་ལས་སྐྱེ་བར་ཁས་བླངས་པའི་ཕྱིར། ཞེས་བརྗོད་ན་ལན་ཅི་ཡོད། གཞན་ཡང་འདིའི་བཤད་པ་བྱེད་པ་ལྟར་ན་འོག་དམིགས་པའོ་ཞེ་ན་དྲན་སོགས་ཀྱི། ཞེས་སོགས་བཤད་པ་བྱེད་པ་དང་ཤིན་ཏུ་འགལ་བར་ཡང་མཐོང་ངོ་། ཡང་བཞི་ཡིས་སེམས་དང་སེམས་བྱུང་རྣམས། ཞེས་གྲུབ་པའི་མཐའ་ལས་འབྱུང་བས་ཞེས་གྲུབ་པའི་མཐའ་དང་འགལ་བ་བརྗོད་པ་དེའི་དོན་གང་ཡིན། སེམས་སེམས་བྱུང་ཐམས་ཅད་རང་གི་སྐྱེན་བཞི་ལས་དངོས་སུ་སྐྱེ་བ་རང་ལུགས་སུ་བྱས་ནས་རྟགས་ཚད་གྲུབ་ཏུ་བྱེད་པ་ཡིན་ནམ། སེམས་སེམས་བྱུང་ཐམས་ཅད་རང་གི་རྐྱེན་བཞི་ལས་སྐྱེས་པ་གཞན་གྱི་ཁས་བླངས་སུ་བྱེད་ནས་རང་གི་ཁས་བླངས་པ་མ་ཡིན་ཡང་གཞན་ལ་ཁས་བླངས་ནང་འགལ་བརྗོད་པ་ཡིན། དང་པོ་ལྟར་ན། སེམས་དང་སེམས་བྱུང་གང་རུང་ཡང་ཡིན་རྟོག་པའང་ཡིན་པའི་གཞི་མཐུན་ཡིན་པ་ཡོད་དམ་མེད། དང་པོ་ལྟར་ན། སེམས་དང་སེམས་བྱུང་གང་རུང་ཡང་ཡིན་རྟོག་པའང་ཡིན་པའི་གཞི་མཐུན་པའི་བློ་ཆོས་ཅན། རྟོག་པ་མ་ཡིན་པར་ཐལ། རང་གི་དངོས་རྒྱུ་རྐྱེན་གསུམ་ལས་དངོས་སུ་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར། རྟགས་ཁས་བླངས། མ་ཁྱབ་ན། རིགས་པའི་དབང་ཕྱུག་དམ་པ་གཉིས་ཀྱིས་བཤད་པའི་རིགས་པའི་ལམ་ལས་འདས་ཤིང་ཁས་ཀྱང་བླངས་པ་ཡིན་ནོ། །གཉིས་པ་ལྟར་ན། སེམས་དང་སེམས་བྱུང་གང་རུང་ཡིན་ན་རྟོག་པ་མ་ཡིན་པས་ཁྱབ་པར་འགྱུར་ཏེ། དེ་ཡིན་ན་ཤེས་པ་ཡིན་པས་ཁྱབ་ཅིང་སེམས་དང་སེམས་བྱུང་གང་རུང་ཡང་ཡིན་རྟོག་པ་ཡང་ཡིན་པའི་གཞི་མཐུན་ཡིན་པ་མེད་པའི་ཕྱིར། སྔ་མའི་གཉིས་པ་ལྟར་ན། མཛོད་ཀྱང་སློབ་དཔོན་དབྱིག་གཉེན་གྱིས་བྱས་པ་མ་ཡིན་པར་འགྱུར་ཏེ། མཛོད་ནས་བཤད་པའི་སེམས་དང་སེམས་བྱུང་ཐམས་ཅད་རང་གི་རྐྱེན་བཞི་ལས་དངོས་སུ་སྐྱེ་བ་ལ་རིགས་པས་གནོད་པའི་ཕྱིར། ཞེས་བརྗོད་ན་ལན་ཅི་ཡོད་ལེགས་པར་སོམས་ཤིག ཡང་རྩོད་སྒྲུབ་མཁན་པོས་བུམ་པ་ལ་སོགས་པ་རྫས་སུ་མ་གྲུབ་པར་རང་ལུགས་སུ་བྱས་ནས་བཤད་པ་ཡིན་ནོ་ཞེས་བཤད་པ་ཆེས་ཤིན་ཏུ་མི་འཐད་དེ། དངོས་པོ་གང་ཡང་རྫས་སུ་མ་གྲུབ་པར་རང་ལུགས་སུ་བྱས་ནས་འཆད་པའི་སྐྱེ་བོ་གང་ཡང་མེད་པའི་ཕྱིར། མང་བ་ལ་ཤིན་ཏུ་འཇིགས་པའི་ཕྱིར་འདི་ཙམ་ལས་མ་སྤྲོས་སོ། །དེས་ན་ཕྱོགས་སྔའི་བསུ་ལུགས་འདི་ལྟར་དུ་བྱེད་པ་ལེགས་པ་ཡིན་ཏེ། ཐ་སྙད་འདོགས་པར་གྱུར་པའི་དོན་རང་གི་དམིགས་རྐྱེན་དེ་ཁོ་ན་ལས་སྐྱེས་ཤིང་དེ་ལས་གཞན་ལས་མི་སྐྱེ་བའི་རྣམ་པར་ཤེས་པ་དེ། མངོན་སུམ་གྱི་མཚན་ཉིད་ཡིན་ཏེ། དཔེར་ན་གཟུགས་ལ་སོགས་པའི་ཤེས་པ་དང་། བདེ་བ་ལ་སོགས་པའི་ཤེས་པ་བཞིན་ནོ། །འདིས་འཁྲུལ་པའི་ཤེས་པ་བསལ་ཏེ། ཉ་ཕྱིས་ལ་དངུལ་དུ་འཛིན་པའི་ཤེས་པ་དངུལ་གྱི་སྒོ་ནས་ཐ་སྙད་འདོགས་ཀྱང་ཉ་ཕྱིས་ཁོ་ན་ལས་སྐྱེ་དངུལ་ལས་མི་སྐྱེ་བའི་ཕྱིར་རོ། །བུམ་པའི་སྤྱི་འཛིན་པའི་ཀུན་རྫོབ་པའི་ཤེས་པ་ཡང་བསལ་ཏེ། བུམ་པའི་སྤྱིའི་སྒོ་ནས་ཐ་སྙད་བྱེད་ཀྱང་བུམ་སྤྱི་རྫས་སུ་མ་གྲུབ་པས་དེར་མི་འཐད་པའི་ཕྱིར། དུ་ལྡན་གྱི་ལ་ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་ལྟ་བུ་ཡང་མངོན་སུམ་ཡིན་པ་བསལ་ཏེ། མེ་དུའི་འབྲེལ་པ་ངེས་པ་ལས་སྐྱེ་མེ་ཁོ་ན་ལས་སྐྱེ་བར་མ་ངེས་པའི་ཕྱིར། ཞེས་བྱའོ། །ཞེ་ན། གཉིས་པ་ལ་གཉིས་ཏེ། དོན་དེ་ཞེས་པའི་སྒྲའི་དོན་ལ་བརྟག་ནས་དགག་པ་དང་། དམིགས་རྐྱེན་བྱེད་ཚུལ་ལ་བརྟག་ནས་དགག་པའོ། །དང་པོ་ལ་གཉིས་ཏེ། གང་ལ་མངོན་སུམ་དུ་བཞག་པའི་དོན་གྱི་སྒྲས་རྐྱེན་ཀུན་བརྗོད་ན་དམིགས་རྐྱེན་འབའ་ཞིག་ལས་སྐྱེ་བ་མི་འཐད་པ་དང་། དམིགས་པ་ཙམ་བརྗོད་ན་མཚན་ཉིད་ཁྱབ་ཆེས་པའོ། །དང་པོ་ནི། གང་གི་སྒོ་ནས་ཐ་སྙད་འདོགས་པའི་དོན་དམིགས་རྐྱེན་ཁོ་ན་ལས་སྐྱེས་པའི་རྣམ་པར་ཤེས་པ་མངོན་སུམ་གྱི་མཚན་ཉིད་ཡིན་ཞེས་བྱ་བ་འདིར་དོན་དེ་ཞེས་པའི་སྒྲས་རྐྱེན་ཀུན་བརྗོད་ན་ནི། སྔོན་འཛིན་དབང་པོའི་མངོན་སུམ་གང་དེ་ཆོས་ཅན། མངོན་སུམ་མ་ཡིན་པར་ཐལ། ཐ་སྙད་འདོགས་པར་གྱུར་པའི་དོན་རང་གི་དམིགས་རྐྱེན་དེ་འབའ་ཞིག་ལས་སྐྱེ་བ་མིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །འདིར་འགྲེལ་པ་དང་འགྲེལ་བཤད་མཁན་པོས་བཞི་ཡིས་སེམས་དང་སེམས་བྱུང་རྣམས། །ཞེས་དང་། དམིགས་པ་ཆོས་རྣམས་ཐམས་ཅད་དོ། །ཞེས་སོགས་དང་སྦྱར་ནས་བཤད་པ་བྱེད་པ་ནི་ཆེས་ཤིན་ཏུ་མི་འཐད་དེ། སྔར་བཀག་ཟིན་པའི་ཕྱིར། གཉིས་པ་ནི། དམིགས་པའོ་ཞེས་གང་ལ་དམིགས་པའི་ཡུལ་དེ་ལས་སྐྱེས་པའི་ཤེས་པ་མངོན་སུམ་གྱི་མཚན་ཉིད་དུ་ཁས་ལེན་པས་མངོན་སུམ་མ་ཡིན་པར་ཐལ་བའི་ཉེས་པ་མེད་དོ་ཞེ་ན། གཟུགས་དྲན་པའི་ཤེས་པ་དང་། རོ་སྐྱུར་བར་འདོད་པ་དང་། ལ་མེ་ལྡན་དུ་རྗེས་སུ་དཔོག་པའི་དྲན་སོགས་ཀྱི་ཤེས་པའང་ཆོས་ཅན། མངོན་སུམ་དུ་ཐལ། གང་ལ་དམིགས་པའི་ཡུལ་དེའི་སྒོ་ནས་ཐ་སྙད་འདོགས་ཤིང་དེ་ལས་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར་དང་། གཞན་དམིགས་ཡུལ་མ་ཡིན་པ་ལས་ལྟོས་ཤིང་སྐྱེ་བ་མ་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །འདིར་འགྲེལ་བཤད་ཀྱི་དོན་ཅུང་ཞིག་བཤད་ན། རྗེས་དཔག་ཕྱོགས་དང་ཁྱབ་པའི་འབྲེལ་པ་ཤེས་པ་ལས་ཀྱང་སྐྱེ་བས་མངོན་སུམ་དུ་ཐལ་བར་འགྱུར་བ་འདི་མི་འཐད་དོ་ཅེ་ན། ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་རང་རྒྱུ་དེ་དག་ལས་སྐྱེས་ཀྱང་དེ་ཆོས་ཅན། མངོན་སུམ་དུ་འགྱུར་བར་ཐལ། རང་གི་རྒྱུ་མེ་ལ་དམིགས་ཤིང་དེ་ལས་སྐྱེས་པ་དང་། དེའི་སྒོ་ནས་ཐ་སྙད་འདོགས་པའི་ཤེས་པ་ཡིན་པའི་ཕྱིར་དང་གཞན་དུ་བ་ལ་སོགས་པ་དམིགས་པ་དང་དེ་ལ་ལྟོས་ཤིང་སྐྱེ་བ་མིན་པ་མཚུངས་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གཟུགས་སོགས་དྲན་པའི་ཤེས་པ་དམིགས་ཡུལ་དེའི་སྒོ་ནས་ཐ་སྙད་འདོགས་ཀྱང་དེའི་སྔ་ལོགས་དེ་མ་ཐག་དུ་མེད་པས་བསྐྱེད་པར་བྱེད་པ་མིན་པའི་ཕྱིར། །མངོན་སུམ་དུ་མི་འགྱུར་རོ་ཞེ་ན། དངོས་སུ་མི་བསྐྱེད་ཀྱང་བརྒྱུད་ནས་བསྐྱེད་པས་མངོན་སུམ་དུ་འགྱུར་བ་དང་། མཚན་ཉིད་ཁྱབ་ཆེས་པའི་སྐྱོན་སོ་ན་གནས་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། དགག་པ་དངོས། དེའི་ལན་དགག་པའོ། །དང་པོ་ནི། ཆ་ཤས་མེད་པའི་གཟུགས་ལ་སོགས་པའི་རྡུལ་ཕྲན་དབང་མངོན་གྱི་གཟུང་དོན་དུ་འདོད་པ་དེ་ལ་ཡང་སྨྲས་པ། གཟུགས་འཛིན་དབང་མངོན་ཆོས་ཅན། གཟུགས་གཟུང་དོན་དུ་བྱེད་པ་མི་འཐད་པར་ཐལ། དེ་ལྟར་ཡིན་ན་གཟུགས་རང་ལ་ཇི་ལྟར་སྣང་བ་དང་མཐུན་པར་གཟུགས་དེ་ཡོད་དགོས་པ་ལས་དེ་ལྟར་ཡོད་པ་མིན་པའི་ཕྱིར། སྔ་མ་ཁས་བླངས་སོ། །ཕྱི་མ་མ་གྲུབ་ན། དེར་ཐལ། གཟུགས་དེ་རང་ལ་རགས་པར་སྣང་ཞིང་གཟུགས་རགས་པར་མ་གྲུབ་པའི་ཕྱིར། རགས་པ་དང་། བསགས་པ་ལ་དམིགས་པར་ཁས་ལེན་ནོ་ཞེ་ན། སྒོ་ལྔའི་དབང་མངོན་ལྔ་པོ་ཆོས་ཅན། ཀུན་རྫོབ་པའི་ཡུལ་ཅན་དུ་ཐལ། བསགས་པ་ལ་དམིགས་པའི་ཤེས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། བསགས་པ་དངོས་པར་མེད་པ་དང་དངོས་པར་མེད་པའི་ཡུལ་ཅན་ཡིན་ན་ཀུན་རྫོབ་པའི་ཡུལ་ཅན་ཡིན་པས་ཁྱབ་པར་ཁས་བླངས་པའི་ཕྱིར། འདོད་ན། རང་གི་གཟུང་ཡུལ་ལ་འཁྲུལ་བར་ཐལ། འདོད་པའི་ཕྱིར། དེས་ན་ཁྱོད་ཀྱིས་བརྟགས་པའི་གཟུང་དོན་གྱི་མཚན་ཉིད་མི་འགྲུབ་པར་ཐལ། རང་ལ་སྣང་བ་དང་མཐུན་པར་གཟུང་དོན་མ་གྲུབ་པ་དེ་ཡི་ཕྱིར་ནའོ། །གལ་ཏེ་བསགས་པ་དངོས་པོར་མ་གྲུབ་ཀྱང་ཆ་ཤས་མེད་པའི་རྡུལ་ཕྲ་རབ་དོན་དམ་དུ་འདོད་པ་ཡིན་ནོ་ཞེ་ན། སྒོ་ལྔའི་དབང་མངོན་ཆོས་ཅན། རྡུལ་ཕྲ་རབ་དེ་ལ་མངོན་སུམ་མ་ཡིན་པར་ཐལ། དེའི་སྒོ་ནས་ཐ་སྙད་དུ་མ་བྱས་པའི་ཕྱིར། ཁྱབ་པ་དངོས། མ་གྲུབ་ན། ཁས་བླངས་མོད་ཁས་བླངས་གསལ་པར་སྟོན་ན། དེར་ཐལ། རང་ཡུལ་རགས་པའི་རྣམ་པར་སྣང་བའི་ཤེས་པ་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །ཞ་མའི་འགྱུར་ལས་ནི། སེམས་ཀྱི་དམིགས་པ་ལྔ་རྣམས་སོ། །ཞེས་འབྱུང་ངོ་། །གལ་ཏེ་རྡུལ་ཕྲ་རབ་ནི། དབང་མངོན་ལ་རྣམ་པ་གཏོད་པའི་རྒྱུ་ཡིན་པའི་ཕྱིར། དེའི་གཟུང་དོན་དུ་འདོད་དོ་ཞེ་ན། མིག་ལ་སོགས་པའི་དབང་པོ་གཟུགས་ཅན་ཆོས་ཅན། དེར་ཐལ། དེའི་ཕྱིར། དོན་འདི་ནི་ཤིན་ཏུ་དཀའ་ཡང་ཚད་མ་རྣམ་འགྲེལ་ངེས་སུ་གསལ་པར་བཤད་འདུག་པས་དེར་དཔྱད་པར་བྱའོ། །གཉིས་པ་ནི། སྒོ་ལྔའི་ཤེས་པ་ནི། གཟུགས་ཀྱི་ཤེས་པ་སྒྲའི་ཤེས་པ་ཞེས་ངེས་པར་ཡུལ་གྱི་སྒོ་ནས་ཐ་སྙད་དུ་བྱེད་པར་མཐོང་སྟེ། ཡུལ་གྱི་དོན་གྱི་ངོ་བོས་དབེན་པ་ཡང་ཐ་སྙད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་ན་དབང་པོ་སྤངས་ནས་ཡུལ་གྱི་སྒོ་ནས་བསྟན་པར་བྱ་བ་ཡིན་ནོ་ཞེ་ན། སྒོ་ལྔའི་དབང་མངོན་ཆོས་ཅན། རང་གི་གཟུང་དོན་རང་ལ་སྣང་བ་དང་མཐུན་པར་ཐ་སྙད་དུ་མི་བྱ་བར་ཐལ། རང་གི་གཟུང་ཡུལ་འདི་ཡང་རང་ལ་ཆ་ཤས་མེད་པར་སྣང་བ་གང་ཞིག་ཐ་སྙད་བྱེད་པའི་ཚེ་རང་གི་གཟུང་ཡུལ་ལ་ཆ་ཤས་དང་བཅས་པ་སྤྱི་ཡི་ཚུལ་གྱིས་བསྟན་པར་བྱ་བ་ཡིན་པ་དེས་ན་སྟེ་དེའི་ཕྱིར། འདི་དག་ནི་རྩོད་སྒྲུབ་ཏུ་ཉན་ཐོས་སྡེ་པའི་འདོད་པ་དང་བསྟུན་ནས་ཆ་ཤས་མེད་པའི་རྡུལ་ཕྲ་རབ་དབང་མངོན་གྱི་གཟུང་ཡུལ་དུ་ཁས་བླངས་པའི་སྒོ་ནས་མངོན་སུམ་གྱི་མཚན་ཉིད་བཞག་པ་ལ་ཁས་བླངས་ནང་འགལ་བརྗོད་པ་ཡིན་ནོ། །གཉིས་པ་ལ་བཞི་སྟེ། རིགས་པ་ཅན་པའི་དང་། བྱེ་བྲག་པའི་དང་། སེར་སྐྱ་པའི་དང་། དཔྱོད་པ་པའི་ལུགས་དགག་པའོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། ཐུབ་པ་རྐང་མིག་པའི་རྗེས་སུ་འབྲང་བའི་རིགས་པ་ཅན་པ་རྣམས་ནི། ཁྱད་པར་བཞི་དང་ལྡན་པའི་ཤེས་པ་ནི་མངོན་སུམ་མོ་ཞེས་སྦྱར་རོ། །ཁྱད་པར་བཞི་གང་ཞེ་ན། དབང་དོན་ཕྲད་པ་ལས་དངོས་སུ་བྱུང་བའི་ཤེས་པ་ཡིན་པའི་ཕྱིར་ན་དབང་པོ་དང་དོན་འཕྲད་པ་ལས་སྐྱེས་པའི་ཤེས་པ་ཞེས་དང་། སྒྲ་དང་རྟགས་ཀྱི་སྒོ་ནས་མཚན་ཉིད་ཡོངས་སུ་རྫོགས་པའི་ཚུལ་གྱིས་བསྟན་མི་ནུས་པའི་ཕྱིར་ན་ཐ་སྙད་དུ་བྱ་བ་མ་ཡིན་པ་ཞེས་དང་། དེ་མ་ཡིན་ལ་དེར་འཛིན་པ་མ་ཡིན་པའི་ཕྱིར་ན་འཁྲུལ་པ་མེད་པ་ཞེས་པའོ། །འདིས་ནི་སྨིག་རྒྱུ་ལ་ཆུར་འཛིན་པའི་ཤེས་པ་སོགས་བསལ་ཏེ། དེ་དབང་ཤེས་ཡིན་ཡང་འཁྲུལ་བར་འདོད་དོ། །འདི་ནི་འདིའི་བདག་ཉིད་དོ་ཞེས་ཞེན་པའི་ཕྱིར་ན་ཞེན་པའི་བདག་ཉིད་ཅན་ཞེས་པའོ། །དེས་ན་དབང་དོན་ཕྲད་པ་ལས་དངོས་སུ་སྐྱེས་པའི་ཤེས་པ་དང་། རྟོག་པའི་སྣང་ཡུལ་མ་ཡིན་པ་དང་། མ་འཁྲུལ་བ་དང་ཞེན་བློ་དང་བཞི་ཚོགས་པ་ནི་རིགས་མི་མཐུན་སེལ་བའི་དབང་དུ་བྱས་པའི་མངོན་སུམ་གྱི་མཚན་ཉིད་ཡིན་ནོ་ཞེས་ཟེར་རོ། །འོ་ན་དབང་དོན་ཕྲད་པའི་དོན་གང་ཞེ་ན། འགྲེལ་བཤད་མཁན་པོ་དང་དེའི་རྗེས་སུ་འབྲང་བ་རྣམས་ནི་རྣམ་འགྲེལ་རྒྱན་མཛད་པའི་རྗེས་སུ་འབྲང་ནས་ཕྲད་པ་ནི་འབྲེལ་བ་སྟེ། མིག་དང་རྣ་བ་དང་། སྣ་དང་། ལྕེ་དང་། པགས་པ་ལ་སོགས་པའི་དབང་པོ་དང་གཟུགས་ལ་སོགས་པའི་དོན་ཕྲད་པ་ནི་དེ་དང་འབྲེལ་བའོ། །འབྲེལ་པ་དེ་ཡང་སྦྱོར་བའི་འབྲེལ་བ་དང་། འདུ་བའི་འབྲེལ་བ་གཉིས་ཡིན་ལ། དེ་ཡང་མིག་གི་དབང་པོ་ཡན་ལག་ཅན་གྱི་བུམ་པ་དང་སྦྱོར་བའི་འབྲེལ་པ་དང་། བུམ་པ་ལ་ཡོད་པའི་གཟུགས་དྲི་སོགས་དང་སྦྱོར་བ་ལ་འདུ་བའི་འབྲེལ་པ་དང་། གཟུགས་ཉིད་སྤྱི་དེ་ལ་འདུས་པ་ལ་འདུ་བའི་འབྲེལ་བ་དང་། གཟུགས་ཉིད་ལའང་འདུ་འབྲེལ་གྲུབ་པའོ། །མིག་གི་དབང་པོ་བུམ་མེད་ཀྱི་ས་ཕྱོགས་དང་སྦྱོར་བའི་ཁྱད་པར་དང་། ཁྱད་པར་ཅན་གྱི་འདུ་འབྲེལ་གྲུབ་པས་དངོས་འབྲེལ་གཉིས་དང་བརྒྱུད་འབྲེལ་བཞིའོ། །རྣ་བའི་དབང་པོ་སྒྲ་དང་འདུ་འབྲེལ་གྲུབ་སྟེ། ནམ་མཁའ་རྟག་ཏུ་ཁྱབ་བྱེད་དུ་ཡོད་པས་རྣ་བའི་དབང་པོའི་ནང་གི་ནམ་མཁའ་ལའང་འདུ་ཞིང་། དེའི་ཡོན་ཏན་དང་ཡང་འདུ་བས་སོ། །བདག་ནི་ཡིད་དང་སྦྱར་བས་རྫས་སུ་འདོད་ཅེས་འཆད་དོ། །དེ་ནི་ཤིན་ཏུ་མི་འཐད་དེ། ཕྲད་པ་ནི་འབྲེལ་པ་ཡིན་ཏེ། ཞེས་ཚིག་ཟིན་ལ་བྱེད་ན་ནི་སྐབས་དོན་ལ་མི་འབྲེལ་ཏེ། ཕྲད་པ་ནི་ཡོད་པ་ཡིན་ཏེ། དེ་ཡང་འདུ་བའི་ཡོད་པ་དང་། སྦྱོར་བའི་ཡོད་པ་གཉིས་ཡིན་ལ་ཞེས་སོགས་བཞིན་དུ་འབྲེལ་མེད་ཀྱི་ཕྱོགས་སྔ་བསྡུས་ནས་ལན་འདེབས་པ་མཁས་པའི་བཞད་གད་ཀྱི་གནས་སུ་འགྱུར་བའི་ཕྱིར། ཕྲད་པ་དང་འབྲེལ་བ་གཉིས་གཅིག་ཡིན་ན་གཅིག་ཡིན་པས་ཁྱབ་པར་བྱས་ནས་ཕྲད་པ་ནི་འབྲེལ་བ་ཡིན་ཏེ། ཞེས་ཕྱོགས་སྔ་བསྡུས་ནས་ལན་འདེབས་པ་ཡིན་ན་མུན་སྦྲུལ་གྱི་བཤད་པ་ཡིན། དེ་ལྟར་ཡིན་ན། བར་དང་བཅས་པ་འཛིན་པ་དང་། ཤེས་པ་ལྷག་པའང་ཐོབ་མི་འགྱུར། །ཞེས་སོགས་སུན་འབྱིན་བརྗོད་པ་ཐམས་ཅད་སུན་འབྱིན་ལྟར་སྣང་འབའ་ཞིག་ཏུ་འགྱུར་བའི་ཕྱིར་ཏེ། འདི་ལྟར། བར་དང་བཅས་པའི་གཟུགས་སོགས་འཛིན་པ་མི་སྲིད་པར་ཐལ་བ་དང་། ཤེས་པ་རང་བས་བོང་ཚོད་ཆེ་བ་འཛིན་པ་མི་སྲིད་པར་ཐལ། གཟུགས་འཛིན་དབང་མངོན་གྱིས་གཟུགས་རྟོགས་པ་ཡིན་ན་མིག་དབང་གཟུགས་ཅན་གཟུགས་དང་ཕྲད་དགོས་པའི་ཕྱིར་ཞེས་སུན་འབྱིན་བརྗོད་པ་ནི་མཁས་པའི་སྐྱེ་བོ་ཐམས་ཅད་ཞལ་འཆམས་མོད་དེ་ལྟར་ན། བར་དང་བཅས་པའི་གཟུགས་སོགས་འཛིན་པ་མི་སྲིད་པར་ཐལ་བ་དང་། ཤེས་པ་རང་བས་བོང་ཚོད་ཆེ་བ་འཛིན་པ་མི་སྲིད་པར་ཐལ། གཟུགས་འཛིན་དབང་མངོན་གྱིས་གཟུགས་རྟོགས་པ་ཡིན་ན་མིག་དབང་གཟུགས་ཅན་གཟུགས་དང་འབྲེལ་བས་ཁྱབ་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །དེ་དང་འབྲེལ་ན་ནི་དེ་དང་ཕྲད་དགོས་ན། མིག་དབང་གཟུགས་ཅན་ཆོས་ཅན། གཟུགས་དང་ཕྲད་པར་ཐལ། གཟུགས་དང་འབྲེལ་བའི་ཕྱིར། ཞེས་བརྗོད་ན་ལན་ཅི་ཡོད། འདོད་ན། བར་དང་བཅས་པ་འཛིན་པ་དང་། ཞེས་སོགས་ཀྱི་སྐྱོན་བརྗོད་པ་ཐམས་ཅད་རང་ཉིད་ལ་འཁོར་གསུམ་དངོས་འགལ་དུ་སོང་བ་མ་མཐོང་ངམ། འབྲེལ་བ་མ་གྲུབ་ན། དེར་ཐལ། དེ་དང་ཐ་དད་གང་ཞིག་དེ་ཁེགས་པའི་སྟོབས་ཀྱིས་རང་ཉིད་ཁེགས་པའི་ཕྱིར་རམ། དེ་དང་ཐ་དད་གང་ཞིག་དེ་ཁེགས་ན་རང་ཉིད་ཁེགས་དགོས་པའི་ཕྱིར། འོ་ན་འདི་དང་རྣམ་འགྲེལ་ངེས་སོགས་སུ་ཕྱོགས་སྔ་མཁན་པོའི་འདོད་པ་ལ་སུན་འབྱིན་བརྗོད་པའི་ཚུལ་ཇི་ལྟར་ཡིན་ཞེ་ན། འདིར་ནི་མཛོད་དུ་མིག་དང་ཡིད་དང་རྣ་བ་ནི། །ཡུལ་དང་མ་ཕྲད་གསུམ་གཞན་དུ། །སྣ་ལ་སོགས་པ་གསུམ་གྱིས་ནི། །ཡུལ་ནི་མཉམ་པར་འཛིན་པར་འདོད། །ཞེས་གསུངས་པ་དང་མཐུན་པར་སྣའི་རྣམ་པར་ཤེས་པ་ལ་སོགས་པས་གསུམ་འཛིན་པ་ཡིན་ན་སྣ་ལ་སོགས་པའི་དབང་པོ་དྲི་ལ་སོགས་པ་དང་ཕྲད་ནས་འཛིན་དགོས་པས་བར་དང་བཅས་པ་ལ་སོགས་པའི་དོན་མི་འཛིན་པ་བདེན་ཀྱང་། གཟུགས་སྒྲ་ལ་སོགས་པ་འཛིན་པ་ཡིན་ན་མིག་དང་རྣ་བའི་དབང་པོ་སོགས་གཟུགས་སྒྲ་ལ་སོགས་དང་ཕྲད་མི་དགོས་ཏེ། དགོས་ན་བར་དང་བཅས་པའི་ཐག་རིང་བོའི་གཟུགས་སྒྲ་སོགས་མི་འཛིན་དགོས་པ་ལས་དེ་འཛིན་པའི་ཕྱིར་ཞེས་རིགས་པ་ཅན་གྱིས་བཞག་པའི་མངོན་སུམ་གྱི་མཚན་ཉིད་ལ་མ་ཁྱབ་པའི་སྐྱོན་བརྗོད་མཛད་པ་ཡིན་ལ། རྣམ་ངེས་སུ་ནི། རྟོགས་ན་ཕྲད་དགོས་པར་ཁས་བླངས་པ་ལ་སྔར་བཤད་པའི་སྐྱོན་ཡོད་པར་མ་ཟད། རང་གི་བདག་རྐྱེན་དབང་པོ་དོན་དེ་དང་ཕྲད་ན་དོན་དེ་རྟོགས་པས་ཁྱབ་ན། རིགས་པ་ཅན་པས་མིག་དབང་གཟུགས་དང་དེའི་དྲི་རོ་ལ་སོགས་པ་དང་ཕྲད་པར་ཁས་བླངས་པ་ལ། གཟུགས་འཛིན་དབང་མངོན་ཆོས་ཅན། གཟུགས་དང་དེའི་དྲི་རོ་ལ་སོགས་པ་རྟོགས་པར་འགྱུར་ཏེ། རང་གི་བདག་རྐྱེན་དབང་པོ་གཟུགས་དང་དེའི་དྲི་རོ་ལ་སོགས་པ་དང་ཕྲད་པའི་ཕྱིར་ཞེས་རིགས་པ་ཅན་ལ་ཁས་བླངས་ནང་འགལ་བརྗོད་པ་ཡིན་ཅིང་། རྣམ་འགྲེལ་དུ་ནི། རང་གི་བདག་རྐྱེན་དབང་པོ་དོན་དང་འབྲེལ་བ་ཡིན་ན་དོན་རྟོགས་པས་ཁྱབ་ན། གཟུགས་འཛིན་དབང་མངོན་ཆོས་ཅན། གཟུགས་དང་དེའི་མི་རྟག་པ་རྟོགས་པར་ཐལ། རང་གི་བདག་རྐྱེན་དབང་པོ་གཟུགས་དང་དེའི་མི་རྟག་པ་དང་འབྲེལ་པའི་ཕྱིར་ཞེས་རིགས་པ་ཅན་དབང་དོན་འབྲེལ་བའི་ཤེས་པ་མངོན་སུམ་གྱི་མཚན་ཉིད་དུ་བཞག་པ་ལ་ཁྱབ་ཆེས་ཀྱི་སྐྱོན་བརྗོད་མཛད་པ་ཡིན་ནོ། །དེ་ལ་དབང་དོན་ཕྲད་པ་དང་། དབང་དོན་འབྲེལ་བའི་ཤེས་པ་གཉིས་སོ་སོར་མངོན་སུམ་གྱི་མཚན་ཉིད་ཀྱི་ཡན་ལག་ཏུ་བཤད་པ་གཉིས་ཕྱོགས་སྔར་བསུས་པ་ནི་རིགས་པ་ཅན་པ་སྔ་མ་དང་ཕྱི་མ་གཉིས་ཀྱི་ལུགས་གཉིས་སོ་སོར་བཞག་པ་ཡིན་ནོ། །འདི་ལྟར་བཤད་ན་མཁས་པའི་ལེགས་བཤད་ལེགས་པར་བཤད་པ་ཡིན་གྱི་གཞན་གྱིས་བཤད་པ་བྱེད་པ་ལྟར་བཤད་པར་བྱས་ན་མཁས་པའི་ལེགས་བཤད་ལོག་པར་བཤད་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། སྤྱིར་དགག སོ་སོར་དགག་པའོ། །དང་པོ་ནི། ཁ་ཅིག་ན་རེ། མངོན་སུམ་གྱི་མཚན་ཉིད་དེ་ཡང་རིགས་པ་མ་ཡིན་ཏེ་དབང་དོན་ཕྲད་པ་ལས་བྱུང་བའི་བློ་ལ་ནི། ཐ་སྙད་དུ་བྱ་བ་དང་། འཁྲུལ་པ་དང་། ཞེན་པའི་བདག་ཉིད་ལ་སོགས་པ་སྲིད་པ་མིན་པས། དབང་དོན་ཕྲད་པར་གྲུབ་ཟིན་ནས་མཚན་ཉིད་ལྷག་མ་རྣམས་ལ་རྣམ་བཅད་མེད་པའི་ཕྱིར། རྗེས་དཔག་ལ་སོགས་པ་འཁྲུལ་པ་སྲིད་པའི་ཡུལ་ལ་ནི། ཇི་སྐད་བཤད་པའི་ཁྱད་པར་དུ་བྱ་བ་གང་ཡིན་པ་དེ་ལ་དོགས་པར་གྲང་ན་ཡང་། དབང་དོན་ཕྲད་པ་ལས་བྱུང་བའི་ཤེས་པར་གྲུབ་ཟིན་པ་ལ་ཁྱད་པར་ལྷག་མ་རྣམས་དགོས་པ་མེད་པའི་ཕྱིར། དེའི་དོན་བསྡུས་ན། ཇི་སྐད་བཤད་པའི་དོན་དེ་མངོན་སུམ་གྱི་མཚན་ཉིད་དུ་མི་འཐད་པར་ཐལ། དབང་དོན་ཕྲད་པ་ལས་སྐྱེས་པའི་ཤེས་པར་གྲུབ་ཟིན་ནས་ལྷག་མ་རྣམས་ལ་རྣམ་བཅད་མེད་པའི་ཕྱིར་ཞེས་ཟེར་རོ། །དེ་ནི་འགྲེལ་པ་དང་འགྲེལ་བཤད་གཉིས་སུ་ཡང་དེ་ལྟར་དུ་སྣང་མོད་འོན་ཀྱང་འདི་ནི་ཤིན་ཏུ་འཐད་པར་དཀའ་སྟེ། རང་ཉིད་ཀྱིས་མ་འཁྲུལ་བའི་ཤེས་པ་ཡིན་ན་མངོན་སུམ་ཡིན་པས་ཁྱབ་པར་ཁས་བླངས་ནས་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་ཤེས་པ་མངོན་སུམ་གྱི་མཚན་ཉིད་དུ་འདོད་པ་དང་། ཚུལ་གསུམ་རྟགས་ཡང་དག་གི་མཚན་ཉིད་དུ་འདོད་པ་ནི་ཤིན་ཏུ་འགལ་བར་སྣང་སྟེ། ཇི་སྐད་བཤད་པ་དེ་མངོན་སུམ་གྱི་མཚན་ཉིད་དུ་མི་འཐད་པར་ཐལ། མ་འཁྲུལ་བའི་ཤེས་པ་ལ་ནི་རྟོག་པ་སྲིད་པ་མིན་པས་མ་འཁྲུལ་བའི་ཤེས་པར་གྲུབ་ཟིན་ནས་མཚན་ཉིད་ལྷག་མ་རྟོག་བྲལ་ལ་རྣམ་བཅད་མེད་པའི་ཕྱིར་དང་། ཡང་ཚུལ་གསུམ་རྟགས་ཡང་དག་གི་མཚན་ཉིད་དུ་མི་འཐད་པར་ཐལ། ཕྱོགས་ཆོས་དང་ལྡོག་པའི་ཚུལ་ནི་རྟགས་ལྟར་སྣང་ལ་སྲིད་པ་མིན་པས་ཕྱོགས་ཆོས་དང་ལྡོག་པའི་ཚུལ་གྲུབ་ཟིན་ནས་མཚན་ཉིད་ལྷག་མ་རྗེས་ཁྱབ་ལ་རྣམ་བཅད་མེད་པའི་ཕྱིར། ཞེས་བརྗོད་ན་ཅི་ཟེར། རིགས་མི་མཐུན་སེལ་བ་ལ་རྣམ་བཅད་མེད་ཀྱང་ལོག་རྟོག་སེལ་བའི་དོན་དུ་རྣམ་བཅད་ཡོད་པའི་ཕྱིར་ཞེ་ན། དེ་ནི་སྔ་མ་ལ་ཡང་མི་མཚུངས་སམ་སོམས་ཤིག དེས་ན་ཁོ་བོ་ལ་འདི་ལྟར་བརྗོད་ཀྱང་ཉེས་པ་མེད་དེ། མ་འཁྲུལ་བའི་ཤེས་པ་ཡིན་ན་མངོན་སུམ་ཡིན་པས་མ་ཁྱབ་པའི་ཕྱིར་དང་། ཚུལ་གསུམ་རྟགས་ཡང་དག་གི་མཚན་ཉིད་མིན་པར་འོག་ནས་འཆད་པའི་ཕྱིར་དང་། གཞུང་གི་འཆད་ལུགས་ཀྱང་ཁྱོད་ཀྱིས་བཤད་པ་ལྟར་མི་བྱེད་པའི་ཕྱིར། འོ་ན་ཇི་ལྟར་འཆད་ཅེ་ན། འདི་ལ་གཉིས་ཏེ། རྣལ་མ་དང་། མགོ་བསྒྲེ་བའོ། །དང་པོ་ནི། སྔར་བཤད་པ་དེ་ཡང་རིགས་མི་མཐུན་སེལ་བའི་དབང་དུ་བྱས་པའི་མངོན་སུམ་གྱི་མཚན་ཉིད་དུ་རིགས་པ་མ་ཡིན་ཏེ། དབང་དོན་ཕྲད་པ་ལས་དངོས་སུ་བྱུང་བའི་བློ་ལ་ནི་ཐ་སྙད་སྟེ་རྟོག་པས་སྣང་ཡུལ་དུ་བྱ་བ་དང་། འཁྲུལ་བ་དང་ཞེན་པ་ལ་སོགས་པ་ཡིན་པ་ལྟར་སྲིད་པ་མ་ཡིན་པས་དབང་དོན་ཕྲད་པ་ལས་དངོས་སུ་བྱུང་བར་གྲུབ་ཟིན་ནས་མཚན་ཉིད་ལྷག་མ་རྣམས་ལ་རྣམ་བཅད་མེད་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྗེས་དཔག་སོགས་སྣང་ཡུལ་ལ་འཁྲུལ་པ་སྲིད་པ་ལ་ནི་ཇི་སྐད་བཤད་པའི་ཁྱད་པར་དུ་བྱ་བ་གང་ཡིན་པ་དེ་ལ་དོགས་པར་གྲང་ན་ཡང་དབང་དོན་ཕྲད་པ་ལས་དངོས་སུ་བྱུང་བའི་ཤེས་པར་གྲུབ་ཟིན་ནས་སྔ་མའི་སྟེང་དུ་འཁྲུལ་པ་སེལ་བའི་དོན་དུ་མ་འཁྲུལ་བ་སྨོས་པ་ལ་རྣམ་བཅད་ལོགས་པ་མེད་པའི་ཕྱིར། འགྲེལ་པའི་འགྱུར་ལས། འཁྲུལ་པའི་སྲིད་པའི་ཡུལ་ལ་ནི། །ཁྱད་པར་གང་དུ་བྱ་གྲང་ན། །ཞེས་འབྱུང་བ་ལྟར་བཀོད་པ་ཡིན་གྱི། ཞ་མའི་རྩ་བའི་འགྱུར་འགའ་ཞིག་ལ་ཚིག་རྐང་འདི་གཉིས་མི་སྣང་ངོ་། །ཁ་ཅིག་དབང་དོན་ཕྲད་པ་ལས་བྱུང་བ་ཡིན་ན་མ་འཁྲུལ་བས་ཁྱབ་པར་ཁས་ལེན་པ་དང་། གོང་དུ་མ་འཁྲུལ་བའི་ཤེས་པ་ཡིན་ན་མངོན་སུམ་གྱི་ཁྱབ་པར་ཁས་ལེན་པ་དང་། ཤེས་པའང་གཞན་ལ་ལྟོས་མ་ཡིན། ཞེས་པའི་སྐབས་སུ་གཟུགས་སོགས་དྲན་པའི་ཤེས་པ་དམིགས་རྐྱེན་ལས་དངོས་སུ་མ་སྐྱེས་ཀྱང་བརྒྱུད་ནས་སྐྱེས་པས་མཚན་ཉིད་ཁྱབ་ཆེས་ཞེས་སུན་འབྱིན་བརྗོད་པ་ནི་མུན་སྤྲུལ་གྱི་བཤད་པ་ཡིན་ཏེ། དབང་དོན་ཕྲད་པ་ལས་བྱུང་བའི་ཤེས་པ་ལས་དངོས་སུ་སྐྱེས་པའི་རྟོག་པ་ཆོས་ཅན། མ་འཁྲུལ་བར་ཐལ། དབང་དོན་ཕྲད་པ་ལས་བྱུང་བ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས་བླངས་འདོད་ན་ཁས་བླངས་གསལ་བར་སྟོན་པ་ནི། ཆོས་ཅན། མངོན་སུམ་ཡིན་པར་ཐལ། མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར། ལེགས་པར་སོམས་ལ་ལན་སྨྲོས་ཤིག གཉིས་པ་ནི། འོ་ན་སྔར་གྱི་མཚན་ཉིད་དེའི་སྟེང་དུ། རང་ཡུལ་རིག་པའི་ཤེས་པ་བསྣན་དགོས་ཞེས་བརྗོད་ན་སྐྱོན་ཅི་ཡོད། དེ་མི་འཐད་པར་ཐལ། དབང་དོན་ཕྲད་པ་ལས་བྱུང་བའི་ཤེས་པར་གྲུབ་ཟིན་ན་རང་ཡུལ་རིག་པའི་ཤེས་པར་གྲུབ་ཟིན་པས། དེ་སྨོས་པ་ལ་རྣམ་བཅད་མེད་པའི་ཕྱིར། ཞེ་ན། ཁྱོད་ཀྱིས་བཤད་པའི་མཚན་ཉིད་དེ་མི་འཐད་པར་ཐལ། དབང་དོན་ཕྲད་པ་ལས་དངོས་སུ་བྱུང་བའི་ཤེས་པར་གྲུབ་ཟིན་ན་འཁྲུལ་པ་མིན་པར་གྲུབ་ཟིན་པས། མ་འཁྲུལ་བ་སྨོས་པ་ལ་རྣམ་བཅད་མེད་པའི་ཕྱིར། ཞེས་བརྗོད་ན་ལན་ཅི་ཡོད། གཞན་ཡང་མཚན་ཉིད་ཀྱི་སྒྲ་འགལ་བའི་སྐྱོན་བརྗོད་པར་བྱ་སྟེ། འདི་ལྟར། དོན་སྤྱི་རང་གི་གཟུང་ཡུལ་དུ་བྱེད་པ་དང་། རང་གི་གཟུང་ཡུལ་ལ་མ་འཁྲུལ་བའི་རིག་པའི་ཚོགས་པ་མངོན་སུམ་གྱི་མཚན་ཉིད་དུ་བཞག་པ་ལ་སྐྱོན་ཅི་ཡོད། དེ་མི་འཐད་པར་ཐལ། མཚན་ཉིད་ཀྱི་སྒྲ་འགལ་བའི་སྐྱོན་ཡོད་པའི་ཕྱིར་ཏེ། དོན་སྤྱི་རང་གི་གཟུང་ཡུལ་དུ་བྱེད་པ་ཡིན་ན། རང་གི་གཟུང་ཡུལ་ལ་མ་འཁྲུལ་བའི་རིག་པར་འགལ་བའི་ཕྱིར། ཞེ་ན། ཁྱོད་ཀྱིས་དེ་ཡང་མི་འཐད་པར་ཐལ། མཚན་ཉིད་ཀྱི་སྒྲ་འགལ་བའི་སྐྱོན་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། དབང་དོན་ཕྲད་པ་ལས་དངོས་སུ་བྱུང་བའི་ཤེས་པ་ཡིན་ན་ཞེན་པའི་ཤེས་པ་ཡིན་པར་འགལ་བའི་ཕྱིར། ཞེས་བརྗོད་ན། མི་མཚུངས་སམ་སོམས་ཤིག གཉིས་པ་ལ་གསུམ་སྟེ། མངོན་སུམ་གྱི་མཚན་ཉིད་མ་ཁྱབ་པ་དང་། དབང་པོ་ལྔའི་གྲངས་ངེས་མི་འཐད་པ་དང་། གཞི་གཅིག་གི་སྟེང་གི་ཚད་འབྲས་རྫས་གཞན་ཡིན་པ་དགག་པའོ། །དང་པོ་ལ་གཉིས་ཏེ། དགག་པ་དངོས་དང་། དེའི་ལན་དགག་པའོ། །དང་པོ་ནི། མིག་དང་རྣ་བའི་དབང་པོའི་ཤེས་པས་བར་དང་བཅས་པའི་དོན་འཛིན་པ་མི་འཐད་པར་ཐལ། མངོན་སུམ་ཡིན་ན་རང་གི་བདག་རྐྱེན་དབང་པོ་དང་དོན་ཕྲད་པ་ལས་དངོས་སུ་བྱུང་བའི་ཤེས་པ་ཡིན་དགོས་ཤིང་། དེ་རང་གི་བདག་རྐྱེན་དབང་པོ་དང་དོན་ཕྲད་པའི་སྟོབས་ཀྱིས་རང་ཡུལ་འཛིན་པ་མ་ཡིན་པའི་ཕྱིར། དང་གི་སྒྲས་ཉེས་པ་ཕྱི་མ་བསྡུད་པའོ། །ཡང་ཤེས་པ་དེས་དབང་པོ་ལས་བོང་ཚོད་ལྷག་པའང་འཛིན་པ་ཐོབ་པར་མི་འགྱུར་བར་ཐལ། རྟགས་སྔ་མ་དེའི་ཕྱིར། ཁ་ཅིག་མིག་དང་རྣ་བའི་དབང་པོས་བར་དང་བཅས་པའི་དོན་འཛིན་པ་མི་འཐད་པར་ཐལ། ཞེས་ཚད་བསལ་འཕེན་པ་ནི་ཆེས་ཤིན་ཏུ་མི་འཐད་དེ། མངོན་པ་གོང་འོག་གི་སྐབས་སུ་དབང་པོ་གཟུགས་ཅན་པས་རང་ཡུལ་འཛིན་པར་བཤད་པ་ཡོད་ཀྱང་། རིགས་པའི་དབང་ཕྱུག་གཉིས་ཀྱིས་དབང་པོ་གཟུགས་ཅན་པས་རང་ཡུལ་འཛིན་པ་ལེགས་པར་བཀག་པའི་ཕྱིར་རོ། །དེས་དངོས་སྟོབས་ལ་གནས་པའི་གནོད་པ་བརྗོད་ནས་ད་རིགས་པ་ཅན་པ་ལ་ཁས་བླངས་ནང་འགལ་བརྗོད་པ་ནི། རིགས་པ་ཅན་པས། དྲི་འཛིན་དབང་མངོན་གྱིས་སྣའི་དབང་པོ་ལས་བོང་ཚོད་ལྷག་པའི་དྲི་འཛིན་པར་འདོད་དོ། །དེ་ཡང་མི་འཐད་པར་ཐལ། རང་གི་བདག་རྐྱེན་དབང་པོ་དང་དོན་ཕྲད་ནས་འཛིན་དགོས་པའི་ཕྱིར། དེ་བཞིན་དུ་སྒྲ་འཛིན་ལ་སོགས་པ་ལའང་ཤེས་པར་བྱའོ། །གཉིས་པ་ནི། གལ་ཏེ་དབང་དོན་ཕྲད་ནས་ཡུལ་འཛིན་དགོས་ཀྱང་བར་དང་བཅས་པ་བོང་ཚོད་ལྷག་པ་མི་འཛིན་པའི་སྐྱོན་མེད་ཏེ། མིག་དང་རྣ་བའི་དབང་པོ་གཉིས་དབང་རྟེན་ལས་ཕྱི་རོལ་དུ་འཕོས་ནས་ཀྱང་ཤེས་པ་ཡུལ་འཛིན་ནུས་སུ་བསྐྱེད་པའི་ཕྱིར་ཞེ་ན། མིག་དང་རྣ་བའི་དབང་པོ་གཟུགས་ཅན་ཆོས་ཅན། རང་གི་རྟེན་ལས་ཕྱི་རོལ་དུ་འཕོས་ནས་ཤེས་པ་ཡུལ་འཛིན་ནུས་སུ་བསྐྱེད་པས་བར་དང་བཅས་པའི་དོན་འཛིན་པ་འཐད་པའི་སྐྱོན་སྤོང་དེ་ཡང་མི་རིགས་པར་ཐལ། རང་གི་རྟེན་ལས་ཕྱི་རོལ་དུ་མི་འཕོ་བའི་ཕྱིར། གཞན་ཡང་། རང་རྟེན་ལས་ཕྱི་རོལ་དུ་འཕོས་ནས་རང་གི་བདག་འབྲས་ཀྱི་ཤེས་པ་ཡུལ་འཛིན་ནུས་སུ་བསྐྱེད་པ་མི་འཐད་པར་ཐལ། དེ་ལྟར་ཡིན་ན་དབང་རྟེན་གཉིས་སྒྲིབ་གཡོག་འཐུག་པོས་བསྒྲིབས་ཀྱང་ཐག་རིང་པོའི་གཟུགས་སྒྲ་ལ་སོགས་པའི་དོན་འཛིན་དགོས་པ་ལས་དེ་ལྟར་མི་འཛིན་པའི་ཕྱིར། གལ་ཏེ་དབང་པོ་གཟུགས་ཅན་པ་གཉིས་དབང་རྟེན་ལས་ཕྱི་རོལ་དུ་འཕོ་རུ་ཆུག་ནའང་། མིག་དང་རྣ་བའི་དབང་པོ་གཟུགས་ཅན་གཉིས་ཆོས་ཅན། རང་གི་བདག་འབྲས་ཀྱི་ཤེས་པ་གཟུགས་སྒྲ་ལ་སོགས་པའི་ཡུལ་འཛིན་པར་བསྐྱེད་ནུས་པ་མ་ཡིན་པར་ཐལ། རང་གི་རྟེན་དང་བྲལ་བའི་ཕྱིར། གཉིས་པ་ལ་གཉིས་ཏེ། དངོས་དང་། ལན་དགག་པའོ། །དང་པོ་ནི། བདེ་སོགས་ཉམས་སུ་མྱོང་བའི་འཛིན་རྣམ་ཆོས་ཅན། མངོན་སུམ་མིན་པར་ཐལ། རང་གི་བདག་རྐྱེན་དབང་པོ་དང་དོན་ཕྲད་པ་ལས་དངོས་སུ་བྱུང་བའི་ཤེས་པ་མ་ཡིན་པའི་ཕྱིར། འདོད་ན། ཚད་མ་མ་ཡིན་པར་ཐལ། མངོན་རྗེས་གང་རུང་མ་ཡིན་ཅིང་དེ་གཉིས་གང་རུང་མ་ཡིན་པའི་ཚད་མ་མེད་པའི་ཕྱིར། རྟགས་རྣམས་ཁས་བླངས་སོ། འདོད་ན། བདེ་སོགས་གཞལ་བྱ་མིན་པར་ཐལ། །དེ་འཇལ་བའི་མངོན་སུམ་ཚད་མ་མ་ཡིན་པའི་ཕྱིར། རྟགས་ཁས་བླངས། འམ་གྱི་སྒྲས་བདེ་སོགས་མངོན་སུམ་གྱི་གཞལ་བྱ་ཡིན་ན། མངོན་སུམ་གཞན་ཡོད་པར་ཐལ། བདེ་སོགས་གཞལ་བའི་མངོན་སུམ་གྱི་ཚད་མ་ཡོད་ཀྱང་དེ་ལ་མངོན་སུམ་གྱི་མཚན་ཉིད་མ་ཞུགས་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །དབང་པོའི་མངོན་སུམ་ལྔ་ལས་གཞན་པའི་མངོན་སུམ་ཡོད་པར་ཐལ། ཡིད་ཀྱི་དབང་པོ་དང་བདག་ཕྲད་པ་ལས་སྐྱེས་པའི་མངོན་སུམ་ཡོད་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གཉིས་པ་ནི། གལ་ཏེ་གྲངས་ཅན་གྱི་གཞུང་ལས་ཡིད་དབང་བཀག་པ་མེད་པའི་ཕྱིར། ཡིད་དབང་ཡང་འཐོབ་བོ་ཅེ་ན། རྣ་བའི་ལ་སོགས་པའི་དབང་པོ་གཞན་གྱི་གྲངས་ངེས་ཀྱི་སྒྲ་སྨོས་པ་དོན་མེད་ནས་དབང་པོ་བཅུ་གཅིག་ཏུ་གྲངས་ངེས་པར་ཐལ། དེ་ལྟར་གྲངས་ཅན་གྱི་གཞུང་ལས་གྲུབ་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །འདི་ལྟར་བཤད་པ་གཞུང་གི་དགོངས་པ་ཡིན་གྱི་གཞན་དག་གིས་བཤད་པ་བྱེད་པ་ནི་མཁས་པའི་གཞུང་ལོག་པར་བཤད་པར་སྣང་ངོ་། གསུམ་པ་ལ་གཉིས་ཏེ། དགག་པ་མདོར་བསྟན། དགག་པ་རྒྱས་པར་བཤད་པའོ། །དང་པོ་ནི། དབང་དོན་ཕྲད་པ་ལས་དངོས་སུ་བྱུང་བའི་ངེས་པའི་ཤེས་པ་ཆོས་ཅན། འབྲས་བུ་སྟེ། མངོན་སུམ་གྱི་དོན་ལས་རྫས་ཐ་དད་དུ་མེད་པར་ཐལ། དེའི་འཇོག་བྱེད་མེད་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། བྱ་བ་དང་ནི་སྒྲུབ་བྱེད་གཉིས། ཡུལ་ཐ་དད་པའང་མི་འདོད་དེ། །ཞེས་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དགག་པ་དངོས། དེའི་ལན་དགག་པའོ། །དང་པོ་ནི། ཁྱད་པར་འཛིན་པའི་ངེས་པའི་ཤེས་པ་ཡིན་ཡང་ཚད་མ་ཉིད་ལས་དོན་གཞན་པ་ཁྱད་པར་ཅན་རྫས་འཛིན་པའི་ཤེས་པ་འབྲས་བུར་སྨྲ་བར་འགྱུར་རོ་ཞེ་ན། སྤྱི་སོགས་ཁྱད་པར་འཇལ་བའི་ཤེས་པ་ཚད་མ་དང་། ཁྱད་པར་ཅན་རྫས་འཇལ་བའི་ཤེས་པ་འབྲས་བུར་འདོད་པའོ། །གཞི་གཅིག་གིས་བསྡུས་པའི་ཚད་མ་དེ་ཁྱད་པར་ཅན་སྤངས་པའི་ཁྱད་པར་ལ་འཇལ་བྱེད་དུ་འཇུག་འབྲས་བུ་དེ་ཁྱད་པར་སྤངས་པའི་ཁྱད་པར་ཅན་ལ་འཇལ་བྱེད་དུ་འཇུག་པ་མིན་པར་ཐལ། དེ་ལྟར་ན་ཚད་འབྲས་གཉིས་བྱེད་པ་འཇུག་པའི་ཡུལ་རྫས་ཐ་དད་ཁོ་ནར་འགྱུར་དགོས་པ་ལས་དེར་མི་འགྱུར་བའི་ཕྱིར། རྟགས་བསལ་ཁས་བླངས་སོ། །ཚད་འབྲས་དེ་ལ་འབྲས་བུས་རྟོགས་ལ་ཚད་མས་མ་རྟོགས་པ་ཡང་ཡིན་པའི་གཞི་མཐུན་ཡོད་པ་མིན་པར་ཐལ། དོན་ལ་གསར་དུ་མི་བསླུ་བའི་ཤེས་པ་དང་དོན་རྟོགས་པའི་ཚད་མ་གཉིས་བྱེད་པ་འཇུག་པའི་ཡུལ་གཅིག་ཁོ་ནར་ཟད་པའི་ཕྱིར། རྟགས་བསལ་ཁས་བླངས་སོ། །གཉིས་པ་ནི། རྣལ་འབྱོར་པ་རྣམས་ཀྱི་རྫོགས་པ་ན་རང་ཉིད་རང་གི་གཞལ་བྱ་དང་འཇལ་བྱེད་གཉིས་ཀར་འགྱུར་བ་བཞིན་དུ་ཁྱད་པར་འཇལ་བའི་ཤེས་པ་ཚད་མ་དང་གཞལ་བྱ་གཉིས་ཀར་འགྱུར་རོ་ཞེ་ན། ཚད་འབྲས་རྫས་གཞན་དུ་འདོད་པ་དང་རང་ཉིད་རང་གི་གཞལ་བྱ་དང་འཇལ་བྱེད་དུ་འདོད་པ་འཐད་པ་མ་ཡིན་པར་ཐལ། དེ་ལྟར་ཡིན་ན་ཁྱད་པར་དུ་བྱ་བ་ཅན་རྫས་འཇལ་བའི་ཤེས་པ་ལའང་དེ་ལྟར་འགྱུར་དགོས་པ་ལས་མི་འགྱུར་བར་ཁས་བླངས་པའི་ཕྱིར། ཚད་འབྲས་རྫས་གཞན་དུ་འདོད་པའི་ལུགས་ལ་རང་ཉིད་རང་གི་གཞལ་བྱ་དང་འཇལ་བྱེད་དུ་མི་འཐད་པར་བསྟན་པ་འདི་ནི་རིགས་པས་མཐའ་གཅད་པའི་ཡན་ལག་ཡིན་གྱི་རིགས་པ་ཅན་པའི་རྩ་བའི་གྲུབ་མཐའ་མ་ཡིན་ཏེ། དེས་རང་རིག་ཁས་མི་ལེན་པའི་ཕྱིར། གལ་ཏེ་ཚད་འབྲས་རྫས་ཐ་དད་ཡིན་ཏེ། ཚད་མ་ནི་གཞལ་བྱ་ཁོང་དུ་ཆུད་པ་ཙམ་ཡིན་གྱི་སྔར་ཡོད་ཀྱི་ལོག་རྟོག་དང་། མ་རྟོགས་པ་དང་ཐེ་ཚོམ་ལོག་པ་ནི་འབྲས་བུ་ཡིན་པའི་ཕྱིར་ཞེ་ན། ཀུན་ལ་སྟེ་ཚད་མ་ཡིན་ན་མ་རྟོག་པ་ལ་སོགས་པ་ལོག་པས་ཁྱབ་པ་མ་ཡིན་པར་ཐལ། མ་རྟོགས་པ་ལ་སོགས་པ་མ་ལོག་ཀྱང་རང་གི་གཞལ་བྱ་མཐོང་བ་ཙམ་གྱིས་རང་རྒྱུད་ལ་ཚད་མ་སྐྱེ་བ་མཐོང་བའི་ཕྱིར། གལ་ཏེ་ཁྱབ་པ་ཡོད་དུ་ཆུག་ནའང་། མ་རྟོགས་པ་ལ་སོགས་པ་ལོག་པ་ཆོས་ཅན། ཚད་མའི་འབྲས་བུ་མིན་པར་ཐལ། དངོས་པོར་མེད་པའི་ཕྱིར། གཞུང་འདིས་ནི་ངོ་བོ་ཉིད་ཀྱི་སྐུ་རྟག་པའང་ཡིན་སྦྱོར་བཞིའི་འབྲས་བུའང་ཡིན་པའི་གཞི་མཐུན་དུ་འདོད་པ་བཀག་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། འདི་ལ་འགྲེལ་པ་བྱེད་པ་དག་བྱེ་བྲག་པའི་འདོད་པ་འདི་ལྟར་དུ་འཆད་དེ། བྱེ་བྲག་པ་རྣམས་ཀྱི་མདོ་ལས་རེ་ཞིག་གང་འབྲེལ་པ་འབའ་ཞིག་ལས་གྲུབ་པ་དེ་རྫས་ལ་མངོན་སུམ་མོ་ཞེས་བྱེ་བྲག་པ་རྣམས་ནི་བདག་དང་མིག་ལ་སོགས་པའི་དབང་པོ་དང་། ཡིད་དང་། གཟུགས་ལ་སོགས་པའི་དོན་དུ་ཕྲད་པ་ལས་གང་གྲུབ་པའི་ཤེས་པ་དེ་གཞན་མངོན་སུམ་གྱི་མཚན་ཉིད་ཡིན་ནོ། །དེ་ལ་ཁ་ཅིག་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་དབང་པོ་དང་དོན་ཕྲད་པ་ལས་སྐྱེས་པའི་ཤེས་པ་ཚད་མ་ཉིད་དུ་ཁས་ལེན་ནོ། །གཞན་དག་ན་རེ། གཙོ་བོ་ཡིན་པའི་ཕྱིར་བདག་དང་ཡིད་ཕྲད་པ་ལས་སྐྱེས་པའི་ཤེས་པ་དེ། ཚད་མ་ཉིད་ཡིན་ནོ་ཞེས་ཟེར་རོ། །ཚད་མ་དེ་ལས་གང་གྲུབ་པ་ཡོད་པ་ཉིད་དང་བུམ་པ་ཉིད་ལ་སོགས་པའི་སྤྱི་མཐོང་བའི་སྒོ་ནས་འདིའོ་སྙམ་པ་དང་། གཟུགས་སོ་སྙམ་པ་ལ་སོགས་པ་དེ་རྗེས་དཔག་ལས་གཞན་མངོན་སུམ་དང་ཚད་མའི་འབྲས་བུའོ་ཞེས་སོ། །དེ་ཡང་གཟུང་དོན་ཉེ་བ་འདིའོ་སྙམ་དུ་ངེས་པའི་ཤེས་པ་མངོན་སུམ་གྱི་མཚན་ཉིད་དང་། ཚད་མ་ལས་འབྲས་བུ་རྫས་གཞན་དུ་འདོད་དོ། །དོན་བསྡུ་ན་དབང་པོ་དང་དོན་ཕྲད་པའམ། བདག་དང་ཡིད་ཕྲད་པ་ལ་བརྟེན་ནས་སྤྱི་རྫས་གཞན་མཐོང་བའི་དབང་གིས་འདི་བུམ་པའོ་སྙམ་དུ་རྫས་ངེས་པ་དང་། སྔོན་པོའོ་སྙམ་དུ་ཡོན་ཏན་ངེས་པ་མངོན་སུམ་དང་ཚད་མའི་འབྲས་བུར་འདོད་ལ། ཡན་ལག་ཅན་བུམ་པའི་རྫས་དེ། བུམ་པའི་གཟུགས་དྲི་ལ་སོགས་པའི་ཡོན་ཏན་དོན་གཞན་གྱི་རྫས་ཐམས་ཅད་དང་ཆ་ཤས་མེད་པའི་གཅིག་ཡིན་ནོ་ཞེས་སོ་ཞེ་འཆད་དོ། །གཉིས་པ་དེ་འགོག་པ་ལ་གཉིས་ཏེ། ཁས་བླངས་དང་འགལ་བ་བསྟན་པ་དང་། རིགས་པ་དང་འགལ་བ་བསྟན་པའོ། །དང་པོ་ནི། དབང་དོན་ཕྲད་པ་ལས་སྐྱེས་པའི་ཤེས་པ་མངོན་སུམ་ཡིན་ན་ཁྱོད་ཀྱི་བསྟན་བཅོས་ལས་ཐེ་ཚོམ་དང་གཏན་ལ་འབེབས་པའི་ཤེས་པ་དག་ལས་གྲུབ་པ་ནི་མངོན་སུམ་དང་རྟགས་ཅན་གྱི་ཤེས་པ་དག་གོ་ཅེས་ཁས་བླངས་པ་འགལ་སྟེ། མངོན་སུམ་ནི་དོན་ལ་ལྟ་བ་ཙམ་ཡིན་པས་རྟོག་ཅིང་དཔྱོད་པ་མི་སྲིད་ལ། གཏན་ལ་འབེབས་པ་ནི་བརྟགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། མིག་དབང་དང་བུམ་པའི་གཟུགས་ཕྲད་པ་ཚད་མ་ཡིན་ན་མིག་ཤེས་ཀྱིས་བུམ་པའི་གཟུགས་དྲི་ལ་སོགས་པ་ཐམས་ཅད་འཛིན་པར་འགྱུར་ཏེ། མིག་དབང་དེ་བུམ་པའི་གཟུགས་སོགས་ཐམས་ཅད་ཕྲད་པའི་ཕྱིར། བདག་དང་ཡིད་ཕྲད་པ་ཡང་འབྲས་བུ་དེ་དག་གི་ཚད་མར་མི་རུང་སྟེ། ཚད་འབྲས་གཉིས་བྱེད་པ་འཇུག་པའི་ཡུལ་འགལ་བ་མི་འཐད་པའི་ཕྱིར། ཞེས་ཁས་བླངས་སོ། །ཁ་སྐོང་ངོ་། །གཉིས་པ་ནི། སྤྱི་དང་ཁྱད་པར་ལ་ལྟོས་པ་དང་ཞེས་པ་མན་ཆད་དོ་ཅེས་འཆད་དོ། །དེ་ནི་ཤིན་ཏུ་མི་འཐད་དེ། གཉིས་པ་ལྟར་ན། ཚད་མ་མ་ཡིན་པར་འགྱུར་ཏེ། རང་གི་གཞལ་བྱ་གཏན་ལ་མི་འབེབས་པའི་ཕྱིར་རོ། །འཁོར་གསུམ་ཁས་བླངས་སོ། །སྔ་མ་ལྟར་ན། གཟུགས་འཛིན་དབང་མངོན་མངོན་སུམ་ཡིན་ན་དེ་གཏན་ལ་འབེབས་པ་ཡིན་པར་ཁས་བླངས་པ་འགལ་བ་ཡིན་པར་འགྱུར་ཏེ། གཟུགས་འཛིན་དབང་མངོན་དོན་ལ་ལྟ་བ་ཙམ་ཡིན་པས་རྟོག་ཅིང་དཔྱོད་པ་མི་སྲིད་ལ། གཏན་ལ་འབེབས་པ་ནི་བརྟགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་ཞེས་བརྗོད་ན་མགོར་ཐོག་ཕོག་པའི་ཉེས་པ་མི་འབྱུང་ངམ། གཞན་ཡང་འདིར་ཡང་དབང་དོན་ཕྲད་པ་ལས་དངོས་སུ་སྐྱེས་པའི་ཤེས་པ་མངོན་སུམ་གྱི་མཚན་ཉིད་ཡིན་ཞེས་རིགས་པ་ཅན་ཀྱི་སྐབས་བཞིན་དུ་ཕྱོགས་སྔ་བསུ་ན། རིགས་པ་སྔ་མས་ཁེགས་ཞེས་པའམ། དངོས་སུ་གནོད་བྱེད་བརྗོད་པ་གཅིག་དགོས་ཏེ། ཕྱོགས་སྔའི་གཙོ་བོ་ལ་གནོད་བྱེད་བརྗོད་པ་མཁས་པའི་ལུགས་ཡིན་པའི་ཕྱིར་དང་། དབང་མངོན་གྱིས་དོན་དང་བདེ་སོགས་གཉིས་ཀ་གཟུང་དོན་དུ་བྱེད་པར་ཁས་བླངས་པ་ལ་གཅིག་གིས་གཉིས་ཤེས་མ་ཡིན་ཏེ། །དབང་པོའི་སེམས་ནི་ངེས་ཕྱིར་དང་། །ཞེས་སུན་འབྱིན་བརྗོད་པ་དེའི་རྗེས་སུ་གྲངས་ཅན་གྱིས་ཀྱང་དབང་མངོན་གྱིས་དོན་དང་བདེ་སོགས་གཉིས་ཀར་གཟུང་དོན་བྱེད་པར་ཁས་བླངས་པ་ལ་ཡང་དེ་ཡིན་ན་ནི། གཅིག་ཆར་གཉིས་འཛིན་མི་རིགས་སོ། །ཞེས་གནོད་བྱེད་བརྗོད་པ་བཞིན་དུ་འདིར་ཡང་གནོད་བྱེད་བརྗོད་དགོས་པ་ལས་དེ་ལྟར་མ་བརྗོད་པའི་ཕྱིར་རོ། །འོ་ན་ཁྱོད་ཀྱི་ལུགས་ལ་ཇི་ལྟར་ཕྱོགས་སྔའི་བཞེད་པ་འཆད་པ་ཡིན་ཞེ་ན། དེང་སང་ཀུན་ལས་བཏུས་པའི་རྩ་བར་གྲགས་པའི་ཞ་མ་སེང་རྒྱལ་གྱི་འགྱུར་འདིའི་ནང་དུ་ཚིག་ལྷུག་ཐོག་ཅིག་འདུག་པ་ནི་འགྲེལ་པའི་ཚིག་ཤོར་བ་ཡིན་གྱི་རྩ་བའི་ཚིག་གཏན་མ་ཡིན་པར་སེམས་མོད་གལ་ཏེ་གོང་འོག་གི་ཚིག་ལྷུག་འགའ་ཞིག་ཡིན་སྲིད་ཀྱང་། འདིར་འདུག་པའི་བྱེ་བྲག་པ་རྣམས་ནི་བདག་དང་དབང་པོ་དང་ཡིད་དང་དོན་དུ་ཕྲད་པ་ལས་གང་གྲུབ་པ་དེ་གཞན་ཡིན་ནོ་ཞེས་སོ་ཞེས་པ་འདི་ནི་རྩ་བའི་ཚིག་གཏན་མ་ཡིན་ཏེ། སྐབས་འགའ་ཞིག་ཏུ་ཕྱོགས་སྔའི་ནང་དུ་བཀོད་ཀྱང་དགག་པ་མི་བྱེད་པར་རང་ལུགས་དང་མཐུན་པའི་སྐབས་སྲིད་ཀྱང་འདིར་ནི་དེ་འདྲ་མ་ཡིན་ཏེ། བདག་དང་ཡིད་ཕྲད་པ་ལས་བྱུང་བའི་ཤེས་པ་རང་ལུགས་ལ་ཁས་ལེན་པ་མི་སྲིད་པའི་ཕྱིར་དང་། ལན་གྱི་སྐབས་སུ་འདི་ལ་གནོད་པ་བརྗོད་པ་གཏན་ནས་མི་འདུག་པའི་ཕྱིར། དེས་ན་འདིར་ཕྱོགས་སྔ་དངོས་སུ་བྱུང་བར་འདོད་ན། སྤྱི་དང་ཁྱད་པར་ལ་ལྟོས་པ་དང་། རྫས་དང་ཡོན་ཏན་དང་ལས་ལ་ལྟོས་པ་ནི་མངོན་སུམ་མོ་ཞེས་པ་ཡན་ཆད་ཕྱོགས་སྔར་བྱེད་ལ། དེ་ལྟར་སྦྱར་བར་མི་བྱ་སྟེ། ཡུལ་ལ་བལྟ་བའི་དོན་ཅན་ཕྱིར། ཞེས་སོགས་མན་ཆད་ལན་དུ་སྦྱར་བར་བྱའོ། །ཕྱོགས་སྔའི་བསམ་པའི་ཨི་ཐི་བ་ནི་འདི་ལྟར་ཡིན་ཏེ། སྤྱི་ཆེན་པོ་དང་སྤྱི་ཉི་ཚེ་བའི་ཁྱད་པར་གཟུང་བ་ལ་ལྟོས་ནས་རང་གི་གཟུང་དོན་འཛིན་པ་དང་ཁྱད་གཞི་རྫས་ཁྱད་པར་གྱི་ཆོས་ཡོན་ཏན་དང་ལས་ལ་སོགས་པ་ལ་ལྟོས་ནས་འདིའོ་སྙམ་དུ་ཞེན་པའི་ཤེས་པ་ནི་མངོན་སུམ་གྱི་མཚན་ཉིད་ཡིན་ལ་རྫས་ཐམས་ཅད་ཆ་ཤས་མེད་པའི་གཅིག་ཡིན་ནོ་ཞེ་ན། གཉིས་པ་ལ་གཉིས་ཏེ། མངོན་སུམ་ཁྱད་གཞི་ཁྱད་ཆོས་སྦྱར་འཛིན་གྱི་ངེས་ཤེས་ཡིན་པ་དགག རྫས་ཐམས་ཅད་ཆ་ཤས་མེད་པའི་གཅིག་ཡིན་པ་དགག ཁ་དོག་འཛིན་པའི་མངོན་སུམ་རེག་བྱ་ལ་ཚད་མ་ཡིན་པ་དགག་པའོ། །དང་པོ་ནི། གཟུགས་འཛིན་དབང་མངོན་ཆོས་ཅན། རྫས་ནི་ཡོན་ཏན་སོགས་དང་ལྡན་ནོ་སྙམ་དུ་དེ་ལྟར་སྦྱར་བར་མི་བྱ་སྟེ། ཁྱད་གཞི་ནི་ཁྱད་པར་རྣམས་དང་ལྡན་ནོ་སྙམ་དུ་སྦྱར་བར་མི་བྱ་བའི་ཕྱིར། མ་གྲུབ་ན། དེར་ཐལ། རང་གི་གཟུང་ཡུལ་དངོས་པོ་ལ་བལྟ་བའི་དོན་ཅན་ཙམ་ཡིན་པའི་ཕྱིར། གལ་ཏེ་ཁྱབ་པ་མེད་དེ། འདིའོ་སྙམ་པའི་བློ་ཡིན་ན་མངོན་སུམ་ཡིན་དགོས་པའི་ཕྱིར་ཞེ་ན། དྲི་མངར་རོ་སྙམ་པའི་བློ་ཆོས་ཅན། མངོན་སུམ་དུ་ཐལ། འདིའོ་སྙམ་པའི་བློ་ཡིན་པའི་ཕྱིར། འདོད་ན། མི་འཐད་དེ། དེ་འཐད་ན་དྲི་རོ་གཉིས་དབང་མངོན་གཅིག་གི་གཟུང་ཡུལ་དུ་འགྱུར་དགོས་ན་དེར་མི་འགྱུར་བའི་ཕྱིར། གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། འདིའོ་སྙམ་པའི་བློ་ཡིན་ན་མངོན་སུམ་མ་ཡིན་མི་དགོས་ཏེ། རྫས་ཐམས་ཅད་ཆ་ཤས་མེད་པའི་གཅིག་ཡིན་པས་དྲི་འཛིན་གྱིས་རོ་ལ་སོགས་པའི་རྫས་བཞིན་ཀྱང་རོ་ལ་སོགས་པ་མི་འཛིན་པར་ཞེ་ན། གཉིས་ལ་གཉིས་ཏེ། རྫས་ཐམས་ཅད་ཆ་ཤས་མེད་པ་གཅིག་ཡིན་ན་གཅིག་དང་དུ་མ་ཕན་ཚུན་འཆོལ་བར་ཐལ་བ་དང་། དེ་ཡིན་ན་མངོན་སུམ་གྱིས་ཡུལ་འཛིན་ཚུལ་ཕྱིན་ཅི་ལོག་ཏུ་ཐལ་བའོ། །དང་པོ་ལ་གཉིས་ཏེ། གཅིག་དུ་མར་ཐལ་བ་དང་། དུ་མ་གཅིག་ཏུ་ཐལ་བའོ། །དང་པོ་ནི། བུམ་པའི་རྫས་ཆོས་ཅན། གཅིག་མིན་ཏེ་དུ་མ་ཅན་དུ་ཐལ། གཟུགས་འཛིན་མངོན་སུམ་སོགས་རིས་ཐ་དད་པའི་མངོན་སུམ་ལྔའི་གཟུང་དོན་ཡིན་པའི་ཕྱིར། རྟགས་བསལ་ཁས་བླངས་སོ། །གཉིས་པ་ནི། གཟུགས་དྲི་སོགས་ཀྱང་གཅིག་ཏུ་འགྱུར་ལ། གཟུགས་དྲི་སོགས་ལྔའི་རྫས་ཀྱང་གཟུགས་འཛིན་མངོན་སུམ་གཅིག་གི་གཟུང་དོན་ཡིན་པའི་ཕྱིར། རྟགས་བསལ་དངོས། ཁྱབ་པ་ཁས་བླངས་ཏེ། ཡུལ་ལྔའི་རྫས་ཐམས་ཅད་དབང་མངོན་གཅིག་གི་གཟུང་དོན་ཡིན་ན་ཡུལ་ལྔའི་རྫས་ཐམས་ཅད་ཆ་ཤས་མེད་པའི་གཅིག་ཡིན་པས་ཁྱབ་པར་ཁས་བླངས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དབང་པོ་གཞན་དོན་མེད་དུ་ཐལ་བ་དང་། མི་འདོད་པ་ལ་ཧ་ཅང་ཐལ་བའོ། །དང་པོ་ནི། གཟུགས་སོགས་ལྔ་གཅིག་དང་དུ་མར་མི་འགྱུར་ཏེ། བུམ་པ་ལ་སོགས་ཐམས་ཅད་མངོན་སུམ་གྱིས་གཅིག་ཏུ་གྲུབ་ལ། གཟུགས་སོགས་ལྔ་དུ་མར་མངོན་སུམ་གྱིས་གྲུབ་ཅིང་མཐོང་བའི་ཕྱིར། དཔེར་ན་ཡོད་པ་ཉིད་གཅིག་ཉིད་མིན་ཀྱང་དབང་ཤེས་ཐམས་ཅད་ཀྱི་ཡུལ་ཡིན་པ་དང་། ཡོན་ཏན་ཉིད་ཆ་ཤས་མེད་པའི་གཅིག་ཡིན་ཡང་དབང་ཤེས་ཐམས་ཅད་ཀྱི་ཡུལ་ཡིན་པ་བཞིན་ཞེ་ན། རིས་ཐ་དད་པའི་དབང་མངོན་ཐམས་ཅད་ཀྱིས་ཆ་ཤས་མེད་པའི་རྫས་གཅིག་ཁོ་ན་གཟུང་དོན་དུ་བྱེད་པ་མི་རིགས་པར་ཐལ། དེ་ལྟར་ཡིན་ན་འདི་ནི་བུམ་པའི་གཟུགས་སོ་སྙམ་པ་དང་བུམ་པའི་དྲིའོ་སྙམ་པ་སོགས་དབང་པོའི་སྒོ་ནས་གཟུགས་འཛིན་དབང་མངོན་གྱི་གཟུང་དོན་གྱི་རྫས་དེ་དྲི་འཛིན་པའི་དབང་མངོན་སོགས་ཀྱིས་གཟུང་དོན་དུ་བྱས་ནས་མཐོང་དགོས་པ་ལས་དེ་ལྟར་མིན་པའི་ཕྱིར། ཕྱི་མ་མ་གྲུབ་ན་དེར་ཐལ། དེའི་སྒོ་ནས་དེ་ལྟར་མཐོང་བ་ཡིན་ན་གཟུགས་ལ་སོགས་པའི་ཡུལ་འཛིན་པ་ལ་དྲི་འཛིན་དབང་མངོན་ཁོ་ན་ལས་གཞན་གཟུགས་འཛིན་དབང་མངོན་སོགས་དོན་མེད་པར་འགྱུར་དགོས་པ་ལས་དེར་མི་འགྱུར་བའི་ཕྱིར་རོ། །གལ་ཏེ་གཟུགས་དྲི་སོགས་ཡུལ་ལྔའི་རྫས་ནི་དབང་མངོན་གཅིག་གིས་འཛིན་པ་མ་ཡིན་པར་འགྱུར་ཏེ། རྫས་ཐ་དད་ཡིན་པའི་ཕྱིར་ཞེ་ན། སྔོན་པོ་དང་སེར་པོ་ཡང་ཆོས་ཅན། དབང་མངོན་གཅིག་གིས་འཛིན་པ་མ་ཡིན་པར་ཐལ། རྫས་ཐ་དད་པའི་ཕྱིར། འདོད་པར་མི་ནུས་ཏེ། རང་གི་ཡུལ་ཅན་ཁྲ་འཛིན་དབང་མངོན་གཅིག་གིས་ཀྱང་འཛིན་ནུས་པའི་ཕྱིར། གཉིས་པ་ནི་གཟུགས་དེ་མིག་ཤེས་སོགས་དབང་པོའི་མངོན་སུམ་ཀུན་གྱིས་འཛིན་པར་འགྱུར་བར་ཐལ། གཟུགས་དེའི་རྫས་དེ་དེ་རྣམས་ཀུན་གྱིས་གཟུང་དོན་དུ་བྱས་ནས་འཛིན་པ་གང་ཞིག་གཟུགས་དང་དེའི་རྫས་གཉིས་ཡུལ་དུས་གནས་སྐབས་གང་ལ་ལྟོས་ནས་ཀྱང་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གལ་ཏེ་དབང་ཤེས་ཀུན་གྱིས་ཡུལ་ཀུན་འཛིན་པའི་སྐྱོན་མེད་དེ། མིག་ཤེས་དང་རེག་འཛིན་དག་གིས་གཟུགས་ལ་སོགས་པ་ལ་གཟུགས་ཉིད་དང་རེག་བྱ་ཉིད་ལ་སོགས་པ་ཁྱད་ཆོས་མི་འདྲ་བ་སོ་སོར་ངེས་པའི་ཕྱིར་ཞེ་ན། མིག་ཤེས་དང་རེག་བྱ་འཛིན་པའི་དབང་མངོན་ཆོས་ཅན། ཁྱོད་ཀྱིས་གཟུགས་ཀྱི་ཁྱད་ཆོས་རྫས་དང་གྲངས་དང་ལས་ལ་སོགས་པ་གཟུང་དོན་དུ་བྱས་ནས་འཛིན་པ་མ་ཡིན་པར་ཐལ། དེ་ལྟར་འཛིན་ན་རྫས་དང་གྲངས་དང་ལས་ལ་སོགས་ལ་གཟུགས་ཉིད་དང་རེག་བྱ་ཉིད་ཡོད་དགོས་པ་ལས་དེ་དེ་ལ་ཡོད་པ་མ་ཡིན་པའི་ཕྱིར། རྟགས་བསལ་ཐམས་ཅད་ཁས་བླངས་སོ། །གལ་ཏེ་མིག་ཤེས་ཀྱིས་ཡུལ་ཐམས་ཅད་འཛིན་པའམ་ཡུལ་གཏན་མི་འཛིན་པའི་སྐྱོན་མེད་དེ། ཡུལ་གང་ལ་གཟུགས་ཉིད་དངོས་སུ་འདུ་འབྲེལ་གྲུབ་པ་དེ་མིག་ཤེས་ཀྱིས་ངེས་པར་འཛིན་ལ། དེ་བཞིན་དུ་རེག་བྱ་ཉིད་ལ་སོགས་པ་ཡང་ཤེས་པར་བྱ་ཞིང་། རྫས་ལ་གཟུགས་ཉིད་ལ་སོགས་པ་འདུ་འབྲེལ་གྲུབ་པའི་ངེས་པ་མེད་པའི་ཕྱིར་ན། གཟུགས་འཛིན་པའི་ཚེ་རྫས་འཛིན་པར་མ་ངེས་པའི་ཕྱིར་དང་། མིག་ཤེས་གཟུགས་ལ་འཇུག་པའི་ཚེ་རེག་བྱ་མེད་པར་བཟུང་ནས་གཟུགས་ཉིད་ཡོད་པར་མཚོན་པའི་ཕྱིར་ཞེ་ན། དེ་ལྟར་ནའང་། མི་འཐད་དེ། དེ་རིགས་པ་དང་བྱེ་བྲག་པ་རང་གི་ཁས་བླངས་དང་འགལ་བའི་ཕྱིར། དང་པོ་མ་གྲུབ་ན། རེག་བྱ་ཆོས་ཅན། ཁྱོད་མེད་པར་མངོན་སུམ་ནས་བཟུང་བ་མ་ཡིན་པར་ཐལ། ཁྱོད་ཡོད་པར་མངོན་སུམ་གྱིས་གྲུབ་པའི་ཕྱིར། ཡང་རེག་བྱ་མེད་པ་ཆོས་ཅན། ཁྱོད་དབང་མངོན་གྱི་གཟུང་ཡུལ་མ་ཡིན་པར་ཐལ། ཁྱོད་དངོས་པོར་མེད་པའི་ཕྱིར། ཕྱི་མ་མ་གྲུབ་ན། མིག་ཤེས་ཀྱིས་རྫས་སྤངས་ནས་གཟུགས་ཉིད་གཟུང་དོན་དུ་བྱས་ནས་འཛིན་པ་མི་འཐད་པར་ཐལ། གཟུགས་གཟུང་དོན་དུ་བྱས་ནས་འཛིན་ན་གཟུགས་དེ་རྫས་དང་སྦྱར་ནས་འཛིན་དགོས་པར་ཁས་བླངས་པའི་ཕྱིར། འགྲེལ་པར་མདོ་དང་འགལ་ཏེ། ཞེས་པའི་དོན་ནི་འགྲེལ་བཤད་མཁན་པོས་བྱེ་བྲག་པ་རང་གི་ཁས་བླངས་དང་འགལ་བ་ལ་བཤད་དོ། །གསུམ་པ་ལ་གཉིས་ཏེ། དངོས་དང་། དེའི་ལན་དགག་པའོ། །དང་པོ་ནི། འདིའོ་སྙམ་པའི་བློ་ཡིན་ན་མངོན་སུམ་མ་ཡིན་པས་མ་ཁྱབ་སྟེ། ཉིན་པར་བུམ་པའི་ཁ་དོག་དམར་པོ་མིག་ཤེས་ཀྱིས་མཐོང་ནས་མུན་ཁུང་དུ་བུམ་པའི་རེག་བྱ་ལ་རེག་པའི་ཚེ་འདི་དེ་རིང་གི་བུམ་པ་དམར་པོའོ་སྙམ་པའི་བློ་མངོན་སུམ་ཡིན་པའི་ཕྱིར། དེ་བཞིན་དུ་མཚན་མོ་བུམ་པའི་རེག་བྱ་ལ་རེག་ནས་ཉིན་པར་བུམ་པའི་ཁ་དོག་མཐོང་བའི་ཚེ་འདི་མཚན་མོའི་བུམ་པ་རྩུབ་པོ་དེའོ་སྙམ་པའི་བློ་ཡང་མངོན་སུམ་ཡིན་པའི་ཕྱིར། ཡང་ཁ་དོག་དང་རེག་བྱའི་རྫས་གཉིས་ཀྱང་བློ་སོ་སོའི་གཟུང་ཡུལ་དུ་ངེས་པ་མ་ཡིན་ཏེ། ཁ་དོག་དེ་རེག་བྱ་འཛིན་པའི་དབང་མངོན་གྱི་གཟུང་དོན་ཡིན་ལ་རེག་བྱའི་རྫས་ཀྱང་ཁ་དོག་འཛིན་པའི་དབང་མངོན་གྱི་བཟུང་དོན་ཡིན་པའི་ཕྱིར་ཞེ་ན་བུམ་པའི་ཁ་དོག་ཆོས་ཅན། རེག་བྱ་འཛིན་པའི་དབང་མངོན་གཞན་གྱི་གཟུང་དོན་གྱི་སྤྱོད་ཡུལ་མིན་པར་ཐལ། དེ་ལ་རང་འདྲའི་རྣམ་པ་གཏོད་བྱེད་དུ་མེད་པའི་ཕྱིར། དེ་བཞིན་དུ་རེག་བྱ་ཆོས་ཅན། ཁ་དོག་འཛིན་པའི་དབང་མངོན་གྱི་དེ་མ་ཡིན་པར་ཐལ། ཞེས་སྦྱར་རོ། །འདི་ནི་བུམ་པ་དམར་པོའོ་སྙམ་པའི་བློ་ཆོས་ཅན། བུམ་པའི་ཁ་དོག་སྤྱོད་ཡུལ་དུ་བྱེད་པའི་མངོན་སུམ་མ་ཡིན་པར་ཐལ། བུམ་པའི་ཁ་དོག་རང་གི་གཟུང་ཡུལ་དུ་མེད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། ཁ་དོག་དང་རེག་བྱའི་རྫས་གཉིས་པོ་དེ་དབང་མངོན་གཅིག་གི་ཡུལ་དུ་མཚུངས་པར་འདོད་དེ། ཁྱད་པར་དུ་བྱེད་པ་རེག་བྱ་མ་གཟུང་བར་ཁྱད་པར་ཅན་ཁ་དོག་ལ་བློ་འཇུག་པ་མི་སྲིད་པའི་ཕྱིར་ཏེ། རེག་བྱ་དང་ལྡན་པའི་ཁ་དོག་འདི་དམར་པོའོ་སྙམ་པའི་བློ་སྐྱེ་བའི་ཕྱིར། དཔེར་ན་ཤེས་པ་གཅིག་གིས་དབྱུག་པ་དང་། དབྱུག་པ་ཅན་ཁྱད་གཞི་ཁྱད་ཆོས་སྦྱར་ནས་འཛིན་པ་བཞིན་དུ་ཡོད་པ་ཉིད་དང་དེ་དང་ལྡན་པ་དང་། ཡོན་ཏན་དང་རྫས་ཀྱང་མངོན་སུམ་གཅིག་གིས་ཁྱད་གཞི་ཁྱད་ཆོས་སྦྱར་ནས་འཛིན་པ་འཐད་དོ་ཞེ་ན། གཉིས་པ་ལ་གཉིས་ཏེ། ཁས་བླངས་འགལ་བར་བསྟན་པ་དང་། རིགས་པས་གྲུབ་པའི་དོན་དང་འགལ་བར་བསྟན་པའོ། །དང་པོ་ནི། རྫས་དང་ཡོན་ཏན་དབང་མངོན་གཅིག་གི་ཡུལ་དུ་མཚུངས་པར་མི་འདོད་པས། མི་འདོད་པ་ལ། རྫས་དང་ཡོན་ཏན་དབང་མངོན་གཅིག་གི་ཡུལ་དུ་མཚུངས་པར་ཐལ་བར་འགྱུར་ཏེ། ཁྱད་པར་དུ་བྱེད་པ་ཡོན་ཏན་མ་བཟུང་བར་ཁྱད་པར་ཅན་རྫས་ལ་བློ་འཇུག་པ་མི་སྲིད་པའི་ཕྱིར། ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་པ་ནི། དེར་ཐལ། ཡོན་ཏན་དང་ལྡན་པའི་རྫས་འདི་རྟག་པའོ་སྙམ་པའི་བློ་སྐྱེ་བའི་ཕྱིར། གསུམ་ཆར་ཁས་བླངས་སོ། །ཕྱོགས་སྔའི་སྐབས་སུ་མངོན་སུམ་གཅིག་གིས་རྫས་དང་ཡོན་ཏན་ཁྱད་གཞི་ཁྱད་ཆོས་སུ་སྦྱར་ནས་འཛིན་པར་ཁས་བླངས་པས་མི་འདོད་པ་ལ། ཞེས་པ་ཇི་ལྟར་འགྲིག་ཅེ་ན། རྫས་དང་ཡོན་ཏན་ཆོས་ཅན། དབང་མངོན་གཅིག་གིས་འཛིན་པ་མ་ཡིན་པར་ཐལ། རྫས་ཐ་དད་ཡིན་པའི་ཕྱིར། ཞེས་བརྗོད་པས་འཁོར་གསུམ་དངོས་འགལ་ཡིན་ནོ། །འདི་ལྟར་བཤད་པ་རྩ་བའི་དགོངས་པ་ཡིན་གྱི་འགྲེལ་པ་དང་འགྲེལ་བཤད་དང་། དེའི་རྗེས་སུ་འབྲང་བའི་བཤད་པ་བྱེད་པ་ནི་འཐད་པར་མི་སེམས་སོ། །གཉིས་པ་ལ་གཉིས་ཏེ། ཁྱབ་པ་མ་ངེས་པར་བསྟན་པ་དང་། ཐ་དད་དུ་ངེས་ན་གཅིག་ཡིན་པ་མི་སྲིད་པར་བསྟན་པའོ། །དང་པོ་ནི། དབང་ཤེས་ཐ་དད་ཀྱི་གཟུང་བྱ་ཡིན་ན་རྫས་གཞན་དུ་བརྗོད་པས་ཁྱབ་ཅེ་ན། དེ་ནི་མ་ངེས་ཏེ། རྫས་བུམ་པ་དང་ཡོན་ཏན་བུམ་པའི་སྔོན་པོ་ཆོས་ཅན། གཅིག་ཡིན་པར་ཐལ། དབང་ཤེས་གཅིག་གིས་གཟུང་བྱ་ཡིན་པའི་ཕྱིར་ཞེས་བརྗོད་ན་མཚུངས་སོ། །མི་མཚུངས་སྟེ། དབང་ཤེས་ཐ་དད་ཀྱི་གཟུང་བྱ་ཡིན་ན་དུ་མ་ཡིན་པར་བརྗོད་པ་ཡིན་གྱི་དབང་ཤེས་གཅིག་གིས་གཟུང་བྱ་ཡིན་ན་གཅིག་ཡིན་པར་བརྗོད་པ་མ་ཡིན་པའི་ཕྱིར་ཞེ་ན། དབང་ཤེས་ཐམས་ཅད་སྟེ་ཐ་དད་ཀྱི་བཟུང་བྱ་ཡིན་ན་དུ་མར་བསྒྲུབ་པར་བྱ་བར་བརྗོད་པས་ཁྱབ་པ་མ་ཡིན་པར་ཐལ། དེ་ཡང་ཉེས་པ་དང་བཅས་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། དུ་མར་ཐལ། ཐག་ཉེ་རིང་གཉིས་ནས་བལྟ་བའི་དབང་ཤེས་ཐ་དད་ཀྱི་གཟུང་བྱ་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །འདི་ལྟར་བཤད་པ་རྩ་བའི་དགོངས་པ་ཡིན་པར་སེམས་ལ། འགྲེལ་པ་དང་འགྲེལ་བཤད་རྗེས་འབྲང་དང་བཅས་པ་དག་ནི། དབང་པོ་ཐ་དད་མེད་ཀྱང་ཞེས་གང་བརྗོད་པ་འདིས་དབང་པོ་ཐམས་ཅད་ཀྱི་ཐ་དད་ལས་དུ་མར་བསྒྲུབ་པར་བྱ་བར་བརྗོད་པ་མ་ཡིན་ཏེ། གང་དབང་པོ་ཐ་དད་པ་དེ་དུ་མ་ཁོ་ནའོ་ཞེས་འཆད་དོ། །དེ་ནི་མུན་སྦྲུལ་གྱི་བཤད་པ་ཡིན་པར་མཐོང་སྟེ། དབང་མངོན་ཐ་དད་ཀྱིས་ཐ་དད་དུ་གཟུང་བ་ལས་དུ་མར་བསྒྲུབ་པར་བྱ་བར་བརྗོད་པ་མ་ཡིན་པར་འགྱུར་ཏེ། དབང་མངོན་ཐ་དད་པ་དེ་དུ་མ་ཁོ་ནར་བརྗོད་པ་ཡིན་པའི་ཕྱིར་ཞེས་བརྗོད་ན་ལན་ཅི་ཡོད། གཞན་ཡང་བྱས་པ་ལས་མི་རྟག་པར་བསྒྲུབ་པར་བྱ་བར་བརྗོད་པ་མི་འཐད་པར་འགྱུར་ཏེ། མི་རྟག་པ་དེ་བྱས་པ་ཁོ་ན་ཞེས་བརྗོད་པའི་ཕྱིར་ཞེས་བརྗོད་ན་ཅི་ཟེར། དེ་ནི་མི་འཐད་པར་ཐལ། སྒྲུབ་བྱེད་བཀོད་པ་དེ་ནི་ཐུར་ཁྱབ་དུ་སོང་བའི་ཕྱིར་ཞེ་ན། འོ་ན་ཁྱོད་ཀྱི་དེ་ཡང་མི་འཐད་པར་ཐལ། སྒྲུབ་བྱེད་བཀོད་པ་དེ་ཐུར་ཁྱབ་དུ་སོང་བའི་ཕྱིར། ཞེས་བརྗོད་ན་མི་མཚུངས་སམ། གཉིས་པ་ནི། གལ་ཏེ་དབང་པོ་རིས་ཐ་དད་ཡོད་པ་ལ་ཐ་དད་འཇོག་པ་འཐད་ཀྱང་དབང་པོ་རིས་ཐ་དད་མེད་པ་ལ་ཐ་དད་ཇི་ལྟར་འཐད་ཅེ་ན། དབང་པོ་རིས་ཐ་དད་མེད་ཀྱང་སྔོན་པོ་དང་སེར་པོ་ནི་ཆོས་ཅན། ཐ་དད་ལ་འཇོག་བྱེད་འཐད་པ་ཡིན་ཏེ། རང་འཛིན་བྱེད་ཀྱི་དབང་མངོན་གྱི་བློ་སོ་སོར་ཐ་དད་དུ་ངེས་པས་ཐ་དད་དུ་འཇོག་དགོས་པའི་ཕྱིར། དེས་ན། ཆ་ཤས་ཐ་དད་མེད་པའི་རྫས་ལ་བརྟེན་པ་རྒྱུ་མཚན་གང་ལས་ཀྱང་གཅིག་བཞག་དུ་མེད་པར་ཐལ། ཐ་དད་དུ་འཐད་པའི་ཕྱིར། ཁྱབ་པ་ཡོད་པ་ལས་གཞན་དུ་ཁྱབ་པ་མེད་པ་ཡིན་ན་གཅིག་དང་ཐ་དད་ཀྱི་རྣམ་གཞག་སྒྲུབ་བྱེད་གང་གིས་ཀྱང་མི་འགྲུབ་པར་ཐལ། ཆ་ལྡན་ཡིན་ན་ཆ་མེད་མི་བརྟེན་མི་དགོས་པའི་ཕྱིར། རྟགས་བསལ་ཁས་བླངས་སོ། །འཛིན་བྱེད་ཐ་དད་པ་འབའ་ཞིག་ལས་སྔོ་སེར་རྣམས་ཐ་དད་པར་འགྱུར་བ་དེ་ལྟར་ན་དབང་པོ་དང་འཛིན་བྱེད་སོ་སོར་ཐ་དད་དུ་ངེས་པའི་གཟུགས་ཀྱི་རྫས་དང་དྲི་ལ་སོགས་པའི་རྫས་ནི་ཐ་དད་པ་ཁོ་ན་ཡིན་ཏེ། འདི་ལྟར་གཟུགས་ཀྱི་རྫས་དང་དྲིའི་རྫས་ཆོས་ཅན། ཆ་ཤས་མེད་པའི་གཅིག་མ་ཡིན་ཏེ། དབང་པོ་དང་འཛིན་བྱེད་སོ་སོ་ཐ་དད་ཉིད་དུ་ངེས་པའི་ཕྱིར། འདི་ལྟར་བཤད་པ་རྩ་བའི་དགོངས་པ་ཡིན་གྱི་འགྲེལ་པ་དང་དེའི་རྗེས་སུ་འབྲང་བའི་བོད་ལ་ལ་ནི། འཛིན་བྱེད་ཀྱི་བློ་སོ་སོ་ཐ་དད་དུ་ངེས་པའི་ཕྱིར་རྫས་ཐ་དད་དུ་བཞག་དགོས་ལ། གཞན་དུ་ན་ཐ་དད་མེད་པ་རྒྱུ་མཚན་གང་ལས་ཀྱང་བཞག་དུ་མེད་པར་འགྱུར་རོ། །ཞེས་པ་ནི་རྩ་བའི་འགྱུར་གྱི་དོན་དང་། འགྲེལ་པའི་འགྱུར་ལྟར་ན་འཛིན་བྱེད་ཀྱི་བློ་དང་དབང་པོ་ཐ་དད་ཀྱི་གཟུང་བྱ་སོ་སོར་ངེས་པ་དེ་ནི་ཐ་དད་ཁོ་ནར་ངེས་པ་ཡིན་གྱི་རྒྱུ་མཚན་གང་ལས་ཀྱང་གཅིག་མ་ཡིན་ཏེ། གཅིག་ཏུ་འགྲུབ་པའི་གོ་སྐབས་མེད་པའི་ཕྱིར། གཞན་དུ་ན་གཅིག་དང་ཐ་དད་གང་ཡང་བཞག་ཏུ་མེད་པར་འགྱུར་རོ་ཞེས་ཟེར་རོ། །དེ་ནི་མུན་སྤྲུལ་གྱི་བཤད་པ་ཡིན་ཏེ། བཤད་པ་དང་པོ་ལྟར་ན། སྣམ་བུ་དང་བུམ་པའི་དོན་སྤྱི་ཡང་། རྫས་ཐ་དད་བཞག་དགོས་པར་ཐལ། འཛིན་བྱེད་ཀྱི་བློ་སོ་སོ་ཐ་དད་དུ་ངེས་པའི་ཕྱིར། མ་གྲུབ་ན། ཁ་དོག་དང་དྲིའི་རྫས་ཀྱང་འཛིན་བྱེད་ཀྱི་བློ་སོ་སོ་ཐ་དད་དུ་ངེས་པ་མ་གྲུབ་བོ། །དེར་ཐལ། གཟུགས་འཛིན་པའི་བློས་དྲིའི་རྫས་འཛིན་པ་མི་སྲིད་པའི་ཕྱིར་ཞེ་ན། འོ་ན་སྣམ་བུ་དང་བུམ་པའི་དོན་སྤྱི་ཡང་འཛིན་བྱེད་ཀྱི་བློ་སོ་སོ་ཐ་དད་དུ་ངེས་པར་ཐལ། སྣམ་བུ་འཛིན་པའི་བློས་བུམ་པའི་དོན་སྤྱི་འཛིན་པ་མི་སྲིད་པའི་ཕྱིར་ཞེས་བརྗོད་ན་ལན་ཅི་ཡོད། བཤད་པ་ཕྱི་མ་ལྟར་ན། དབང་ཤེས་ཐ་དད་ཀྱི་གཟུང་བྱར་གནས་པ་ནི་ཐ་དད་ཁོ་ནར་ངེས་པ་ཡིན་གྱི་རྒྱུ་མཚན་གང་ལས་ཀྱང་གཅིག་མ་ཡིན་ཏེ། གཅིག་ཏུ་འགྲུབ་པའི་གོ་སྐབས་མེད་པའི་ཕྱིར། གཞན་དུ་ན་གཅིག་དང་ཐ་དད་གང་ཡང་བཞག་དུ་མེད་པར་འགྱུར་རོ་ཞེས་བརྗོད་ན་ལན་ཅི་ཡོད། དབང་ཤེས་ཐ་དད་ཀྱི་བཟུང་བྱར་གནས་པ་ནི་གཅིག་ཏུ་གནས་པའི་གོ་སྐབས་མེད་པ་མིན་ཏེ། གཅིག་ཏུ་ཁས་ལེན་དགོས་པའི་ཕྱིར་ཞེ་ན། འོ་ན་འཛིན་བྱེད་ཀྱི་བློ་དང་དབང་པོ་ཐ་དད་ཀྱི་བཟུང་བྱ་སོ་སོར་ངེས་པ་ཡང་། གཅིག་ཏུ་འགྲུབ་པའི་གོ་སྐབས་མེད་པ་མ་ཡིན་ཏེ། གཅིག་ཏུ་ཁས་ལེན་དགོས་པའི་ཕྱིར་ཞེས་བརྗོད་ན་མི་མཚུངས་སམ། གལ་ཏེ་དབང་ཤེས་ཐ་དད་ཀྱི་གཟུང་བྱར་གནས་པ་ནི། ཐ་དད་ཁོ་ནར་ངེས་པ་ཡིན་གྱི་རྒྱུ་མཚན་གང་ལས་ཀྱང་གཅིག་མ་ཡིན་པ་ཁོ་ན་འདོད་པ་ཁོ་ནའོ་ཞེ་ན། འོ་ན་འཛིན་བྱེད་ཀྱི་བློ་དང་དབང་པོ་ཐ་དད་ཀྱི་གཟུང་བྱ་སོ་སོ་ངེས་པ་ནི། ཐ་དད་ཁོ་ནར་ངེས་པ་ཡིན་གྱི་རྒྱུ་མཚན་གང་ལས་ཀྱང་གཅིག་མ་ཡིན་པའང་ཁོ་ནའོ་ཞེས་བརྗོད་པར་བྱའོ། །གསུམ་པ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། སེར་སྐྱ་པ་རྣམས་ཀྱིས་ནི་རྣ་བ་ལ་སོགས་པའི་འཇུག་པ་མངོན་སུམ་དུ་འདོད་དེ། རྣ་བ་དང་། པགས་པ་དང་། མིག་དང་། ལྕེ་དང་། སྣ་རྣམས་ཡིད་ཀྱིས་བྱིན་གྱིས་བརླབས་ནས་སྒྲ་དང་། རེག་བྱ་དང་། གཟུགས་དང་། རོ་དང་། དྲི་རྣམས་ལ་རིམ་པ་ལྟར་ཇི་ལྟ་བ་བཞིན་འཛིན་པ་ལ་འཇུག་པ་ནི་མངོན་སུམ་གྱི་ཚད་མའོ། །ཡིད་ཀྱི་འཇུག་པ་ནི། ཡིད་ཀྱི་རང་བཞིན་དང་རྣམ་འགྱུར་རྣམས་ཀྱང་ཆ་ཐ་དད་མེད་པར་འདོགས་པར་བྱེད་དོ། །བྱིན་གྱིས་བརླབས་བའི་དོན་ནི། གྲངས་ཅན་ལ་ལ་ཡིད་དབང་ལྷན་གཅིག་ཡུལ་ལ་འཇུག་པའི་དོན་དུ་འདོད་ལ། ཡང་དེ་ཁ་ཅིག་ཡིད་ཀྱིས་རིག་པའི་དོན་ཏེ། དབང་པོས་དོན་བཟུང་བའི་རྗེས་སུ་ཡིད་ཀྱིས་རིག་པར་བྱེད་པ་དང་། དེའི་རྗེས་སུ་བློས་ཞེན་པར་འདོད་དོ། །དབང་པོ་རྣམས་ཀྱི་འཇུག་པ་ནི། རང་གི་ཡུལ་ཉེ་བ་ན་ཡུལ་དེའི་རྣམ་པར་འགྱུར་བའོ། །དེ་ཡང་རྐྱེན་དང་བཅས་པ་དང་། རྐྱེན་མེད་པའོ། །དང་པོ་ནི། ལྕགས་བསྲེགས་པ་ན་མེ་ལྕགས་རྫས་གཅིག་མ་ཡིན་ཡང་མངོན་སུམ་ལ་རྫས་གཅིག་ཏུ་སྣང་ཞིང་ཤེས་རིག་གིས་རང་ཡུལ་ཉམས་སུ་མྱོང་བ་ན་ཡུལ་དང་འདྲེས་པས་ཡུལ་རྣམས་མྱོང་བའི་ངོ་བོ་མིན་ཡང་མྱོང་བའི་ངོ་བོ་ལྟ་བུར་སྣང་བའི་སྐབས་སོ། །དེ་ལ་རྐྱེན་མེད་པ་ནི་ཤེས་རིག་སྒྲོན་མའི་འོད་ལྟ་བུར་ཡུལ་གསལ་བར་བྱེད་པ་ཡིན་གྱི་ཡུལ་དང་འདྲེས་པ་ལྟ་བུར་སྣང་བ་མིན་པའི་སྐབས་ཏེ། ཁ་ཅིག་སྔ་མ་ཚད་མ་དང་ཕྱི་མ་འབྲས་བུར་འདོད་དོ། །གཞན་དག་ནི་ཡུལ་འཛིན་པ་ལ་འཇུག་བཞིན་པ་མངོན་སུམ་དུ་འདོད་དོ། །གཅིག་གི་ཡུལ་གཅིག་ཤོས་ཀྱིས་མི་འཛིན་པར་སོ་སོར་ངེས་པ་ཁོ་ན་ཡིན་ནོ། །དེས་ན་སྒོ་ལྔའི་ཤེས་པ་གཟུགས་སྒྲ་སོགས་གཟུང་དོན་དུ་བྱས་ནས་འཛིན་ཡང་འདི་རྣམ་པ་རང་ལ་སྣང་བ་མི་སྲིད་ཅིང་རང་ཉིད་རྟག་པའི་དངོས་པོ་ཡིན་བཞིན་དུ་ཡང་རང་གི་ཡུལ་འཛིན་པ་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་ལ་གཉིས་ཏེ། གྲངས་ཅན་གྱི་འདོད་ལུགས་སོ་སོར་དགག་པ་དང་། མངོན་སུམ་གྱི་ཚད་མའི་མཚན་ཉིད་ཁྱབ་ཆུང་བའོ། །དང་པོ་ལ་གཉིས་ཏེ། གྲངས་ཅན་སྔ་མའི་ལུགས་དང་། གྲངས་ཅན་ཕྱི་མའི་ལུགས་དགག་པའོ། །དང་པོ་ལ་གཉིས་ཏེ། མངོན་སུམ་གྱི་ཚད་མའི་གྲངས་ངེས་དགག འཇུག་ཡུལ་གྱི་གཞལ་བྱ་བརྟགས་ལ་དགག་པའོ། །དང་པོ་ལ་གཉིས་ཏེ། དགག་པ་དངོས་དང་། དེའི་ལན་དགག་པའོ། །དང་པོ་ནི། དེ་ལ་འོན་པ་ལ་དབང་པོ་དགུ་ཡོད་ཀྱང་སྒྲ་མི་ཐོས་པས་རྣ་བའི་ཤེས་པ་སྒྲ་ཁོ་ན་ལ་ཡུལ་དུ་བྱེད་ལ་ཡོན་ཏན་གསུམ་གྱི་འཕེལ་འགྲིབ་ཀྱི་ཁྱད་པར་ལས་སྒྲའི་རིགས་ཐ་དད་པ་འཛིན་པར་འདོད་པས། སྒྲ་གཅིག་ཁོ་ན་ལ་ཡང་རིགས་མི་མཐུན་པའི་དབང་ཤེས་དུ་མས་ཐུག་པ་མེད་པར་འཛིན་པར་ཐལ། སྒྲ་གཅིག་པུ་ཁོ་ན་ལ་ལྟོས་ཏེ་ཡོན་ཏན་གསུམ་གྱི་འཕེལ་འགྲིབ་ཀྱི་ཁྱད་པར་གྱིས་རིགས་མི་མཐུན་པའི་དབང་ཤེས་དུ་མ་གྲངས་ཀྱི་མཐའ་དཔག་ཏུ་མེད་པར་འཛིན་པའི་ཕྱིར། རྟགས་ཁྱབ་ཁས་བླངས་སོ། །འདོད་ན། མངོན་སུམ་གྱི་ཚད་མ་ལྔར་གྲངས་ངེས་པ་མ་ཡིན་པར་འགྱུར་རོ། །གསུམ་ཆར་ཁས་བླངས་སོ། །འགྲེལ་པར་ཐུག་པ་མེད་པ་རྟགས་སུ་འགོད་པར་འདོད་མོད་འཐད་པར་མི་སེམས་ཏེ། འོག་འཕྲོས་དང་མི་འགྲིག་པའི་ཕྱིར་རོ། འམ་གྱི་སྒྲས་ཡོན་ཏན་གསུམ་གྱི་རང་བཞིན་ཆ་མེད་གཅིག་ཡིན་པས་སྒྲའི་རིགས་གཅིག་ཁོ་ན་འཛིན་པའི་ཕྱིར་ཐུག་མེད་དུ་མི་འགྱུར་རོ་ཞེ་ན། དབང་པོ་ཐམས་ཅད་རིགས་གཅིག་ཡིན་པར་འགྱུར་བར་ཐལ། རྣ་བའི་དབང་ཤེས་ཀྱིས་སྒྲ་འཛིན་པ་བཞིན་དུ་གཟུགས་སོགས་ཐམས་ཅད་ཀྱང་འཛིན་དགོས་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །རྟགས་མ་གྲུབ་ན། ཁས་བླངས་མོད། ཁས་བླངས་གསལ་བར་སྟོན་པ་ནི། དེར་ཐལ། ཡོན་ཏན་གསུམ་པོ་ཐམས་ཅད་ཀྱི་རང་བཞིན་ཆ་མེད་གཅིག་ཡིན་པར་མཚུངས་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གཉིས་པ་ནི། ཡོན་ཏན་གསུམ་གྱི་རང་བཞིན་ཆ་མེད་གཅིག་ཡིན་ཡང་དབང་ཤེས་ཀྱིས་རིས་མཐུན་པའི་ཡུལ་འཛིན་གྱི་རིས་མི་མཐུན་པའི་ཡུལ་འཛིན་པའི་སྐྱོན་མེད་དེ། སྒྲ་ལ་སོགས་པའི་དེ་ཙམ་ལྔ་ཡོན་ཏན་གསུམ་གྱི་བཀོད་པའི་དབྱིབས་ཡིན་ལ། སྒྲའི་གསལ་བ་རྣམས་ལ་སྒྲའི་རིགས་ཐ་མི་དད་པའི་དབྱིབས་ཡོད་ཀྱང་། རེག་བྱ་ལ་སོགས་ལ་མེད་པའི་ཕྱིར་ཞེ་ན། ཡང་ལས་དབང་གིས་དབང་པོ་གྲུབ་ཀྱི་ཡུལ་གྱི་དབང་གིས་མ་ཡིན་པས་ཇི་ལྟར་སྐྱོན་དེར་འགྱུར་ཞེ་ན། ཁོ་བོ་ཅག་ལས་དབང་གིས་གྲུབ་པར་འདོད་ཀྱང་། ཁྱོད་སྐྱེས་བུའི་འདོད་པའི་རྗེས་སུ་བྱེད་པར་འདོད་པས་དབང་པོ་གཅིག་ཁོ་ནས་སྐྱེས་བུའི་དགོས་དོན་ཐམས་ཅད་ཕུན་སུམ་ཚོགས་ན་རང་བཞིན་དབང་པོ་གཅིག་ཁོ་ནའི་རྣམ་པར་འགྱུར་ལ། དུ་མ་དགོས་ན་དུ་མའི་རྣམ་པར་འགྱུར་བར་འདོད་པས་སྐྱོན་དེར་འགྱུར་བ་ཡིན་ནོ་ཞེས་འགྲེལ་བཤད་མཁན་པོས་བཤད་དོ། །གཟུགས་དེ་མིག་ཤེས་དང་རེག་བྱ་འཛིན་པའི་དབང་ཤེས་གཉིས་ཀྱི་གཟུང་བྱ་ཡིན་པར་ཐལ། གཟུགས་ཀྱི་དབྱིབས་དེ་དེ་ལྟར་ཡིན་པའི་ཕྱིར། རྟགས་ཁྱབ་དངོས། འདོད་ན། དབང་ཤེས་ལྔའི་ཡུལ་སོ་སོར་ངེས་ནས་གཞི་མཐུན་མེད་པར་འདོད་པ་ཉམས་སོ། །གཞུང་འདིའི་དོན་འདི་ལྟར་ཡིན་གྱི་གཞན་གྱིས་བཤད་པ་བྱེད་པ་ལྟར་བཤད་ན་མུན་སྤྲུལ་གྱི་བཤད་པ་ཡིན་ནོ། །དེ་ཙམ་ལྔ་ཡོན་ཏན་གྱི་དབྱིབས་ཀྱི་ཁྱད་པར་ཁོ་ནར་འདོད་པའི་ཕྱིར་སྐྱོན་མེད་དོ་ཅེ་ན། སྒྲ་དང་དྲི་དང་རོ་རྣམས་རྣ་བ་དང་སྣ་དང་ལྕེའི་དབང་ཤེས་གསུམ་གྱི་གཟུང་ཡུལ་དུ་བྱེད་པར་མི་འགྱུར་བར་ཐལ། དེ་གསུམ་གྱི་དབྱིབས་ནི་རྣ་བ་དང་སྣ་དང་ལྕེའི་དབང་ཤེས་གསུམ་གྱི་ཡུལ་མ་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །ཡུལ་གཅིག་ཀྱང་དབྱིབས་དུ་མ་ཅན་དུ་ཐལ། ཡུལ་གཅིག་པོ་དེའི་དབྱིབས་ཀྱི་རང་བཞིན་དུ་མ་ཡོད་པའི་ཕྱིར། འདོད་ན། དབྱིབས་ཐམས་ཅད་ཆ་ཤས་མེད་པ་གཅིག་ཏུ་འགལ་ལོ། །གལ་ཏེ་སྔ་མའི་རྟགས་མ་གྲུབ་སྟེ། དབྱིབས་ཐམས་ཅད་ཆ་ཤས་མེད་པའི་གཅིག་ཡིན་པའི་ཕྱིར་ཞེ་ན། འོ་ན་གསེར་སྐྱོགས་དང་རྣ་རྒྱན་གྱི་དབྱིབས་ཀྱང་ཐ་དད་མེད་པར་འགྱུར་ཏེ། དབྱིབས་ཐམས་ཅད་ཆ་ཤས་མེད་པའི་གཅིག་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དབང་པོའི་འཇུག་པས་རིགས་རྟག་དངོས་ཁོ་ན་འཛིན་པ་དགག ཡོན་ཏན་གསུམ་གྱི་ཁྱད་པར་དུ་བྱས་ནས་རིགས་རྟག་དངོས་ཁོ་ན་འཛིན་པ་དགག་པའོ། །དང་པོ་ནི། སྒྲ་ལ་སོགས་པའི་དོན་གྱི་རང་བཞིན་དབང་ཤེས་ཀྱི་འཇུག་པས་འཛིན་པར་མི་འགྱུར་བར་ཐལ། དེས་རིགས་ཁོ་ན་འཛིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །རྣ་བའི་ཤེས་པའི་འཇུག་པས་རྔའི་སྒྲ་ལ་སོགས་པའི་དོན་གྱི་བྱེ་བྲག་མི་འདྲ་བ་འཛིན་པར་མི་འགྱུར་བར་ཐལ། དེས་དབྱིབས་སམ་རིགས་རྟག་པའི་དངོས་པོ་ཁོ་ན་འཛིན་པའི་ཕྱིར། རྟགས་བསལ་དངོས། ཁྱབ་པ་ཁས་བླངས་ཏེ། དབྱིབས་སམ་རིགས་རྟག་པའི་དངོས་པོ་ཁོ་ན་འཛིན་གྱི་སྒྲ་སོགས་ཀྱི་རང་བཞིན་འཛིན་པས་སྟོང་པས་ཁྱབ་པར་ཁས་བླངས་པའི་ཕྱིར་རོ། །སྒྲའི་རང་བཞིན་འཛིན་པར་འདོད་པས་སྐྱོན་མེད་དོ་ཞེ་ནའང་། སྒྲ་འཛིན་དབང་མངོན་ཆོས་ཅན། ཡིད་རྟོག་ཀྱི་འཇུག་པ་བཞིན་དུ་རྣམ་པར་རྟོག་པར་འགྱུར་བར་ཐལ། སྒྲའི་རང་བཞིན་དབྱིབས་ཀྱིས་ཁྱད་པར་དུ་བྱས་ནས་འཛིན་པའི་ཤེས་པ་ཡིན་པའི་ཕྱིར། རྟགས་དངོས། ཁྱབ་པ་ཁས་བླངས་ཏེ། ཁྱབ་གཞི་ཁྱད་ཆོས་ཀྱི་ཁྱད་པར་དུ་བྱས་ནས་འཛིན་པའི་ཤེས་པ་རྟོག་པའི་མཚན་ཉིད་དུ་ཁས་བླངས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། བདེ་སོགས་དང་སྒྲའི་རང་བཞིན་འབྲེལ་མེད་རྫས་གཞན་སོ་སོར་འཛིན་པར་འདོད་པ་དགག་པ་དང་། དེ་བསྡོམས་ནས་འཛིན་པར་འདོད་པ་དགག་པའོ། །དང་པོ་ནི། རྣ་བའི་དབང་ཤེས་ལ་སོགས་པའི་འཇུག་པ་ཆོས་ཅན། ཡིད་ཀྱི་འཇུག་པ་བཞིན་རྣམ་པར་རྟོག་པའི་གནས་སྐབས་དེ་ལས་མ་འདས་པར་ཐལ། ཁྱད་གཞི་ཁྱད་ཆོས་སྦྱར་ནས་འཛིན་པའི་ཤེས་པ་ཡིན་པའི་ཕྱིར། སྔར་ལྟར་ཁྱབ་པ་ཁས་བླངས་སོ། །སྙིང་སྟོབས་སོགས་སྒྲ་ལ་སོགས་པའི་རང་བཞིན་མ་ཡིན་པར་ཐལ། དེ་གཉིས་འབྲེལ་མེད་སོ་སོར་འཛིན་ཅིང་འཛིན་པ་ལྟར་བདེན་པར་གནས་པའི་ཕྱིར། རྟགས་བསལ་ཁས་བླངས་སོ། །དེ་གཉིས་རང་བཞིན་གཞན་ཉིད་མིན་པས་སོ་སོར་འཛིན་པ་མ་ཡིན་ནོ་ཞེ་ན། སྒྲ་སོགས་ཆོས་ཅན། སྙིང་སྟོབས་ལ་སོགས་པའི་འབྲས་བུ་མིན་པའམ། སྙིང་སྟོབས་ལ་སོགས་པ་སྒྲ་སོགས་ཀྱི་རྒྱུ་མིན་པར་ཐལ། དེ་གཉིས་རང་བཞིན་གཞན་མ་ཡིན་པའི་ཕྱིར། སྙིང་སྟོབས་སོགས་དང་བདེ་སོགས་རྣམ་གྲངས་ཡིན་ལ། དེ་གསུམ་ཆ་མཉམ་པའི་གནས་སྐབས་གཙོ་བོར་འདོད་ཅིང་། གཙོ་བོ་ཐམས་ཅད་ཆ་ཤས་མེད་པའི་གཅིག་ཡིན་པར་འདོད་དོ། །བདེ་སོགས་དང་སྒྲ་སོགས་ཆོས་ཅན། རིས་ཐ་དད་པའི་མངོན་སུམ་གྱིས་སོ་སོར་གཟུང་བྱ་མིན་པར་ཐལ། གཞན་ཉིད་མིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གཉིས་པ་ནི། དེ་ཙམ་ལྔ་དང་བདེ་སོགས་སོ་སོར་མི་འཛིན་གྱི་བསྡོམས་ནས་འཛིན་ཞེ་ན། སྒོ་ལྔའི་རྣམ་ཤེས་ཆོས་ཅན། འབྲེལ་མེད་སོ་སོར་བསྡོམས་ནས་འཛིན་པ་མི་འཐད་པར་ཐལ། སྣ་ཚོགས་པའི་རྣམ་པར་གཟུང་བྱ་ལ་ཐ་མི་དད་ཀྱི་རྣམ་པར་འཛིན་པ་མི་འཐད་པར་ཁས་བླངས་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། དབང་ཤེས་ལྔ་ཀ་ཡུལ་མཚུངས་པར་འགྱུར་བར་ཐལ། དེས་དེ་ཙམ་ལྔ་དང་བདེ་སོགས་བསྡོམས་ནས་འཛིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །འདོད་ན། དབང་པོ་གཅིག་ཏུ་ཐལ། འདོད་པའི་ཕྱིར། འདི་ཡང་གསུམ་ཆར་ཁས་བླངས་སོ། །རང་རང་གི་དབྱིབས་ཀྱིས་ཁྱད་པར་དུ་བྱས་ནས་འཛིན་ནོ་ཞེ་ན། དབྱིབས་དེ་དུ་མ་ཅན་དུ་ཐལ། གཟུགས་ཀྱི་རིགས་གཅིག་ཉིད་ཀྱང་དབྱིབས་ཐ་དད་པའི་དབང་གིས་དུ་མར་འཛིན་དགོས་པའི་ཕྱིར། འགྲེལ་པར་ནི་འདི་ལས་གཞན་དུ་བཤད་མོད་འགྲིག་པར་མི་སེམས་སོ། །གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། གྲངས་ཅན་སྔ་མ་རྣམས་ནི་རྣམ་འགྱུར་རྣམས་ཀྱི་བདེ་བ་ལ་སོགས་པའི་རང་བཞིན་ཡང་ཆ་ཤས་མེད་པའི་གཅིག་དུ་འདོད་ལ། གྲངས་ཅན་སྔ་མའི་ལུགས་ལས་འདས་པར་སྨྲ་བའི་གྲངས་ཅན་གྱི་བྱེ་བྲག་ཁ་ཅིག་མི་འདོད་དེ། དེ་ཡང་སྒྲ་རང་གི་རང་བཞིན་ཡོན་ཏན་གསུམ་ཆ་མཉམ་པའི་གཙོ་བོ་དང་ཆ་ཤས་མེད་པའི་གཅིག་ཡིན་པས་བྱེ་བྲག་པ་སོགས་ལས་ཀྱང་ཁྱད་པར་ཡོད་ཅིང་། རིགས་གཙོ་བོ་གཞན་དང་ཆ་ཤས་མེད་པའི་གཅིག་མིན་པས་གྲངས་ཅན་སྔ་མ་ལས་ཁྱད་པར་དུ་འཕགས་པ་དང་། རེག་བྱ་ལ་སོགས་པའི་རང་བཞིན་གསུམ་པོ་དབང་ཤེས་གཞན་གྱི་བཟུང་བྱ་མ་ཡིན་ལ། དེས་ན་དབང་པོ་གཅིག་ཁོ་ནར་ཐལ་བའི་སྐྱོན་མེད་དེ། དེ་ཙམ་ལྔའི་ཡོན་ཏན་ལ་མི་འདྲ་བའི་ཆ་ཤས་བོད་པའི་ཕྱིར་དང་། དབང་ཤེས་རྣམས་རང་རང་གི་ཡུལ་ལ་དབང་བྱེད་པ་ཡིན་པའི་ཕྱིར་དང་། དབང་པོ་ཐུག་མེད་དུ་ཐལ་བའི་སྐྱོན་ཡང་མེད་དེ། རང་རང་གི་ཡུལ་ལ་འཇུག་པའི་དབང་པོ་ལ་རང་གི་བྱེ་བྲག་ཡོད་པ་མ་ཡིན་པའི་ཕྱིར། སྒྲའི་བྱེ་བྲག་སོ་སོ་ལ་ཡང་ཡོན་ཏན་གྱི་རྡུལ་ཕྲན་རྫས་ཐ་དད་པར་ཡོད་ལ། དེ་རེ་རེའི་ཡོན་ཏན་གསུམ་ཡང་རྡུལ་ཕྲན་ཐ་དད་ཅིང་སྒྲའི་རང་བཞིན་དུ་རྣམ་པར་མི་འགྱུར་བའི་ཚེ་གཙོ་བོ་ཞེས་བྱ་ལ། འདུས་ནས་རྣ་བའི་ཤེས་པའི་གཟུང་བྱར་གྱུར་པའི་ཚེ་སྒྲ་དང་རྣམ་འགྱུར་ཞེས་བྱའོ། །དེ་བཞིན་དུ་གཟུགས་སོགས་དང་མིག་ཤེས་སོགས་ལ་ཡང་སྦྱར་རོ་ཞེས་ཟེར་རོ། །གྲངས་ཅན་སྔ་ཕྱིའི་འདོད་པ་འདི་ལྟར་དུ་འགྲེལ་པ་དང་། འགྲེལ་བཤད་གཉིས་ལས་བཤད་དོ། །གཉིས་པ་ལ་བཞི་སྟེ། ཆ་ཤས་མེད་པའི་གཙོ་བོ་ཐུག་མེད་དུ་ཐལ་བ་དང་། རྟག་དངོས་འདུས་པ་ལས་བྱུང་བའི་རྣམ་འགྱུར་སྒྲ་སོགས་སུ་མི་འཐད་པ་དང་། དེ་འཐད་ན་ཁས་བླངས་ནང་འགལ་བ་དང་། སྒྲ་གཅིག་གིས་བརྗོད་ན་རྟག་དངོས་གཅིག་ཏུ་གནས་པས་ཁྱབ་པར་འདོད་པ་དགག་པའོ། །དང་པོ་ནི། སྒྲ་གཅིག་གི་གཙོ་བོ་རྡུལ་ཕྲན་སོ་སོར་ཐུག་མེད་དུ་ཐལ། སྒྲའི་བྱེ་བྲག་རེ་རེའི་ངོ་བོས་རིགས་ལས་ཐ་དད་པའི་གཙོ་བོ་རྡུལ་ཕྲན་ཐམས་ཅད་ནི་སོ་སོར་ཡོད་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གཉིས་པ་ནི། ཁྱོད་ཀྱིས་བཤད་པའི་སྐྱོན་མེད་དེ། རྟག་དངོས་ཀྱི་ཡོན་ཏན་གསུམ་འདུས་པ་ལས་བྱུང་བའི་སྒྲའི་རྡུལ་ཕྲན་རྣམས་རྣ་བའི་ཤེས་པའི་གཟུང་བྱར་འགྱུར་བར་ཐལ། བདེ་བའི་རྡུལ་ཕྲན་རྣམས་འདུས་པ་ནི་རང་གིས་རིག་པར་བྱ་བའི་བདེ་བར་འགྱུར་ཞིང་། རིས་མི་མཐུན་པ་གཞན་གྱི་གཟུང་བྱ་དང་འཛིན་བྱེད་དུ་འགྱུར་བ་མ་ཡིན་ཏེ། བཟུང་འཛིན་ཡིན་ན་རིས་མཐུན་པར་ཡོད་པའི་ཕྱིར་ཞེ་ན། སྒྲའི་ཡོན་ཏན་བདེ་སྡུག་གཏི་མུག་གསུམ་གྱི་རྡུལ་ཕྲན་རྫས་ཐ་དད་པ་གསུམ་འགྱུར་བ་མེད་བཞིན་དུ་རབ་ཏུ་སྦྱོར་བའི་བྱེ་བྲག་ལས་རྣ་བའི་ཤེས་པའི་བཟུང་བྱར་གྱུར་བའི་སྒྲའི་རྣམ་འགྱུར་གྱི་བསྡུས་པའི་འབྲས་བུའི་ངོ་བོ་དབང་མངོན་གྱི་ཡུལ་དུ་མཚོན་པར་བྱེད་པ་མི་འཐད་པར་ཐལ། ཡོན་ཏན་གྱི་རྡུལ་ཕྲན་གསུམ་པོའི་རང་བཞིན་དུ་རྣམ་འགྱུར་སྒྲ་གཅིག་པུ་དེའི་ངོ་བོར་རྒྱུ་མཚན་གང་གིས་ཡོན་ཏན་གསུམ་རང་བཞིན་དེ་ལས་མ་གཡོས་བཞིན་དུ་གཅིག་ཏུ་འགྱུར་ཅིང་འགྲོ་བ་མི་འཐད་པའི་ཕྱིར། འགྱུར་ལ་ལར་ནི། གཅིག་ཉིད་དུ་ཡང་གང་གིས་འགྲོ་ཞེས་འབྱུང་ངོ་། བྱེ་བྲག་ཅེས་སྨྲས་པ་ནི། བྱེ་བྲག་པས་འདོད་པའི་རྡུལ་ཕྲན་གཉིས་ཕྲད་ནས་བརྩམས་པ་ལས་ཁྱད་པར་དུ་བྱས་པར་འགྲེལ་བཤད་མཁན་པོས་བཞེད་དོ། །གསུམ་པ་ནི། རྟག་པའི་དངོས་པོའི་རྡུལ་ཕྲན་གསུམ་པོ་རང་གི་རང་བཞིན་ལས་མ་འཕོས་བཞིན་དུ་གཅིག་ཏུ་འགྱུར་བ་མི་འཐད་པར་ཐལ། རྒྱུ་རིགས་མི་མཐུན་ལས་གྱུར་པ་ཡིས་རང་འབྲས་རིགས་མི་མཐུན་པ་གཞན་བསྐྱེད་ཅིང་རབ་ཏུ་སྦྱོར་བར་ཚད་མའི་ལམ་དུ་འདོད་པ་མ་ཡིན་པའི་ཕྱིར། རྟགས་བསལ་དངོས། བཞི་པ་ནི། ཡོན་ཏན་གསུམ་གྱི་རང་བཞིན་ཆ་ཤས་མེད་པའི་གཅིག་ཡིན་ཏེ། སྒྲས་དེ་ལྟར་བརྗོད་པའི་ཕྱིར་ཞེ་ན། ཡོན་ཏན་གསུམ་འདུས་པ་ལས་སྒྲ་དང་རྣ་བ་ལ་སོགས་པའི་འབྲས་བུ་གཅིག་གི་ངོ་བོར་འགྱུར་བར་ཐལ། དེ་ལྟར་སྒྲས་བརྗོད་པའི་ཕྱིར། རྟགས་ཁྱབ་ཁས་སོ། །འདོད་ན། མི་འཐད་པར་ཐལ། སྒྲ་དང་རྣ་བའི་དབང་པོ་དེ་གཉིས་ཀྱི་རང་བཞིན་དང་། ཡོན་ཏན་གསུམ་པའི་རང་བཞིན་དུ་གྱུར་པའི་ཚུལ་གཉིས་ཚད་མས་ཤེས་པར་མི་ནུས་པའི་ཕྱིར། མི་འདོད་ན་ཞེས་པ་ནི་རྟགས་ཁས་བླངས་སུ་སྟོན་པ་ནི། རང་བཞིན་དེ་གཉིས་ཚད་མས་ཤེས་ནུས་ན། རང་བཞིན་དེ་གཉིས་ཆོས་ཅན། དོན་དམ་གྱི་བདེན་པ་མ་ཡིན་པར་ཐལ། ཚད་མས་ཤེས་པར་ནུས་པའི་ཕྱིར། གསུམ་ཆར་དངོས་འགལ་དུ་ཁས་བླངས་ཏེ་འོག་ནས། ཡོན་ཏན་གསུམ་གྱི་རང་བཞིན་མཆོག །སྣང་བའི་ལམ་དུ་གང་མ་གྱུར། །ཞེས་སོགས་འབྱུང་བའི་ཕྱིར་རོ། །ཡོན་ཏན་གསུམ་གྱི་རང་བཞིན་ཡིན་ཀྱང་རྣ་བའི་ཤེས་པས་སྒྲ་གཅིག་ཁོ་ན་འཛིན་གྱི་གསུམ་གྱི་རང་བཞིན་མི་འཛིན་ནོ་ཞེ་ན། སྒྲ་འཛིན་པའི་དབང་པོའི་མངོན་སུམ་ནི་ཆོས་ཅན། དུ་མའི་རང་བཞིན་ཅན་འཛིན་པར་ཐལ། རྣམ་འགྱུར་གྱི་དངོས་པོ་ཁྱད་པར་ཅན་རང་གི་གཟུང་ཡུལ་དུ་འཛིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། སྒྲ་ལ་སོགས་པའི་དོན་གྱི་རང་བཞིན་འཛིན་ན་དུ་མ་སྟེ། དུ་མའི་རང་བཞིན་འཛིན་དགོས་པར་ཁས་བླངས་པའི་ཕྱིར། འགྲེལ་པའི་རྗེས་སུ་འབྲང་བའི་སྐྱེ་བོ་ལ་ལ་དག་ན་རེ། མངོན་སུམ་གྱིས་དོན་གྱི་རང་བཞིན་ཇི་ལྟ་བ་བཞིན་འཛིན་པ་མ་ཡིན་པར་ཐལ། སྒྲ་ལ་སོགས་པའི་དོན་གྱི་རང་བཞིན་ཡོན་ཏན་གསུམ་གྱི་རྡུལ་ཕྲན་སོགས་དུ་མ་སྟེ་དུ་མའི་རང་བཞིན་ཡིན་ལ། དབང་པོའི་མངོན་སུམ་གྱི་ཡུལ་དུ་ནི་རྣམ་འགྱུར་ཁྱད་པར་ཅན་ཁོ་ན་འཛིན་པའི་ཕྱིར། ཞེས་འགོད་པ་ནི་འཐད་པར་མི་སེམས་ཏེ། དེར་ཐལ། དེའི་ཕྱིར་ཞེས་བཟློག་ན་ཅི་ཟེར། རྟགས་སྔ་མ་མ་གྲུབ་བོ་ཞེ་ན། སྒྲ་ལ་སོགས་པའི་དོན་གྱི་རང་བཞིན་ཆོས་ཅན། ཡོན་ཏན་གསུམ་གྱི་རྡུལ་ཕྲན་སོགས་དུ་མའི་རང་བཞིན་ཡིན་པར་ཐལ། དེའི་བདག་ཉིད་ཡིན་པའི་ཕྱིར། གལ་ཏེ་ཡོན་ཏན་གསུམ་ནི་བདེ་སྡུག་སོགས་ཡིན་པས་ཤེས་པ་ཡིན་ལ་རྡུལ་ཕྲན་བེམ་པོ་ཡིན་པས་ཡོན་ཏན་གསུམ་གྱི་རྡུལ་ཕྲན་མི་སྲིད་པའི་ཕྱིར་ཞེ་ན། དེ་ནི་ཤིན་ཏུ་མི་འཐད་དེ། རྣམ་རིག་པའི་སྐབས་ཁ་ཅིག་ཏུ་ནི་ཤེས་པའི་རྡུལ་ཕྲན་ཁས་ལེན་པ་ཡང་མཐོང་བའི་ཕྱིར་དང་། དེ་ལྟ་མ་ཡིན་ནའང་། ཡོན་ཏན་གསུམ་བདེ་སྡུག་སོགས་ཡིན་པར་མི་འགྲུབ་པའི་ཕྱིར་རོ། །ཡོན་ཏན་གསུམ་གྱི་རང་ལྡོག་བདེ་སྡུག་སོགས་སུ་མི་འགྲུབ་ཀྱང་གཞི་ལྡོག་བདེ་སྡུག་ལ་སོགས་པ་བདེ་སྡུག་སོགས་སུ་འགྲུབ་པའི་ཕྱིར། ཡོན་ཏན་གསུམ་བདེ་སྡུག་སོགས་སུ་འགྲུབ་བོ་ཞེ་ན། འོ་ན་ཡོན་ཏན་གསུམ་ཆོས་ཅན། སྒྲ་སོགས་སུ་འགྲུབ་པར་ཐལ། ཡོན་ཏན་གྱི་རང་ལྡོག་སྒྲ་སོགས་སུ་མི་འགྲུབ་ཀྱང་གཞི་ལྡོག་སྒྲ་ལ་སོགས་པ་སྒྲ་སོགས་སུ་འགྲུབ་པའི་ཕྱིར། ཞེས་བརྗོད་ན་མི་མཚུངས་སམ། གཞན་ཡང་དེ་འདྲའི་སྦྱོར་བ་ལ། གཟུགས་འཛིན་དབང་མངོན་གྱིས་རང་བཞིན་ཇི་ལྟ་བ་བཞིན་འཛིན་པ་མ་ཡིན་པར་ཐལ། གཟུགས་སོགས་ནི་མེད་དགག་གི་རང་བཞིན་ཡིན་ལ་གཟུགས་འཛིན་དབང་མངོན་གྱི་ཡུལ་དུ་ནི་སྒྲུབ་པའི་རང་བཞིན་དུ་གྱུར་པའི་གཟུགས་ཁོ་ན་འཛིན་པའི་ཕྱིར། ཞེས་བརྗོད་ན་མཚུངས་སོ། །དེའི་ཕྱིར། གྲངས་ཅན་སྔ་མའི་ལུགས་ལས་གྲངས་ཅན་ཕྱི་མའི་ལུགས་ཁྱད་པར་མེད་པ་མ་ཡིན་ཏེ། དབང་པོ་ལྔ་དང་དེ་ཙམ་ལྔ་ལ་སོགས་པའི་དངོས་པོ་རེ་རེ་ལ་རང་བཞིན་ཡོན་ཏན་གྱི་རྡུལ་ཕྲན་གསུམ་གསུམ་ཡོད་པར་ཁས་ལེན་པའི་གྲངས་ཅན་ཕྱི་མའི་ལུགས་ནི་སྔ་མའི་ལུགས་ལས་ཁྱད་པར་འཕགས་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། མངོན་སུམ་གྱི་མཚན་ཉིད་ཀྱིས་ཡིད་ཀྱི་འཇུག་པ་ལ་མ་ཁྱབ་པ་དང་། ཡིད་ཀྱི་འཇུག་པ་དེ་དབང་པོ་གཟུགས་ཅན་གྱི་འཇུག་པ་དང་ལྷན་ཅིག་པའི་དྲན་པར་འདོད་པ་དགག་པ་དང་། དྲན་པ་གཞན་དུ་འདོད་པ་དགག་པའོ། །དང་པོ་ནི། ཡིད་ཀྱི་འཇུག་པ་དེ་མངོན་སུམ་གྱི་ཚད་མ་ཡིན་ནོ། །ཞེ་ན། ཡིད་ཀྱི་འཇུག་པ་དེ་ཆོས་ཅན། མངོན་སུམ་ཚད་མར་བརྗོད་པ་མ་ཡིན་པར་ཐལ། སྔར་བཤད་པའི་མངོན་སུམ་གྱི་ཚད་མའི་མཚན་ཉིད་ཞུགས་པ་མེད་པའི་ཕྱིར། ཞེས་སྟོན་པ་ནི། ཡུལ་གཅིག་མ་ཡིན་ཞེས་པའོ། །གསུམ་ཆར་ཁས་བླངས་སོ། །གཉིས་པ་ནི། དེ་ཚད་མར་མ་འདུས་པའི་སྐྱོན་མེད་དེ། རྣ་བ་ལ་སོགས་པའི་དབང་པོའི་འཇུག་པ་ནི་ཕྱི་རོལ་གྱི་དོན་ལ་མངོན་སུམ་གྱི་ཚད་མ་ཡིན་ལ། ཡིད་ཀྱི་འཇུག་པ་ནི་དོན་དང་དབང་པོའི་འཇུག་པ་གཉིས་ཀ་འཛིན་པའི་དྲན་ཤེས་ཀྱང་ཡིན་མངོན་སུམ་གྱི་ཚད་མ་ཡང་ཡིན་པའི་ཕྱིར་གཞི་མཐུན་པ་ཡིན་ཅིང་། དེ་ཡང་དབང་པོའི་འཇུག་པ་དང་ལྷན་ཅིག་པ་ཡིན་ཞེ་ན། ཡིད་ཀྱི་འཇུག་པ་ཆོས་ཅན། རང་ཡུལ་དེ་ལ་དྲན་ཤེས་མ་ཡིན་པར་ཐལ། རང་ཡུལ་དེ་སྔར་ཉམས་སུ་མ་མྱོང་བའི་ཕྱིར། གསུམ་ཆར་ཁས་བླངས་སོ། །ཡིད་ཀྱི་འཇུག་པ་དང་དབང་པོའི་འཇུག་པ་གཉིས་ཀ་ཆོས་ཅན། དྲན་པ་དང་དྲན་ཡུལ་དུ་མི་འཐད་པར་ཐལ། ཅིག་ཆར་འབྱུང་བར་འགྱུར་བའི་ཕྱིར། གསུམ་ཆར་ཁས་བླངས་ཏེ། རྟགས་བསལ་ནི་འདིར་ཁས་བླངས་ལ། རྩ་བའི་གྲུབ་པའི་མཐར་དེ་ལ་དྲན་པར་སོང་བ་ཡིན་ན་དེའི་ཕྱིས་འོང་དགོས་པའི་ཁྱབ་པ་ཡང་ཁས་བླངས་པའི་ཕྱིར། ཡིད་ཀྱི་འཇུག་པ་དེ་ནི་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། དྲན་པ་ཡིན་པའི་ཕྱིར། རྟགས་བསལ་དངོས། སྐྱོན་འདི་འཇུག་པའི་རྒྱུ་མཚན་ཡང་རང་རིག་གཏན་མེད་པའི་རྟག་པའི་ཤེས་པ་ཁས་བླངས་པ་ཡིན་ནོ། །ཡིད་ཀྱི་འཇུག་པ་ཆོས་ཅན། དྲན་པ་ཉམས་པ་སྟེ། ཕྱི་རོལ་གྱི་དོན་དང་དབང་པོའི་འཇུག་པ་ལ་དམིགས་པའི་དྲན་པ་མ་ཡིན་པར་ཐལ། རང་ཡུལ་དེ་དག་སྔར་ཉམས་སུ་མ་མྱོང་བའི་ཕྱིར། གསུམ་ཆར་ཁས་བླངས་སོ། །འམ་ནི་རྟག་པའི་དོན་ནོ། །འདི་དང་དྲན་པ་མ་ཡིན་མ་མྱོང་ཕྱིར། ཞེས་པ་དང་ཟློས་པའི་སྐྱོན་མེད་དེ། འདི་ནི་བསྟན་བཅོས་ལས་ཡིད་ཀྱི་ཤེས་པས་ཕྱི་རོལ་གྱི་དོན་ཁོ་ན་ལས་རྗེས་སུ་ཞེན་པར་བཤད་པས་དེས་དབང་པོའི་འཇུག་པ་དྲན་ན་བསྟན་བཅོས་ཀྱི་དོན་ཉམས་པར་ཁས་ལེན་དགོས་ཏེ། ཕྱི་རོལ་གྱི་དོན་ཁོ་ན་ལ་ཞེན་ན་དབང་པོ་འཇུག་པ་མི་དྲན་དགོས་པར་ཁས་བླངས་པའི་ཕྱིར་ཞེས་པའོ། །ཞེས་འགྲེལ་བཤད་དུ་བཤད་དོ། །གལ་ཏེ་དབང་པོའི་འཇུག་པ་གཞན་གྱིས་མཐོང་ཞིང་མྱོང་བ་ཡིད་ཀྱི་འཇུག་པས་མྱོང་བར་བྱེད་དོ་ཞེ་ན། དེ་ལྟར་ན། གཞན་མཆོད་སྦྱིན་གྱིས་བྱས་ཤིང་བསགས་པ་གཞན་ལྷས་སྦྱིན་གྱིས་དྲན་པར་འགྱུ་ཏེ། མྱོང་དྲན་གཉིས་ཐ་དད་དུ་ཁས་བླངས་པའི་ཕྱིར། འདོད་ན། མི་རིགས་པར་ཐལ། མཆོད་སྦྱིན་གྱིས་དགེ་བ་བྱས་པས་ལྷ་སྦྱིན་གྱིས་བདེ་བ་མྱོང་བ་དང་། མཆོད་སྦྱིན་གྱིས་མི་དགེ་བ་བྱས་པས་ལྷས་སྦྱིན་གྱིས་སྡུག་བསྔལ་མྱོང་བ་སོགས་མི་འཐད་པའི་ཕྱིར། གཞུང་གི་འགྱུར་ཡང་གཞན་མཐོང་བ་ན་དྲན་པ་སྟེ། ཞེས་འགྲེལ་བཤད་ཀྱི་འགྱུར་ལྟར་བྱའོ། །ཞ་མའི་འགྱུར་ལྟར་ན་དྲན་པ་ཡིན་ནའང་གཞན་མཐོང་འགྱུར། ཞེས་དང་། ཡང་ཡི་གེ་ཁ་ཅིག་ལ་དྲན་པ་ཡིན་ནའང་གཞན་ལྟར་འགྱུར། ཞེས་པ་ཡང་སྣང་ངོ་། །དེ་ལྟར་ན། དབང་པོའི་འཇུག་པས་མཐོང་བ་ཡིད་ཀྱི་འཇུག་པས་དྲན་པ་ཡིན་ནའང་གཞན་མཐོང་གཞན་གྱིས་དྲན་པར་འགྱུར་བ་དང་། གཞན་གྱིས་མྱོང་བ་དེ་ལས་ཀྱང་གཞན་གྱིས་དྲན་པས་གཞན་ལྟར་འགྱུར་ཞེས་བཤད་པར་བྱའོ། །གསུམ་པ་ནི། ཉེས་པ་དེ་དག་མེད་དེ། ཕྱི་རོལ་གྱི་དོན་ལ་ཡིད་ཀྱི་འཇུག་པས་རྗེས་སུ་དྲན་པར་བྱེད་པའི་ཕྱིར་ཞེ་ན། དབང་པོའི་འཇུག་པ་དང་ཡིད་ཀྱི་འཇུག་པ་གཉིས་ཀྱིས་ཕྱི་རོལ་གྱི་དོན་ལྷན་ཅིག་ཏུ་འཛིན་པ་རྣམ་པར་བསལ་བར་ཁས་ལེན་པར་ཐལ། ཡིད་ཀྱི་འཇུག་པས་དབང་པོའི་འཇུག་པའི་རྗེས་ཁོ་ནར་ཕྱི་དོན་འཛིན་དགོས་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །ཕྱི་དོན་གཟུང་ཡུལ་དུ་བྱེད་པ་ལ་དབང་ཤེས་གཞན་དོན་མེད་དུ་འགྱུར་བར་ཐལ། ཡིད་ཀྱི་རྟོག་པས་ཕྱི་དོན་གཟུང་ཡུལ་དུ་བྱེད་པའི་ཕྱིར། བཞི་པ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། དཔྱོད་པ་པ་རྣམས་ནི། དོན་ལ་ཡོད་པ་དང་དབང་པོ་ཡང་དག་པར་ཕྲད་ནས་སྐྱེས་པའི་སྐྱེས་བུའི་དབང་པོ་རྣམས་ཀྱི་བློ་དེ་མངོན་སུམ་གྱི་མཚན་ཉིད་དོ་ཞེས་ཟེར་རོ། །དེ་ཡང་ཡང་དག་པར་ཕྲད་ནས་ཞེས་སྨོས་པ་ནི་གང་ཕྲད་པ་དེ་ཤེས་པའི་དོན་དུའོ། །ཕྲད་པ་ནི་དབང་པོ་དང་དོན་འདུས་པའོ། །དབང་པོ་དང་ཕྲད་པས་ནི་བདག་ལ་སོགས་པ་རྣམས་དང་ཡང་དག་པར་ཕྲད་པའི་འདུ་བྱེད་ཉེར་བར་གཟུང་བའོ། །བློ་ཞེས་པ་ནི་བློ་སྐྱེས་པའམ་བློའི་སྐྱེ་བ་ཞེས་ལས་ཀྱི་དབང་དུ་བྱས་ནས་སྐྱེས་པས་ཁྱད་པར་བྱས་པའི་བློ་མངོན་སུམ་གྱི་མཚན་ཉིད་ཡིན་ཏེ། སྐྱེ་བ་མེད་པ་ནི་མངོན་སུམ་དུ་མི་རུང་བའི་ཕྱིར། ཡང་ན་བློས་ཁྱད་པར་དུ་བྱེད་པའི་སྐྱེ་བ་མངོན་སུམ་མོ་ཞེས་པའོ། །གཉིས་པ་ལ་གཉིས་ཏེ། དཔྱོད་པ་པས་འདོད་པའི་མངོན་སུམ་གྱི་མཚན་ཉིད་དགག ཚད་འབྲས་རྫས་ཐ་དད་དུ་འདོད་པ་དགག་པའོ། །དང་པོ་ལ་གསུམ་སྟེ། ཡོད་པ་ཞེས་སྨོས་པའི་ཚིག་ལ་རྣམ་བཅད་མེད་པ་དང་། དབང་དོན་ཕྲད་པ་མཚན་ཉིད་ཀྱི་ཟུར་དུ་སྨོས་པ་ཁྱབ་ཆུང་བ་དང་། བློའི་སྐྱེ་བ་ཞེས་སྨོས་པ་ལ་རྣམ་བཅད་མེད་པའོ། །དང་པོ་ལ་གསུམ་སྟེ། དོན་དེ་ཕྲད་པ་སྨོས་པས་རྟོགས་ཟིན་པས་ཡོད་པ་སྨོས་པ་ལ་རྣམ་བཅད་མེད་པ་དང་། དེའི་ལན་དགག་པ་དང་། དབང་པོ་སྐྱོན་མེད་དང་ཕྲད་པ་རྟོགས་པའི་དོན་ཅན་ཡིན་པ་དགག་པའོ། །དང་པོ་ནི། ཁ་ཅིག་ན་རེ། མངོན་སུམ་གྱི་མཚན་ཉིད་ཀྱི་ཟུར་དུ་ཡོད་པ་དང་ཞེས་སྨོས་པ་དགོས་པ་མེད་པར་ཐལ། དོན་དེ་ཡོད་པར་རྟོགས་པ་ཉིད་ཀྱིས་དོན་དེ་མེད་པ་སེལ་བར་བྱེད་ལ་ཕྲད་པ་རྟོགས་པ་ལས་དོན་དེ་ཡོད་པར་རྟོགས་ཤིང་མེད་པ་སེལ་ནུས་པའི་ཕྱིར་ཞེས་འགོད་པ་ཡིན་ཞེས་ཟེར་རོ། །དེ་ནི་མི་འཐད་དེ། ཁྱེད་ཚུལ་གསུམ་རྟགས་ཡང་དག་གི་མཚན་ཉིད་དུ་འདོད་པ་དང་འགལ་བའི་ཕྱིར་ཏེ་འདི་ལྟར། རྟགས་ཡང་དག་གི་མཚན་ཉིད་ཀྱི་ཟུར་དུ་རྗེས་འགྲོའི་ཚུལ་སྨོས་པ་དགོས་པ་མེད་པར་ཐལ། དོན་དེ་རྗེས་འགྲོའི་ཚུལ་དུ་རྟོགས་པ་ཉིད་ཀྱིས་དོན་དེ་རྗེས་འགྲོའི་ཚུལ་མ་ཡིན་པ་སེལ་བར་བྱེད་ལ་དོན་དེ་ལྡོག་པའི་ཚུལ་དུ་རྟོགས་པ་ལས་རྗེས་འགྲོའི་ཚུལ་རྟོགས་ཅིང་རྗེས་འགྲོའི་ཚུལ་མ་ཡིན་པ་སེལ་ནུས་པའི་ཕྱིར། ཞེས་བརྗོད་ན་མི་མཚུངས་སམ་ལེགས་པར་སོམས་ཤིག དེའི་སྐྱོན་མེད་དེ། རིགས་མི་མཐུན་སེལ་རྒྱུ་མེད་ཀྱང་ལོག་རྟོགས་སེལ་རྒྱུ་ཡོད་པའི་ཕྱིར་ཞེ་ན། དེ་ནི་ཁྱོད་ལའང་མི་མཚུངས་སམ། དགག་སྒྲུབ་རྒྱས་པར་ནི་རིགས་པ་ཅན་གྱི་འདོད་པ་བཀག་པའི་སྐབས་སུ་དགག་སྒྲུབ་བྱས་པ་བཞིན་དུ་ཤེས་པར་བྱའོ། །དེས་ན་རང་གི་ལུགས་ནི། སྔར་བཤད་པའི་མཚན་ཉིད་དེའི་སྟེང་དུ་ཡང་གཞལ་བྱ་དང་ཞེས་ཅིའི་ཕྱིར་མི་སྨོས། མངོན་སུམ་གྱི་མཚན་ཉིད་ཀྱི་ཟུར་དུ་གཞལ་བྱ་སྨོས་པ་དགོས་པ་མེད་པར་ཐལ། དོན་དེ་གཞལ་བྱར་རྟོགས་པ་ཉིད་ཀྱིས་དོན་དེ་གཞལ་བྱ་མ་ཡིན་པ་སེལ་བར་བྱེད་ལ་དོན་དེ་ཡོད་པར་རྟོགས་པ་ལས་གཞལ་བྱར་རྟོགས་ཅིང་གཞལ་བྱ་མ་ཡིན་པ་སེལ་ནུས་པའི་ཕྱིར་ཞེ་ན། འོ་ན་མངོན་སུམ་གྱི་མཚན་ཉིད་ཀྱི་ཟུར་དུ་ཡོད་པ་ཞེས་སྨོས་པ་དགོས་པ་མེད་པར་ཐལ། ཡོད་པའི་བསལ་བྱ་མེད་པ་སྟེ། དོན་དེ་ཡོད་པར་རྟོགས་པ་ཉིད་ཀྱིས་དོན་དེ་མེད་པ་སེལ་བར་བྱེད་ལ་ཕྲད་ཅེས་པ་ཕྲད་པར་རྟོགས་པ་ལས་དོན་དེ་རིག་པར་བྱ་བ་སྟེ་ཡོད་པར་རྟོགས་ཤིང་མེད་པ་སེལ་ནུས་པའི་ཕྱིར་ཞེས་བརྗོད་ན་མི་མཚུངས་སམ། དེ་ལ་ཞེས་པ་ནི་མཚམས་སྦྱར་བའོ། །གཉིས་པ་ལ་གཉིས་ཏེ། རྩོད་པ་དང་ལན་ནོ། །དང་པོ་ནི། གལ་ཏེ་ཡོད་པ་དང་ཕྲད་པ་ཞེས་སྨོས་པ་ལ་དགོས་པ་ཡོད་དེ། དབང་པོ་དང་ཕྲད་ནས་བློ་སྐྱེའོ་ཞེས་སྨོས་པའི་ཚེ་གང་དང་ཕྲད་སྙམ་དུ་དོགས་ན་ལན་དུ་ཡོད་པའི་དོན་དང་ཕྲད་པ་གོ་བའི་ཆེད་དུ་ཡོད་པ་བསྟན་པའི་ཕྱིར་དང་། ཁ་ཅིག་རྣལ་འབྱོར་པའི་ཤེས་པ་འདས་མ་འོངས་ཀྱི་དོན་ཤེས་པ་མངོན་སུམ་དུ་འདོད་པ་དགག་པ་དང་། ཟླ་བ་གཉིས་སྣང་གི་ཤེས་པ་དང་སྨིག་རྒྱུ་ལ་ཆུར་འཛིན་སོགས་མངོན་སུམ་ཡིན་པ་དགག་པའི་ཆེད་དུ་ཡོད་པ་དང་ཕྲད་པ་ཞེས་སྨོས་པའི་ཕྱིར་ཞེ་ན། གཉིས་པ་ནི། དེ་ལྟར་ནའང་། མིག་དབང་ཁོ་ན་དང་ཕྲད་ཅེས་པ་ལྟ་བུ་དབང་པོའི་ཁྱད་པར་དུ་བྱས་ནས་ཀྱང་ཡོད་པ་ཞེས་བརྗོད་ཅིང་སྨོས་དགོས་པར་ཐལ། དབང་པོ་དང་ཕྲད་ནས་བློ་སྐྱེའོ་ཞེས་སྨོས་པའི་ཚེའང་གང་དང་ཕྲད་སྙམ་དུ་དོགས་ན་ལན་དུ་གཟུགས་ཁོ་ན་དང་ཕྲད་པ་གོ་བའི་ཆེད་དུ་ཡོད་པ་དང་ཕྲད་པ་ཞེས་སྨོས་པའི་ཕྱིར། ཞེས་བརྗོད་ན་ཅི་ཟེར་ཞེས་མཚུངས་པ་བརྗོད་པར་བྱའོ། །ཞེས་སྟོན་པ་ནི་དབང་པོའི་ཁྱད་པར་དུ་བརྗོད་ཀྱི། ཞེས་པའོ། །གཞན་དག་གིས་ནི་གཞུང་འདིའི་དོན་ལེགས་པར་མ་རྟོགས་པར་སྣང་ངོ་། །གལ་ཏེ་བདག་དང་ཡིད་ཕྲད་པ་ལ་སོགས་གོ་བའི་ཆེད་དུ་སྤྱི་སྒྲ་ཡོད་པ་སྨོས་པ་ལ་དགོས་པ་ཁྱད་པར་ཅན་ཡོད་ཅེ་ན། འོ་ན་དེའི་ཆེད་དུ་ཡོད་པ་དང་གཞལ་བྱ་དང་ཕྲད་པ་ཞེས་ཅིའི་ཕྱིར་མི་སྨོས། བདག་དང་ཡིད་གཞལ་བྱ་ཙམ་དང་ཕྲད་པ་རྟོགས་པའི་དོན་དུ་གཞལ་བྱ་སྨོས་དགོས་པ་མ་ཡིན་པར་ཐལ། ཡོད་པ་སྨོས་པས་གཞལ་བྱ་མ་ཡིན་པ་བསལ་ཟིན་པས་གཞལ་བྱ་སྨོས་པ་ལ་རྣམ་བཅད་མེད་པའི་ཕྱིར། གལ་ཏེ་ཟླ་བ་གཉིས་སྣང་གི་ཤེས་པ་མངོན་སུམ་ཡིན་པ་བཅད་པའི་དོན་དུ་གཞལ་བྱ་སྨོས་སོ་ཞེ་ན། དེ་ཡང་མི་རིགས་པར་ཐལ། དེ་ཡང་ཡོད་པ་དང་ཕྲད་ནས་སྐྱེས་པ་ཞེས་པས་བསལ་ཟིན་པའི་ཕྱིར། དེས་ན་རྒྱུ་མཚན་གང་གིས་གཞལ་བྱ་དང་ཞེས་བརྗོད་པ་མི་རིགས་པར་ཐལ། མཚན་ཉིད་ཀྱི་ཟུར་དུ་གཞལ་བྱ་སྨོས་པ་དེ་ལ་རྣམ་བཅད་མེད་པའི་ཕྱིར་ཞེ་ན། དེ་ནི་ཁྱོད་ལའང་མཚུངས་པ་ཡིན་ཏེ། འདི་ལྟར། བདག་དང་ཡིད་ཡོད་པ་ཙམ་དང་ཕྲད་པར་རྟོགས་པའི་རྒྱུར་ཡོད་པ་སྨོས་དགོས་པ་མ་ཡིན་ཏེ། ཡང་དག་པར་ཞེས་སྨོས་པས་མེད་པ་བསལ་ཟིན་པས་ཡོད་པ་སྨོས་པ་ལ་རྣམ་བཅད་མེད་པའི་ཕྱིར། ཟླ་བ་གཉིས་སྣང་གི་ཤེས་པ་མངོན་སུམ་ཡིན་པ་བཅད་པའི་དོན་དུ་ཡང་ཡོད་པ་སྨོས་མི་རིགས་པར་ཐལ། དེའང་ཡང་དག་པར་ཕྲད་ནས་སྐྱེས་པ་ཞེས་པས་བསལ་ཟིན་པའི་ཕྱིར། རྒྱུ་མཚན་གང་གིས་ཡོད་པ་དང་ཞེས་སྨོས་པ་མི་རིགས་པར་ཐལ། མཚན་ཉིད་ཟུར་དུ་ཡོད་པ་སྨོས་པ་དེ་ལ་རྣམ་བཅད་མེད་པའི་ཕྱིར་ཞེས་བརྗོད་ན་མཚུངས་སོ། །འདི་ལྟར་འཆད་པ་མཁས་མཆོག་གི་དགོངས་པ་ཡིན་གྱི་གཞན་དག་གིས་བཤད་པ་བྱེད་པ་ལྟར་བཤད་པར་བྱས་ན་རང་ཉིད་ལའང་མཚུངས་པར་མཐོང་ངོ་། གསུམ་པ་ལ་གཉིས་ཏེ། རིགས་པའི་ལན་དང་། གྲགས་པའི་ལན་དགག་པའོ། །དང་པོ་ནི། ཅི་སྟེ་ཡོད་པ་སྨོས་པའི་དགོས་པ་ནི། དོན་དམ་པར་ཡོད་པ་དང་། དབང་པོ་ཕྲད་པས་དབང་པོ་དོན་དམ་པར་འདོད་ཅིང་མེད་པའི་དོན་དུ་ཕྲད་པ་དགག་པ་དང་། ཡང་དབང་པོ་མཛེས་པ་སྟེ་སྐྱོན་མེད་པའི་དབང་པོ་དང་ཕྲད་པ་ལས་སྐྱེས་པའི་བློ་དེ་མངོན་སུམ་གྱི་མཚན་ཉིད་དུ་རྟོགས་པའི་ཕྱིར་དུ་བརྗོད་པ་ཡིན་ནོ་ཞེ་ན། དབང་པོ་དོན་དམ་པར་གྲུབ་པ་དང་མཛེས་པ་སྐྱོན་མེད་པའི་དབང་པོ་དེ་དང་ཕྲད་པ་ལས་སྐྱེས་པའི་བློས་མངོན་སུམ་གྱི་མཚན་ཉིད་རྫོགས་པ་མི་འཐད་དེ། དེ་ནི་མིག་སྨན་མིག་ལ་བྱུགས་པ་ལ་སོགས་པ་གཞན་ལས་ཀྱང་ཧ་ཅང་ཐལ་བའི་ཕྱིར་དང་། བར་དང་བཅས་པ་འཛིན་པ་དང་། ཞེས་སོགས་སྐྱོན་ཡང་ཡོད་པའི་ཕྱིར། སྔ་མ་ཇི་ལྟར་ཡིན་ཞེ་ན། མིག་སྨན་མིག་ལ་བྱུགས་པ་དང་། །རྐང་པ་སྣུམ་གྱིས་བྱུགས་པ་དང་ལ་སོགས་པ་སྦྱོར་བ་ལས་བྱུང་བའི་ཤེས་པ་ཆོས་ཅན། མངོན་སུམ་ཡིན་པར་ཐལ། དབང་པོ་དོན་དམ་པར་གྲུབ་པ་དང་སྐྱོན་མེད་པའི་དབང་པོ་དང་སྦྱོར་བ་ལས་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས་བླངས། འདོད་ན་འགལ་ཏེ། མངོན་སུམ་མ་ཡིན་པར་ཐལ། སྐྱེས་བུའི་དབང་པོ་རྣམས་ཀྱི་བློ་མ་ཡིན་པའི་ཕྱིར། ཁྱབ་པ་དངོས། མ་གྲུབ་ན། རྟོག་པར་ཐལ། བློ་ཡིན་ན་རྟོག་པ་ཡིན་དགོས་པར་ཁས་བླངས་པའི་ཕྱིར་རོ། །ཡང་ན་དེས་མངོན་སུམ་གྱི་མཚན་ཉིད་མ་རྫོགས་པར་ཐལ། མངོན་སུམ་ཡིན་ན་དེ་ཡིན་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན་ནི། གཟུགས་སྒྲ་ལ་སོགས་འཛིན་པའི་ཤེས་པར་མ་ཟད་མིག་སྨན་མིག་ལ་བྱུགས་པ་ལས་བྱུང་བའི་དོན་གསལ་བར་སྣང་བའི་མ་འཁྲུལ་བའི་ཤེས་པ་གཞན་ལས་ཀྱང་ཆོས་ཅན། དེ་ཡང་སྐྱོན་མེད་པའི་དབང་པོ་དང་ཕྲད་པ་ལས་སྐྱེས་པའི་བློར་ཐལ། མངོན་སུམ་ཡིན་པའི་ཕྱིར། འདོད་ན། བར་དང་བཅས་པ་འཛིན་པ་དང་། ཞེས་སོགས་ཀྱི་སྐྱོན་དུ་འགྱུར་རོ། །གཉིས་པ་ནི། སེམས་ཅན་གཞན་ལ་འགྲོ་བའི་བྱ་བ་ཡོད་ཀྱང་འགྲོ་བའི་སྒྲ་བ་གླང་ལ་དོན་མཐུན་དུ་འཇིག་རྟེན་ན་གྲགས་པ་ལས་དེ་ལྟར་ཡིན་པ་བཞིན་དུ། ཡོད་པའི་སྒྲ་ཡང་དབང་པོའི་གཟུང་དོན་ལ་དོན་མཐུན་དུ་གྲགས་པས་ཡོད་པའི་སྒྲས་དབང་པོ་དང་ཕྲད་པར་བྱ་བའི་དོན་གོ་བའི་ཆེད་དུ་ཡོད་པ་སྨོས་པར་བརྟག་གྲང་ན། ཡོད་པའི་སྒྲ་དེ་ཆོས་ཅན། དབང་པོའི་མངོན་སུམ་གྱི་གཟུང་དོན་གྱི་སྤྱོད་ཡུལ་ལ་དོན་མཐུན་དུ་གྲགས་པ་མིན་པར་ཐལ། དེ་ཐུན་མོང་མ་ཡིན་པར་གོ་བར་ནུས་པ་མ་ཡིན་པའི་ཕྱིར། ཁྱབ་པ་བསལ་ཁས་བླངས་སོ། །འགྲེལ་པའི་རྗེས་འབྲང་རྣམས་ན་རེ། དེ་གཉིས་དཔེ་དོན་མི་མཚུངས་པར་ཐལ། འཇིག་རྟེན་ན་འགྲོ་བའི་སྒྲ་བ་གླང་ལ་གྲགས་པས་དེས་བ་གླང་མཚོན་ནུས་ཀྱང་ཡོད་པའི་སྒྲ་དེ་དབང་པོའི་ཡུལ་ལ་ཐུན་མོང་མིན་པར་གྲགས་པ་མ་ཡིན་པས་དེས་དེ་མཚོན་པར་མི་ནུས་པའི་ཕྱིར་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། ཡོད་པའི་སྒྲ་ཆོས་ཅན། དབང་དོན་གྱི་བཟུང་དོན་མཚོན་མི་ནུས་པར་ཐལ། དེ་ལ་ཐུན་མོང་མིན་པར་གྲགས་པ་མ་ཡིན་པའི་ཕྱིར་ལ་སོང་བས་འགྲོ་བའི་སྒྲ་ཆོས་ཅན། བ་གླང་མཚོན་པར་མི་ནུས་པར་ཐལ། དེ་ལ་ཐུན་མོང་མ་ཡིན་པར་གྲགས་པ་མ་ཡིན་པའི་ཕྱིར། ཞེས་བརྗོད་ན་མཚུངས་པའི་ཕྱིར། གལ་ཏེ་མ་སོང་ན་ཡང་མི་འཐད་དེ། སྒྲ་དང་བུམ་པ་ཡང་དཔེ་དོན་མི་མཚུངས་པར་ཐལ། བུམ་པ་ལྟོ་ལྡིར་ཞབས་ཞུམ་ཡིན་པས་ཆུ་སྐྱོར་བར་ནུས་ཀྱང་སྒྲ་ལྟོ་ལྡིར་ཞབས་ཞུམ་མ་ཡིན་པས་ཆུ་སྐྱོར་བར་མི་ནུས་པའི་ཕྱིར། ཞེས་བརྗོད་ན་མི་མཚུངས་སམ་ལེགས་པར་སོམས་ཤིག དགག་པ་འདི་ལྟར་བརྗོད་ན་དོན་དེ་མཐོང་མེད་རས་འདབས་བཞིན་ཞེས་སོགས་ཆོས་ཀྱི་གྲགས་པའི་ལུགས་ཀྱང་བཀག་པར་འགྱུར་རོ་ཞེ་ན། གཞུང་འདིའི་དོན་ཁྱོད་ཀྱིས་བཤད་པ་ལྟར། ལྗིད་དང་རས་འདབས་གཉིས་དཔེ་དོན་མི་མཚུངས་པར་ཐལ། རས་འདབས་ངོ་བོའི་སྒོ་ནས་ཚད་མས་རྟོགས་ནུས་ལ་ལྗིད་དེ་ལྟར་རྟོགས་མི་ནུས་པའི་ཕྱིར་ཞེས་བཀོད་ནས་ཁྱབ་པ་ཚད་གྲུབ་བྱས་ན་མཚུངས་པ་བདེན་ཀྱང་འདིར་ནི་དེ་ལྟར་མ་ཡིན་ཏེ། ཁྱབ་པ་ཚད་གྲུབ་དུ་མི་བྱེད་པའི་ཕྱིར། འོ་ན་ཁྱོད་ཀྱིས་གཞུང་དེའི་དོན་ཇི་ལྟར་འཆད་ཅེ་ན། རིགས་པ་ཅན་པས་རས་འདབས་དང་ལྗིད་གཉིས་དཔེ་དོན་དུ་ཡང་འདོད་ལ། དཔེ་དོན་ཡིན་ན་ཆ་ཐམས་ཅད་ཀྱིས་མཚུངས་དགོས་པར་ཁས་བླངས་པ་ལ། སྔར་ལྟར་དེ་གཉིས་དཔེ་དོན་མི་མཚུངས་པར་ཐལ། རས་འདབས་ངོ་བོའི་སྒོ་ནས་ཚད་མས་རྟོགས་ནུས་ལ་ལྗིད་དེ་ལྟར་རྟོགས་མི་ནུས་པའི་ཕྱིར། ཞེས་རིགས་པ་ཅན་པ་ལ་ཁས་བླངས་ནང་འགལ་བརྗོད་པ་ཡིན་ནོ། །དེར་མ་ཟད་གཞན་ཡང་ཆ་མེད་པ་ལ་ཕྲ་སོགས་མེད་ཅེས་སོགས་གཞན་རྣམས་ལའང་དེ་བཞིན་དུ་ཤེས་པར་བྱའོ། །འདི་ལྟར་དུ། འཆད་ཤེས་ན་རིགས་པའི་དབང་ཕྱུག་རྣམས་ཀྱི་གཞུང་ནང་འགལ་མེད་པར་འཆད་ཤེས་པ་ཡིན་གྱི་རྒྱ་གར་བ་ཕལ་ཆེར་དང་། བོད་ཀྱི་ཊཱིཀ་བྱེད་ཕྱི་མ་འདི་རྣམས་ཀྱིས་འཆད་པ་ལྟར་བཤད་ན་མཁས་མཆོག་གི་གཞུང་ནང་འགལ་ཅན་ཁོ་ནར་འགྱུར་བས་སྡིག་པ་བས་ཀྱང་སྡིག་པ་ཡིན་ནོ། །གཉིས་པ་ནི། རང་གི་བདག་རྐྱེན་དབང་པོ་དུས་ཀུན་དུ་དོན་དང་ཕྲད་ནས་སྐྱེས་པའི་བློ་མངོན་སུམ་གྱི་མཚན་ཉིད་དུ་གྲང་ན། དེས་མངོན་སུམ་གྱི་མཚན་ཉིད་རྫོགས་པ་མ་ཡིན་པར་ཐལ། མངོན་སུམ་ཡིན་ན་དེ་ཡིན་པས་མ་ཁྱབ་པའི་ཕྱིར། རྟགས་མ་གྲུབ་ཅེ་ན། མངོན་སུམ་ཡིན་ན་རང་གི་བདག་རྐྱེན་དབང་པོ་དང་དོན་བར་དུ་མ་ཆོད་པར་ཕྲད་ནས་འཛིན་པས་ཁྱབ་པ་ལ་ཚད་མས་གནོད་པར་ཐལ། མིག་གི་རྣམ་ཤེས་དང་རྣ་བའི་དབང་པོའི་མངོན་སུམ་གྱིས་བར་དུ་ཆོད་པའི་གཟུགས་སྒྲ་དང་། རང་ལས་བོང་ཚོད་ཆེན་པོ་འང་འཛིན་པར་མཐོང་བས་ན་སྟེ་མཐོང་བའི་ཕྱིར། གཞན་དག་མིག་དང་རྣ་བའི་དབང་པོས་གཟུགས་སྒྲ་འཛིན་ཞེས་འཆད་པ་ནི་མི་འཐད་དེ། སྔར་བཀག་ཟིན་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། བློའི་སྐྱེ་བ་ཞེས་སྨོས་པ་ལ་རྣམ་བཅད་མེད་པར་ཐལ་བ་དང་། རིགས་པའི་དགག་པ་གཞན་བསྟན་པའོ། །དང་པོ་ནི། འགྲེལ་པ་བྱེད་པ་ཁ་ཅིག་ན་རེ། མངོན་སུམ་གྱི་མཚན་ཉིད་སྟོན་པའི་ཚིག་དེ་དག་གིས་མངོན་སུམ་གྱི་བློའི་རྒྱུ་ཡི་ཚོགས་པ་རུ་བརྗོད་པ་བོར་ནས་གང་ལས་བློ་སྐྱེ་བར་གྲུབ་པ་མངོན་སུམ་གྱི་ཚད་མའི་མཚན་ཉིད་ཡིན་ཏེ། ཚད་མའི་འབྲས་བུ་བློའི་སྐྱེ་བ་ལས་གཞན་མ་མཐོང་བའི་ཕྱིར་དང་། ཅི་སྟེ་ཚིག་དེས་དབང་དོན་ཕྲད་པ་ཁོ་ན་མངོན་སུམ་དུ་སྟོན་གྱི་དེ་ལས་སྐྱེས་པའི་བློ་ཡིན་ན་མངོན་སུམ་མ་ཡིན་པས་ཁྱབ་པར་སྟོན་པའི་ཕྱིར་ཞེ་ན། མཚན་ཉིད་སྟོན་པའི་ཚིག་དེས་ཅི་སྟེ་དོན་ཡིན་པའམ་སྟེ། དོན་ཁོ་ན་མངོན་སུམ་གྱི་རྒྱུ་ཡིན་པར་བསྟན་པར་ཐལ། དེས་དབང་དོན་ཕྲད་པ་ཁོ་ན་མངོན་སུམ་དུ་སྟོན་གྱི་དེ་ལས་སྐྱེས་པའི་བློ་ཡིན་ན་མངོན་སུམ་མ་ཡིན་པས་ཁྱབ་པར་བསྟན་པའི་ཕྱིར། འདོད་ན། མངོན་སུམ་གྱི་མཚན་ཉིད་ལ་ཁྱབ་ཆེས་པ་གཅོད་པའི་དོན་དུ་བློའི་སྐྱེ་བ་ཞེས་བསྟན་ཅིང་སྨོས་པ་དགོས་པ་མེད་པར་ཐལ། ཡོད་པ་དང་ཡང་དག་པར་ཕྲད་པའི་སྐྱེས་བུའི་དབང་པོ་རྣམས་ཀྱི་བློ་དེ་མངོན་སུམ་གྱི་མཚན་ཉིད་དུ་སྨོས་པས་ཆོག་པའི་ཕྱིར་རོ། །གསུམ་ཆར་ཁས་བླངས་སོ། །དེ་ནི་འགྲེལ་པར་འགྲེལ་བྱེད་ཁ་ཅིག་གི་འདོད་པ་བཀག་པ་ལྟར་བཤད་པ་ཡིན་ནོ། །རྩ་བའི་དོན་ལ་དཔྱད་པ་འདི་ལྟར་གསལ་སྟེ། དབང་དོན་ཕྲད་པ་ལས་སྐྱེས་པའི་བློ་མངོན་སུམ་དང་། ཡོད་པ་དང་ཕྲད་པ་ལས་སྐྱེས་པ་སོགས་ཀྱིས་མངོན་སུམ་གྱི་བློའི་རྒྱུའི་ཚོགས་པ་རུ་བརྗོད་པ་བོར་ནས་བློ་ཚད་མའི་འབྲས་བུ་དང་རྒྱུ་གང་ལས་སྐྱེ་བའི་བློ་བའམ་དོན་དང་ཕྲད་པའི་དབང་པོ་དེ་མངོན་སུམ་གྱི་ཚད་མའི་མཚན་ཉིད་དུ་འདོད་དོ། །འོ་ན་ཅི་སྟེ་དོན་ཡིན་པའམ། །ཞེས་པ་ནི། དོན་ཁོ་ན་མངོན་སུམ་གྱི་རྒྱུ་ཡིན་པར་ཐལ། མངོན་སུམ་གྱི་རྒྱུ་ཡིན་པ་ཡོད་པ་གང་ཞིག་དེ་ཁོ་ན་མངོན་སུམ་གྱི་རྒྱུ་མ་ཡིན་ན་མངོན་སུམ་གྱི་རྒྱུ་མེད་དགོས་པའི་ཕྱིར། རྟགས་ཕྱི་མ་ཁས་བླངས་སོ། །འདོད་ན། མངོན་སུམ་གྱི་མཚན་ཉིད་ལ་ཁྱབ་ཆེས་པ་གཅོད་པའི་དོན་དུ་མངོན་སུམ་གྱི་མཚན་ཉིད་ཀྱི་ཡན་ལག་ཏུ་བློའི་སྐྱེ་བ་ཞེས་སམ། དབང་དོན་ཕྲད་པ་ལས་སྐྱེས་པའི་བློ་ཞེས་བསྣན་ཅིང་སྨོས་པ་དེ་དགོས་པ་མེད་པར་ཐལ། མངོན་སུམ་ཡིན་ན་དབང་པོ་དང་ཕྲད་པ་མ་ཡིན་དགོས་པའི་ཕྱིར་དང་། དེ་ཡིན་ན་བློའི་སྐྱེ་བ་མ་ཡིན་དགོས་པའི་ཕྱིར། རྟགས་གཉིས་ཀ་ཁས་བླངས་སོ། །གཉིས་པ་ལ་གཉིས་ཏེ། བདག་ཡིད་ཕྲད་པ་སོགས་མངོན་སུམ་དང་དེའི་རྒྱུ་གང་དུ་ཡང་མི་འཐད་པ་དང་། དབང་དོན་ཕྲད་པ་ལས་བྱུང་བའི་འདིའོ་སྙམ་པའི་བློ་མངོན་སུམ་དུ་མི་འཐད་པའོ། །དང་པོ་ནི། དབང་དོན་དེ་ལས་གཞན་པའི་མངོན་སུམ་ནི་བསྐྱེད་པའི་རྒྱུའི་ཚོགས་པར་དཔྱོད་པ་བས་བརྗོད་པའི་དོན་དང་དབང་པོ་ཕྲད་པ་དེ་མངོན་སུམ་གྱི་རྒྱུར་ཇི་ལྟར་ཡང་མི་འཐད་པར་ཐལ། དོན་དབང་ཕྲད་པའི་དབང་པོ་མངོན་སུམ་དང་བདག་ཉིད་གཅིག་དུ་ཁས་བླངས་པ་འཐད་པའི་ཕྱིར། ཡང་ཡིད་དང་སྐྱེས་བུ་དེ་ལས་གཞན་པའི་མངོན་སུམ་ནི་བློ་བསྐྱེད་པའི་རྒྱུའི་ཚོགས་པར་དཔྱོད་པ་པས་བརྗོད་པའི་ཡིད་དང་སྐྱེས་བུ་སྦྱོར་ཞིང་ཕྲད་པ་དེ་མངོན་སུམ་གྱི་རྒྱུར་ཇི་ལྟར་ཡང་མི་འཐད་པར་ཐལ། བདག་ཡིད་ཕྲད་པ་བདག་གི་ཡུལ་ཅན་གྱི་མངོན་སུམ་སྐྱེད་བྱེད་དུ་མི་འཐད་པའི་ཕྱིར། ཡང་དེ་ལྟར་བརྗོད་པའི་བདག་གི་ཡོན་ཏན་འདུ་བྱེད་ཡང་དེར་མི་འཐད་པར་ཐལ། བདག་གི་ཡོན་ཏན་འདུ་བྱེད་ཀྱིས་རང་འབྲས་བསྐྱེད་པ་མི་འཐད་པའི་ཕྱིར། འདི་རྣམས་ཀྱི་འཁོར་གསུམ་ཁས་བླངས་སོ། །གཉིས་པ་ལ་གཉིས་ཏེ། རྒྱས་པར་བཤད། མཇུག་བསྡུ་བའོ། །དང་པོ་ལ་གསུམ་སྟེ། དབང་མངོན་གྱིས་ཁྱད་གཞི་ཁྱད་ཆོས་སྦྱོར་བར་མི་ནུས། དེའི་རྒྱུ་མཚན། སྤྱི་རྫས་གཞན་བཟུང་བའི་སྒོ་ནས་ཁྱད་གཞི་ཁྱད་ཆོས་སྦྱོར་བ་མི་འཐད་པའོ། །དང་པོ་ནི། དབང་དོན་ཕྲད་པ་ལས་འདི་བ་གླང་ཁོ་ནའོ་སྙམ་དུ་སྐྱེ་བའི་ངེས་ཤེས་དེ་དབང་མངོན་ཡིན་ནོ་ཞེ་ན། ཁྱད་པར་གྱི་ཆོས་བ་གླང་ཉིད་དང་རྫས་བ་གླང་སོགས་ཁྱད་གཞི་ཁྱད་ཆོས་སུ་སྦྱོར་བ་ལས་ནི་འདི་བ་གླང་ངོ་སྙམ་པའི་ངེས་ཤེས་ཆོས་ཅན། དོན་བ་གླང་ཉིད་སོགས་སུ་འཇལ་བར་བྱེད་པའི་དབང་མངོན་མ་ཡིན་པར་ཐལ། ཁྱོད་ཁྱད་གཞི་ཁྱད་ཆོས་སུ་སྦྱར་ནས་འཛིན་པའི་ཞེན་བློ་ཡིན་པའི་ཕྱིར། ཁྱབ་པར་ཐལ། དབང་པོའི་བློ་ལ་ཞེས་པ་སྟེ། དབང་མངོན་ཡིན་ན་དོན་རྣམས་དང་སྦྱོར་བའི་ནུས་པ་ཡོད་མ་ཡིན། །ཞེས་པ་སྟེ། ཁྱད་གཞི་དང་ཁྱད་ཆོས་སྦྱོར་བའི་རྟོག་པ་མ་ཡིན་དགོས་པའི་ཕྱིར། གཉིས་པ་ནི། དབང་མངོན་ཡིན་ན་ཁྱད་གཞི་ཁྱད་ཆོས་དང་བརྗོད་བྱ་དང་རྗོད་བྱེད་སྦྱོར་བའི་རྟོག་པ་མ་ཡིན་དགོས་པར་ཐལ། རང་རང་གཞན་རིས་མི་མཐུན་པ་དང་མ་འདྲེས་པར་རིག་པར་བྱ་བའི་དོན་གྱི་རང་མཚན་བརྡའ་སྦྱོར་བའི་རྟོག་པ་ལ་གསལ་བར་བསྟན་བྱ་མིན་པའི་ཚུལ་ཐུན་མོང་མིན་པའི་གཟུགས་སོགས་ནི་དབང་པོའི་མངོན་སུམ་གྱི་གཟུང་ཡུལ་ཡིན་པ་འཐད་པའི་ཕྱིར། ཚིག་རྐང་པ་འདི་གཉིས་རྩ་བའི་ཚིག་ཏུ་མ་བྲིས་པར་ཡང་སྣང་ངོ་། གསུམ་པ་ནི་ཅི་སྟེ་ཡང་མིག་ཤེས་ཉིད་ཀྱིས་བ་གླང་ཉིད་ཀྱི་སྤྱི་རྫས་གཞན་བཟུང་བའི་སྒོ་ནས་བ་གླང་གི་རྫས་ཐ་དག་ངེས་པར་བྱེད་དོ་ཞེ་ན། འདི་བ་གླང་ངོ་སྙམ་པའི་ཤེས་པའང་ཆོས་ཅན། རྣམ་པ་ཀུན་ཏུ་དབང་པོའི་མངོན་སུམ་གྱི་བློ་རུ་གནས་པར་འགྱུར་བ་མི་རིགས་པར་ཐལ། རང་གི་གཟུང་དོན་ལ་ལྟོས་པ་མིན་པའི་ཕྱིར། འགྲེལ་བཤད་ཀྱི་འགྱུར་ལྟར་ན། རྣམ་ཀུན་དོན་གྱི་རྣམ་ཤེས་ནི། གནས་ན་མངོན་སུམ་བློར་མི་འགྱུར། ཞེས་འབྱུང་བས། ཁྱད་གཞི་ཁྱད་ཆོས་ཀྱི་དོན་འཛིན་པའི་བློ་ཡིན་ན་རྣམ་པ་ཀུན་ཏུ་དོན་གྱི་སྤྱི་འཛིན་པའི་རྟོག་པའི་རྣམ་པར་ཤེས་པར་ནི་གནས་པས་ཁྱབ་ན་དབང་པོའི་མངོན་སུམ་ཆོས་ཅན། ཁྱད་གཞི་ཁྱད་ཆོས་འཛིན་པའི་བློར་མི་འགྱུར་བར་ཐལ། དོན་སྤྱི་འཛིན་པའི་རྟོག་པ་མ་ཡིན་པའི་ཕྱིར། ཞེས་བཤད་དོ། །གཉིས་པ་དོན་བསྡུས་པ་ནི། ཅི་སྟེ་བློའི་སྐྱེ་བ་ཆོས་ཅན། དབང་དོན་ཕྲད་པ་དང་། བདག་ཡིད་ཕྲད་པ་ལས་ཕྱི་རོལ་གྱི་དོན་ལ་མངོན་སུམ་དུ་འདོད་པ་མི་རིགས་པར་ཐལ། དེ་ལ་སྔར་བཤད་པའི་རིགས་པས་གནོད་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། ཚད་འབྲས་རྫས་གཞན་ཡིན་པ་དགག བློ་དང་སྐྱེ་བ་རྫས་གཅིག་དང་ཐ་དད་བརྟགས་ལ་དགག བདག་ཚད་མར་འདོད་པ་དགག་པའོ། །དང་པོ་ནི། དབང་དོན་ཕྲད་པ་དང་། བདག་ཡིད་ཕྲད་པ་ཚད་མར་ཁས་བླངས་ནས། ཕྲད་པ་དེ་ལས་སྐྱེས་པའི་བློ་འབྲས་བུར་འདོད་པ་དང་། བློའི་སྐྱེ་བ་རྫས་གཞན་མངོན་སུམ་གྱི་ཚད་མར་ཁས་བླངས་ནས། དེ་ལས་རྫས་ཐ་དད་པའི་ཕྱི་རོལ་འཇལ་བའི་བློ་འབྲས་བུར་ཁས་ལེན་པ་ནི་མི་འཐད་དེ། འདི་ལྟར། ཚད་འབྲས་རྫས་གཞན་དུ་ཁས་ལེན་པ་མི་འཐད་པར་ཐལ། ཚད་མ་ལས་དོན་གཞན་འབྲས་བུར་སྨྲ་བ་ཡིས་ཚད་མས་ཡོངས་སུ་བཅད་པའི་དོན་གཞན་ཚད་མ་དེའི་འབྲས་བུ་ལས་ཐོབ་པར་འགྱུར་བ་མ་ཡིན་པའི་ཕྱིར། དེས་ན་ཚད་མ་དེ་ལས་རྫས་གཞན་ཡང་ཡིན་འབྲས་གཞན་མེད་པས་སོ་ཞེས་པ་སྟེ། དེའི་འཇོག་བྱེད་ཡང་ཡིན་པས་གཞི་མཐུན་མེད་དེ། དོན་གྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་བློ་འབྲས་བུ་ཡིན་ན་ཞེས་པ་སྟེ། དོན་དངོས་སུ་རྟོགས་པ་ཚད་མའི་འཇོག་བྱེད་ཡིན་པའི་ཕྱིར། ཞེས་བརྗོད་པར་བྱའོ། །ཚད་མ་དེ་ལས་རྫས་གཞན་པའི་འབྲས་བུ་མེད་དེ། ཞེས་ནི་མི་འགོད་དེ། ཚད་མ་དེ་ལས་རྫས་གཞན་ཆོས་ཅན། ཁྱོད་དོན་བྱེད་ནུས་པ་མ་ཡིན་པར་ཐལ། ཁྱོད་ཀྱི་འབྲས་བུ་མེད་པའི་ཕྱིར། འདོད་ན། ཁྱོད་རྟག་པར་ཐལ། ཁྱོད་ཡོད་པ་གང་ཞིག་འདོད་པའི་ཕྱིར། རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ། །གཉིས་པ་ནི། བློའི་སྐྱེ་བ་བློ་ལས་རྫས་གཞན་ནམ། རྫས་གཅིག་གང་རུང་དུ་ཁས་ལེན་དགོས་ཏེ། དབང་དོན་དང་། བདག་ཡིད་ཕྲད་པ་ལས་སྐྱེས་བའི་བློའི་སྐྱེ་བ་མངོན་སུམ་གྱི་མཚན་ཉིད་དུ་ཁས་བླངས་པའི་ཕྱིར། འདོད་དེ་རྫས་གཞན་ཡིན་པའི་ཕྱིར། ཞེ་ན། དེ་ལ་འདོད་ལུགས་གཉིས་འབྱུང་སྟེ། བྱེ་བྲག་པས། དབང་དོན་དང་བདག་ཡིད་གཉིས་འཕྲོད་པ་འདུ་བ་རང་གི་རྒྱུ་ལས་སྟེ་རང་གི་རྒྱུ་འཕྲོད་པ་འདུ་རྒྱུའི་ཆོས་རྣམས་ལས་འབྱུང་ལ། འཕྲོད་པ་འདུ་བ་མངོན་སུམ་གྱི་ཚད་མ་དང་། འཕྲོད་པ་འདུ་བ་ལས་དབང་པོའི་བློ་སྐྱེ་བར་འདོད་པ་ལྟར་དཔྱོད་པ་པས་ཀྱང་ལུགས་དེ་ལ་བརྟེན་པའི་ཕྱིར་དང་། ཡང་ན་དབང་པོའི་བློ་ཚད་མ་དང་། དེ་འཕྲོད་པ་འདུ་བ་ལས་སྐྱེས་ཞེས་བཤད་པའི་ཕྱིར་དང་། དེ་ནི་ཁས་བླངས་པ་དང་འགལ་བ་ཡིན་ཏེ། དབང་པོའི་བློ་ཆོས་ཅན། ཁྱོད་འཕྲོད་འདུ་ལས་སྐྱེ་བ་མི་འཐད་པར་ཐལ། འཕྲོད་འདུ་རྟག་པའི་དངོས་པོར་ཁས་བླངས་པས་དེས་ཁྱོད་བསྐྱེད་པ་མི་འཐད་པའི་ཕྱིར། དེས་ན། འཕྲོད་འདུ་དེ་ཆོས་ཅན། ཚད་མ་དང་འབྲས་བུ་གང་དུའང་མི་འཐད་པར་ཐལ། རྟག་པའི་དངོས་པོ་ཡིན་པའི་ཕྱིར། ཅི་སྟེ་བློའི་སྐྱེ་བ་བློ་དང་གཞན་མིན་པའི་གཅིག་ཡིན་ནོ་ཞེ་ན། མཚན་ཉིད་ཀྱི་ཟུར་དུ་བློའི་སྐྱེ་བ་འདི་བློ་ལས་གཞན་དུ་སྨོས་པ་དོན་མེད་པར་ཐལ། བློའི་སྐྱེ་བ་བློ་དང་གཅིག་ཏུ་གྲུབ་ཟིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །སྐྱེ་བ་སྨོས་པའི་དགོས་པ་ནི་སྐྱེ་བཞིན་པའི་གནས་སྐབས་ཀྱི་བློ་ཁོ་ན་ཚད་མར་ཤེས་པའི་དོན་དུ་བློའི་སྐྱེ་བ་ཞེས་སྨོས་པ་ཡིན་ནོ་ཞེ་ན། བློའི་སྐྱེ་བཞིན་པ་ཆོས་ཅན། ཚད་མར་མི་འཐད་པར་ཐལ། མ་སྐྱེས་པའི་ཕྱིར། རྟགས་བསལ་ཁས་བླངས་སོ། །གཞུང་འདི་རྣམས་ཀྱི་རིགས་པའི་ལམ་གྱིས་ནི་ངོ་བོ་ཉིད་སྐུ་སངས་རྒྱས་རྟག་པ་ཡིན་པ་བཀག་པ་ཡིན་ནོ། །སྐྱེ་བ་ལས་བློ་ཡང་དུས་ཕྱིས་ཡོད་ན་བློའི་སྐྱེ་བ་བློ་དང་གཅིག་ཏུ་མི་འགྱུར་རོ། །གསུམ་པ་ནི། བདག་སྐྱེས་བུ་ནི་གཞལ་བྱ་འཇལ་བར་བྱེད་པ་པོ་ཡིན་ལ། དེས་བློ་བསྐྱེད་ནས་ཡུལ་འཇལ་བར་བྱེད་ཅེ་ན། སྐྱེས་བུ་དེས་སྔར་གྱི་གནས་སྐབས་ལས་རྣམ་པ་གཞན་དུ་འགྱུར་ནས་བློ་བསྐྱེད་དམ། མི་འགྱུར་བའི་ངང་ནས་བསྐྱེད། དང་པོ་ལྟར་ན། སྐྱེས་བུ་ཆོས་ཅན། མི་རྟག་པ་རུ་འགྱུར་བར་ཐལ། སྔར་ལས་རྣམ་པ་གཞན་དུ་འགྱུར་ནས་བློ་སྐྱེ་ན་སྟེ་བསྐྱེད་པའི་ཕྱིར། ཅི་སྟེ་མི་འགྱུར་ན། བདག་དེ་ཆོས་ཅན། ཁྱོད་ལས་སྐྱེས་པའི་བློ་དེ་ལ་ཚད་མ་ཞེས་མི་སྦྱོར་ཞིང་ཚད་མར་མི་འཐད་པར་ཐལ། མི་འགྱུར་ན་སྟེ། ཁྱོད་སྔར་གྱི་གཞན་སྐབས་ལས་གཞན་དུ་མི་འགྱུར་བའི་རྟག་པ་ཡིན་པའི་ཕྱིར། འདིས་ཀྱང་རྟག་པ་ཡང་ཡིན་སངས་རྒྱས་ཡང་ཡིན་པའི་གཞི་མཐུན་ཡོད་པར་འདོད་པ་བཀག་པ་ཡིན་ནོ། །མངོན་གྱུར་གནས་ལུགས་དོན་རྣམས་ནི། །མངོན་སུམ་ཚད་མས་རྣམ་པའི་ཚུལ། །རིགས་པའི་ལམ་ནས་ལེགས་དྲངས་ནས། །རིགས་པའི་དབང་ཕྱུག་བདག་གིས་བཤད། །གཉིས་པ་ལེའུའི་མཚན་བསྟན་པ་ནི། ཚད་མ་ཀུན་ལས་བཏུས་པ་ལས་མངོན་སུམ་བརྟག་པའི་ལེའུའི་རྒྱན་སྟེ་དང་པོའོ།།  ༄༅།  །གཉིས་པ་ལྐོག་གྱུར་རྟོགས་པའི་ཐབས་བཤད་པ་ལ་གཉིས་ཏེ། ལེའུའི་གཞུང་བཤད་པ་དང་། ལེའུའི་མཚན་བསྟན་པའོ། །དང་པོ་ལ་གཉིས་ཏེ། རྗེས་དཔག་གི་སྒྲ་འཇུག་པའི་དབྱེ་བ་དང་། རང་དོན་གྱི་རྗེས་དཔག་རྟེན་དང་བཅས་པ་བཤད་པའོ། །དང་པོ་ནི། ཁ་ཅིག་རྗེས་དཔག་ལ་རང་དོན་དང་གཞན་གྱི་རྗེས་དཔག་གཉིས་སུ་དབྱེ་བ་ནི་ཤིན་ཏུ་མི་འཐད་དེ་ཡང་དག་པའི་ཤེས་པ་དབྱེ་གཞིར་བྱས་ནས་ཚད་མ་དང་། ཚད་མ་མ་ཡིན་པའི་ཤེས་པ་གཉིས་སུ་དབྱེ་བ་བྱས་ནའང་མཚུངས་པའི་ཕྱིར། དེ་ནི་ཤིན་ཏུ་མི་འཐད་དེ། ཚད་མ་མ་ཡིན་པའི་ཤེས་པ་ནི་ཡང་དག་པའི་ཤེས་པར་མི་རུང་བའི་ཕྱིར། དབྱེ་གཞི་དང་དབྱེ་བའི་ཡ་གྱལ་ལ་ནི་ཁྱབ་ཆེ་ཆུང་དགོས་ལ། ཡང་དག་པའི་ཤེས་པ་དང་ཚད་མ་ལ་ནི་ཁྱབ་ཆེ་ཆུང་མེད་པའི་ཕྱིར་ཞེ་ན། འོ་ན་རྗེས་དཔག་ཡང་རང་དོན་རྗེས་དཔག་དང་གཞན་དོན་རྗེས་དཔག་གཉིས་སུ་དབྱེ་བ་མི་འཐད་པར་འགྱུར་ཏེ། གཞན་དོན་རྗེས་དཔག་རྗེས་དཔག་མི་རུང་བའི་ཕྱིར་དང་། དབྱེ་གཞི་དང་དབྱེ་བའི་ཡ་ཁྱལ་ལ་ནི་ཁྱབ་ཆེ་ཆུང་དགོས་ལ་རང་དོན་རྗེས་དཔག་དང་རྗེས་དཔག་ལ་ནི་ཁྱབ་ཆེ་ཆུང་མེད་པའི་ཕྱིར་ཞེས་བརྗོད་ན་མི་མཚུངས་སམ་ལེགས་པར་སོམས་ཤིག དེས་ན་རྗེས་དཔག་ཅེས་པའི་སྒྲ་འཇུག་པའི་རྒྱུ་མཚན་དང་དགོས་པ་ཡང་དག་ཡོད་པ་ཆོས་ཅན། རྣམ་པ་གཉིས་ཡོད་དེ། རང་གཞན་གྱི་རྗེས་དཔག་གཉིས་སུ་ཡོད་པའི་ཕྱིར་ཏེ། རྟགས་གཟུང་ཞིང་འབྲེལ་པ་དྲན་པའི་རྗེས་སུ་ལྐོག་གྱུར་དཔོག་པ་དང་། བདག་པོའི་རྐྱེན་ཁྱད་པར་ཅན་ལ་བརྟེན་ནས་དེ་རྗེས་སུ་དཔོག་པ་གཉིས་སུ་ཡོད་པའི་ཕྱིར། ཞེས་པའོ། །རྗེས་དཔག་གི་སྒྲ་འཇུག་པ་ལ་རང་དོན་དང་གཞན་དོན་གྱི་རྗེས་དཔག་གཉིས་སུ་འབྱེད་པ་བཞིན་དུ་རྟགས་ཡང་དག་ལ་ཡང་རང་དོན་དང་གཞན་དོན་གྱི་རྟགས་ཡང་དག་གཉིས་སུ་དབྱེ་བར་བྱེད་དམ་ཞེ་ན། དེ་ནི་མཚུངས་པ་མ་ཡིན་ཏེ། སྒྲུབ་ངག་དང་། རྗེས་དཔག་གཉིས་སྐྱེས་བུའི་རྒྱུད་ཀྱིས་བསྡུས་པས་རང་དོན་དང་། གཞན་དོན་གཉིས་སུ་དབྱེ་ལ། གཏན་ཚིགས་ནི་འདི་ལྟར་མ་ངེས་པའི་ཕྱིར། རང་གཞན་གྱི་དབྱེ་བ་རིགས་པའི་དབང་ཕྱུག་གཉིས་ཀྱིས་མ་མཛད་པ་ཡིན་ནོ་ཞེས་འཆད་དོ། །རང་དོན་གྱི་ལེའུ་ལས་ལོགས་སུ་གཞན་དོན་གྱི་ལེའུ་བརྩམས་པ་དོན་མེད་པར་ཐལ། རང་དོན་དུ་གོ་བྱེད་ཚུལ་གསུམ་བཤད་པ་ཁོ་ནས་ཚུལ་གསུམ་རྟོགས་པར་འདོད་པ་པོའི་ཚིག་གི་རིམ་པ་ཡང་བསྟན་པའི་ཕྱིར། གཞན་དུ་ན་ཚུལ་གསུམ་གསལ་བར་མ་བསྟན་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཚུལ་གསུམ་བློ་ཡུལ་དུ་སོང་བའི་དངོས་ཀྱི་འབྲས་བུ་ལ་རྗེས་དཔག་འབྱུང་ལ། སྒྲུབ་ངག་བློ་ཡུལ་དུ་སོང་བའི་དངོས་ཀྱི་འབྲས་བུ་ལ་ཚུལ་གསུམ་དྲན་པའི་བློ་འབྱུང་བས། དངོས་ཀྱི་དགོས་པ་ཐ་དད་པའི་ཕྱིར། དབང་པོ་རྣོན་པོས་ཚུལ་གསུམ་ཤེས་ནས་བརྗོད་ཚུལ་ལ་རྨོངས་པ་མེད་ཀྱང་དབང་པོ་བརྟུལ་པོ་ཁ་ཅིག་རྟགས་ཀྱི་དངོས་པོ་ཇི་ལྟ་བ་བཞིན་རྟོགས་ཀྱང་གཞན་ལ་སྟོན་པའི་ཚེ་ལྷག་ཆད་ཅན་དུ་སྟོན་པར་མཐོང་སྟེ། བསྒྲུབ་བྱ་དང་མཇུག་སྡུད་ཚིག་གིས་ཟིན་པར་བརྗོད་པ་ལྷག་པ་དང་། ཆོས་མཐུན་སྦྱོར་བརྗོད་པ་ན་དཔེ་ལ་འབྲེལ་པ་སྟོན་པ་ཆད་པ་དང་། རྩོད་གཞི་ལ་རྟགས་ཉེ་བར་གཏོད་པ་ཕྱོགས་ཆོས་བརྗོད་པ་བཟློས་པ་དང་། ངག་ལྷག་ཆད་ཅན་དུ་བརྗོད་པ་མཐོང་བས། བརྗོད་ཚུལ་ལ་མི་མཁས་པ་དག་རྗེས་སུ་བཟུང་བའི་དོན་དུ་ལེའུ་ལོགས་སུ་མཛད་དོ། །ཞེས་རྣམ་པར་ངེས་པར་བཤད་ཅིང་། འགྲེལ་བཤད་མཁན་པོས་ཀྱང་འདི་ལྟར་བཤད་དོ། །དེ་ལ་རྣམ་ངེས་མཁན་པོས་དེ་ལྟར་བཤད་པ་ལ་སྐྱོན་མེད་ཀྱང་འགྲེལ་བཤད་མཁན་པོས་དེ་ལྟ་བུར་བཤད་པ་དེ་ནི་ཤིན་ཏུ་འགལ་བར་མཐོང་སྟེ། འོག་ཕྱོགས་ཆོས་འབྲེལ་བ་བསྒྲུབ་བྱ་ལ། ཞེས་པའི་འགྲེལ་པའི་སྐབས་སུ་རང་ཉིད་ཀྱིས་ཀྱང་བརྟག་པ་མཐའ་བཟུང་མེད་པར་བསྒྲུབ་བྱ་བརྗོད་པའི་ཚིག་སྒྲུབ་ངག་དུ་ཁས་བླངས་པའི་ཕྱིར། །གཉིས་པ་ལ་གཉིས་ཏེ། རང་དོན་རྗེས་དཔག་དངོས་བཤད་པ་དང་། དེའི་རྟེན་གཏན་ཚིགས་འཕྲོས་དང་བཅས་པ་བཤད་པའོ། །དང་པོ་ལ་བཞི་སྟེ། མཚན་ཉིད་དང་། ཚད་འབྲས་མངོན་སུམ་དང་མཚུངས་པར་ཤེས་དགོས་པའི་ཚུལ་དང་། མངོན་རྗེས་གཟུང་ཡུལ་དང་མཚན་ཉིད་ཐ་དད་དུ་བཤད་པ་དང་། རྗེས་དཔག་གི་སྒྲས་བརྗོད་པར་རིགས་པ་ལ་གཉིས་སུ་དབྱེ་བ་བཞིན་དུ་མངོན་སུམ་ལ་རང་དོན་གྱི་མངོན་སུམ་དང་གཞན་དོན་གྱི་མངོན་སུམ་གཉིས་སུ་མི་ཕྱེ་བའི་རྒྱུ་མཚན་ནོ། །དང་པོ་ནི། རང་དོན་གྱི་རྗེས་དཔག་ནི་ཆོས་ཅན། འཇོག་བྱེད་ཀྱིས་སྟོང་བའི་མཚོན་བྱ་མ་ཡིན་ཏེ། རང་གི་རྟེན་ཚུལ་གསུམ་པའི་རྟགས་ལས་རང་གི་གཞལ་བྱ་ལྐོག་གྱུར་གྱི་དོན་གསར་དུ་མཐོང་ཞིང་རྟོགས་པའི་ཞེན་པའི་བློས་མཚོན་པར་བྱ་བ་ཅན་ཡིན་པའི་ཕྱིར་དང་། ཚུལ་གསུམ་ཞེས་སྨོས་པ་ནི་ལོག་རྟོག་བཟློག་པའི་ཆེད་དུ་ཡིན་གྱི་རྟགས་ཀྱི་མཚན་ཉིད་དུ་ཚུལ་གསུམ་སྨོས་པ་མ་ཡིན་ཏེ། རྒྱུ་མཚན་འོག་ནས་འཆད་པའི་ཕྱིར། འདི་ལ་འགྲེལ་བཤད་མཁན་པོ་དག་ན་རེ། མི་གསལ་བའི་དོན་དག་འདིས་རྟོགས་སུ་བྱེད་རྟོགས་པར་བྱེད་པས་རྟགས་ཏེ། ཚུལ་གསུམ་པ་ཅན་ནོ། །ཚུལ་གསུམ་སྨོས་པས་ནི། འཛེམ་མེད་པ་ཁ་ཅིག རྟགས་འདོད་ཀྱང་ཚུལ་གཅིག་ཁོ་ནས་ཆོག་སྟེ། རྣམ་པ་གཞན་དུ་མི་འཐད་པ་ཉིད་དེ། རྣམ་པ་གཞན་ནི། བསྒྲུབ་བྱ་མེད་པར་མི་འཐད་པ་དང་། མི་འཐད་པ་ནི་དེ་སྒྲུབ་པའི་ནུས་པ་མེད་པའོ་ཞེས་འདོད་པ་དང་། ཡང་ཁ་ཅིག་ཚུལ་གསུམ་པ་ཅན་ཡིན་ཡང་ཁ་ཕར་ལྟའི་སྐྱེས་བུ་ཆོས་ཅན། སྔོ་བསངས་ཡིན་ཏེ། ནག་པའི་བུ་ཡིན་པའི་ཕྱིར། ཞེས་པ་རྟགས་སུ་འདོད་པ་ད་ང་། རང་སྡེ་ཁ་ཅིག་ཚུལ་གསུམ་གྱིས་རྟགས་ཡང་དག་ཏུ་མཚོན་པར་མི་ནུས་པས་དེ་གསུམ་གྱི་སྟེང་དུ་བསྒྲུབ་བྱ་ལ་གནོད་པ་མེད་པའི་ཡུལ་ཅན་དང་། བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་དང་། ཤེས་ཟིན་པ་ཉིད་ཅེས་ཚུལ་དྲུག་ཏུ་འདོད་པ་དག་གི་ལོག་རྟོག་བཀག་ནས། ལྐོག་གྱུར་གོ་བར་བྱེད་པའི་ཚུལ་ནི་གསུམ་ཁོ་ནར་གྲངས་ངེས་སོ་ཞེས་ཟེར་རོ། །དེ་ནི་འཐད་མི་འཐད་ཀྱི་དགག་སྒྲུབ་འོག་ནས་བྱེད་དོ། །གཉིས་པ་ནི། རྗེ་དཔག་གི་ཚད་མ་དང་། འབྲས་བུ་སྔར་མངོན་སུམ་ལ་བཤད་པ་བཞིན་དུ་ཤེས་པར་བྱེད་དགོས་ཏེ། མངོན་རྗེས་གཉིས་ཀྱི་ཚད་འབྲས་སྤྱིའི་རྣམ་གཞག་མཚུངས་པའི་ཕྱིར། དེས་ན། སྒྲ་དང་མི་རྟག་པའི་ཚོགས་དོན་གཞལ་བྱ། དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཚད་མ། དེ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུའོ། །གསུམ་པ་ནི། མངོན་རྗེས་གཉིས་ཀ་རང་གི་གཞལ་བྱ་རྟོགས་པའི་མཚན་ཉིད་ཅན་ཡིན་ན་འདི་གཉིས་ཀྱི་ཡུལ་དང་ངོ་བོ་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། མངོན་རྗེས་གཉིས་རང་ཉིད་གཞི་མཐུན་དང་དེ་གཉིས་ཀྱི་གཟུང་ཡུལ་ཡང་གཞི་མཐུན་དུ་ཡོད་པ་མ་ཡིན་ཏེ། དེ་གཉིས་ཀྱི་གཟུང་ཡུལ་དང་ནི་ངོ་བོ་མཚུངས་པ་མིན་པ་སྟེ། མངོན་རྗེས་གཉིས་ཀྱི་གཟུང་ཡུལ་ཡང་རིས་སོ་སོ་ཐ་དད་པ་དང་ཁོང་རང་གཉིས་ཀྱང་རིས་སོ་སོ་ཐ་དད་ཁོ་ན་ཡིན་པའི་ཕྱིར། འགྲེལ་པར། རང་གི་ངོ་བོ་ཡང་ཐ་དད་པ་ཡིན་ནོ་ཞེས་འབྱུང་ངོ་། །དེའི་ལྟར་ན། རྗེས་དཔག་མངོན་སུམ་དང་ངོ་བོ་ཐ་དད་ཡིན་ན། རྗེས་དཔག་རང་རིག་མངོན་སུམ་དང་ངོ་བོ་ཐ་དད་དུ་འགྱུར་ལ། དེ་འདོད་ན་རྗེས་དཔག་ཤེས་པ་མ་ཡིན་པར་འགྱུར་ཏེ། རང་རིག་མངོན་སུམ་དང་རྫས་ཐ་དད་ཡིན་ན་ཤེས་པ་མ་ཡིན་པས་ཁྱབ་པར་ཁས་བླངས་པའི་ཕྱིར། དེས་ན་འགྲེལ་པ་འདི་རང་འགྲེལ་ཨེ་ཡིན་ལེགས་པར་ལྟོས་ཤིག བཞི་པ་ལ་གཉིས་ཏེ། རྒྱུ་མཚན་དངོས་དང་། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། རྗེས་དཔག་གི་


༼༨༩༽ སྒྲས་བརྗོད་རིགས་ལ་གཉིས་ཡོད་པ་བཞིན་དུ་མངོན་སུམ་ལའང་རང་དོན་དང་གཞན་དོན་གྱི་མངོན་སུམ་གཉིས་ཅིའི་ཕྱིར་མེད། གཞན་དོན་གྱི་རྗེས་དཔག་ཡོད་དེ། བྱས་ན་མི་རྟག་དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་ཞེས་བརྗོད་པའི་ཚིག་ལས་གཞན་ལ་རྗེས་དཔག་སྐྱེ་བའི་ཕྱིར་ཞེ་ན། འོ་ན་གཞན་དོན་གྱི་མངོན་སུམ་ཡང་ཡོད་པར་འགྱུར་ཏེ་རི་དྭགས་རྒྱུག་པ་ལ་ལྟོས་ཤིག་ཅེས་བརྗོད་པའི་ཚིག་ལས་གཞན་ལ་དེ་མཐོང་བའི་མངོན་སུམ་སྐྱེ་བ་མཐོང་བའི་ཕྱིར་ཞེ་ན། འདིའི་ལན་ལ་ནི་རྒྱན་མཛད་པས་ནི་འདི་ལྟར་མཛད་དེ། ཚིག་ལ་བརྟེན་ནས་དེའི་ཚེ་ཚད་མ་སྐྱེས་པ་ཡིན་ན་ཡང་རྗེས་དཔག་གི་ཚད་མར་གསལ་ཏེ། གང་འགལ་རྐྱེན་མེད་ཅིང་མཐུན་རྐྱེན་ཚང་བ་རི་དྭགས་རྒྱུག་པ་ལ་བལྟ་བ་ལ་མངོན་དུ་ཕྱོགས་པ་ལ་དེ་མཐོང་བའི་མངོན་སུམ་སྐྱེ་སྟེ། ཁོ་བོ་ཇི་ལྟར་ཁྱོད་ཀྱང་འགལ་རྐྱེན་མེད་ཅིང་མཐུན་རྐྱེན་ཚང་བ་དེ་བལྟ་བ་ལ་མངོན་དུ་ཕྱོགས་པར་གྱིས་ཤིག་ཅེས་པའི་དོན་དུ་འགྱུར་ལ། དེའི་ཚེ་ཡང་དེ་མཐོང་བའི་མངོན་སུམ་སྐྱེ་བ་རྗེས་དཔག་གིས་རྟོགས་པར་ཟད་ཀྱི། མངོན་སུམ་དེ་ཉིད་དུ་ཚིག་ཙམ་གྱིས་བསྐྱེད་པ་ནི་མ་ཡིན་ནོ་ཞེས་བཤད་དེ། ཇི་ལྟར་ཚིག་ལས་མཐོང་བ་ཡི། །འབྲེལ་པ་དྲན་པར་འགྱུར་བ་ན། །རྗེས་དཔག་སྐྱེ་བ་དེ་བཞིན་དུ། །འགར་ཡང་མངོན་སུམ་སྐྱེ་མ་ཡིན། །ཚུལ་གསུམ་རྟགས་པའི་དྲན་པ་ན། །ངེས་པར་རྗེས་དཔག་སྐྱེ་བར་འགྱུར། །རང་གིས་རྟོགས་པའི་དོན་ཙམ་ནི། །བརྗོད་པ་མངོན་སུམ་རིགས་མ་ཡིན། །ཞེས་ཚིག་ཙམ་ལས་ནི་གཞན་ལ་མངོན་སུམ་སྐྱེ་བ་མེད་དོ། །གལ་ཏེ་རི་དྭགས་རྒྱུག་པ་ལ་ལྟོས་ཞེས་བྱས་པ་ལས་མངོན་སུམ་སྐྱེ་བར་མཐོང་བ་མ་ཡིན་ནམ་ཞེ་ན། དེར་ཡང་རྗེས་སུ་དཔག་པ་དེ་མ་ཐག་པ་ཡིན་པའི་ཕྱིར་རོ། །འདི་ལྟར་དེ་ལྟར་ལྟོས་ཞེས་བྱ་བས་ཏེ། དོན་དེ་མངོན་ཕྱོགས་མ་སྦྱོར་ཞིང་། ང་ཡིས་དེ་ལྟར་རྟོགས་པ་ཡང་། དོན་གྱིས་བསྟན་པར་འགྱུར་བ་ཡིན། འདི་ནི་རི་དྭགས་བལྟ་བ་ལ་མངོན་སུམ་དུ་ཕྱོགས་པར་གྱིས་ཤིག་ཅེས་ངེས་པར་སྦྱོར་བ་ཡིན་ཏེ། མངོན་སུམ་དུ་ཕྱོགས་པ་ནི་ཇི་ལྟར་ཁྱོད་ཀྱང་དེ་བཞིན་ནོ་ཞེས་སོ་ཞེས་འབྱུང་བའི་ཕྱིར་རོ། །འདི་ནི་འཐད་པར་མི་སེམས་ཏེ། གཞན་དུ་བཀག་ཟིན་པའི་ཕྱིར་འདི་མི་སྤྲོའོ། །རྗེ་བཙུན་ཆ་པས་ནི་ལན་འདི་ལྟར་མཛད་དེ། ངག་ལ་རྗེས་དཔག་ཏུ་འདོད་པ་བཞིན་དུ་ཞེས་ངག་ལ་མངོན་སུམ་དུ་འདོད་དགོས་པ་མཚུངས་པ་མ་ཡིན་ཏེ། ངག་ལ་རྗེས་དཔག་ཏུ་འདོད་པ་ལ་རྒྱུ་མཚན་ཡོད་པ་བཞིན་དུ་ངག་ལ་མངོན་སུམ་དུ་འདོད་པའི་རྒྱུ་མཚན་མཚུངས་པ་བདེན་ཀྱང་ངག་ལ་རྗེས་དཔག་ཏུ་འདོད་པའི་དགོས་པ་ཡོད་པ་བཞིན་དུ་ངག་ལ་མངོན་སུམ་དུ་བརྟགས་པའི་དགོས་པ་མེད་པའི་ཕྱིར་ཏེ། ལྐོག་གྱུར་ངེས་པའི་བློ་ལ་སྒྲ་ཚད་མ་ཡིན་པའི་ལོག་རྟོག་སེལ་རྒྱུ་ཡོད་ལ། མངོན་གྱུར་ངེས་པའི་བློ་ལ་སྒྲ་ཚད་མ་ཡིན་པའི་ལོག་རྟོག་སེལ་རྒྱུ་མེད་པའི་ཕྱིར་ཞེས་གསུངས་སོ། །དེ་ནི་ལེགས་པར་མཐོང་ངོ་། །དེས་ན། གཞན་དོན་གྱི་མངོན་སུམ་དུ་མི་འཐད་དེ། དེ་ལྟར་འཐད་ན་རང་གི་མཚན་ཉིད་དེ་གཟུགས་སོགས་ཚིག་ཙམ་གྱིས་གསལ་བར་བསྟན་པར་ནུས་དགོས་པ་ལས་དེ་ལྟར་བསྟན་བྱ་མ་ཡིན་པའི་ཕྱིར། མངོན་རྗེས་གཉིས་རང་གི་གཟུང་ཡུལ་གཅིག་ལ་འཇུག་པ་མ་ཡིན་ཏེ། རྗེས་དཔག་གིས་སྤྱི་མཚན་གཟུང་ཡུལ་དུ་བྱས་པས་རང་གི་གཟུང་ཡུལ་མི་གསལ་བར་སྣང་ལ། མངོན་སུམ་གྱིས་རང་མཚན་གཟུང་ཡུལ་དུ་བྱས་པས་རང་གི་གཟུང་ཡུལ་གསལ་བར་སྣང་བའི་ཕྱིར་ཞེས་སྟོན་པ་ནི། གཟུང་ཐ་དད་ཕྱིར་ཞེས་པའོ། །འདི་ལ་ཐག་ཉེ་རིང་གཉིས་ནས་བུམ་པའི་གཟུགས་ལ་བལྟ་བའི་བུམ་གཟུགས་འཛིན་པའི་དབང་མངོན་གཉིས་རང་གི་གཟུང་ཡུལ་ལ་འཇུག་པ་མ་ཡིན་པར་ཐལ། ཐག་རིང་པོ་ནས་བུམ་གཟུགས་ལ་བལྟ་བའི་བུམ་གཟུགས་འཛིན་པའི་དབང་མངོན་ལ་གཟུང་ཡུལ་མི་གསལ་བར་སྣང་། ཐག་ཉེ་བ་ནས་བུམ་གཟུགས་ལ་བལྟ་བའི་བུམ་གཟུགས་འཛིན་པའི་དབང་མངོན་ལ་གཟུང་ཡུལ་གསལ་བར་སྣང་བའི་ཕྱིར་ཞེས་བརྗོད་ན་ལན་ཇི་ལྟར་འདེབས་ལེགས་པར་སོམས་ཤིག གཞུང་འདི་དང་རྣམ་ངེས་སུ་སློབ་དཔོན་གྱིས་ནི། སྣང་བ་ཐ་དད་པས། གཅིག་ལ་དེ་མི་འཐད་པའི་ཕྱིར། དོན་གྱི་དབྱེ་བ་བཤད་པ་ཡིན། ཞེས་སོགས་ལ་བརྟེན་ནས། རྗེས་དཔག་གི་སྣང་ཡུལ་ཡིན་ན་དངོས་པོ་མ་ཡིན་པས་ཁྱབ་པ་དང་། མངོན་སུམ་ཡིན་ན་རང་གི་སྣང་ཡུལ་དུ་དངོས་པོ་འཛིན་པས་ཁྱབ་ཅེས་རླུང་ལྟར་དུ་གྲགས་སོ། །དེ་ལ་འདི་སྐད་དུ་བརྗོད་ན་ལན་ཇི་ལྟར་འདེབས། གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་པའི་བདེན་སྟོང་མངོན་སུམ་དུ་རྟོགས་པའི་བྱང་འཕགས་ཀྱི་མཉམ་བཞག་ཡེ་ཤེས་ཀྱི་སྣང་ཡུལ་ཡོད་དམ་མེད། མེད་ན། དེ་ཤེས་པ་མ་ཡིན་པར་ཐལ། རང་གི་སྣང་ཡུལ་མེད་པའི་ཕྱིར་དང་། མངོན་སུམ་མ་ཡིན་པར་ཐལ། རང་གི་སྣང་ཡུལ་དུ་དངོས་པོ་མི་འཛིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །རང་གི་སྣང་ཡུལ་ཡོད་ན། སྤྱི་མཚན་ཡང་རང་གི་སྣང་ཡུལ་དུ་མི་བྱེད་དངོས་པོ་ཡང་རང་གི་སྣང་ཡུལ་དུ་མི་བྱེད་པའི་ཕྱིར། ཁྱབ་པ་ནི་ཀུན་གྱི་ཁས་བླངས་སོ། །རྟགས་མ་གྲུབ་ན་ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་ན། གལ་ཏེ་སྤྱི་མཚན་གཟུང་ཡུལ་དུ་བྱེད་ཅེ་ན། རང་གི་གཟུང་ཡུལ་མི་གསལ་བར་སྣང་བར་ཐལ། སྤྱི་མཚན་རང་གི་གཟུང་ཡུལ་དུ་བྱེད་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གལ་ཏེ་བློ་དེས་དངོས་པོ་རང་གི་གཟུང་ཡུལ་དུ་བྱེད་དོ་ཞེ་ན། སྔོན་འཛིན་དབང་པོའི་མངོན་གྱིས་ཤེས་པ་གཟུང་ཡུལ་དུ་བྱེད་པར་འདོད་ན་སྐྱོན་ཅི་ཡོད། བློ་དེ་རང་རིག་པའི་མངོན་སུམ་དུ་ཐལ། ཤེས་པ་རང་གི་གཟུང་ཡུལ་བྱེད་པའི་བློ་ཡིན་པའི་ཕྱིར་ཞེ་ན། འོ་ན་བློ་སྔ་མ་དེ་ཀུན་རྫོབ་དཔྱོད་པའི་ཤེས་པར་ཐལ། དངོས་པོ་རང་གི་གཟུང་ཡུལ་དུ་བྱེད་པའི་བློ་ཡིན་པའི་ཕྱིར་ཞེས་བརྗོད་ན་མི་མཚུངས་སམ་ལེགས་པར་སོམས་ཤིག གལ་ཏེ་སྔོན་འཛིན་དབང་པོའི་མངོན་སུམ་ཆོས་ཅན། སངས་རྒྱས་ཀྱི་དབང་པོའི་མངོན་སུམ་དང་ཁྱད་པར་མེད་པར་ཐལ། དབང་པོའི་མངོན་སུམ་གང་ཞིག་གཟུགས་ཀྱི་སྐྱེ་མཆེད་མངོན་སུམ་དུ་རྟོགས་ཤིང་ཤེས་པ་ཡང་རང་གི་གཟུང་ཡུལ་དུ་བྱེད་པར་ནུས་པའི་ཕྱིར་ཞེ་ན། འོ་ན་གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་པའི་བདེན་སྟོང་མངོན་སུམ་དུ་རྟོགས་པའི་བྱང་འཕགས་ཀྱི་མཉམ་བཞག་གི་ཡེ་ཤེས་ཆོས་ཅན། སངས་རྒྱས་ཀྱི་ཡེ་ཤེས་དང་ཁྱད་པར་མེད་པར་ཐལ། འཕགས་པའི་མཉམ་བཞག་གི་ཡེ་ཤེས་གང་ཞིག གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་བའི་བདེན་སྟོང་མངོན་སུམ་དུ་རྟོགས་ཤིང་དངོས་པོ་ཡང་རང་གི་གཟུང་ཡུལ་དུ་བྱེད་པར་ནུས་པའི་ཕྱིར། ཞེས་བརྗོད་ན་མི་མཚུངས་སམ། གལ་ཏེ་སྔོན་འཛིན་དབང་མངོན་གྱིས་ཤེས་པ་གཟུང་ཡུལ་དུ་བྱེད་པ་མ་ཡིན་ཏེ། དེ་ལ་གཅིག་གིས་གཉིས་ཤེས་པ་མ་ཡིན་ཏེ། དབང་པོའི་སེམས་ནི་ངེས་ཕྱིར་དང་། །ཞེས་པས་གནོད་པའི་ཕྱིར་ཞེ་ན། འོ་ན་གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་བའི་བདེན་སྟོང་མངོན་སུམ་དུ་རྟོགས་པའི་བྱང་འཕགས་ཀྱི་མཉམ་བཞག་གིས་དངོས་པོ་གཟུང་ཡུལ་དུ་བྱེད་པ་མ་ཡིན་ཏེ། དེ་ལའང་། དེ་ཡི་གཉེན་པོ་ཐམས་ཅད་སྟོང་ཉིད་བསྒོམ། །དེར་ནི་གཞན་གྱི་དོན་ལ་བརྩོན་མི་འགྱུར། །ཞེས་པས་གནོད་པའི་ཕྱིར་ཞེས་བརྗོད་ན་མཚུངས་སོ། །དེས་ན་ཁོ་བོ་ནི་སྐབས་གང་དུ་ཡང་མཉམ་རྗེས་སོ་སོར་ཕྱེས་པའི་བློ་གཅིག་གི་ལྡོག་པས་བདེན་སྟོང་དང་དངོས་པོ་གཉིས་ཀ་གཟུང་ཡུལ་དུ་བྱེད་པ་མི་སྲིད་པར་ཁན་ལེན་ལ། ཡང་རིགས་པ་ལ་བློ་ཁ་ཕྱོགས་པ་ལ་ལས་ནི་སངས་རྒྱས་ཀྱི་སར་ནི་མཉམ་རྗེས་སོ་སོར་ཕྱེས་པའི་བློ་གཅིག་པོ་དེ་ཉིད་ཀྱིས་བདེན་སྟོང་དང་དངོས་པོ་གཉིས་ཀ་མངོན་སུམ་དུ་རྟོགས་པ་ཡིན་ཡང་། སློབ་པའི་ལམ་དུ་ནི་དེ་ལྟར་མི་སྲིད་ཅེས་དམ་བཅའ་བས་མངོན་སུམ་གྱི་གཟུང་ཡུལ་གྱི་སྐབས་སུ་ནི་རིགས་པ་སྨྲ་བའི་དམ་པ་རྣམས་ཀྱིས་དཔྱད་པ་ཞིབ་དུ་མཛོད་ཅིག གཉིས་པ་ལ་གསུམ་སྟེ། ཁ་དོག་ལས་རེག་བྱ་དཔོག་པའི་རྗེས་དཔག་གིས་རང་མཚན་གཟུང་ཡུལ་དུ་བྱེད་པ་དགག མངོན་སུམ་གྱི་རྗེས་སུ་འབྲང་བའི་ཐ་སྙད་བྱེད་པའི་ཤེས་པས་རང་མཚན་གཟུང་ཡུལ་དུ་བྱེད་པ་དགག རེག་བྱ་བཏང་སྙོམས་པ་ལས་རླུང་གི་རྫས་དཔོག་པའི་རྗེས་དཔག་གིས་རང་མཚན་བཟུང་ཡུལ་དུ་བྱེད་པ་དགག་པའོ། །དང་པོ་ནི། མངོན་སུམ་གྱིས་གཟུང་བའི་རང་མཚན་རྗེས་དཔག་གིས་གཟུང་དོན་དུ་བྱེད་པ་མཐོང་སྟེ། སྔར་མངོན་སུམ་གྱིས་ཁ་དོག་དང་རེག་བྱ་ལྷན་ཅིག་ཏུ་རྒྱུ་བ་མཐོང་ནས་ཕྱིས་ཁ་དོག་མཐོང་བ་ན། དེའི་རྟགས་ལས་རྗེས་དཔག་གིས་རེག་བྱ་གཟུང་དོན་དུ་རྟོགས་པའི་ཕྱིར་ཞེ་ན། མངོན་སུམ་གྱིས་གཟུང་བའི་དོན་རྗེས་དཔག་གིས་གཟུང་དོན་དུ་བྱེད་པ་མི་འཐད་པར་ཐལ། ཁ་མདོག་གི་རྟགས་ལས་རེག་བྱ་རྟོགས་པའི་རྗེས་དཔག་གི་གཟུང་ཡུལ་ཡིན་ན་མངོན་སུམ་གྱི་གཟུང་ཡུལ་དེ་ལས་གཞན་སྤྱི་མཚན་ཡིན་པ་དགོས་པའི་ཕྱིར། གཞན་དག་ནི་མངོན་སུམ་གྱིས་གཟུང་བའི་དོན་རྗེས་དཔག་གིས་འཛིན་པ་མ་ཡིན་པར་ཐལ། ཞེས་བསྒྲུབ་པ་ནི་ཤིན་ཏུ་རྩིང་པ་ཡིན་ཏེ། མངོན་སུམ་གྱི་གཟུང་དོན་ཆོས་ཅན། ཁྱོད་ཡོད་པར་སྒྲུབ་པའི་སྒྲུབ་རྟགས་ཡང་དག་གི་ཤེས་འདོད་ཆོས་ཅན་མ་ཡིན་པར་ཐལ། ཁྱོད་རྗེས་དཔག་གི་འཛིན་པ་མིན་པའི་ཕྱིར། རྟགས་ཁས་བླངས་སོ། །འདོད་ན། ཁྱོད་ཡོད་པར་བསྒྲུབ་པའི་སྒྲུབ་རྟགས་ཡང་དག་མེད་པར་ཐལ། །འདོད་པའི་ཕྱིར། གཉིས་པ་ནི། མངོན་སུམ་གྱི་རྗེས་སུ་འབྲང་བའི་ཐ་སྙད་བྱེད་པའི་ཤེས་པས་མངོན་སུམ་གྱིས་གཟུང་བའི་རང་མཚན་བཟུང་དོན་དུ་བྱེད་དེ། མངོན་སུམ་གྱིས་མཐོང་བ་དང་། ཐོས་པའི་དོན་ལ་མཐོང་ངོ་ཐོས་སོ་ཞེས་ཐ་སྙད་བྱེད་པའི་ཕྱིར་ཞེ་ན། དེ་ལྟར་ཐ་སྙད་བྱེད་ཀྱང་ཐ་སྙད་བྱེད་པའི་ཤེས་པས་ཀྱང་མངོན་སུམ་གྱིས་བཟུང་བའི་རང་མཚན་བཟུང་དོན་དུ་བྱེད་པ་མ་ཡིན་པར་ཐལ། མཐོན་སུམ་གྱིས་མཐོང་བ་དང་ཐོས་པ་ལ་སོགས་པ་ཉིད་ཐ་སྙད་བྱེད་པའི་ཤེས་པས་རྗོད་བྱེད་ཀྱི་སྒྲའི་སྒོ་ནས་སྤྱིའི་ཚུལ་གྱིས་བསྟན་ཅིང་རྟོགས་པར་བྱ་བ་ཡིན་གྱི་རང་གི་ངོ་བོ་ཉིད་རང་མཚན་གྱི་སྒོ་ནས་བཟུང་དོན་དུ་བྱས་ཤིང་བརྗོད་པ་མིན་པའི་ཕྱིར། གལ་ཏེ་མིག་ཤེས་ཀྱིས་མཐོང་བའི་དོན་ལ་ཡིད་ཤེས་ཀྱིས་སྔོན་པོ་ཇི་ལྟ་བར་ཤེས་པ་དང་། སྔོན་པོ་ཞེས་བརྗོད་པར་མཐོང་བའི་ཕྱིར། མངོན་སུམ་གྱིས་བཟུང་བའི་དོན་ལའང་རྗེས་དཔག་གིས་གཟུང་དོན་དུ་བྱེད་པ་འཐད་དོ་ཞེ་ན། དེར་ཡང་རྗེས་དཔག་གིས་རང་མཚན་གཟུང་དོན་དུ་བྱེད་པ་མི་འཐད་པར་ཐལ། དེར་ཡང་རང་མཚན་ལས་རྣམ་པ་གཞན་སྤྱིའི་ཚུལ་གྱིས་བསྟན་པར་བྱ་བ་ཡིན་གྱི་རང་མཚན་གྱི་ཚུལ་གྱིས་བསྟན་བྱ་མིན་པའི་ཕྱིར། དེར་ཡང་མིང་ལས་རང་མཚན་པའི་སྔོན་པོ་ཤེས་པ་ཡིན་གྱི་སྔོན་པོ་གསལ་བར་ཤེས་པ་མ་ཡིན་པའི་ཕྱིར། དེས་ན་ཐ་སྙད་བྱེད་པ་ལས་ཡིད་ཀྱི་བྱ་བ་རྣམ་པ་གཉིས་ཡོད་ཅེས་བརྗོད་དེ། མིག་ཤེས་ཀྱིས་ཉམས་སུ་མྱོང་བ་ལ་ཡིད་ཀྱིས་སྔོན་པོ་ཇི་ལྟ་བར་ཤེས་པ་དང་། སྔོན་པོ་ཞེས་བརྗོད་པར་བྱེད་པའི་ཕྱིར་རོ། །གསུམ་པ་ལ་གསུམ་སྟེ། དགག་པ་དངོས་དང་། ལུང་ཚིག་གིས་རེག་བྱ་བཏང་སྙོམས་པ་རླུང་ལས་གཞན་གྱི་ཡོན་ཏན་ཡིན་པ་ཁེགས་པར་འདོད་པ་དགག་པ་དང་། རང་ལ་མཚུངས་པ་སྤང་བའོ། །དང་པོ་ནི། རྗེས་དཔག་ཐམས་ཅད་སྤྱི་མཚན་བཟུང་ཡུལ་དུ་བྱེད་པ་ཡིན་ནོ་ཞེས་བརྗོད་པ་ནི་མི་རིགས་ཏེ་སྤྱི་མ་ཡིན་པ་རང་མཚན་ལའང་གཟུང་ཡུལ་དུ་བྱས་ནས་འཇུག་པ་མཐོང་བའི་ཕྱིར། དེ་ཡང་གྲང་དྲོ་གང་ཡང་མ་ཡིན་པའི་རེག་བྱ་བཏང་སྙོམས་པ་ནི་རླུང་གི་རྫས་ཁོ་ནའི་ཡོན་ཏན་ཡིན་ཏེ། རྫས་དགུ་ལས་མཐོང་བའི་རྫས་ས་ཆུ་མེ་གསུམ་གྱི་ཡོན་ཏན་མ་ཡིན་པའི་ཕྱིར་དང་། མ་མཐོང་བའི་རྫས་ནམ་མཁའ་སོགས་ཀྱི་ཡོན་ཏན་ཡང་མ་ཡིན་པའི་ཕྱིར། དེ་ལ་དང་པོ་བསྒྲུབ་པ་ནི། སའི་ཡོན་ཏན་མ་ཡིན་ཏེ། དྲི་དང་ལྷན་ཅིག་སྤྱོད་པའི་ངེས་པ་མེད་པའི་ཕྱིར། ཆུ་དང་མེའི་ཡོན་ཏན་ཡང་མ་ཡིན་ཏེ། གྲང་དྲོ་གཉིས་དང་ལྷན་ཅིག་སྤྱོད་པའི་ངེས་པ་མེད་པའི་ཕྱིར། གཉིས་པ་བསྒྲུབ་པ་ནི། རེག་བྱ་བཏང་སྙོམས་པ་མ་མཐོང་བ་ནམ་མཁའི་ཡོན་ཏན་ཡང་མ་ཡིན་ཏེ། དེ་ཡིན་ན་བུམ་པ་ལ་སོགས་པ་ནམ་མཁའ་ལ་ཐོགས་པར་འགྱུར་བ་ལས་དེ་ལྟར་མི་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་བདག་དང་། ཕྱོགས་དང་། དུས་དང་། ཡིད་ཀྱི་ཡོན་ཏན་ཡང་མ་ཡིན་ནོ། །གཞན་ཡང་ཡོད་ན་མཐོང་བའི་རྫས་སྣང་དུ་རུང་བ་དང་། ཡོད་ན་མཐོང་དུ་མི་རུང་བ་ཐམས་ཅད་ལ་རེག་བྱ་བཏང་སྙོམས་པ་རང་ཕྱོགས་ཆོས་སུ་སོང་བའི་གང་ཟག་གི་ཚད་མས་མ་དམིགས་པས་དེ་དེ་ལ་མེད་པར་སྒྲུབ་ནུས་པས་དེ་རླུང་གི་རྫས་ལ་བརྟེན་པའི་ཡོན་ཏན་དུ་གྲུབ་པས། རྗེས་དཔག་གིས་རྫས་གཟུང་དོན་དུ་བྱེད་དོ་ཞེས་ཟེར་རོ། །དེས་ན་རང་ཕྱོགས་སུ་སོང་བའི་གང་ཟག་གི་ཚད་མས་མ་དམིགས་པས་མེད་པར་མི་འགྲུབ་ཅེས་ལན་འདེབས་ཀྱི་མ་དམིགས་པས་མེད་པར་འགྲུབ་ཅེས་ནི་མི་སྨྲ་སྟེ། འདི་ལྟར་རེག་བྱ་བཏང་སྙོམས་པ་ཆོས་ཅན། ཁྱོད་ས་སོགས་ལ་མེད་ངེས་སུ་ཐལ། ཁྱོད་དེ་ལ་ཡོད་ན་ཁྱོད་དེ་ལ་དམིགས་དགོས་ཁྱོད་དེ་ལ་མ་དམིགས་པའི་ཕྱིར། ལན་ཅི་ཡོད་ལེགས་པར་སོམས་ཤིག གཞུང་དོན་ནི། རྫས་དགུའི་ནང་ནས་ནམ་མཁའ་སོགས་རྫས་བརྒྱད་ཀྱི་ཡོན་ཏན་ཡིན་པ་ཁེགས་པས་རེག་བྱ་བཏང་སྙོམས་པ་རླུང་གི་རྫས་ཁོ་ནའི་ཡོན་ཏན་ཡིན་ནོ་སྙམ་པའི་བློ་དེ་ཆོས་ཅན། རྟགས་ཡང་དག་ལ་བརྟེན་ནས་རྟག་པའི་རྫས་གཟུང་དོན་དུ་བྱེད་པ་མིན་པར་ཐལ། སྤྱི་མཚན་གཟུང་ཡུལ་དུ་མཚོན་པར་བྱས་ནས་རང་ཡུལ་འཛིན་པ་ཡིན་པའི་ཕྱིར། འདི་ལ་དགག་སྒྲུབ་རྒྱས་པར་ནི་རྣམ་འགྲེལ་ངེས་སུ་ཤེས་པར་བྱའོ། །གཉིས་པ་ལ་གཉིས་ཏེ། དངོས་དང་། ལུང་དང་རྗེས་དཔག་སྟོབས་མཚུངས་པར་འདོད་པ་དགག་པའོ། །དང་པོ་ནི། གལ་ཏེ་རེག་བྱ་བཏང་སྙོམས་པ་རྫས་གཞན་གྱི་ཡོན་ཏན་ཡིན་པ་ཁེགས་པས་ཀུན་གྱི་རྗེས་ཐོགས་སུ་རེག་བྱ་བཏང་སྙོམས་པ་རླུང་ཁོ་ནའི་ཡོན་ཏན་ཡིན་པར་ལུང་ལས་ཀྱང་གྲུབ་སྟེ། དེ་སྐད་དུ་ཡང་། རེག་བྱ་ནི་མཐོང་བ་རྣམས་ཀྱི་ཡང་མ་ཡིན་མ་མཐོང་བ་རྣམས་ཀྱི་ཡང་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་ཞེ་ན། རེག་བྱ་བཏང་སྙོམས་པ་ཆོས་ཅན། སྔར་བཤད་པའི་བྱེ་བྲག་པའི་ཡིད་ཆེས་པའི་ཚིག་གི་སྒྲུབ་བྱེད་ཀྱིས་ཁྱོད་རླུང་གི་རྫས་དེ་ལས་གཞན་ལ་ཡོད་པ་འགོག་པར་བྱེད་པའི་རྟགས་ཡང་དག་ཏུ་མི་འཐད་པར་ཐལ། དེ་འདྲའི་ལུང་གི་ཞེན་དོན་ལ་ཚད་མས་གནོད་པའི་ཕྱིར། ལུང་དོན་ལ་ཚད་མས་གནོད་པའི་ཕྱིར་ཞེས་ཚད་སྒྲུབ་བྱེད་པ་ནི་མི་འཐད་དེ། དེ་འདྲའི་ལུང་ཆོས་ཅན། ཁྱོད་རྗོད་བྱེད་ཀྱི་སྒྲ་མ་ཡིན་པར་ཐལ། ཁྱོད་ཀྱི་བརྗོད་བྱའི་དོན་ལ་ཚད་མས་གནོད་པའི་ཕྱིར། རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ། །གཉིས་པ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། གལ་ཏེ་ལུང་དང་རྗེས་དཔག་གཉིས་གཞལ་བྱ་འཇལ་ཚུལ་སྟོབས་མཚུངས་པས་རང་མཚན་གྱི་ཡུལ་ཅན་དུ་ཐ་མི་དད་དུ་གྲུབ་པས་ལུང་ལ་བརྟེན་ནས་རེག་བྱ་བཏང་སྙོམས་ལ་རླུང་ཁོ་ནའི་ཡོན་ཏན་དུ་ངེས་པར་དུ་གྲུབ་བོ་ཞེ་ན། གཉིས་པ་ནི། ལུང་དང་རྗེས་དཔག་གཉིས་གཞལ་བྱ་འཇལ་ཚུལ་སྟོབས་མཚུངས་པའི་སྒོ་ནས་ཡུལ་ལ་འཇུག་ཚུལ་གཅིག་ཏུ་འགྱུར་བ་མ་ཡིན་པར་ཐལ། ལུང་རང་གི་ཞེན་པའི་བརྗོད་བྱ་ལ་འབྲེལ་བ་མེད་པས་དེ་ལ་མི་བསླུ་བར་མི་འགྲུབ་ལ། རྗེས་དཔག་རང་གི་གཞལ་བྱ་ལ་མི་བསླུ་བར་གྲུབ་པས་འཇུག་ཚུལ་ཐ་དད་ཀྱང་སྟེ་ཐ་དད་དུ་འཇུག་པ་སྲིད་པའི་ཕྱིར། ཁ་ཅིག་དེ་གཉིས་རང་མཚན་གྱི་ཡུལ་ཅན་དུ་མི་མཚུངས་པར་ཐལ། ལུང་བརྗོད་བྱ་ལ་སྤྱིའི་ཚུལ་གྱིས་འཇུག་པ་ཡིན་གྱི་ཐུན་མོང་མ་ཡིན་པའི་རང་མཚན་ལ་འབྲེལ་མེད་ལ། སྒྲ་བྱུང་གི་ཚད་མ་རྗེས་དཔག་ལས་འཇུག་ཚུལ་ཐ་དད་དུ་འཇུག་པ་སྲིད་པའི་ཕྱིར། འདི་ནི་སྒྲ་བྱུང་ཚད་མ་གཞན་ཡིན་པ་དགག་པའི་ཆེད་དུ་ཚད་མ་གཞན་ཁས་ལེན་པའི་ལུགས་ལ་བརྟེན་ནས་ལན་བཏབ་པ་ཡིན་གྱི་རང་གི་ལན་ནི་འོག་ཏུ་འཆད་པར་འགྱུར་རོ། །ཞེས་ཟེར་རོ། །འགྲེལ་པ་ཡང་དེ་དང་འདྲ་བར་སྣང་ངོ་། གསུམ་པ་ནི། ལུང་རྗེས་དཔག་མ་ཡིན་ན། ཁྱོད་རང་མཐོ་རིས་ལ་སོགས་པའི་ཤིན་ཏུ་ལྐོག་གྱུར་གྱི་དོན་རྗེས་སུ་དཔོག་པར་འདོད་པ་ཇི་ལྟར་ཡིན་ཞེ་ན། དཔྱད་པ་གསུམ་གྱིས་དག་པའི་ཡིད་ཆེས་པའི་ཚིག་ལས་ཀྱང་གཞི་འགར་ཤིན་ཏུ་ལྐོག་གྱུར་གྱི་དོན་ངེས་པའི་བློ་ཆོས་ཅན། རྗེས་དཔག་ཚད་མ་མ་ཡིན་ཡང་རྗེས་སུ་དཔག་པ་ཉིད་དུ་བཤད་པའི་རྒྱུ་མཚན་ཡོད་དེ། ལུང་ཚད་མར་ཁས་ལེན་པའི་གང་གི་ངོར་རྗེས་དཔག་དང་རང་ཡུལ་ལ་གསར་དུ་མི་བསླུ་བར་མཚུངས་པས་དེ་ལྟར་བཤད་པའི་ཕྱིར། འདི་ཙམ་ལ་དགོངས་ནས་རྗེས་དཔག་ཏུ་བཤད་ཀྱི་ཡིད་ཆེས་པའི་རྗེས་དཔག་ཚད་མར་བཞེད་ནས་དེ་ལྟར་གསུངས་པ་མ་ཡིན་ཏེ། དེའི་རྒྱུ་མཚན་འོག་ནས་འཆད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དངོས་དང་། གཞན་གྱིས་བརྟགས་པའི་རྗེས་དཔག་དགག་པའོ། །དང་པོ་ལ་གསུམ་སྟེ། རང་ལུགས་ཀྱི་རྟགས་ཀྱི་མཚན་ཉིད་དང་། གཞན་གྱིས་བརྟགས་པའི་རྟགས་ཀྱི་དཔོག་ཚུལ་དགག་པ་དང་། རྟགས་ཀྱི་རྣམ་གཞག་བཤད་པའོ། །དང་པོ་ལ་གསུམ་སྟེ། རྟགས་ཡང་དག་གི་མཚན་ཉིད་དང་། ཚུལ་གསུམ་མ་ཚང་བ་རྟགས་ཡང་དག་མ་ཡིན་པར་དོན་གྱིས་འཕངས་པ་དང་། རྣམ་བཅད་ཀྱི་གནས་དཔེར་བརྗོད་པའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ནི། མུ་སྟེགས་སྣོད་ཀྱི་རྗེ་ན་རེ། གཞན་དུ་མི་འཐད་པའི་ཚུལ་གཅིག་ཁོ་ན་རྟགས་ཡང་དག་གི་མཚན་ཉིད་ཡིན་ཞེས་ཟེར་རོ། །ཡང་རིགས་པ་ཅན། སློབ་དཔོན་དབང་ཕྱུག་སྡེ་ལ་སོགས་པ་དག་ན་རེ། ཚུལ་གསུམ་གྱིས་རྟགས་ཡང་དག་ཏུ་མཚོན་པར་མི་ནུས་ཏེ། ཤིང་ཕུང་གཅིག་ལས་སྐྱེས་པའི་མ་ཟོས་པའི་ཤིང་ཐོག་ཆོས་ཅན། རོ་ནུས་སྨིན་པའི་ཁྱད་པར་ཅན་ཡིན་ཏེ། ཤིང་ཕུང་གཅིག་ལས་སྐྱེས་པའི་ཕྱིར། ཟོས་པའི་ཤིང་ཐོག་བཞིན་ཞེས་བཀོད་པ་ཡང་། དེ་སྒྲུབ་ཀྱི་རྟགས་ཡང་དག་དུ་ཐལ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར། དེས་ན་དེ་བཅད་པའི་དོན་དུ་བསྒྲུབ་བྱ་ལ་གནོད་པ་མེད་པའི་ཡུལ་ཅན་བསྣན་ནོ། །དེ་འདྲའི་ཚུལ་བཞིས་ཀྱང་རྟགས་ཡང་དག་ཏུ་མཚོན་པར་ནུས་པ་མ་ཡིན་ཏེ། སྤྱི་ནི་ཆོས་ཅན། གསལ་བ་ཡོད་མེད་ཀྱི་བར་ཐམས་ཅད་དུ་ཡོད་དེ། ནམ་མཁའ་ལྟར་ཐམས་ཅད་ན་ཁྱབ་པའི་ཕྱིར་ཞེས་བཀོད་པ་ཡང་། དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་ཐལ། དེ་སྒྲུབ་ཀྱི་ཚུལ་བཞི་ཡིན་པའི་ཕྱིར། དེ་བཅད་པའི་དོན་དུ་བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་སྨོས་སོ། །དེ་འདྲའི་ཚུལ་ལྔས་ཀྱང་རྟགས་ཡང་དག་ཏུ་མཚོན་པར་མི་ནུས་ཏེ། དུ་བ་དང་རླངས་པ་གང་ཡིན་ཐེ་ཚོམ་ཟ་བ་ན་ས་ཕྱོགས་འདི་ན་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་བཀོད་པ་ཡང་། དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་ཐལ། དེ་འདྲའི་ཚུལ་ལྔ་ཡིན་པའི་ཕྱིར། དེ་བཅད་པའི་དོན་དུ་ཚད་མས་ངེས་པ་བསྣན་པ་ཡིན་ནོ། །ཞེས་ཟེར་རོ། །དེ་ནི་འདིར་འགོག་པར་མི་བྱེད་དེ། དེ་ནི་རྒྱལ་རྔ་བདུན་པ་ཆོས་མཆོག་སོགས་རྒྱ་གར་མཁས་པའི་སྐྱེ་བོ་དང་། རྗེ་བཙུན་ཆ་པ་ལ་སོགས་པའི་བོད་ཀྱི་མཁས་མཆོག་རྣམས་ཀྱིས་ཀྱང་བཀག་ཟིན་པའི་ཕྱིར་དང་། ཁོ་བོས་ཀྱང་རིགས་པའི་གཏེར་གྱི་རྒྱན་དུ་བཀག་པའི་ཕྱིར་རོ། །རྗེ་བཙུན་ཆ་པ་མ་ཡིན་པའི་བོད་ཀྱི་མཁས་པ་ཕལ་ཆེ་བ་ན་རེ། ཚུལ་གསུམ་རྟགས་ཡང་དག་གི་མཚན་ཉིད་ཡིན་ལ། བསྒྲུབ་བྱ་ལ་གནོད་པ་མེད་པའི་ཡུལ་ཅན་སོགས་ནི་རྟགས་ཡང་དག་གི་མཚན་ཉིད་ཀྱི་ཡན་ལག་ཏུ་མི་དགོས་སོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། རྟགས་ཡང་དག་གི་མཚན་ཉིད་དུ་ཚུལ་གསུམ་གྱི་སྟེང་དུ་བསྒྲུབ་བྱ་ལ་གནོད་པ་མེད་པའི་ཡུལ་ཅན་དང་བཞི་དགོས་ཞེས་བརྗོད་ན་ལན་ཅི་ཡོད། མི་འཐད་དེ། ཚུལ་གསུམ་གྱིས་རྟགས་ཡང་དག་གི་རིགས་མི་མཐུན་མཐའ་དག་བསལ་ཟིན་པས། བསྒྲུབ་བྱ་ལ་གནོད་པ་མེད་པའི་ཡུལ་ཅན་རྟགས་ཡང་དག་གི་མཚན་ཉིད་ཀྱི་ཡན་ལག་ཏུ་སྨྲོས་པ་དོན་མེད་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཚུལ་གསུམ་ཡིན་པར་གྲུབ་ན་བསྒྲུབ་བྱ་ལ་གནོད་པ་མེད་པའི་ཡུལ་ཅན་མེད་ཀྱང་། རྟགས་ཡང་དག་ཏུ་མཚོན་པར་ནུས་ལ་ཚུལ་གསུམ་མེད་ན་བསྒྲུབ་བྱ་ལ་གནོད་པ་མེད་པའི་ཡུལ་ཅན་དུ་གྲུབ་ཀྱང་རྟགས་ཡང་དག་ཏུ་མཚོན་པར་མི་ནུས་པའི་ཕྱིར་ཞེས་པའི་སྐྱོན་ཡོད་དོ་ཞེ་ན། འོ་ན་ཚུལ་གསུམ་རྟགས་ཡང་དག་གི་མཚན་ཉིད་དུ་མི་འཐད་པར་ཐལ། ཕྱོགས་ཆོས་དང་ལྡོག་ཁྱབ་ཀྱི་ཚུལ་གྱིས་རྟགས་ཡང་དག་གི་རིགས་མི་མཐུན་མཐའ་དག་བསལ་ཟིན་པས་རྗེས་འགྲོའི་ཚུལ་རྟགས་ཡང་དག་གི་མཚན་ཉིད་ཀྱི་ཡན་ལག་ཏུ་སྨོས་པ་དོན་མེད་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཕྱོགས་ཆོས་དང་ལྡོག་ཁྱབ་ཀྱི་ཚུལ་གཉིས་ཡིན་པར་གྲུབ་ན་རྗེས་འགྲོའི་ཚུལ་མེད་ཀྱང་རྟགས་ཡང་དག་ཏུ་མཚོན་པར་ནུས་ལ། ཕྱོགས་ཆོས་དང་ལྡོག་ཁྱབ་ཀྱི་ཚུལ་གཉིས་མེད་ན། རྗེས་འགྲོའི་ཚུལ་གྲུབ་ཀྱང་རྟགས་ཡང་དག་ཏུ་མཚོན་པར་མི་ནུས་སོ་ཞེས་བརྗོད་ན་མི་མཚུངས་སམ་ལེགས་པར་སོམས་ཤིག གལ་ཏེ་རིགས་མི་མཐུན་སེལ་རྒྱུ་མེད་ཀྱང་ལོག་རྟོག་བསལ་རྒྱུ་ཡོད་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། དེ་ནི་སྔ་མ་ལའང་མི་མཚུངས་སམ། ཡང་སྟོད་རྒྱ་སོགས་མཁས་པ་སྔ་མ་ལ་ལ་ན་རེ། ཕྱོགས་ཆོས་དང་རྗེས་འགྲོས་ཀྱང་རྟགས་ཡང་དག་ཏུ་མཚོན་པར་ནུས་སོ་ཞེས་གསུངས་སོ། །དེ་ནི་མ་ཡིན་ཏེ། གཞལ་བྱ་ཡང་། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་འགྱུར་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་དང་རྗེས་འགྲོ་ཙམ་ཡིན་པའི་ཕྱིར། རྗེས་འགྲོ་ཡིན་པ་མ་གྲུབ་བོ་ཞེ་ན། དེར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་མཐོང་བའི་ཕྱིར། གལ་ཏེ་གཞལ་བྱ་ནི་དེ་སྒྲུབ་ཀྱི་རྗེས་འགྲོ་མ་ཡིན་ཏེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་མཐོང་ཡང་དེས་ནི་རྗེས་འགྲོ་མཚོན་པར་མི་ནུས་ལ་དེ་སྒྲུབ་ཀྱི་རྗེས་འགྲོ་ཡིན་ན་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་དགོས་པ་ལས་དེ་ནི་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་མ་ཡིན་པའི་ཕྱིར་ཞེ་ན། འོ་ན་གཞལ་བྱ་སྒྲ་མི་རྟག་པར་བསྒྲུབ་པའི་ཕྱོགས་ཆོས་མ་ཡིན་པར་འགྱུར་ཏེ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་མཐོང་ཡང་དེས་ནི་དེ་སྒྲུབ་ཀྱི་ཕྱོགས་ཆོས་མཚོན་པར་མི་ནུས་ལ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་ན་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ཁོ་ན་ལ་ཡོད་དགོས་པ་ལས་དེ་ནི་དེ་ཁོ་ན་ལ་ཡོད་པ་མ་ཡིན་པའི་ཕྱིར་ཞེས་བརྗོད་ན་མི་མཚུངས་སམ། གལ་ཏེ་ཕྱོགས་ཆོས་ཡིན་ན་ཤེས་འདོད་ཆོས་ཅན་ཁོ་ན་ལ་ཡོད་དགོས་པ་མ་གྲུབ་བོ་ཞེ་ན། འོ་ན་རྗེས་འགྲོ་ཡིན་ན་མཐུན་ཕྱོགས་ཁོ་ན་ལ་ཡོད་དགོས་པ་མ་གྲུབ་བོ། །གལ་ཏེ་དེ་འདྲའི་ཚིག་གི་ཆ་འགའ་རེ་མཚུངས་སྲིད་ཀྱང་ཆ་གཞན་ནས་མི་མཚུངས་ཏེ། འདི་ལྟར། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་མཐོང་ན་དེ་སྒྲུབ་ཀྱི་རྗེས་འགྲོ་ཡིན་མི་དགོས་ཏེ་གལ་ཏེ་དགོས་ན། མཉན་བྱ་ཡང་སྒྲ་རྟག་པར་སྒྲུབ་པའི་ལྡོག་ཁྱབ་དུ་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མ་མཐོང་བའི་ཕྱིར་ཞེ་ན། འདི་ནི་ཤིན་ཏུ་གཏན་ཚིགས་མ་གྲུབ་སྟེ། མཉན་བྱ་ཆོས་ཅན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པར་ཐལ། དེ་ལ་ཡོད་ན་དེ་ལ་མཐོང་དགོས་པ་ལས་དེ་ལ་མ་མཐོང་བའི་ཕྱིར། བསལ་བ་ཁས་བླངས་སོ། །གལ་ཏེ་གཏན་ཚིགས་གྲུབ་ནའང་ཁྱབ་པ་མི་མཚུངས་ཏེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་མཐོང་ན་དེ་ལ་རྗེས་འགྲོ་བས་མ་ཁྱབ་པར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མ་མཐོང་ན་དེ་ལས་ལྡོག་པས་མ་ཁྱབ་པའི་ཕྱིར། འདོད་ན། དེར་ཐལ། དེ་ལ་མཐོང་ན་དེ་ལ་འཇུག་དགོས་པའི་ཕྱིར། གལ་ཏེ་དེ་ལ་རྗེས་སུ་འགྲོ་ན་དེ་ཁོ་ན་ལ་ཡོད་དགོས་པའི་ཕྱིར་མི་འཐད་དོ་ཞེ་ན། གཞལ་བྱ་ཡང་། མི་རྟག་པ་ཁོ་ན་ལ་ཡོད་པར་ཐལ། དེ་ལ་འཇུག་པའི་ཕྱིར། ཞེས་བརྗོད་ན་མི་མཚུངས་སམ་ལེགས་པར་སོམས་ཤིག ཁོ་ནའི་དོན་འདི་ནི་འོག་ཏུ་དཔྱད་པར་བྱའོ། །རྩ་བའི་རྟགས་དེ་མ་གྲུབ་ན། མཉན་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལས་ལྡོག་པར་ཐལ། དེ་ལ་མ་མཐོང་བའི་ཕྱིར། རྟགས་ཁྱབ་དངོས། འདོད་ན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་མ་ཡིན་པར་ཐལ། དེ་ལས་ལྡོག་པའི་ཕྱིར། འདོད་ན། མེད་ངེས་སུ་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱང་མ་ཡིན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱང་མ་ཡིན་པའི་ཕྱིར། སྔ་མ་མ་གྲུབ་ན། རྟག་པར་ཐལ། ཡོད་པ་གང་ཞིག་དེའི་ཕྱིར། གཞན་ཡང་། དེ་ལ་རྗེས་སུ་འགྲོ་ན། དེ་ཁོ་ན་ལ་ཡོད་དགོས་ན། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་དཔེ་ཁོ་ན་ལ་ཡོད་པར་ཐལ། དེ་ལ་རྗེས་སུ་འགྲོ་བའི་ཕྱིར། མ་གྲུབ་ན། དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་མ་ཡིན་པར་ཐལ་ལོ། །གལ་ཏེ་གཞལ་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་འགྲོ་ཡིན་ཞིང་དེ་སྒྲུབ་ཀྱི་ལྡོག་པ་མ་ཡིན་པ་རང་ལུགས་སུ་ཁས་ལེན་ན་རིགས་པ་ཅན་གྱིས་གཞལ་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་འགྲོ་ཡིན་ཡང་དེ་སྒྲུབ་ཀྱི་ལྡོག་པ་མ་ཡིན་པར་ཁས་ལེན་པ་འགོག་པ་མི་རིགས་པར་འགྱུར་ཏེ། རང་ཉིད་ཀྱི་ཁས་བླངས་ལ་རང་ཉིད་ཀྱིས་གནོད་བྱེད་བརྗོད་པ་ཕལ་པའི་ལུགས་ཡིན་པའི་ཕྱིར་ཞེ་ན། འོ་ན་སྤྱི་གསལ་བ་ཀུན་ཡང་། བདག་གཅིག་པར་ཁས་ལེན་ནམ། མི་ལེན། ཕྱི་མ་ལྟར་ན། སྤྱི་ཆོས་ཅན། གསལ་བ་དེའི་སྤྱི་མ་ཡིན་པར་ཐལ། དེ་དང་བདག་གཅིག་ཀྱང་མ་ཡིན་དེ་དང་བདག་ཉིད་ཐ་དད་ཀྱང་མ་ཡིན་པའི་ཕྱིར། སྔ་མ་ལྟར་ན། སྤྱི་གསལ་བ་ཀུན་དང་བདག་ཉིད་གཅིག་པར་རང་ལུགས་སུ་ཁས་ལེན་ན་གྲངས་ཅན་སོགས་ཀྱིས་སྤྱི་གསལ་བ་ཀུན་དང་བདག་ཉིད་གཅིག་པར་ཁས་ལེན་པར་འགོག་པ་མི་རིགས་པར་འགྱུར་ཏེ། རང་ཉིད་ཀྱི་ཁས་བླངས་ལ་རང་ཉིད་ཀྱིས་གནོད་བྱེད་བརྗོད་པ་ཕལ་པའི་ལུགས་ཡིན་པའི་ཕྱིར་ཞེས་བརྗོད་ན་ལན་ཅི་ཡོད། ཁས་བླངས་དེ་པ་བཀག་པའི་སྐྱོན་མེད་དེ། སྤྱི་གསལ་བདག་ཉིད་གཅིག་ཡིན་པར་ཁས་བླངས་པ་ཙམ་མཚུངས་ཀྱང་། དེ་ནི་འགོག་པ་མ་ཡིན་ལ་ཆ་ཤས་མེད་པའི་གསལ་བ་དང་ཆ་ཤས་མེད་པའི་སྤྱི་གཅིག་ཏུ་གྲངས་ཅན་སོགས་ཀྱི་ཁས་བླངས་པ་འགོག་པ་ཡིན་ཡང་དེ་ནི་རང་ཉིད་ཀྱིས་ཁས་མི་ལེན་པའི་ཕྱིར་ཞེ་ན། འོ་ན་བདག་ཅག་ལའང་ཁས་བླངས་དེ་པ་བཀག་པའི་སྐྱོན་དེ་ནི་མེད་པར་འགྱུར་ཏེ། དེ་སྒྲུབ་ཀྱི་རྗེས་སུ་འགྲོ་བ་ཡོད་ཀྱང་དེ་སྒྲུབ་ཀྱི་ལྡོག་པའི་ཁྱབ་པ་མེད་སྲིད་པར་ཁས་བླངས་པ་ཙམ་མཚུངས་ཀྱང་དེ་ནི་འགོག་པ་མ་ཡིན་ལ། དེ་སྒྲུབ་ཀྱི་རྟགས་ཡང་དག་གི་རྗེས་སུ་འགྲོ་བ་ཡོད་ཀྱང་དེ་སྒྲུབ་ཀྱི་ལྡོག་པ་མི་སྲིད་པར་རིགས་པ་ཅན་པ་སོགས་ཀྱིས་ཁས་བླངས་པ་འགོག་པ་ཡིན་ཡང་དེ་ནི་རང་ཉིད་ཀྱིས་ཁས་མི་ལེན་པའི་ཕྱིར་ཞེས་བརྗོད་ན་མི་མཚུངས་སམ་ལེགས་པར་སོམས་ཤིག གལ་ཏེ་དེ་སྒྲུབ་ཀྱི་རྗེས་འགྲོ་ཡོད་ན་དེ་སྒྲུབ་ཀྱི་ལྡོག་པ་ཡོད་པས་མ་ཁྱབ་ན། རྣམ་པར་ངེས་པ་སོགས་སུ་རྗེས་འགྲོ་ལྡོག་པ་ལ་མི་འཁྲུལ་བར་བཤད་པ་ཇི་ལྟར་འཆད་ཅེ་ན། འོ་ན་ཁྱོད་ཀྱང་རྒྱུ་ཡོད་ན་དེའི་འབྲས་བུ་ཡོད་པས་མ་ཁྱབ་པར་འདོད་ན་རྣམ་པར་ངེས་པ་སོགས་སུ་རྒྱུ་འབྲས་བུ་ལ་མི་འཁྲུལ་བར་བཤད་པ་ཇི་ལྟར་འཆད་ཅེས་བརྗོད་ན་ལན་ཅི་ཡོད། དེའི་སྐྱོན་མེད་དེ། དེར་རྒྱུ་འབྲས་བུ་ལ་མི་འཁྲུལ་བར་བཤད་པ་ནི་དངོས་རྒྱུ་དང་དངོས་འབྲས་ཀྱི་དབང་དུ་བྱེད་པ་ཡིན་ལ་རྒྱུ་ཡོད་ན་དེའི་འབྲས་བུ་ཡོད་པས་མ་ཁྱབ་པར་འདོད་པ་ནི་སྤྱིར་རྒྱུ་འབྲས་ཙམ་གྱི་དབང་དུ་བྱེད་པ་ཡིན་པའི་ཕྱིར་ཞེ་ན། འོ་ན་ཁོ་བོ་ཅག་ལའང་སྐྱོན་མེད་དེ། རྗེས་འགྲོ་ལྡོག་པ་ལ་མི་འཁྲུལ་བར་བཤད་པ་ནི་མི་མཐུན་ཕྱོགས་ལ་ཁེགས་པའི་རྗེས་འགྲོ་དང་ལྡོག་པའི་དབང་བྱེད་པ་ཡིན་ལ་དེའི་རྗེས་འགྲོ་ཡོད་ན་དེའི་ལྡོག་པ་ཡོད་པས་མ་ཁྱབ་པར་འདོད་པ་ནི་སྤྱིར་རྗེས་འགྲོ་དང་ལྡོག་པ་ཙམ་གྱི་དབང་དུ་བྱེད་པ་ཡིན་པའི་ཕྱིར། ཞེས་བརྗོད་ན་མི་མཚུངས་སམ། །འདིར་ནི་དེ་ཙམ་ལས་མ་སྤྲོས་སོ། །འགྲེལ་བཤད་མཁན་པོ་དག །རྗེས་དཔག་བྱ་དང་དེ་མཚུངས་ལ། །ཞེས་སོགས་ཀྱི་སྐབས་སུ་མཉན་བྱ་ཡང་། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡིན་པའི་ཕྱིར་ན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་དམ་བཅས་ནས། འོག་ནས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ལྟར་སྣང་ཡིན་ནོ་ཞེས་འཆད་པ་ནི་ཤིན་ཏུ་མི་འཐད་དེ། འཁོར་གསུམ་དངོས་འགལ་ཁས་བླངས་པའི་ཕྱིར་རོ། །ཁ་ཅིག་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་དང་དེ་སྒྲུབ་ཀྱི་ལྡོག་ཁྱབ་མ་ཡིན་པར་ཁས་བླངས་ནས། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལ་འབྲེལ་བའི་སྒོ་ནས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་མཚན་ཉིད་དང་། དེའི་སྒོ་ནས་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་མེད་པ་ཁོ་ན་ངེས་པ་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཀྱི་མཚན་ཉིད་ཡིན་ཞེས་ཟེར་རོ། །དེ་ནི་ཤིན་ཏུ་མི་འཐད་དེ། མཉན་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་མ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལ་འབྲེལ་པའི་སྒོ་ནས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པའི་ཕྱིར། ཞེས་བརྗོད་ན་ལན་ཅི་ཡོད། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་མ་ཡིན་ཏེ། དེ་ལ་ཡོད་མེད་ཐེ་ཚོམ་ཟ་བའི་ཕྱིར་ཞེ་ན། དེ་སྒྲུབ་ཀྱི་མཐུན་ཕྱོགས་མ་ཡིན་པར་ཐལ། དེ་ཡིན་མིན་ཐེ་ཚོམ་ཟ་བའི་ཕྱིར། ཞེས་བརྗོད་ན་མི་མཚུངས་སམ། དེ་སྒྲུབ་ཀྱི་ལྡོག་ཁྱབ་ཀྱི་མཚན་ཉིད་ལ་མཚུངས་པར་བྱའོ། །གལ་ཏེ་ལྡོག་ཁྱབ་ཀྱི་མཚན་ཉིད་སྟོན་པ་ན་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཁོ་ན་ལ་མེད་པ་ཞེས་མི་ཟེར་བར་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པ་ཞེས་ཟེར་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། འདིའི་ལན་ལ་རྒྱལ་རྔ་བདུན་པ་ཆོས་མཆོག་ན་རེ། དེའི་མཚན་ཉིད་སྟོན་པ་ན་མི་མཐུན་ཕྱོགས་ཁོ་ན་ལ་མེད་པར་ངེས་པ་ཞེས་མི་ཟེར་ཏེ། འདི་ལྟར། རྩོལ་བྱུང་ཡང་། དུང་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་མ་ཡིན་པར་འགྱུར་ཏེ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཁོ་ན་ལ་མེད་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་གློག་ལ་སོགས་པ་ལའང་མེད་པའི་ཕྱིར་ཞེས་གསུངས་སོ། །འདི་ནི་འཐད་པར་མི་སེམས་ཏེ། བུམ་པ་ལ་སོགས་པ་ཡང་། རྟག་པའི་དངོས་པོ་ལ་མེད་པ་མ་ཡིན་པར་དམ་བཅས་ན་སྐྱོན་ཅི་ཡོད། འོ་ན་བུམ་པ་ལ་སོགས་པ་ཡང་ཆོས་ཅན། རྟག་པའི་དངོས་པོ་ལ་ཡོད་པར་ཐལ། དེ་ལ་མེད་པ་མ་ཡིན་པའི་ཕྱིར་ཞེ་ན། འོ་ན་རྩོལ་བྱུང་ཆོས་ཅན། དུང་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ཐལ། དེ་ལ་མེད་པ་མ་ཡིན་པའི་ཕྱིར། ཞེས་བརྗོད་ན་མི་མཚུངས་སམ། གཞན་ཡང་རྩོལ་བྱུང་ཆོས་ཅན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ཐལ། དེ་ཁོ་ན་ལ་མེད་པ་མ་པའི་ཕྱིར། མ་གྲུབ་ན་ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་ན། དེ་ལྟར་མེད་པར་ཐལ། དེ་ལྟར་མེད་པའི་ཕྱིར། གསུམ་ཆར་དངོས་འགལ་མ་ཡིན་ནམ་ལེགས་པར་སོམས་ཤིག འདིའི་རྟགས་ཀྱི་འཇོག་མཚམས་དངོས་འགལ་མ་ཡིན་ཏེ། །ཡོད་པ་མ་ཡིན་ན་མེད་པ་ཡིན་མི་དགོས་པའི་ཕྱིར་ཞེ་ན། དབུ་ཚད་གཉིས་ཀའི་རིགས་ལམ་ལས་འདས་པ་ཡིན་ཏེ། བདེན་པ་བཀག་པས་བདེན་མེད་མི་གྲུབ་པ་དང་། བདག་བཀག་པས་བདག་མེད་མི་འགྲུབ་པར་འགྱུར་ཏེ། ཡོད་པ་བཀག་པས་མེད་པ་མི་འགྲུབ་པའི་ཕྱིར། རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ། །གཞན་ཡང་མཐུན་ཕྱོགས་འགའ་ཞིག་ལ་མེད་ན་མི་མཐུན་ཕྱོགས་ཁོ་ན་ལ་མེད་པ་མ་ཡིན་པས་ཁྱབ་ན། བུམ་པ་དེ་རྟག་པའི་དངོས་པོ་ལ་ཡོད་པར་འདོད་ན་སྐྱོན་ཅི་ཡོད། བུམ་པ་དེ་རྟག་པའི་དངོས་པོ་ལ་ཡོད་པ་མི་འཐད་པར་ཐལ། རྟག་པའི་དངོས་པོ་དེ་ཡོད་པ་མ་ཡིན་པའི་ཕྱིར་ཞེ་ན། འོ་ན་རྩོལ་བྱུང་དེ་དུང་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་མ་ཡིན་པར་འགྱུར་ཏེ། དུང་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་མ་ཡིན་པའི་ཕྱིར། ཞེས་བརྗོད་ན་ལན་ཅི་ཡོད། རྟགས་མ་གྲུབ་བོ་ཞེ་ན། ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་ན། དེར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་འགའ་ཞིག་ལ་མེད་པའི་ཕྱིར། ཞེས་བརྗོད་ན་འཁོར་གསུམ་དངོས་འགལ་དང་འདྲ་བ་མ་ཡིན་ནམ། རྩ་བའི་ཐལ་བ་འདོད་པ་ཁོ་ནའོ་ཞེ་ན། རྩོལ་བྱུང་ཆོས་ཅན། དུང་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་མ་ཡིན་པའི་ཕྱིར། འཁོར་གསུམ་དངོས་འགལ་མ་ཡིན་ནམ། གལ་ཏེ་རྩོལ་བྱུང་དུང་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ཁོ་ན་ལ་མེད་པ་ཡིན་ན་འོག་ནས་ཁྱབ་མཉམ་འབའ་ཞིག་རྟགས་སུ་འགྱུར། ཞེས་འབྱུང་བ་ཇི་ལྟར་འཆད་ཅེ་ན། གཞུང་འདིའི་དོན་མི་མཐུན་ཕྱོགས་ཁོ་ན་ལ་མེད་པ་མ་ཡིན་ཏེ། མཐུན་ཕྱོགས་འགའ་ཞིག་ལ་མེད་པའི་ཕྱིར། ཞེས་ཁྱབ་པ་ཚད་གྲུབ་ཏུ་བྱས་ན་ནི་ཤིན་ཏུ་མི་འཐད་དེ། སྔར་བཤད་པ་བཞིན་དུ་རིགས་པའི་སྟོབས་ཀྱིས་གནོད་པའི་ཕྱིར་རོ། །དེས་ན་གཞུང་འདིའི་དོན་ནི་རིགས་པ་ཅན་པས་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ཁོ་ན་ལ་མེད་པ་མ་ཡིན་ཏེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་བུམ་པ་སོགས་ལ་མེད་པའི་ཕྱིར། ཞེས་དམ་བཅས་པ་དེ་དང་མཐུན་པར་རྩོད་སྒྲུབ་མཁན་པོས་ཀྱང་དེ་བཞིན་དུ་དམ་བཅས་ནས། ཡང་རྟགས་ཡང་དག་ཡིན་ན་མི་མཐུན་ཕྱོགས་ཁོ་ན་ལ་མེད་དགོས་པར་ཁས་བླངས་པ་ལ་ནང་འགལ་སྟོན་བཞེད་ནས་ཁྱབ་མཉམ་འབའ་ཞིག་རྟགས་སུ་འགྱུར། ཞེས་པ་སྟེ། རྩོལ་བྱུང་ཆོས་ཅན། དུང་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་འགྱུར་ཏེ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཁོ་ན་ལ་མེད་པ་མ་ཡིན་པའི་ཕྱིར། མ་གྲུབ་ན་ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་ན། དེར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་གློག་ལ་སོགས་པ་ལའང་མེད་པའི་ཕྱིར། གསུམ་ཆར་དངོས་འགལ། ཁྱོད་ཀྱིས་བཤད་པ་བྱེད་པ་ལྟར་ན་སྒྲ་ཁོ་ན་ཡོད་པར་འགྱུར་ལ། འདོད་ན། སྒྲ་མ་ཡིན་པ་ཡོད་པ་མ་ཡིན་པར་འགྱུར་རོ། །མ་ཁྱབ་ན། རྣམ་ངེས་ལས། གཞན་དང་ལྡན་པས་རྣམ་པར་གཅོད་པས་ཁྱད་པར་ཡིན་ན་གཅིག་དེར་འགྱུར་ན་གཞན་དེ་ཉིད་མ་ཡིན་པར་འགྱུར་ལ་ཞེས་སོགས་ཇི་ལྟར་འཆད་ཅེ་ན། འོ་ན་བྱས་པ་མ་ཡིན་ན་འདུས་མ་བྱས་ཡིན་པས་ཁྱབ་བམ། མ་ཁྱབ། ཕྱི་མ་ལྟར་ན། དངོས་འགལ་བར་ན་ཕུང་གསུམ་ཡོད་པར་འགྱུར་རོ། །དང་པོ་ལྟར་ན། སྒྲ་ཁོ་ན་ཡོད་པར་ཐལ། སྒྲ་ཁོ་ན་བྱས་པ་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་ཁོ་ན་འདུས་མ་བྱས་སུ་ཐལ། སྒྲ་ཁོ་ན་བྱས་པ་མ་ཡིན་པའི་ཕྱིར། ཁྱབ་རྟགས་དངོས། འདོད་ན། སྒྲ་མ་ཡིན་པ་དེ་འདུས་མ་བྱས་མ་ཡིན་པར་ཐལ། སྒྲ་ཁོ་ན་འདུས་མ་བྱས་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གཞན་ཡང་གྲུབ་པའི་མཐའ་ལེགས་བཤད་རྣམས་ཀྱིས་འཇོག་པ་འདི་ལྟར་ན། ཁྱོད་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་མི་འགྲུབ་པར་ཐལ། དེ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་མ་ཡིན་དེ་མི་འགྲུབ་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །རྟགས་མ་གྲུབ་ན། ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་ན། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཡོད་པ་མ་ཡིན་པ་དེ་མི་འགྲུབ་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་དེ་འགྲུབ་པའི་ཕྱིར། གསུམ་ཆར་ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་ན། སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་དེ་མི་འགྲུབ་པར་ཐལ། འདོད་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །ཡང་ཁ་ཅིག་སྒྲ་ཁོ་ན་མཉན་བྱ་ཡིན་ཡང་། སྒྲ་ཁོ་ན་ཡོད་པར་ཁས་མི་ལེན་ཏེ། ཧ་ཅང་ཐལ་བའི་ཕྱིར། ཞེས་ཟེར་རོ། །ཤིན་ཏུ་མི་འཐད་དེ། མཉན་བྱ་སྒྲའི་མཚན་ཉིད་མ་ཡིན་པར་ཐལ། མཉན་བྱ་ཡིན་ན་ཡོད་པས་མ་ཁྱབ་པའི་ཕྱིར། སྒྲ་ཁོ་ན་ཆོས་ཅན། ཡོད་པར་ཐལ། མཉན་བྱ་ཡིན་པའི་ཕྱིར། འཁོར་གསུམ་དངོས་འགལ་མ་ཡིན་ནམ། གལ་ཏེ་ཆོས་ཅན་མ་གྲུབ་པའི་ལན་འདེབས་པས་སྐྱོན་མེད་དོ་ཞེ་ན། མི་འཐད་དེ། འདི་ལྟར། ཆོས་ཅན་དུ་གྲུབ་པར་ཐལ། མཉན་བྱ་ཡིན་པའི་ཕྱིར། ཡང་གསུམ་ཆར་ཁས་བླངས་སོ། །འདིར་རྒྱས་པར་མི་བྱེད་དེ། ཡི་གེ་མང་བས་འཇིགས་པའི་ཕྱིར། རྒྱས་པར་ཤེས་པར་འདོད་ན་ཁོ་བོས་ལེགས་བཤད་གཞན་ན་བཤད་ཡོད་པས་དེར་བལྟ་བར་བྱའོ། །གལ་ཏེ་རིགས་པའི་ལམ་ན་ཁྱོད་ཀྱིས་བཤད་པ་དེ་ལྟར་སྣང་ཡང་སྔར་དྲངས་པའི་གཞུང་དང་འགལ་སྤང་ཇི་ལྟར་བྱེད་ཅེ་ན། འོ་ན་མཉན་བྱ་སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་དང་། རྗེས་འགྲོ་སྤངས་པའི་ལྡོག་ཁྱབ་ཡིན་ནམ། མ་ཡིན། དང་པོ་ལྟར་ན། ཉེས་པ་མེད་དེ། མཉན་བྱ་ཆོས་ཅན། སྒྲའི་སྟེང་དུ་མི་རྟག་པ་གཅོད་པར་ཐལ་བ་དང་། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་ཐལ་བར་འགྱུར་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་དང་ལྡོག་ཁྱབ་ཡིན་པའི་ཕྱིར། ཁྱབ་པ་མེད་པ་དང་། འདོད་པའི་ལན་འདེབས་ན། ཁྱད་པར་རྣམ་པར་གཅོད་པ་ཡིན། །ཞེས་སོགས་ཇི་ལྟར་འཆད། གཞན་ཡང་ལྡོག་ཁྱབ་ཡོད་ན་རྗེས་འགྲོ་ཡོད་པས་མ་ཁྱབ་པར་འགྱུར་ཏེ། རྗེས་འགྲོ་སྤངས་པའི་ལྡོག་ཁྱབ་ཡོད་པའི་ཕྱིར། གཉིས་པ་ལྟར་ན། ཚད་མ་ཀུན་ལས་བཏུས་པ་ལས། ཚུལ་རེ་རེ་དང་གཉིས་གཉིས་པ། །རྟགས་དོན་མིན་པར་དོན་གྱིས་བྱས། །སྒྲ་རྟག་ཅེས་པ་ནས་མཉན་བྱའི་ཕྱིར། །ཞེས་སོགས་ཇི་ལྟར་འཆད་ཅེས་བརྗོད་ན་ལན་ཅི་ཡོད། བརྟག་པ་སྔ་མ་ཁས་མི་ལེན་པས་སྐྱོན་མེད་ལ། ཕྱི་མ་ཁས་བླངས་ཀྱང་གཞུང་གི་དོན་དང་འགལ་བའི་ཉེས་པ་མེད་དེ། གཞུང་ནས་མཉན་བྱ་སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་དང་རྗེས་འགྲོ་སྤངས་པའི་ལྡོག་ཁྱབ་ཏུ་བཤད་པ་དེ་ལྟར་འདོད་པའི་རིགས་པ་ཅན་པ་སོགས་ཀྱི་ངོར་བཤད་པ་ཡིན་གྱི་དངོས་སྟོབས་ལ་མ་ཡིན་ལ་མཉན་བྱ་དེ་ལྟར་མ་ཡིན་པ་ནི་རང་ལུགས་དམ་པ་ཡིན་པའི་ཕྱིར་ཞེ་ན། འོ་ན་ཁོ་བོ་ཅག་ལ་ཡང་གཞུང་དོན་དང་འགལ་བའི་ཉེས་པར་མི་འགྱུར་ཏེ། གཞུང་ནས་སྒྲ་ཁོ་ན་བྱས་པ་ཡིན་ན་བུམ་པ་བྱས་པ་མ་ཡིན་དགོས་པར་བཤད་པ་ནི་བྱས་པ་སྒྲས་ཁྱད་པར་དུ་བྱས་ནས་དཔེ་ལ་རྗེས་འགྲོ་མེད་དགོས་པར་འདོད་པའི་རིགས་པ་ཅན་པ་སོགས་ཀྱི་ངོར་བཤད་པ་ཡིན་གྱི་དངོས་སྟོབས་ལ་མ་ཡིན་ལ་སྒྲ་ཁོ་ན་བྱས་པ་ཡིན་ན་བུམ་པ་བྱས་པ་མ་ཡིན་པས་མ་ཁྱབ་པ་ནི་རང་ལུགས་དམ་པ་ཡིན་པའི་ཕྱིར་ཞེས་བརྗོད་ན་མི་མཚུངས་སམ། ལེགས་པར་སོམས་ཤིག དེས་ན་གཞུང་གི་དབུ་ཞབས་གང་དུ་ཡང་། སྒྲ་ཁོ་ན་བྱས་པ་མ་ཡིན་པར་ཐལ། བུམ་པ་བྱས་པ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་འདུག་པ་ཐམས་ཅད་ནི་གཞན་གྱིས་ཁྱབ་པ་ཁས་བླངས་པ་ཡིན་གྱི་རང་ལུགས་སུ་ཁྱབ་པ་ཚད་གྲུབ་དུ་བྱེད་པ་མ་ཡིན་པར་ཤེས་པར་བྱའོ། །ཁོ་བོས་ཀྱང་མགོ་ཞབས་གང་དུ་ཡང་སྒྲ་ཁོ་ན་ཡོད་ན་སྒྲ་མིན་ཡོད་པ་མ་ཡིན་དགོས་ཞེས་པ་ལྟ་བུའི་ཁྱབ་པ་ཚད་གྲུབ་བྱས་པ་ལྟ་བུ་དང་། སྒྲ་ཁོ་ན་ཡོད་པ་ཡིན་པ་བཀག་པ་ལྟ་བུ་དང་། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་དང་། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པ་ཁོ་ན་ཡིན་ཞེས་པ་ལ་ཁྱད་པར་ཕྱེས་ནས་དགག་སྒྲུབ་བྱས་པ་ལྟ་བུ་གང་སྣང་ཡང་གཞན་ངོར་ཡིན་གྱི་རང་ལུགས་སུ་སྒྲུབ་པ་མ་ཡིན་པས་སྤོབས་པ་ཧ་ཅང་མྱུར་བ་བྱས་ནས་འགལ་བ་འདུག་གོ་ཞེས་ཅལ་སྒྲོག་མ་བྱེད་ཅིག ཚུལ་གསུམ་འགལ་མི་འགལ་དང་ཚུལ་གསུམ་གྱི་དང་། ངེས་བཟུང་གྱི་སྨོས་ལུགས་དང་མཐའ་དཔྱད་ཚུལ་ནི་རྣམ་འགྲེལ་ངེས་སོགས་ཀྱི་ལེགས་བཤད་གཞན་ལས་ཤེས་པར་བྱའོ། །གཉིས་པ་ནི། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་ཏེ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་སུ་དཔག་བྱར་བཏགས་སུ་རུང་བའི་ཤེས་འདོད་ཆོས་ཅན་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཁོ་ནར་ཚད་མས་ངེས་པའི་དེ་སྒྲུབ་ཀྱི་ཚུལ་ཡིན་པའི་ཕྱིར། ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་ལྡོག་ཁྱབ་དང་། ཚོགས་པའི་རྗེས་འགྲོ་ཡིན་ཏེ། ཁྱོད་དེ་སྒྲུབ་ཀྱི་མཐུན་དཔེ་བུམ་པ་ལྟ་བུའི་སྟེང་དུ་དེ་སྒྲུབ་ཀྱི་གཞི་ལྡོག་དང་འབྲེལ་སྟོབས་ཀྱིས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དང་མཐུན་པའི་ཕྱོགས་ཁོ་ན་ལ་སྒྲུབ་ཚུལ་ལྟར་ཡོད་པར་ཚད་མས་ངེས་པའི་དེ་སྒྲུབ་ཀྱི་ཚུལ་ཡིན་པའི་ཕྱིར། འདིའི་ཁོ་ནའི་ངེས་བཟུང་ལ་སྔོན་གྱི་ཊཱིཀ་བྱེད་པའི་རྒྱ་བོད་ཀྱི་མཁས་པ་ཕལ་ཆེར་གསུངས་མཐུན་པར་རྣམ་པར་ངེས་པའི་རྗེས་སུ་འབྲངས་ནས། ཁོ་ནའི་ངེས་བཟུང་ནི་ཤེས་འདོད་ཆོས་ཅན་ལ་གྲུབ་ཟིན་པ་སྡུད་པའི་ངེས་བཟུང་ཡིན་གྱི་དེ་ལ་ཡོད་པ་གཅོད་པ་ནི་མ་ཡིན་ཏེ། མི་མཐུན་ཕྱོགས་ལ་ཡོད་པ་དགག་པའི་དོན་ཅན་ནོ། །དཔེར་ན་དྲང་སྲོང་ནོར་ལྷ་ལ་བུ་གཉིས་སྐྱེས་ཏེ། ན་ར་དང་ནི་སྲེད་མེད་བུ་ཁོ་ནའོ་ཞེས་པའི་ངེས་བཟུང་གིས་ན་ར་དེའི་བུ་ཡིན་པ་མི་གཅོད་པ་བཞིན་ནོ་ཞེས་ཟེར་རོ། །དེ་ནི་འགྲིག་པར་མ་མཐོང་སྟེ། ཤེས་འདོད་ཆོས་ཅན་དང་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ཞེས་པའི་ངེས་བཟུང་ནི་གཞན་ལྡན་རྣམ་གཅོད་ཡིན་ལ་ན་ར་དང་སྲེད་མེད་བུ་ཁོ་ན་ཡིན་ནོ་ཞེས་པའི་ངེས་བཟུང་ནི་མི་ལྡན་རྣམ་གཅོད་ཡིན་པའི་ཕྱིར་དང་། དེ་སྒྲུབ་ཀྱང་དོན་དེ་སྒྲུབ་པར་མི་ནུས་པའི་ཕྱིར་རོ། །དེའི་ཁྱབ་པ་གཉིས་ཀྱང་ཁྱོད་རྣམས་ཀྱིས་ཁས་བླངས་པའི་ཕྱིར་རོ། །སྒྲུབ་མ་ནུས་པ་མ་གྲུབ་བོ་ཞེ་ན། སྒྲ་ཁོ་ན་བྱས་པར་ཐལ། བུམ་པ་བྱས་པ་ཁོ་ན་ཡིན་པའི་ཕྱིར། ཁྱོད་ལྟར་ན་འཁོར་གསུམ་ཁས་བླངས་སོ། །དེས་ན་ཁོ་བོ་ནི་ཁོ་ནའི་ངེས་བཟུང་རྟགས་རྩོད་གཞི་དང་མཐུན་ཕྱོགས་ཁོ་ན་ལ་ཡོད་ཅེས་བརྗོད་པས་རྟགས་རྩོད་གཞི་ལ་ཡོད་པ་མི་གཅོད་དེ། རྩོད་གཞི་ནི་རང་ཡིན་པའི་ཚུལ་གྱིས་མཐུན་ཕྱོགས་ཉིད་ཡིན་པས་མཐུན་ཕྱོགས་ཁོ་ན་ལ་ཡོད་པས་རྩོད་གཞི་ལ་ཡོད་པ་མི་འགོག་པའི་ཕྱིར་ཞེས་སྨྲས་སོ། །ཁྱོད་ཀྱི་འདི་ཚིག་ལ་འགྲིགས་པ་ལྟར་སྣང་ཡང་རྣམ་པར་ངེས་པའི་གཞུང་དང་བསྒྲིགས་པར་མི་ནུས་སོ་ཞེ་ན། སྐྱོན་མེད་དེ། དེ་འདྲའི་རྣམ་པར་ངེས་པའི་གཞུང་དེ་ནི་རྩོད་གཞི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་དུ་ཡང་མི་གཏོགས་བར་འདོད་པའི་མུ་སྟེགས་པའི་འདོད་ལུགས་ལ་བརྟེན་ནས་ལན་མཛད་པ་ཡིན་གྱི་རང་ལུགས་ལ་དེ་ལྟར་བཞེད་པ་མ་ཡིན་པའི་ཕྱིར་དང་། སྔར་ཁོ་བོས་བཤད་པ་དེ་ནི་རང་ལུགས་དམ་པ་ཡིན་པའི་ཕྱིར། རྒྱས་པར་ནི་རྗེ་བཙུན་ཆེན་པོ་དཔལ་ལྡན་ཆ་པའི་རྣམ་པར་ངེས་པའི་ཊཱིཀ་དང་། ཁོ་བོས་བྱས་པའི་ཚད་མ་རིགས་པའི་གཏེར་གྱི་རྒྱན་དུ་ཤེས་པར་བྱའོ། །བྱས་པ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་ལྡོག་ཁྱབ་ཡིན་ཏེ། ཁྱོད་ཀྱིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་བུམ་པ་ལྟ་བུའི་སྟེང་དུ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་གཞི་ལྡོག་ལ་འབྲེལ་བའི་སྟོབས་ཀྱིས་དེ་སྒྲུབ་ཀྱི་མེད་པ་སྟེ་མི་མཐུན་ཕྱོགས་ལ་སྒྲུབ་ཚུལ་ལྟར་མེད་པ་ཉིད་དུ་ངེས་པའི་དེ་སྒྲུབ་ཀྱི་ཚུལ་ཡིན་པའི་ཕྱིར། གཞུང་གི་འགྱུར་ཡང་། ལོ་ཆེན་གྱིས་མཛད་པ་ལྟར་ཡོད་དང་མེད་ལ་མེད་པར་ནི། ཞེས་བཤད་པ་ལེགས་པ་ཡིན་པས་ཁོ་བོས་ཀྱང་དེ་ལྟར་བཤད་པ་ཡིན་ནོ། །ཞ་མའི་འགྱུར་ལས་ནི། ཡོད་དང་མེད་ཉིད་ལ་མེད་པའོ། །ཞེས་འབྱུང་བ་ཡིན་ལ། དེའི་རྗེས་སུ་འབྲང་ནས་ལ་ལ་ན་རེ། མེད་པ་མི་མཐུན་ཕྱོགས་ཉིད་ལ་མེད་པ་ཞེས་པ་ལྡོག་ཁྱབ་ཀྱི་མཚན་ཉིད་ཀྱི་ཡན་ལག་ཏུ་བྱེད་པ་ནི་ཤིན་ཏུ་རང་ཚིག་འགལ་བ་ཡིན་ཏེ། རང་ཉིད་ཀྱིས་མི་མཐུན་ཕྱོགས་ལ་མེད་པ་ཉིད་དུ་ངེས་པ་ཞེས་ཟེར་གྱི་མི་མཐུན་ཕྱོགས་ཉིད་ལ་མེད་པ་ཞེས་མི་ཟེར་ཞེས། ཟེར་ན་རྩོལ་བྱུང་དུང་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་མ་ཡིན་པར་འགྱུར་ཏེ། དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཉིད་ལ་མེད་པ་མིན་པའི་ཕྱིར་ཞེས་པ་དང་ཤིན་ཏུ་འགལ་བའི་ཕྱིར་རོ། །ཡང་འགྲེལ་པ་མཁན་པོའི་རྗེས་སུ་འབྲང་པ་དང་། རྒྱ་བོད་ཀྱི་མཁས་པའི་ལེགས་བཤད་མང་རབ་ལས། རྗེས་ཁྱབ་ལ་མཐུན་ཕྱོགས་ལ་ཡོད་པ་ཁོ་ན་ཞེས་མི་ལྡན་རྣམ་གཅོད་དུ་ངེས་བཟུང་མི་སྦྱོར་ཏེ། མཐུན་ཕྱོགས་ལ་ཆ་གཉིས་པ་ལ་རྗེས་ཁྱབ་མ་གྲུབ་པར་ཐལ་བར་འགྱུར་བའི་ཕྱིར་ཞེས་འབྱུང་བ་ནི་ཤིན་ཏུ་མི་འཐད་པར་མཐོང་སྟེ། རྩོལ་བྱུང་མི་རྟག་པ་ལ་ཡོད་པ་ཁོ་ནར་ངེས་པར་ཐལ། རྩོལ་བྱུང་མི་རྟག་པ་ཡིན་པ་གང་ཞིག རྩོལ་བྱུང་གིས་མི་རྟག་པ་མི་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པའི་ཕྱིར། ཕྱི་མ་མ་གྲུབ་ན་དེར་ཐལ། རྩོལ་བྱུང་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡོད་པའི་ཕྱིར། རྒྱས་པར་གཞན་དུ་ཤེས་པར་བྱའོ། །གཉིས་པ་ནི། ཤེས་པའམ་ངེས་པ་ལོགས་སུ་རྟགས་ཀྱི་མཚན་ཉིད་དུ་སྨོས་པར་རིགས་ཏེ། རྟགས་ལ་ཐེ་ཚོམ་ཟ་ནས་བསྒྲུབ་བྱ་མི་རྟོགས་པའི་ཕྱིར་ཞེ་ན། ཚུལ་གསུམ་ཡང་ཡིན་ངོ་བོ་ལ་ཐེ་ཚོམ་ཟ་བའི་མ་ངེས་པའི་རྟགས་ཀྱང་ཡིན་པའི་གཞི་མཐུན་བཅད་པའི་དོན་དུ་རྟགས་ཀྱི་མཚན་ཉིད་ཀྱི་ཟུར་དུ་ཤེས་པ་ཉིད་ཅེས་པའི་ཚུལ་ལོགས་སུ་སྨོས་དགོས་པ་མ་ཡིན་པར་ཐལ། ཚུལ་གསུམ་ཡིན་ན་འདི་རུ་ཚུལ་དེ་དག་ཚད་མས་ཤེས་པའང་དོན་གྱིས་ཐོབ་པ་ཉིད་ཡིན་པའི་ཕྱིར། ཚུལ་གསུམ་ཚད་མས་ངེས་པ་རྟགས་ཡང་དག་གི་མཚན་ཉིད་དུ་འདོད་པ་ནི་གཞུང་འདིའི་ཕྱོགས་སྔའི་མཐིལ་ཞུགས་ཡིན་ནོ། །རྟགས་མ་གྲུབ་ན་དེར་ཐལ། ཚུལ་གསུམ་ཡིན་ན་རང་ཉིད་བསྒྲུབ་བྱ་ལྐོག་གྱུར་ཤེས་བྱེད་རྟགས་ཀྱི་སྐབས་ཀྱི་དབང་དུ་བྱས་པ་ཡིན་དགོས་ཀྱི་རྒྱུའི་དབང་དུ་བྱས་པ་མ་ཡིན་པའི་ཕྱིར། གསུམ་པ་ནི། རྟགས་ཡང་དག་ཡིན་ན་རང་བཞིན་པའི་ཚུལ་གསུམ་དང་ལྡན་དགོས་པར་བསྟན་པ་ཆོས་ཅན། རྣམ་གཅད་ཀྱི་དགོས་པ་ཡོད་དེ། ཉེ་ཚེ་བའི་ཚུལ་རེ་རེ་བ་དང་། ཉེ་ཚེ་བའི་ཚུལ་གཉིས་པ་ཙམ་ལས་གཞན་མེད་པ་རྟགས་ཡང་དག་གི་དོན་ལྡོག་མིན་པར་དོན་གྱིས་བྱས་པའི་ཕྱིར། འདིས་ནི་ཚུལ་རེ་རེ་བ་དང་། ཕྱོགས་ཆོས་དང་རྗེས་འགྲོ་འཕངས་པའི་ལྡོག་པའི་ཚུལ་ལྟ་བུ་ཚུལ་གཉིས་པ་ཡང་རྟགས་ཡང་དག་གི་མཚན་ཉིད་དུ་མི་རུང་བར་བསྟན་གྱི་ཕྱོགས་ཆོས་དང་ལྡོག་པའི་ཚུལ་གཉིས་ལྟ་བུ་རྟགས་ཡང་དག་གི་མཚན་ཉིད་དུ་མི་རུང་བར་བསྟན་པ་མ་ཡིན་པར་ཤེས་པར་བྱའོ། །གསུམ་པ་ནི། བློ་ལ་ལྟོས་ནས་ཚུལ་རེ་རེ་བའི་གཏན་ཚིགས་ལྟར་སྣང་བའི་དཔེ་བརྗོད་ཡོད་དེ། སྒྲ་ཆོས་ཅན་རྟག་སྟེ། བྱས་པའི་ཕྱིར་དང་། ལུས་ཅན་ཡིན་པའི་ཕྱིར་དང་། གཞལ་བྱ་མིན་པའི་ཕྱིར་ཞེས་པའི་གཏན་ཚིགས་ལྟར་སྣང་ཡོད་པའི་ཕྱིར། དེ་ཡང་དང་པོ་ནི། ཕྱོགས་ཆོས་གཅིག་པུ་ཅན་དུ་དངོས་སྟོབས་ལ་གནས་པ་ཡིན་ནོ། །གཉིས་པ་ནི་ཕྱོགས་ཆོས་མ་གྲུབ་ཅིང་ལྡོག་ཁྱབ་དོན་ལ་མ་གྲུབ་པས་རྗེས་འགྲོ་གཅིག་པུ་ཅན་དུ་བཤད་པ་ནི་རྡུལ་ཕྲན་རྟག་པར་འདོད་པའི་བྱེ་བྲག་པའི་འདོད་པ་དང་བསྟུན་ནས་བཤད་པ་ཡིན་ནོ། །གསུམ་པ་ནི། ལྡོག་ཁྱབ་གཅིག་པུ་ཅན་དུ་བཤད་པ་ནི་རི་བོང་གི་རྭ་འདོད་པའི་གསལ་བྱེད་པའི་ལུགས་དང་བསྟུན་ནས་བཤད་པ་ཡིན་ནོ། །ཚུལ་གཉིས་པའི་སྒྲས་བརྗོད་དུ་རུང་བའི་གཏན་ཚིགས་ལྟར་སྣང་བའི་དཔེར་བརྗོད་ཡང་ཡོད་དེ། སྒྲ་ཆོས་ཅན་རྟག་སྟེ། ལུས་ཅན་མ་ཡིན་པའི་ཕྱིར་དང་། མཉན་བྱའི་ཕྱིར་དང་། མིག་གི་ཤེས་པའི་གཟུང་བྱ་ཡིན་པའི་ཕྱིར་ཞེས་པའི་རྟགས་ལྟར་སྣང་ཡོད་པའི་ཕྱིར། དེ་ཡང་དང་པོ་ནི་ཕྱོགས་ཆོས་དང་རྗེས་འགྲོ་ཙམ་གྲུབ་ལ་ལྡོག་པ་མ་གྲུབ་པར་བཤད་པ་ནི་བྱེ་བྲག་པའི་འདོད་པ་དང་བསྟུན་ནས་བཞག་པ་ཡིན་ནོ། །གཉིས་པ་ནི། ཕྱོགས་ཆོས་དང་། མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱི་ལྡོག་པ་ཅན་ནོ། །གསུམ་པ་ནི་ཕྱོགས་ཆོས་མ་གྲུབ་ལ་རྗེས་འགྲོ་དང་ལྡོག་པའི་ཚུལ་དུ་བྱས་པ་དངོས་སྟོབས་ལ་གནས་པ་ཡིན་ནོ། །འགྲེལ་བཤད་མཁན་པོ་དག སྒྲ་ཆོས་ཅན། རྟག་སྟེ། གཞལ་བྱ་མ་ཡིན་པའི་ཕྱིར་ཞེས་པ་ལ་ནི་ལྡོག་པའི་ཚུལ་ཡོད་ལ། སྒྲ་ཆོས་ཅན། རྟག་སྟེ། མིག་གིས་གཟུང་བར་བྱ་བ་ཡིན་པའི་ཕྱིར་ཞེས་པ་ལ་ནི་ཚུལ་ཡེ་མེད་ཡིན་ནོ་ཞེས་གསུངས་སོ། །དེ་ནི་ཤིན་ཏུ་མི་འཐད་དེ། དངོས་པོའི་སྟོབས་ལ་བསམ་ན་གཉིས་ཀ་ལྡོག་པ་ལ་སོགས་པའི་ཚུལ་མ་ཡིན་པར་མཚུངས་ལ། གཞན་གྱིས་ཁས་བླངས་པའི་ཚུལ་ལ་བསམ་ན་ཚུལ་གང་རུང་ཡོད་པར་མཚུངས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ཕྱོགས་སྔ་མ་དང་། དེ་དགག་པའོ། །དང་པོ་གཉིས་ཏེ། བསྒྲུབ་བྱའི་ཆོས་དཔག་བྱར་འདོད་པ་དང་། གཞི་ཆོས་ཀྱི་འབྲེལ་པ་དོན་གཞན་དཔག་བར་འདོད་པའོ། །དང་པོ་ནི། ཁ་ཅིག་ན་རེ། ཆོས་གཞན་མེ་ཁོ་ན་དུ་བས་ལ་མེ་ཡོད་དུ་སྒྲུབ་པའི་དཔག་པར་བྱ་བར་འདོད་དེ། གཏན་ཚིགས་དུ་བ་མེ་དང་ལྷན་གཅིག་རྒྱུ་བར་མཐོང་གི་མེ་དང་ལྡན་པའི་ས་ཕྱོགས་དང་ངེས་པར་ལྷན་གཅིག་དུ་རྒྱུ་བ་མ་མཐོང་བས་མེ་ལ་མི་འཁྲུལ་བས་སོ་ཅེས་ཟེར་རོ། །གཉིས་པ་ནི། གཞི་དང་ཆོས་གཉིས་ཀྱི་ལྡན་པའི་འབྲེལ་པ་རྫས་གཞན་རྟགས་ཀྱི་དཔག་བྱར་འདོད་དེ། དེའི་ཆོས་མེ་དང་ཆོས་ཅན་དུ་བ་དང་ལྡན་པའི་ཕྱོགས་དག་གང་རུང་རྟགས་ཀྱི་དཔག་བྱ་ཡིན་དགོས་པ་ལས་དེ་ཕྱིར་རྒོལ་གྱིས་གྲུབ་ཟིན་པས་དེ་བསྒྲུབ་མི་དགོས་པའི་ཕྱིར་ཞེས་འདོད་དོ། །གཉིས་པ་ལ་གཉིས་ཏེ། འདོད་ལུགས་སྔ་མ་དགག་པ་དང་། དེ་ཕྱི་མ་དགག་པའོ། །དང་པོ་ལ་གཉིས་ཏེ། ཆོས་རྐྱང་པ་བསྒྲུབ་བྱར་མི་འཐད། རྩོད་གཞི་དང་ཆོས་ཀྱི་ཚོགས་དོན་བསྒྲུབ་བྱར་ཁས་ལེན་རིགས་པའོ། །དང་པོ་ནི། བསྒྲུབ་བྱ་རང་གང་ལ་བསྒྲུབ་བྱ་སོང་བཞིན་པའི་ཕྱིར་རྒོལ་གྱིས་མ་ངེས་པའི་སྔ་རོལ་དུ་རྟགས་ཆོས་ཀྱི་འབྲེལ་པ་ངེས་སུ་རུང་ངམ། མི་རུང་། མི་རུང་ན། གཞན་དོན་སྐབས་ཀྱི་རྟགས་ཡང་དག་ཏུ་འགྱུར་བ་མི་སྲིད་པར་འགྱུར་ཏེ། དེའི་སྔ་རོལ་དུ་རྟགས་ཆོས་ཀྱི་འབྲེལ་པ་ངེས་སུ་མི་རུང་བའི་ཕྱིར། གལ་ཏེ་དེའི་སྔ་རོལ་དུ་ཆོས་མེ་ལ་གཏན་ཚིགས་དུ་བ་འབྲེལ་བར་ངེས་པར་རུང་ཞིང་གྲུབ་ན་ནི། རྟགས་ཆོས་ཀྱི་འབྲེལ་པ་ངེས་པའི་རྗེས་སུ་དུ་བ་དེ་ཡིས་འབྲེལ་པ་ངེས་དེ་ལས་གཞན་མེ་ཅི་ཞིག་དཔག་སྟེ་དཔག་པར་བྱ་བ་ཡིན་པ་མི་འཐད་པར་ཐལ། མེ་དེ་རང་གང་ལ་བསྒྲུབ་བྱར་སོང་བཞིན་པའི་ཕྱིར་རྒོལ་གྱིས་མེ་དུའི་རྟགས་ཆོས་ཀྱི་འབྲེལ་པ་ངེས་པའི་དུས་ནས་གྲུབ་ཟིན་པའི་ཕྱིར། གསུམ་ཀར་དོན་ནི་རྟགས་ཡང་དག་ཡིན་པ་མི་སྲིད་པར་ཐལ། གང་ལ་བསྒྲུབ་བྱར་སོང་བཞིན་པའི་ཕྱིར་རྒོལ་གྱིས་རྟགས་ཆོས་ཀྱི་འབྲེལ་པ་ངེས་པའི་དུས་ན་དེས་བསྒྲུབ་བྱ་རྟོགས་ཟིན་པའི་ཕྱིར་ཞེས་པའོ། །གཉིས་པ་ནི། གལ་ཏེ་མེ་དུའི་འབྲེལ་བ་ངེས་པའི་རྗེས་སུ་བསྒྲུབ་བྱ་རྟོགས་པར་འདོད་དོ་ཅེ་ན། འབྲེལ་པ་ངེས་པའི་རྗེས་སུ་བསྒྲུབ་བྱ་རྟོགས་པར་ཁས་ལེན་པ་དེ་ལྟར་ན། ཆོས་ཅན་དུ་ལྡན་གྱི་ལ་དེ་ཉིད་ལ་མེ་ཡོད་པའམ་མེ་དཔག་བྱར་ཅིའི་ཕྱིར་མི་འདོད་དེ་འདོད་རིགས་པར་ཐལ། མེ་དུའི་འབྲེལ་པ་ངེས་པའི་རྗེས་སུ་བསྒྲུབ་བྱ་རྟོགས་པར་ཁས་ལེན་པ་འཐད་པ་གང་ཞིག་ཚུལ་དེ་ལས་གཞན་དུ་མི་འཐད་པའི་ཕྱིར། རྟགས་བསལ་ཁས་བླངས་སོ། །གཉིས་པ་ལ་གཉིས་ཏེ། དགག་པ་དངོས་དང་། ཆོས་དང་ཆོས་ཅན་གྱི་ཚོགས་དོན་བསྒྲུབ་བྱར་ཁས་ལེན་དགོས་པར་བསྟན་པའོ། །དང་པོ་ལ་གསུམ་སྟེ། འབྲེལ་པ་དོན་གཞན་རྗེས་དཔག་གི་གཞལ་བྱར་འགལ་བ་དང་། གཞན་དོན་རྗེས་དཔག་དམ་བཅའི་ངག་དང་ལྷན་ཅིག་ཏུ་ཐལ་བ་དང་། རྟགས་ཆོས་འབྲེལ་མེད་དུ་ཐལ་བའོ། །དང་པོ་ནི། མེད་ན་མི་འབྱུང་བའི་ནང་དུ་མ་གཏོགས་པའི་ལྡན་འདུ་སོགས་གཞི་ཆོས་ཀྱི་འབྲེལ་པ་དོན་གཞན་གཉིས་ཆོས་ཅན། དུ་བའི་རྟགས་ལས་དུ་ལྡན་གྱི་ལའི་སྟེང་དུ་རྗེས་དཔག་གི་གཞལ་བྱར་མི་འཐད་པར་ཐལ། ཡོད་པ་མ་ཡིན་པའི་ཕྱིར། ཆོས་ཅན་དང་བསལ་བ་ཁས་བླངས་སོ། །འང་ནི། འབྲེལ་པ་གཏན་མེད་པར་འདོད་པ་ནི་མ་ཡིན་ཏེ། མེ་ལས་ཐ་དད་གང་ཞིག་མེ་མེད་ན་དུ་བ་མེད་དགོས་པར་ཁས་ལེན་དགོས་པའི་ཕྱིར། འགྲེལ་བཤད་ཀྱི་འགྱུར་ལས་ནི་འབྲེལ་པ་ལ་ཡང་གཉིས་ཡོད་མིན་ཞེས་པ་སྣང་བས་དེའི་དོན་ནི། རྗེས་དཔག་དེ་མེ་དུའི་འབྲེལ་པ་ལ་ཡང་འཇལ་བྱེད་དུ་འཇུག་པ་མི་འཐད་པར་ཐལ། དེའི་ངོར་མེ་དུ་གཉིས་ཡོད་པ་མིན་པའི་ཕྱིར་ཞེས་བྱའོ། །ཐལ་བ་ལས། རྗེས་དཔག་གིས་འབྲེལ་པ་དོན་གཞན་འཇལ་བ་དེ་བཞིན་ཡིན་ན། རྗེས་དཔག་ཆོས་ཅན། ལ་ལ་མེ་ཡོད་སྙམ་དུ་མི་འཇལ་བར་ལ་དང་མེའི་འབྲེལ་བའོ་སྙམ་དུ་འཇལ་བ་དང་། སྒྲས་བརྗོད་པའི་ཚིའང་མེའི་འབྲེལ་པའོ་ཞེས་དྲུག་པའི་སྒྲ་རུ་འགྱུར་བར་ཐལ། ལ་དང་མེའི་ཚོགས་དོན་མི་འཇལ་བ་གང་ཞིག་ལའི་སྟེང་དུ་ལ་མེའི་འབྲེལ་བ་རྫས་གཞན་འཇལ་བའི་རྗེས་དཔག་ཡིན་པའི་ཕྱིར། རྟགས་གཉིས་ཀ་དངོས་འགལ། གཉིས་པ་ནི། ལ་མེའི་འབྲེལ་པ་རྫས་གཞན་ཆོས་ཅན། ལ་མེ་ཡོད་དུ་སྒྲུབ་པའི་གཞན་དོན་རྗེས་དཔག་གིས་དངོས་སུ་བརྗོད་པར་མི་བྱ་བར་ཐལ། ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་གི་དངོས་ཀྱི་གཞལ་བྱ་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །ཁྱོད་ལའང་ཉེས་པ་དེ་མཚུངས་སོ་ཞེ་ན། སྐྱོན་མེད་དེ། རྗེས་དཔག་གི་དངོས་ཀྱི་གཞལ་བྱ་གཞན་དོན་རྗེས་དཔག་གིས་དངོས་སུ་ཚིག་ཟིན་ལ་མི་སྟོན་ཡང་དོན་གྱིས་སྨོས་པའི་ཕྱིར། གསུམ་པ་ནི། གཏན་ཚིགས་ལ་སྟེང་དུ་བ་འདི་ཆོས་ཅན། ཁྱོད་དུ་ལྡན་གྱི་ལའི་སྟེང་དུ་གཞི་ཆོས་ཀྱི་འབྲེལ་པ་རྫས་གཞན་གྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། གཞི་ཆོས་ཀྱི་འབྲེལ་པ་རྫས་གཞན་དང་འབྲེལ་པ་མིན་པའི་ཕྱིར། གཉིས་པ་ནི། རྗེས་དཔག་གིས་གཞལ་བར་བྱ་བའི་འབྲེལ་པ་བསྟན་བྱ་མ་ཡིན་ན་འབྲེལ་པ་ཙམ་ཡང་བསྟན་བྱ་མ་ཡིན་པར་འགྱུར་རོ་ཞེ་ན། རྟགས་ཀྱི་འཁྲུལ་པ་མེད་པ་ནི་ཞེས་པ་སྟེ། བྱས་པས་སྒྲ་མི་རྟག་པར་བསྒྲུབ་པའི་འབྲེལ་པ་ཡང་། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གི་གཞལ་བྱ་མ་ཡིན་ན་དེ་སྒྲུབ་ཀྱི་སྒྲུབ་ངག་གི་བསྟན་བྱ་མ་ཡིན་པས་མ་ཁྱབ་པར་ཐལ། ཆོས་ལ་སྟེ། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་འབྲེལ་པ་དེ་དེ་མིན་ཡང་གཞན་དུ་དེ་སྒྲུབ་ཀྱི་དཔེའི་སྟེང་དུ་བསྟན་བྱར་བྱེད་པའི་ཕྱིར། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་འབྲེལ་བའི་གོ་བྱེད་མ་ཡིན་ན་དེ་སྒྲུབ་ཀྱི་གོ་བྱེད་མ་ཡིན་པས་མ་ཁྱབ་སྟེ། དེ་མིན་ཡང་རང་གིས་དེ་ལྟར་སྒྲུབ་པའི་མཐུན་དཔེའི་སྟེང་དུ་མི་རྟག་པ་དེར་འབྲེལ་པ་གྲུབ་པའི་སྒོ་ནས་དེ་དང་ལྡན་པ་ཡི་ཆོས་ཅན་ཏེ། སྒྲ་མི་རྟག་པར་གོ་བར་བྱེད་པ་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། རྟགས་ཀྱི་འཇོག་ཚུལ་བཤད་པ་དང་། རྟགས་ཀྱི་རྩ་བ་འབྲེལ་པ་བཤད་པའོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། རྟགས་སེལ་འཇུག་དང་མཚུངས་པར་སྒྲུབ་པ་དང་། སྒྲུབ་འཇུག་དང་མཚུངས་པར་དགག་པ་དང་། སྤྱི་རྫས་གཞན་མཐོང་བའི་སྒོ་ནས་འཇུག་པ་དགག་པའོ། །དང་པོ་ལ་གསུམ་སྟེ། འབྲེལ་པ་རྫས་གཞན་བསྒྲུབ་བྱའི་ཆོས་སུ་འདོད་པ་ལ་དགག་པ་གཞན་བསྟན་པ་དང་། རྟགས་ཀྱི་བསྒྲུབ་ཆོས་ཀྱི་ཆ་ཤས་ཐམས་ཅད་རྩོད་གཞི་ལ་བསྒྲུབ་པར་མི་ནུས་པའི་ཚུལ་དང་། དེའི་དཔེ་བསྟན་པའོ། །དང་པོ་ནི། ལ་དང་མེ་ཡོད་ཀྱི་འབྲེལ་པ་རྫས་གཞན་ཆོས་ཅན། ཁྱོད་རྟགས་ཀྱི་རྗེས་སུ་བསྟན་བྱ་བའི་ཆོས་ཏེ་དུ་བས་ལ་མེ་ཡོད་དུ་སྒྲུབ་པའི་རྟགས་ཡང་དག་གི་བསྒྲུབ་བྱའི་ཆོས་སུ་འདོད་པ་ལ་རིགས་པས་གནོད་པའི་དཔྱད་པ་གཞན་ཡང་འཇུག་པར་ཐལ། ཁྱོད་དུ་བའི་འབྲེལ་ཡུལ་དུ་ཚད་མས་བསྟན་པར་མི་ནུས་པའི་ཕྱིར། གཉིས་པ་ནི། གཏན་ཚིགས་སྟེ། བྱས་པ་ཆོས་ཅན། ཁྱོད་ཀྱིས་སྒྲའི་སྟེང་དུ་མི་རྟག་པ་སྒྲུབ་པའི་ཚེ་སྟོང་བདག་མེད་སོགས་ལྡོག་པའི་ཆོས་ཀྱི་དོན་དུ་མ་འཇུག་པའི་དུས་ཀུན་ཏུ་རྣམ་པ་ཐམས་ཅད་དུ་རྟོགས་ཅིང་གོ་བར་བྱེད་པ་མིན་པའི་ཕྱིར། དེ་ལྟར་ན་སྒྲ་ལ་རྟག་པའི་སྒྲོ་འདོགས་ཆོད་ན་སྒྲ་ལ་བདག་ཏུ་སྒྲོ་འདོགས་ཆོད་དགོས་ན་དེ་ལྟར་མིན་པའི་ཕྱིར། འོ་ན་སྒྲ་ལ་མི་རྟག་པ་དཔོག་པའི་ཚུལ་ཇི་ལྟར་ཡིན་ཞེ་ན། དེའི་ཚུལ་མེད་པ་མ་ཡིན་ཏེ། ཐོག་མར་མི་རྟག་པ་ལྟ་བུའི་བསྒྲུབ་བྱའི་ཆོས་གང་དང་འབྲེལ་བ་ཡོངས་སུ་བཅད་ནས་སྒྲ་ལ་རྟག་པ་ལྟ་བུའི་ཆོས་གཞན་དང་བྲལ་བ་ཐོབ་ཅིང་རྟོགས་པར་བྱེད་པའི་ཕྱིར། དོན་འདི་ནི་རྣམ་འགྲེལ་དུ། ཆ་ཤས་སྒྲོ་འདོགས་ཇི་སྙེད་པ་དང་། ཞེས་སོགས་དང་། དེས་ན་ལྐོག་གྱུར་དོན་ཐམས་ཅད། ཁྱད་པར་དུ་ནི་རྟོགས་མི་འགྱུར། །ཞེས་པའི་སྐབས་བཞིན་དུ་ཤེས་པར་བྱའོ། །གསུམ་པ་ནི། དེ་ལ་གཞན་གྱི་འདོད་པ་དང་བསྟུན་པའི་དཔེ་མེད་པ་མ་ཡིན་ཏེ། བྱེ་བྲག་པ་ལྟར་ན་ཡང་། ཡོན་ཏན་དང་ལྡན་པ་དང་། དྲི་ཉིད་ཡིན་པ་དང་། དྲི་བསུང་ཞིམ་པ་དང་། སོགས་པས་ཁྱད་ཆོས་དེ་ཡི་བྱེ་བྲག་གི་རིམ་པས་རྫས་གཞན་མིན་པ་ལ་བརྟེན་པ་དང་། སའི་རྫས་མིན་པ་ལ་སོགས་པ་ལ་བརྟེན་པ་དང་། དྲི་ང་བ་སོགས་རྣམ་པར་བཅད་ནས་ཨུཏྤལ་ལ་སོགས་ལྡོག་ཆོས་རེ་རེ་རྟོགས་པར་བྱེད་ཀྱི་སྒྲ་བློ་རེ་རེས་དོན་ཐམས་ཅད་མི་བརྗོད་ཅིང་མི་རྟོགས་པར་འདོད་པ་བཞིན་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་སྒྲ་འཛིན་པའི་མངོན་སུམ་གྱིས་སྒྲ་དང་གྲུབ་བདེ་རྫས་གཅིག་པའི་དངོས་པོ་ཀུན་མཐོང་བ་བཞིན་དུ་གཏན་ཚིགས་ལ་བརྟེན་པའི་རྗེས་དཔག་ཀྱང་སྒྲུབ་པའི་སྒོ་ནས་འཇུག་ན་ནི། བྱས་པའི་རྟགས་ལས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། སྒྲའི་དངོས་པོ་ཐམས་ཅད་རྟོགས་པར་མི་འགྱུར་བའམ་སྟེ། སྒྲའི་མི་རྟག་པའང་མ་རྟོགས་པར་ཐལ། དེ་ལ་སྒྲུབ་པས་འཇུག་པའི་ངེས་ཤེས་གང་ཞིག་སྒྲ་ཡི་བདག་མེད་ཀྱི་དངོས་པོ་མ་རྟོགས་པའི་ཕྱིར། ཡང་ན་ཆོས་ཅན། སྒྲའི་དངོས་པོ་ཐམས་ཅད་རྟོགས་པར་འགྱུར་བར་ཐལ། དེ་གང་ཞིག་སྒྲའི་མི་རྟག་པ་རྟོགས་པའི་ཕྱིར། འདི་སྔ་ཕྱི་གཉིས་ཀྱི་ཁྱབ་པ་ཁས་བླངས་སོ། །འདི་རྣམས་ཀྱི་སྤྱི་དོན་ནི་རྣམ་འགྲེལ་ངེས་སུ་ཤེས་པར་བྱའོ། །གསུམ་པ་སྤྱི་དོན་གཞན་མཐོང་བའི་སྒོ་ནས་འཇུག་པ་དགག་པ་ལ་གཉིས་ཏེ། དགག་པ་དངོས་དང་། རྟགས་དང་རྗེས་དཔག་ཆ་ཤས་སུ་ཕྱེ་ནས་འཇུག་པར་བསྟན་པའོ། །དང་པོ་ནི། གལ་ཏེ་མེ་ཉིད་ལ་སོགས་པའི་སྤྱི་རྫས་གཞན་རྟོགས་པ་ལ་གསལ་བ་རྣམས་ལ་མངོན་སུམ་དང་རྗེས་དཔག་འཇུག་པ་ཡིན་གྲང་ན། དེ་ལྟར་མི་འཐད་པར་ཐལ། འཐད་ན་སྤྱི་དེ་ནི་གསལ་བ་དེ་ལས་རྫས་གཞན་དུ་འགྱུར་དགོས་ན་དེ་མི་འཐད་པའི་ཕྱིར་ཏེ། དེ་ལྟར་ཡོད་ན་ནི་ཚད་མས་དམིགས་དགོས་པ་ལས་དེས་དེ་མ་དམིགས་པའི་ཕྱིར། འགྱུར་དུ་ཆུག་ནའང་། མངོན་སུམ་གཅིག་གིས་ཐ་དད་མིན་པ་སྟེ། ཆ་ཤས་མེད་པའི་སྤྱི་རྫས་གཞན་གཅིག་གཟུང་དོན་དུ་བྱས་ནས་མཐོང་བར་མི་འགྱུར་བར་ཐལ། དེས་དེ་མཐོང་བ་འཐད་ན་དེ་ཆ་ཤས་མེད་པའི་སྤྱི་རྫས་གཞན་གྱི་རྟེན་གསལ་བ་མ་ལུས་པ་རྣམས་མཐོང་དགོས་པ་གང་ཞིག་དེས་དེ་མ་མཐོང་བའི་ཕྱིར། རྟེན་གཅིག་གཟུང་བས་ཐམས་ཅད་བཟུང་ན་ནི་སྤྱི་ཡང་གསལ་བ་བཞིན་དུ་མ་ཅན་དུ་འགྱུར་རོ། །གཉིས་པ་ནི། དུ་བས་མེ་སྒྲུབ་པ་ལའང་མེ་དང་རྫས་གཅིག་པ་ཐམས་ཅད་སྒྲུབ་པའམ་ཡང་ན་ཐམས་ཅད་མི་འགྱུར་བར་འགྱུར་ཏེ། ལའི་སྟེང་དུ་མེ་སྒྲུབ་ཅིང་མེ་དང་རྫས་གཅིག་པ་དུ་མ་ཡོད་པའི་ཕྱིར་ཞེ་ན། མེ་དེ་ཉིད་ཀྱི་ཆོས་གསལ་བ་དང་འབར་བ་སོགས་དུ་མ་ཡོད་ནའང་། དུ་བ་ཆོས་ཅན། ཁྱོད་ཀྱི་རྟགས་ལས་དུ་ལྡན་གྱི་ལ་ལ་ཅིག་ཤོས་མེ་མ་ཡིན་པ་ལས་ལོག་པ་ཐོབ་པར་བྱེད་པ་ཡིན་གྱི་འབར་བ་ལ་སོགས་བསྒྲུབ་པར་བྱེད་པ་མ་ཡིན་ཏེ། མེ་མ་ཡིན་ལས་ལོག་པ་དེ་དུ་ལྡན་གྱི་ལའི་སྟེང་དུ་ཁྱོད་ཀྱིས་དཔག་བྱ་ཡིན་གྱི་འབར་བ་སོགས་དེ་ལྟར་མིན་པའི་ཕྱིར། དེ་བཞིན་དུ་བ་ལའང་སྔོ་བ་དང་ཕྱུར་བ་དང་སྐྱ་བོའི་རྫས་ལ་སོགས་པ་ཆོས་དུ་མ་ཡོད་ཀྱང་། དུ་བ་མ་ཡིན་པ་ལས་ལོག་པའི་ཆ་ཤས་འདི་ལྟ་བུའི་ཚུལ་ནས་རྟགས་ཅན་མེ་ལ་ནི་མི་འཁྲུལ་ཞིང་གོ་བྱེད་དུ་འགྱུར་དགོས་པས། དུ་བ་ཆོས་ཅན། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར། གཉིས་པ་དོན་བསྡུ་བ་ལ་གཉིས་ཏེ། དཔག་བྱ་དཔོག་བྱེད་ཀྱི་ཁྱད་པར་ངོས་བཟུང་། དཔོག་བྱེད་འཁྲུལ་ན་བློ་ཡང་འཁྲུལ་བར་བསྟན་པའོ། །དང་པོ་ནི། ཡང་བརྗོད་པ་ཞེས་པ་ནི་འགྲེལ་པའི་ཚིག་ཡིན་གྱི་རྩ་བའི་ཚིག་མ་ཡིན་ནོ། །མེ་ལ་སོགས་པའི་རྟགས་ཅན་གང་དང་རྗེས་སུ་འབྲེལ་བའི་ལ་སྟེང་དུ་བ་ཆོས་ཅན། དུ་ལྡན་གྱི་ལ་འདིར་རྟགས་ཅན་མེ་དེ་རྟོགས་བྱེད་ཡིན་ཞེས་པའི་རྒྱུ་མཚན་ཡོད་དེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར། དེའི་སྟེང་དུ་རྟགས་ཅན་གྱི་བྱེ་བྲག་འབར་བ་སོགས་རྟོགས་པར་བྱ་བ་མ་ཡིན་ཏེ། དེ་དག་ཉིད་ལ་འཁྲུལ་བའི་ཕྱིར། གཉིས་པ་ནི། གལ་ཏེ་རྟགས་ཆོས་མི་འཁྲུལ་ན་གོ་བྱེད། འཁྲུལ་ན་གོ་བྱེད་མ་ཡིན་པ་ཇི་ལྟར་འགྱུར་ཞེ་ན། རྟགས་དང་ཞེས་པ་སྟེ། བྱས་པ་ཆོས་ཅན། རྗེས་སུ་འབྲེལ་པའི་དོན་རྟོགས་བྱ་ཞེས་པ་སྟེ། སྒྲའི་སྟེང་དུ་མི་རྟག་པ་གོ་བར་བྱེད་དེ། དེའི་ཕྱོགས་ཆོས་དང་ལྡོག་པའི་ཚུལ་ཡིན་པའི་ཕྱིར། སྒྲའི་སྟེང་དུ་རྟགས་ཅན་གྱི་བྱེ་བྲག་རྩོལ་བྱུང་ལྟ་བུ་གོ་བར་བྱེད་པའི་རྟགས་ཡང་དག་མ་ཡིན་ཏེ། དེ་ལ་རྟོགས་པ་པོའི་རྟོགས་པ་བསླུ་ཞིང་རབ་ཏུ་འཁྲུལ་བའི་ཕྱིར། འདི་དག་གིས་རྟགས་སེལ་འཇུག་དང་མཚུངས་ཤིང་དེ་ཡང་བསྒྲུབ་བྱའི་ཆོས་ཆ་གང་ལ་ལྟོས་ནས་རྗེས་སུ་འགྲོ་ལྡོག་ངེས་པ་དེ་གོ་བྱེད་དུ་འགྱུར་གྱི་དེ་མ་ངེས་པ་གོ་བྱེད་དུ་མི་འགྱུར་བའི་དོན་བསྡུས་པ་དང་། འཕྲོས་དོན་ཚིགས་བཅད་དུ་བསྡེབས་པས་བར་ཚིགས་ཞེས་ཀྱང་བྱའོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་རྟགས་ཀྱི་རྩ་བ་འབྲེལ་བ་བཤད་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། འཕྲོད་འདུའི་འབྲེལ་པ་འདུ་བ་ཅན་གཉིས་ལ་ཁྱད་པར་མེད་བཞིན་དུ་རྟགས་ཆོས་ཀྱི་འབྲེལ་བ་རྟགས་ཆོས་གཉིས་ཀའི་ཆོས་སུ་ཁྱད་པར་མེད་པ་དགག ཁྱབ་བྱེད་ཡིན་ན་རྟགས་དང་རྟགས་ཅན་ཡིན་མིན་མཚུངས་པར་འགྱུར་བའི་རྒྱུ་མཚན་དགག་པའོ། །དང་པོ་ལ་གཉིས་ཏེ། དེ་གཉིས་མཚུངས་པས་དགག མི་མཚུངས་པའི་རྒྱུ་མཚན་ནོ། །དང་པོ་ནི། ལྡན་འདུའི་འབྲེལ་པའང་འབྲེལ་པ་ཅན་གཉིས་ཀའི་རྟག་རྫས་ཀྱི་ཆོས་སུ་ཁྱད་པར་མེད་བཞིན་དུ་རྟགས་ཆོས་ཀྱི་འབྲེལ་པ་རྟགས་ཆོས་གཉིས་ཀའི་རྟག་རྫས་ཀྱི་ཆོས་སུ་གནས་པས་རྫས་ཉིད་ལ་སོགས་པའི་དུ་བ་དང་འབྲེལ་བའི་སྤྱི་དོན་གཞན་ཡང་མེའི་གོ་བྱེད་དུ་འགྱུར་ལ། རྟགས་ཅན་མེའི་བྱེ་བྲག་འབར་བ་སོགས་ཀྱང་དུ་བའི་གོ་བྱར་འགྱུར་ཏེ། འབྲེལ་པ་རྟག་རྫས་སུ་ཁྱད་མེད་དུ་གནས་པའི་ཕྱིར་ཞེ་ན། འདིས་ནི་འབྲེལ་པ་རྟག་རྫས་སུ་ཁས་བླངས་པས་གཞི་གང་ལ་བརྟེན་པའི་ཆོས་ལ་ཁྱད་པར་མེད་པས་དུ་བ་གོ་བྱེད་ཡིན་པ་བཞིན་དུ་སྐྱ་རྫས་ཀྱང་གོ་བྱེད། མེ་གོ་བྱ་ཡིན་པ་བཞིན་དུ་འབར་བ་སོགས་ཀྱང་གོ་བྱར་འགྱུར་ཏེ། འབྲེལ་པ་ཆ་ཤས་མེད་པ་དེ་ཉིད་དང་ལྡན་པས། གོ་བྱེད་དུ་འགྱུར་ཞིང་། དེ་དང་ལྡན་པ་ལ་ཁྱད་པར་མེད་པའི་ཕྱིར་སྙམ་པའོ། །རྟགས་ཆོས་ཀྱི་འབྲེལ་པ་ཆོས་གཉིས་ལ་རྟག་རྫས་སུ་གནས་པ་མ་ཡིན་པར་ཐལ། དེ་ལྟར་ཡིན་ན་དུ་བ་རང་རྒྱུ་དང་དུས་མཉམ་པའི་འབྲེལ་པ་ཁས་ལེན་དགོས་ན་དེ་མི་རིགས་པའི་ཕྱིར། གལ་ཏེ་ཁྱོད་ཀྱང་རྟགས་ཆོས་ཀྱི་འབྲེལ་པ་ཆོས་གཉིས་ལ་གནས་པར་འདོད་པ་མ་ཡིན་ནམ་སྙམ་ན། དེ་ཙམ་གཅིག་འདོད་མོད་ཀྱང་། རྟགས་ཆོས་ཀྱི་རྣམ་བཞག་ལ་མཁས་པའི་སྐྱེ་བོ་ཆོས་ཅན། ཡང་དག་འཕྲོད་པ་འདུ་བའི་འབྲེལ་པ་རྟག་རྫས་བཞིན་འབྲེལ་པ་ཡོད་ཙམ་གྱིས་འབྲེལ་པ་ཅན་གཉིས་རྟེན་བརྟེན་པའི་རྟག་རྫས་ཀྱི་ཆོས་དང་། བརྟེན་པ་རྟེན་གྱི་རྟག་རྫས་ཀྱི་ཆོས་སུ་ངེས་པར་འགྱུར་བ་མ་ཡིན་པར་ཐལ། འབྲེལ་པ་ཡོད་ཙམ་གྱིས་སྦྱོར་བ་སྐོར་གཅིག་གི་རྟགས་དེའི་རྟགས་ཅན་དུ་འགྱུར་བ་དང་། དེའི་རྟགས་ཅན་རྟགས་སུ་འགྱུར་བའི་ངེས་པ་མེད་པའི་ཕྱིར། མ་གྲུབ་སྟེ། འབྲེལ་པ་ཡོད་པར་མཚུངས་ན་རྟགས་གོ་བྱེད་ཡིན་པ་བཞིན་དུ་རྟགས་ཅན་ཡང་གོ་བྱེད་དུ་ཁས་ལེན་དགོས་པའི་ཕྱིར་ཞེ་ན། མི་རྟག་པ་སྒྲའི་སྟེང་དུ་བྱས་པའི་གོ་བྱེད་དུ་ཐལ། བྱས་མི་རྟག་གཉིས་ཕན་ཚུན་འབྲེལ་བར་མཚུངས་པ་གང་ཞིག་བྱས་པ་སྒྲའི་སྟེང་དུ་མི་རྟག་པའི་གོ་བྱེད་ཡིན་པའི་ཕྱིར་ཞེས་བྱའོ། །འོ་ན་རྟགས་དང་རྟགས་ཅན་གཉིས་རྟེན་དང་བརྟེན་པར་ཅི་ལྟར་འཇོག་སྙམ་ན། དེ་ལྟར་འཇོག་པའི་ཐབས་མེད་པ་མ་ཡིན་ཏེ། རྟགས་དང་རྟགས་ཅན་ལྷན་གཅིག་པ་རྟེན་དང་རྟགས་ཆོས་ཀྱི་འབྲེལ་བ་དེ་ལ་བརྟེན་པ་བཞིན་རྟོག་པ་ལ་སྣང་བ་ཡིན་ལ་དེ་ཙམ་ལ་ཚད་མའི་ལམ་དུ་འཇོག་པ་ཡིན་གྱི་གཞན་རྟག་རྫས་ཀྱིས་སྟོབས་ལས་མ་ཡིན་པའི་ཕྱིར། གཉིས་པ་ནི། རྟགས་དུ་བ་ལ་རྟགས་ཅན་མེ་ཁྱབ་བྱེད་དུ་ཡོད་པ་བཞིན་དུ་ཅིག་ཤོས་རྟགས་ཀྱང་རྟགས་ཅན་མེ་ཉིད་ལ་ཁྱབ་བྱེད་དུ་ཚད་མས་ངེས་པ་མ་ཡིན་པར་ཐལ། དུ་བ་མེ་ཡོད་ཁོ་ན་ལ་ཡོད་ཅེས་དང་། མེ་དེ་དུ་ཡོད་ལ་ཡོད་པ་ཁོ་ནའོ་ཞེས་ངེས་བཟུང་སྨོས་པར་བྱ་བ་ཡིན་གྱི་དེ་ལས་བཟློག་ནས་སྦྱར་བར་མི་རིགས་པའི་ཕྱིར། རྟགས་ནི་ཁྱོད་ཀྱིས་ཁས་བླངས་པ་ཡིན་ཏེ། ཁྱོད་ཀྱིས་དུ་ཡོད་ཁོ་ན་ལ་ཡོད་ན་དུ་མེད་ལ་མེད་དགོས་པར་ཁས་བླངས་པས། མེ་ཆོས་ཅན། དུ་མེད་ལ་མེ་མེད་པར་ཐལ། དུ་ཡོད་ཁོ་ན་ལ་ཡོད་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །དེས་ན། དུ་བ་མེ་ཡོད་ཁོ་ན་ལ་ཡོད་པ་བཞིན་དུ་མེ་ཡང་དུ་ཡོད་ཁོ་ན་ལ་ཡོད་པ་མི་རིགས་པར་ཐལ། རྟགས་དང་རྟགས་ཅན་དག་སྟེ། དུ་བ་དང་མེའི་འབྲེལ་བ་ཡི་ངེས་པར་བཟུང་བ་ཡང་དུ་བ་མེ་ཡོད་ཁོ་ན་ལ་ཡོད་ཅེས་སྨོས་པ་བཞིན་དུ་མེ་ཡང་དུ་ཡོད་ཁོ་ན་ལ་ཡོད་ཅེས་པའི་ཁྱོད་ཀྱི་འདོད་པ་ལས་བཟློག་ནས་དུ་བ་མེ་ཡོད་པ་དང་མེ་དུ་ཡོད་ལ་ཡོད་པ་ཁོ་ན་ཞེས་སྨོས་པ་འཐད་པར་གནས་པ་ཡིན་པའི་ཕྱིར། འཁོར་གསུམ་ཁས་བླངས་སོ། །དེ་མ་ཡིན་པར་ཚད་གྲུབ་བྱས་ནས་སྔར་རྗེས་སུ་འགྲོ་ལྡོག་གི་སྐབས་སུ་ངེས་བཟུང་གི་དོན་ལ་དགག་སྒྲུབ་བྱས་པ་དང་འགལ་བར་འགྱུར་རོ། །ཁ་གཅིག་འདིའི་སྐབས་སུ་རྟགས་ཆོས་ཀྱི་འབྲེལ་བ་ནི་རྟགས་ཀྱི་ཆོས་ཡིན་གྱི་རྟགས་ཅན་གྱི་ཆོས་མ་ཡིན་ཏེ། རྟགས་ཅན་དེ་རྟགས་ལ་འབྲེལ་བར་མ་ངེས་པའི་ཕྱིར། ཞེས་ཟེར་རོ། དེ་ནི་མ་ཡིན་ཏེ། དོན་ལ་བྱས་ན་ཁྱབ་པ་མི་འགྲུབ་པའི་ཕྱིར་དང་། ཚིག་ལ་བྱས་ན་རྟགས་ཚངས་པས་ཀྱང་མི་འགྲུབ་པའི་ཕྱིར་ཏེ། འདི་ལྟར། དང་པོ་ལྟར་ན། དུ་བ་དང་ཤེས་བྱའི་འབྲེལ་པའང་དུ་བའི་ཆོས་ཡིན་གྱི་ཤེས་བྱའི་ཆོས་མ་ཡིན་པར་ཐལ། ཤེས་བྱ་དུ་བ་དང་འབྲེལ་བར་མ་ངེས་པའི་ཕྱིར། འདོད་ན་ཤེས་བྱའི་ཆོས་མ་ཡིན་ན་དུ་བའི་ཆོས་སུ་ཇི་ལྟར་འཐད་སོམས་ཤིག གཉིས་པ་ལྟར་ན། རྟགས་ཅན་ཆོས་ཅན། ཁྱོད་རྟགས་ལ་འབྲེལ་བར་ཐལ། ཁྱོད་ལྟར་ན་ཁྱོད་རྟགས་ལས་ཐམས་ཅད་རྟགས་མེད་པའི་སྟོབས་ཀྱིས་ཁྱོད་མེད་པའི་ཕྱིར་དང་། ཁོ་བོ་ལྟར་ན་ཁྱོད་དེ་ལས་ཐ་དད་གང་ཞིག་དེ་མེད་ན་ཁྱོད་མི་འབྱུང་བས་ཁྱབ་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ཁྱབ་བྱེད་ཡིན་ན་རྟགས་དང་རྟགས་ཅན་ཡིན་པས་མ་ཁྱབ། དེའི་རྒྱུ་མཚན་ནོ། །དང་པོ་ལ་གཉིས་ཏེ། དོན་དང་། དཔེ་བཤད་པའོ། །དང་པོ་ནི། ཁོ་ན་རེ་ཁྱབ་བྱེད་དུ་མཚུངས་ན་རྟགས་དང་རྟགས་ཅན་དུ་འགྱུར་བ་མཚུངས་ཏེ། དཔེར་ན་བྱས་མི་རྟག་ཕན་ཚུན་ཁྱབ་བྱེད་དུ་མཚུངས་པས་དེ་གཉིས་ཕན་ཚུན་རྟགས་དང་རྟགས་ཅན་དུ་འགྱུར་བ་མཚུངས་པ་བཞིན་ནོ་ཞེ་ན། རྟགས་ཀྱིས་ཁྱབ་པར་འདོད་པ་སྟེ་བྱས་མི་རྟག་ཁྱབ་བྱེད་དུ་འཇུག་ཀྱང་མི་རྟག་པ་ཆོས་ཅན། སྒྲའི་སྟེང་དུ་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཅན་དུ་འགྱུར་བ་ཡིན་པ་བདེན་ཏེ། བྱས་པའི་ཁྱབ་བྱེད་ཡིན་པ་དེའི་ཆ་ནས་སྒྲའི་སྟེང་དུ་བྱས་པའི་གོ་བྱེད་ཡིན་པའི་ཕྱིར། དེ་ལྟར་ཡིན་ཡང་དེའི་ཆ་ནས་རྟགས་ཀྱི་མཚན་ཉིད་རྫོགས་པ་མ་ཡིན་པར་ཐལ། དེའི་སྒྲུབ་བྱེད་འཆད་པའི་ཕྱིར་ཏེ་འདི་ལྟར་དེའི་ཁྱབ་བྱེད་ཡིན་པ་དེའི་ཆ་ནས་དེའི་གོ་བྱེད་ཀྱི་མཚན་ཉིད་རྫོགས་པ་མ་ཡིན་པར་ཐལ། དེའི་ཁྱབ་པ་མ་ངེས་པའི་ཕྱིར། གཉིས་པ་ནི། རྭ་ཅན་ལས་བ་གླང་གོ་བར་བྱེད་པར་ཐལ། རྭ་ཅན་བ་གླང་གི་ཁྱབ་བྱེད་ཡིན་པའི་ཕྱིར་ཞེས་པས་མ་ངེས་པ་བཞིན་ནོ། འདི་ལྟར་བཤད་པ་མཁས་པའི་དགོངས་པ་ཡིན་གྱི་ཁྱབ་མཉམ་ལ་སྦྱར་ན་དཔེ་དོན་འགྲིག་པར་མ་མཐོང་ངོ་། །དེའི་གོ་བྱེད། །མ་ཡིན་ཞེས་པའི་དོན་བསྡུ་བ་ནི། རྟགས་ཀྱིས་རྟགས་ཅན་ལ། ཁྱབ་པ་བདེན་ཞེས་པ་སྟེ། བྱས་པས་མི་རྟག་པ་ལ་ཁྱབ་ཀྱང་ཁྱབ་བྱེད་ཡིན་ན་དེ་གོ་བར་བྱེད་པ་པོ་ཡིན་པས་ཁྱབ་པ་མིན་པར་ཐལ། གང་གི་ཕྱིར་ན། དེ་ཡིན་ན་རྭ་ཅན་དེ་བ་གླང་གི་གོ་བྱེད་ཡིན་དགོས་ན་དེ་མ་ཡིན་པའི་ཕྱིར། འོ་ན་གང་གི་ཆ་ནས་གོ་བྱེད་དུ་འགྱུར་ཞེ་ན། དེའི་ཁྱབ་བྱེད་ཡིན་ན་དེའི་གོ་བྱེད་ཡིན་པས་མ་ཁྱབ་ཀྱང་གོ་བྱེད་དུ་འགྱུར་བའི་ཚུལ་མེད་པ་མ་ཡིན་ཏེ། ཕྱོགས་ཆོས་དང་རྟགས་ཆོས་ཀྱི་དགག་བྱ་སོ་སོར་བཀག་པའི་མི་འཁྲུལ་བའི་འབྲེལ་བ་རང་གིས་དེ་སྒྲུབ་ཀྱི་མཐུན་དཔེའི་སྟེང་དུ་ངེས་པ་ལ་ལྟོས་ནས་གོ་བྱེད་དུ་འགྱུར་བའི་ཕྱིར། འགྲེལ་པའི་དོན་ཡང་འདི་ལྟར་དུ་སྣང་ངོ་། རང་འགྲེལ་མ་ཡིན་པར་འདོད་པ་དང་། འགལ་བར་མ་སོམས་ཤིག ཁ་ཅིག་འདིར་གཞུང་སོར་བཞག་བྱས་ནས་རྟགས་ཀྱིས་རྟགས་ཅན་ལ་ཁྱབ་པར་བཤད་པ་དང་། ཅིག་ཤོས་རྟགས་ཅན་ཉིད་ལ་ཡོད་ཅེས་པའི་སྐབས་སུ་རྟགས་རྟགས་ཅན་གྱི་ཁྱབ་བྱེད་མིན་པར་འདོད་པ་ཤིན་ཏུ་མི་འཐད་དེ། ཚིག་སོར་བཞག་ལ་འགལ་བའི་ཕྱིར་དང་། ཚིག་དོན་ཁས་ལེན་ན་མཉམ་པོར་མཚུངས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། དོན་དང་། དཔེའོ། དང་པོ་ནི། ཡང་བརྗོད་པ་ཞེས་པ་ནི་འགྲེལ་ཚིག་གོ །བྱས་པ་ཉིད་ཀྱིས་འཇིག་པ་ལ། །ཁྱབ་ཀྱི་མ་བྱས་པ་ཡིས་མིན། །ཞེས་པ་སྟེ། བྱས་པ་ཆོས་ཅན། མི་རྟག་པ་དེ་སྒྲ་ཁྱོད་ཡིན་པར་སྒྲུབ་པའི་གོ་བྱེད་ཡང་དག་མ་ཡིན་པར་ཐལ། སྒྲ་ཁྱོད་ཡིན་པར་ཕྱི་རྒོལ་གྱི་ཚད་མས་མ་གྲུབ་པའི་སྔ་རོལ་དུ་སྒྲ་མི་རྟག་པ་ཡིན་པར་ཕྱིར་རྒོལ་གྱི་ཚད་མས་གྲུབ་པའི་རིམ་པ་མི་འཐད་པའི་ཕྱིར། དེས་ན་རྟག་པ་མིན་ལ་སྟེ་མི་རྟག་པ་ལ་བྱས་པས་ཁྱབ་ཀྱང་དེའི་ཁྱབ་བྱེད་ཡིན་པའི་ཆ་ནས་དེའི་གོ་བྱེད་ཀྱི་མཚན་ཉིད་རྫོགས་པ་མིན་པར་མ་བྱས་པའི་དོན་གྱིས་བསྟན་ཏེ། མི་རྟག་པ་ལ་བྱས་པས་ཁྱབ་པར་བསྟན་པས་བྱས་པ་རྟག་པ་ལས་ལྡོག་པའི་མཚན་ཉིད་རྫོགས་པ་མ་ཡིན་གྱི་མི་རྟག་པ་མ་བྱས་པ་ལས་ལྡོག་པར་བསྟན་པ་ཙམ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དེའི་ཁྱབ་བྱེད་ཡིན་ན་དེའི་གོ་བྱེད་ཀྱི་མཚན་ཉིད་ཡིན་པས་མ་ཁྱབ་པའི་དཔེ་མེད་པ་མ་ཡིན་ཏེ། རྭ་ཅན་ཉིད་ཀྱིས་བ་གླང་ལ་ཁྱབ་པ་ཡིན་ཀྱང་བ་གླང་ལ་རྭ་ཅན་གྱིས་ཁྱབ་པ་བཞིན་དུ་རྭ་ཅན་དེ་བ་གླང་གི་དོན་སྒྲུབ་པར་བྱེད་པ་དང་བ་གླང་མིན་པ་ལས་ལྡོག་པར་བྱེད་པ་མིན་པའི་ཕྱིར། བ་གླང་ལ་རྭ་ཅན་གྱིས་ཁྱབ་པ་ཅིའི་ཕྱིར་སྙམ་ན། ཁྱབ་སྟེ། བ་གླང་ཡིན་ན་རྭ་ཅན་མིན་པ་ལས་ལྡོག་པར་བྱེད་པ་གང་ཞིག་དེ་རྭ་ཅན་གྱི་བྱེ་བྲག་ཡིན་པའི་ཕྱིར། ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །འགྲེལ་བཤད་ཀྱི་འགྱུར་གྱི་ལུགས་སུ་བྱས་ནས་ལ་ལ་འདི་ལས་གཞན་དུ་འཆད་མོད་འདིར་ལྟར་བཤད་ནའང་སྐྱོན་མེད་པར་མཐོང་ངོ་། གཉིས་པ་ལ་གཉིས་ཏེ། རྩོད་སྒྲུབ་མཁན་པོའི་ལུགས་དགག་པ་དང་། མུ་སྟེགས་པའི་ལུགས་དགག་པའོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། རྩོད་པ་སྒྲུབ་པ་ནས་ནི་མེ་དུའི་འབྲེལ་བ་ལྟ་བུ་མེད་ན་མི་འབྱུང་བའི་དོན་མཐོང་བ་ནི་འདིས་རྗེས་སུ་དཔོག་པར་བྱེད་པས་འབྲེལ་པ་དོན་གཞན་དེ་གཟུང་ཡུལ་དུ་བྱས་ནས་རིག་པའི་རྗེས་སུ་དཔག་པ་ནི་ཚད་མ་ཡིན་ལ། ལྐོག་གྱུར་གྱི་དོན་གཟུང་ཡུལ་དུ་བྱས་ནས་ཤེས་པ་ནི་ཚད་མ་དེའི་འབྲས་བུ་ཡིན་པས་ཚད་འབྲས་དེ་གཉིས་ནི་རྫས་ཐ་དད་པའོ་ཞེས་བརྗོད་དོ། ཕྱོགས་སྔའི་གཞུང་ནི་འགྲེལ་ཚིག་ཡིན་གྱི་རྩ་བའི་གཞུང་ཚིག་ནི་མ་ཡིན་ནོ། །དེ་ཡང་རྟགས་མཐོང་བ་ན་འབྲེལ་བ་དྲན་པ་ལ་ལྟོས་པའི་ཆེད་དུ་དེ་རིག་པ་ཞེས་པའི་ཚིག་སྨོས་སོ། །དེས་ན་སྔ་མས་ཕྱི་མའི་རྣམ་ཅད་གྲུབ་ན་ཕྱི་མ་སྨོས་པ་དོན་མེད་པས་མཐོང་བ་རིག་པ་གཉིས་ཀྱང་སོ་སོར་སྨོས་པ་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་ལ་གསུམ་སྟེ། མཚན་ཉིད་ཀྱི་ཚིག་ལྷག་པས་ཁས་བླངས་ནང་འགལ་བ་དང་། རྩོད་གཞི་ལ་ཆོས་ལས་རྫས་གཞན་པའི་དཔག་བྱ་མི་འཐད་པ་དང་། གོ་བྱ་གོ་བྱེད་ཀྱི་ཆ་ཤས་མ་བརྗོད་པས་ཁས་བླངས་ནང་འགལ་བའོ། །དང་པོ་ལ་གཉིས་ཏེ། དེ་རིག་ཞེས་པའི་ཚིག་ལྷག་པས་ཁས་བླངས་ནང་འགལ་བ། དོན་གྱི་སྒྲས་བསྒྲུབ་བྱ་གོ་བར་བྱེད་ན་མེད་ན་མི་འབྱུང་བ་སྨོས་པ་དོན་མེད་པས་ཁས་བླངས་ནང་འགལ་བའོ། །དང་པོ་ནི། དེ་རིག་མི་བརྗོད་ཅེས་པ་སྟེ། འབྲེལ་པ་དོན་གཞན་གཟུང་དོན་དུ་བྱས་ནས་རིག་པ་སྔར་བཤད་ཀྱི་མཚན་ཉིད་ཀྱི་ཟུར་དུ་སྨོས་པ་མི་རིག་པར་ཐལ། མེད་ན་མི་འབྱུང་མཐོང་བ་ཡི། །རང་གི་རྣམ་པ་ཙམ་འདོད་ན། །ཞེས་པ་སྟེ་རྟགས་ཆོས་ཀྱི་མེད་ན་མི་འབྱུང་བའི་འབྲེལ་པ་དོན་གཞན་གང་གི་གཟུང་དོན་དུ་མཐོང་བ་དེས་འབྲེལ་པ་དོན་གཞན་གཟུང་ཡུལ་དུ་བྱས་ནས་རིག་པའི་དོན་གཞན་ཟིན་པའི་ཕྱིར། གསུམ་ཆར་ཁས་བླངས་མོད་མ་གྲུབ་ན་ཁས་བླངས་གསལ་བར་སྟོན་ན། དེར་ཐལ། དེ་གཟུང་དོན་དུ་མཐོང་ན་དེ་གཟུང་འཛིན་དུ་རིག་དགོས་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གལ་ཏེ་གཞན་ཉིད་དུ་སྟེ། རྗེས་དཔག་གི་ཚད་མས་མེད་ན་མི་འབྱུང་བ་དཔེ་ལ་མཐོང་བ་བརྗོད་པ་ཡིན་གྱི་རྩོད་གཞི་ལ་མཐོང་བ་མ་ཡིན་ནོ། །ཞེ་ན། རྗེས་དཔག་གི་ཚད་མའི་མཚན་ཉིད་རྫོགས་པར་མ་བརྗོད་པར་ཐལ། རྟགས་ཆོས་མེད་ན་མི་འབྱུང་བ་རྩོད་གཞི་ཇི་ལྟ་བུ་ལ་རྗེས་དཔག་གི་ཚད་མས་རྒྱུ་མཚན་གང་ལས་མཐོང་བ་མ་བརྗོད་པའི་ཕྱིར། གསུམ་ཆར་ཁས་བླངས་ཏེ། རྟགས་བསལ་ནི་དངོས་སུ་ཁས་བླངས་པའི་ཕྱིར་དང་། །དེ་རྗེས་དཔག་གི་ཚད་མའི་མཚན་ཉིད་ཀྱི་ཡན་ལག་ཏུ་ཁས་བླངས་པའི་ཕྱིར་རོ། །གཞན་དུ་ན་མིག་ཤེས་ཀྱི་གཟུང་བྱ་བུམ་པ་ལ་མཐོང་བས་སྒྲ་མི་རྟག་པར་རྟོགས་པར་འགྱུར་རོ་ཞེས་འགྲེལ་བཤད་མཛད་པས་འཆད་དོ། །གཉིས་པ་ནི། གལ་ཏེ་དོན་སྨོས་པའི་སྒྲས་འདི་བསྒྲུབ་བྱ་ལ་སྐབས་སུ་བབ་བས་བསྒྲུབ་བྱ་མཐོང་བའི་རྗེས་སུ་དཔག་པ་དེ་མེད་ན་མི་འབྱུང་བ་རིག་པའོ་ཞེས་པའི་དོན་ཏོ་ཞེ་ན། མེད་ན་མི་འབྱུང་བ་མཐོང་བ་ཞེས་རྗེས་དཔག་གི་ཚད་མའི་མཚན་ཉིད་དུ་སྨོས་ཅི་དགོས་ཏེ་མི་འཐད་པར་ཐལ། རྟགས་ལས་ལྐོག་གྱུར་གྱི་དོན་རྟགས་པ་རྗེས་དཔག་གི་མཚན་ཉིད་ཀྱི་ཡན་ལག་ཏུ་བསྟན་པས་དེ་གྲུབ་ཟིན་པའི་ཕྱིར། གསུམ་ཆར་རོ། །ཡང་དོན་གྱི་སྒྲ་སྨོས་པ་ཡང་ལྷག་པར་ཐལ། མེད་ན་མི་འབྱུང་བ་སྨོས་པས་ཀྱང་དོན་སྨོས་པའི་སྒྲའི་དོན་གྲུབ་ཟིན་པའི་ཕྱིར་རོ། །གསུམ་ཆར་ཁས་བླངས་སོ། །འདི་ལྟར་བཤད་པ་མཁན་པོའི་དགོངས་པ་ཡིན་གྱི་ཁྱབ་པ་ཚད་གྲུབ་ཏུ་བྱས་ནས་གཞན་ལ་སྐྱོན་བརྗོད་པ་ལོག་པའི་བཤད་པ་ཡིན་ཏེ། རང་ཉིད་ལའང་མཚུངས་པའི་ཕྱིར་ཏེ། འདི་ལྟར་མངོན་སུམ་གྱི་མཚན་ཉིད་ཀྱི་ཟུར་དུ་རྟོག་བྲལ་སྨོས་པ་དོན་མེད་པར་ཐལ། མ་འཁྲུལ་བའི་ཤེས་པ་སྨོས་པས་རྟོག་བྲལ་གྱི་དོན་གྲུབ་ཟིན་པའི་ཕྱིར། ཁྱབ་བསལ་དངོས་འགལ་དང་འདྲ་ལ། རྟགས་ཀྱང་ཁྱོད་ཀྱིས་ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་ན། །དེར་ཐལ། མ་འཁྲུལ་བའི་ཤེས་པ་ཡིན་ན་རྟོག་བྲལ་ཡིན་དགོས་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གཞན་ཡང་ཚུལ་གསུམ་རྟགས་ཡང་དག་གི་མཚན་ཉིད་དུ་འདོད་པ་རྣམས་ལའང་ཉེས་པ་ཡོད་པར་ཤེས་པར་བྱའོ། །གཉིས་པ་ནི། དུ་བ་སོགས་མེ་དང་ས་བོན་དང་མི་རྟག་པ་ལ་སོགས་པ་ལ་མཐོང་བ་ལས་དོན་གཞན་པའི་དཔག་བྱ་མེད་ན་མི་འབྱུང་བ་བཟུང་དོན་དུ་བྱས་ནས་རིག་པ་དེ་རྗེས་དཔག་གི་མཚན་ཉིད་ཡིན་ནོ་ཞེ་ན། དེ་ལྟར་བཤད་པ་གང་ཡིན་པ་དེ་མི་རིགས་པར་ཐལ། མེ་དུའི་འབྲེལ་བ་དེ་དུ་ལྡན་གྱི་ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་གི་གཟུང་དོན་དུ་བྱེད་པ་མི་འཐད་པའི་ཕྱིར། འགྲེལ་བཤད་མཛད་པ་དག་ཆོས་བསྒྲུབ་བྱར་འདོད་པ་ལ་གནོད་པ་བརྗོད་པ་ལ་སྦྱར་རོ། །གསུམ་པ་ནི། གོ་བྱ་གོ་བྱེད་ཀྱི་ཆ་སྤངས་པའི་འབྲེལ་པ་གཟུང་དོན་དུ་བྱེད་པའི་རིག་པ་དེ་རྗེས་དཔག་གི་མཚན་ཉིད་ཡིན་ནོ་ཞེས་རྩོད་སྒྲུབ་ནས་བཤད་དོ། །དེ་ནི་མི་འཐད་པར་ཐལ། གང་རྗེས་དཔག་གི་མཚན་ཉིད་བརྗོད་ན་རྩོད་གཞིའི་སྟེང་དུ་ཆོས་དོན་དུ་མ་ཡོད་པ་ལ་གོ་བྱའི་ཆ་ནི་འདིའོ། །དེ་རིག་པའི་ཐབས་གོ་བྱེད་ནི་འདིའོ་ཞེས་བརྗོད་དགོས་པར་ཁས་བླངས་པ་གང་ཞིག་དེ་ཇི་ལྟར་བརྗོད་དེ་བརྗོད་མི་རིག་པར་ཐལ་ལོ། །གསུམ་ཆར་ཁས་བླངས་པས་ཁས་བླངས་ནང་འགལ་བརྗོད་པའོ། །གཉིས་པ་ལ་བཞི་སྟེ། རིགས་པ་ཅན་པའི་དང་། བྱེ་བྲག་པའི་དང་། སེར་སྐྱ་པའི་དང་། དཔྱོད་པ་པའི་ལུགས་དགག་པའོ། །དང་པོ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །རིགས་པ་ཅན་པ་རྣམས་ན་རེ། མངོན་སུམ་དང་། རྗེས་སུ་དཔག་པ་དང་། དཔེ་ཉེར་འཇལ་དང་། སྒྲ་བྱུང་གི་ཚད་མ་རྣམས་ལས་རྗེས་དཔག་གང་ཡིན་སྙམ་ན། རྟགས་ཆོས་དང་རྟགས་ཆོས་ཀྱི་འབྲེལ་བ་རང་མཚན་བཟུང་དོན་དུ་བྱས་ནས་འཛིན་པའི་མངོན་སུམ་དེ་སྔོན་དུ་སོང་བ་ཅན་གྱི་རྗེས་སུ་དཔག་པ་ནི་གསུམ་སྟེ། སྔ་མ་དང་ལྡན་པ་དང་། ལྷག་མ་དང་ལྡན་པ་དང་སྤྱིར་མཐོང་བ་ཅན་གྱི་རྗེས་དཔག་དང་གསུམ་ཡོད་པའི་ཕྱིར། དང་པོའི་མཚན་གཞི་ཡང་། མེ་ལས་དུ་བ་དཔོག་པའི་རྗེས་དཔག་ལྟ་བུ་ཡིན་ཏེ། མེ་ནི་སྔ་མ་ཡིན་ལ་དུ་བ་ལྷག་མ་ཡིན་པའི་ཕྱིར་རོ། །གཉིས་པའི་མཚན་གཞི་ཡང་། དུ་བ་ལས་མེ་དཔོག་པའི་རྗེས་དཔག་ལྟ་བུ་ཡིན་ཏེ། དུ་བ་མེའི་ལྷག་མ་ཡིན་པའི་ཕྱིར་རོ། །གསུམ་པའི་མཚན་གཞི་ཡང་། ཆོས་གཅིག་མཐོང་བ་ལས་གཞན་ཤིན་ཏུ་ལྐོག་གྱུར་ཤེས་པ་ལྟ་བུ་ཡིན་ཏེ། ཟླ་བ་རི་ལ་ནུབ་པ་མཐོང་བ་ལས་ཉི་མ་ཡང་དེ་ལྟར་གྱུར་པར་དཔོག་པ་ལྟར་ཡིན་པའི་ཕྱིར་ཞེས་ཟེར་རོ། །དོན་ནི་དབང་མངོན་གྱིས་རྟགས་ཆོས་ཀྱི་འབྲེལ་བ་གཟུང་དོན་དུ་བྱས་པའི་དེ་མ་ཐག་རྟགས་ཙམ་མཐོང་བས་རྟགས་ཅན་རྟགས་པའི་རྗེས་དཔག་སྔ་མ་མངོན་སུམ་དང་མཚུངས་པས་སྔ་མ་དང་འདྲ་བ་དང་སྔ་མ་ཅན་ཞེས་ཀྱང་བྱའོ། །ཤིང་ཕུང་གཅིག་ལས་སྐྱེས་པ་དང་། གཟུགས་མཚུངས་པ་ལས་ཤིང་ཐོག་གཅིག་རོ་སྐྱུར་བར་མངོན་སུམ་གྱིས་མཐོང་བ་ན་འབྲས་བུ་ལྷག་མ་རྣམས་ཀྱང་དེ་དང་མཚུངས་པར་དཔག་པ་ནི། ལྷག་མ་དང་འདྲ་བའོ། །ཞེས་བྱའོ། །ལྷག་མ་ནི་འབྲས་བུ་སྟེ་ཤིང་ཕུང་གཅིག་ལས་སྐྱེས་པ་སོགས་ཀྱི་འབྲས་བུ་རོ་སྐྱུར་བ་འདི་ལའང་ཡོད་དོ་ཞེས་པའོ། །གཉིས་པ་ལ་གཉིས་ཏེ། རིགས་པ་ཅན་པས་བཏགས་པའི་རྗེས་དཔག་གི་མཚན་ཉིད་དགག དེ་ལས་འཕྲོས་ནས་ཚད་འབྲས་རྫས་གཞན་ཡིན་པ་དགག་པའོ། །དང་པོ་ལ་གསུམ་སྟེ། རིགས་པ་ཅན་པས་བཏགས་པའི་སྔ་མ་དང་ལྡན་པ་དགག དེས་བཏགས་པའི་ལྷག་མ་དང་ལྡན་པ་དགག དེས་བཏགས་པའི་སྤྱིར་མཐོང་བ་ལ་ཡང་ཉེས་པ་མཚུངས་པར་བསྟན་པའོ། །དང་པོ་ནི། རྟགས་ཆོས་ཀྱི་འབྲེལ་བ་གཟུང་དོན་དུ་བྱེད་པའི་དབང་མངོན་སྔོན་དུ་སོང་བའི་སྔ་མ་དང་ལྡན་པའི་རྗེས་དཔག་མི་རིགས་པར་ཐལ། རྟགས་ཆོས་ཀྱི་འབྲེལ་པ་དབང་པོའི་མངོན་སུམ་གྱི་གཟུང་བྱ་མིན་པའི་ཕྱིར། དེར་མ་ཟད། རྟགས་དང་རྟགས་ཅན་ཀྱང་དབང་མངོན་གྱི་གཟུང་དོན་མ་ཡིན་པར་ཐལ། མིག་ཤེས་དང་མིག་གི་དབང་པོ་སོགས་དབང་པོའི་མངོན་སུམ་གྱིས་གཟུང་དོན་དུ་འཛིན་པ་མི་འཐད་པའི་ཕྱིར། ཞེས་འགྲེལ་བཤད་མཁན་པོས་གསུངས་སོ། །འོ་ན་མེ་དུ་ཡང་མངོན་སུམ་གྱིས་བཟུང་དོན་དུ་མི་འཛིན་པར་ཐལ། དུ་བ་ལ་མེ་ཡོད་དུ་བསྒྲུབ་པའི་རྟགས་ཆོས་མངོན་སུམ་གྱིས་བཟུང་དོན་དུ་མི་འཛིན་པའི་ཕྱིར་ཞེ་ན། འདི་ལ་ཁྱབ་པ་ཡོད་པར་ཕྱི་རོལ་མུ་སྟེགས་བྱེད་དང་། ཕྱིས་ཀྱི་བོད་ཀྱི་དགེ་བཤེས་བློ་གྲོས་རྩིང་བོ་ཁ་ཅིག་གིས་འདོད་དེ། འདི་ལ་ཁྱབ་པ་མེད་པར་ཕྱོགས་ཀྱི་གླང་པོ་དང་། ཆོས་ཀྱི་གྲགས་པ་དང་། རྒྱལ་བའི་དབང་པོ་སོགས་རྒྱ་གར་གྱི་མཁས་མཆོག་དང་། ཆ་གཙང་སོགས་བོད་ཀྱི་མཁས་མཆོག་རྣམས་ཀྱིས་བཞེད་དོ། །གཞན་ཡང་། རིགས་པ་ཅན་གྱིས་བཏགས་པའི་སྔ་མ་དང་ལྡན་པ་ཞེས་བྱ་བའི་རྗེས་དཔག་འདི་མི་འཐད་པར་ཐལ། འདི་ལ་རྗེས་དཔག་གཅིག་ཁོ་ན་སྔ་མ་དང་ལྡན་པ་ཞེས་གཞན་ལྡན་རྣམ་གཅོད་དམ། རྗེས་དཔག་འདི་ལ་སྔ་མའི་ཆོས་ཡོད་པས་སྔ་མ་དང་ལྡན་པའོ་ཞེས་མི་ལྡན་རྣམ་པར་གཅོད་པའི་སྒྲའམ། འདི་ལ་དེ་སྲིད་པས་སྔ་མ་དང་ལྡན་པ་ཞེས་མི་སྲིད་ཀྱི་རྣམ་གཅད་ཀྱི་སྒྲ་གསུམ་གང་ཡང་མི་འཐད་པའི་ཕྱིར། གསུམ་ཆར་ཁས་བླངས་མོད། ཁས་བླངས་གསལ་བར་སྟོན་ན། རིམ་བཞིན་དུ་ནང་འགལ་སྟོན་པ་ནི། མེ་ལས་ལ་དུ་ཡོད་དུ་དཔོག་པའི་རྗེས་དཔག་གཅིག་སྔ་མ་དང་ལྡན་པ་ལྟ་བུ་ཞེས་ལྟ་བུར་གྱི་སྒྲ་སྦྱར་བ་རིགས་པ་མིན་པར་ཐལ། རྗེས་དཔག་ཐམས་ཅད་སྔ་མ་ལྡན་པ་ལྟ་བུར་སྲིད་པའི་ཕྱིར། གསུམ་ཆར་ཁས་བླངས་མོད་མ་གྲུབ་ན་ཁས་བླངས་གསལ་བར་སྟོན་པ་ནི། དེར་ཐལ། རྗེས་དཔག་ཐམས་ཅད་མངོན་སུམ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། གསུམ་ཆར་དངོས་འགལ། གཉིས་པ་དང་གསུམ་པར་ཁས་བླངས་ནང་འགལ་བར་སྟོན་ན། འདི་ལ་སྔ་མ་ཡོད་པ་དང་དེ་སྲིད་པས་མེ་ལས་དུ་བ་དཔོག་པའི་ཤེས་པ་སྔ་མ་དང་ལྡན་པ་ཞེས་མི་ལྡན་པ་དང་མི་སྲིད་རྣམ་གཅོད་ཀྱི་སྒྲ་སྦྱར་བ་འཐད་པ་མིན་པར་ཐལ། མེ་ལས་དུ་བ་ཡོད་པ་དང་དུ་བ་སྲིད་པར་དཔོག་པ་གང་ཡང་མི་འཐད་པའི་ཕྱིར། མ་གྲུབ་ན། དེར་ཐལ། མེ་དུ་བ་ལ་འབྲེལ་བ་འཁྲུལ་བའི་ཕྱིར་ནའོ། རྒྱུ་འབྲས་བུ་ལ་འཁྲུལ་བའི་ཕྱིར་ཞེས་འགོད་པ་རྩིང་པ་ཡིན་ཏེ། རྟགས་ཚངས་པ་དང་བརྒྱ་བྱིན་གྱིས་ཀྱང་མི་གྲུབ་པའི་ཕྱིར་རོ། གཉིས་པ་ནི། རིགས་པ་ཅན་པས་བཏགས་པའི་ལྷག་མ་དང་ལྡན་པའི་རྗེས་དཔག་ཀྱང་མི་འཐད་པར་ཐལ། ལྷག་ལྡན་ལའང་མངོན་སུམ་ལྷག་མ་ལྟ་བུར་རམ། ལྷག་མ་དང་ལྡན་པ་དང་སྲིད་པས་ལྷག་ལྡན་ཞེས་ལྷག་ལྡན་གྱི་སྒྲ་སྦྱོར་བ་གང་ལ་ཡང་སྔར་བཤད་པའི་སྐྱོན་དུ་འགྱུར་བའི་ཕྱིར། མངོན་སུམ་གྱིས་ཤིང་ཕུང་གཅིག་ལས་སྐྱེས་པའི་ཤིང་ཐོག་རོ་སྐྱུར་བར་མཐོང་བས་མངོན་སུམ་ཕྱི་མ་རྣམས་ཀྱང་དེ་དང་ཡུལ་མཚུངས་པས་ལྷག་མ་དང་ལྡན་པའི་མཚན་ཉིད་རྫོགས་པར་འགྱུར་བ་མ་ཡིན་པར་ཐལ། གཟུགས་མཚུངས་ན་རོ་མཚུངས་པས་མ་ཁྱབ་པའི་ཕྱིར། གལ་ཏེ་རྒྱུ་ལྷག་མ་དང་ལྡན་ན་ལྷག་མ་དང་ལྡན་པའི་མཚན་ཉིད་ཡོངས་སུ་རྫོགས་པར་འགྱུར་ལ། དེ་ཡང་ལྡན་པ་དང་འདུ་བའི་འབྲེལ་པ་ལས་རྟོགས་པར་འགྱུར་རོ་ཞེ་ན། དེ་མི་རིགས་ཏེ། རྒྱུ་ལྷག་མ་དང་ལྡན་ན་ལྷག་མ་དང་ལྡན་ལས་ཏེ། ལྷག་ལྡན་གྱི་མཚན་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་མ་ཡིན་པར་ཐལ། དེ་ནི་ལྷག་མ་དང་ལྡན་པའི་གཏན་ཚིག་ལྡན་འདུ་ལ་སོགས་པའི་འབྲེལ་པ་གཞན་ལས་ཀྱང་རྟོགས་པར་མི་འགྱུར་བའི་ཕྱིར། བསལ་ཁྱབ་ཁས་བླངས་སོ། །གལ་ཏེ་དེ་རྟོགས་བྱེད་ཀྱི་རིགས་པ་གཞན་ཡོད་དེ། འབྲེལ་པ་གཟུང་དོན་དུ་བྱས་པའི་སྒོ་ནས་རྟགས་དང་རྟགས་ཅན་གྱི་ཤེས་པ་སྐྱེ་བའི་ཕྱིར་ཞེ་ན། འོ་ན་མེ་མཐོང་བའི་སྒོ་ནས་དུ་བ་རྟོགས་པའི་རྗེས་དཔག་སྐྱེ་བར་ཐལ། དེར་ཡང་རིགས་པ་མཚུངས་པའི་ཕྱིར་རོ། །གསུམ་པ་ནི། རིགས་པ་ཅན་པས་སྒྲོ་བཏགས་པའི་སྤྱིར་མཐོང་བའི་རྗེས་དཔག་གི་ཚད་མའང་མི་རིགས་པར་ཐལ། དེ་ལའང་སྔར་བཤད་པ་བཞིན་དུ་སྐྱོན་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ཏེ། རྒྱུ་འབྲས་ཀྱི་འབྲེལ་བ་མངོན་སུམ་གྱིས་བཟུང་བ་ལས་དཔག་ནས་ཤིན་ཏུ་ལྐོག་གྱུར་གྱི་དོན་གཟུང་དོན་དུ་བྱེད་པར་ཁས་བླངས་ཤིང་དེ་ལ་ཉེས་པ་དུ་མ་ཡོད་པའི་ཕྱིར་དང་། འབྲེལ་པ་བཟུང་པ་ཙམ་གྱི་སྒོ་ནས་རྟགས་དང་རྟགས་ཅན་གྱི་རྗེས་དཔག་སྐྱེ་བར་ཁས་བླངས་པ་དང་། རྒྱུ་འབྲས་ཀྱི་ཆ་ཐམས་ཅད་བཟུང་བར་ཁས་བླངས་ཤིང་དེའང་ཉེས་པ་དང་བཅས་པའི་ཕྱིར་རོ། གཉིས་པ་ནི། ཚད་འབྲས་རྫས་གཞན་དུ་འདོད་པ་མི་རིགས་པར་ཐལ། འབྲས་བུ་ལས་རྫས་གཞན་པ་ཉིད་ཀྱང་ཡིན་ལ་ཚད་མའང་ཡིན་པའི་གཞི་མཐུན་སུས་ཀྱང་མི་ཐོབ་པའི་ཕྱིར་རོ། །གལ་ཏེ་རྟགས་ཅན་གྱི་བློ་འབྲས་བུ་ཡིན་པ་དང་རྟགས་ཤེས་པའི་བློ་ཚད་མ་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་པར་ཐལ། དེ་གཉིས་ཀྱི་བྱེད་པ་འཇུག་པའི་ཡུལ་ཐ་དད་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །སྔ་མ་དང་ལྡན་པ་དང་ལྷག་མ་དང་ལྡན་པའི་རྗེས་དཔག་ཆོས་ཅན། རྟགས་ཅན་འཇལ་བའི་རྣམ་པར་དབྱེ་བའང་འགྲུབ་པར་མི་འགྱུར་ལ། རྟགས་འཇལ་བའི་ཤེས་པ་ཡིན་པའི་ཕྱིར། གསུམ་ཆར་རོ། །རིགས་པ་ཅན་པས་སྔ་མ་དང་ལྡན་པའི་རྗེས་སུ་དཔག་པ་ཁོ་ན་རྣམ་པ་གསུམ་དུ་འགྱུར་ཏེ། དུས་གསུམ་འཛིན་པའི་ཕྱིར་ཞེས་ཁས་བླངས་པ་དང་རང་ཉིད་ཀྱི་གཞུང་ལས་རྗེས་དཔག་ཐམས་ཅད་དུས་གསུམ་ལ་འཇུག་སྟེ། དུས་གསུམ་པ་ཅན་ནོ་ཞེས་བརྗོད་པ་གཉིས་ཁྱོད་རིགས་པ་ཅན་གྱིས་རྣམ་གཅོད་ཀྱི་འདོད་ཚུལ་དང་བསྟུན་ན་ཤིན་ཏུ་འགལ་བ་ཡིན་ཏེ། འདི་ལྟར། རྗེས་དཔག་ཐམས་ཅད་ཆོས་ཅན། རྣམ་པ་གསུམ་དུ་འགྱུར་བར་ཐལ། དུས་གསུམ་གྱི་ཡུལ་ཅན་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་པ་ཡིན་ནོ། གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། བྱེ་བྲག་པ་རྣམས་ན་རེ། འདི་ནི་བ་གླང་ཁོ་ནའོ། །རྟ་ཁོ་ནའོ་སྙམ་པ་ནི། མངོན་སུམ་ཡིན་ཏེ། འདིའོ་སྙམ་པའི་བློ་ཡིན་པའི་ཕྱིར། མངོན་སུམ་གྱིས་མཐོང་བའི་དོན་ལས་བལྟ་བར་བྱ་བའི་དོན་གཞན་རྗེས་སུ་རྟོགས་པའི་བློ་དེ་དག་ནི་རྟགས་ལས་བྱུང་བ་རྗེས་སུ་དཔག་པའོ། །ཞེས་སྦྲེལ་ལོ། །དེ་ཡང་ཉིན་མོར་བྱེད་པ་ཤར་བ་མཐོང་བ་ལས་དོན་གཞན་བུམ་པ་གསལ་བ་བཞིན་དུ་བསྐྱེད་བྱའི་འབྲས་བུ་དང་། གསལ་བར་བྱ་བ་འདི་ནི་སྐྱེད་བྱེད་ཀྱི་རྒྱུ་དང་། གསལ་བྱེད་འདིའི་དཔག་པར་བྱ་བའོ། །ཞེས་རྒྱུ་མེ་ལས་འབྲས་བུ་དུ་བ་དཔོག་པ་དང་། འབྲེལ་པ་བཟུང་བ་ལས་འབྲེལ་པ་ཅན་དཔོག་པའོ། །འབྲེལ་པ་ནི་གཉིས་ཏེ། མེ་དུ་ལྟ་བུ་ལྡན་པའི་འབྲེལ་བ་དང་། བ་གླང་དང་རྭ་ཅན་འདུ་བའི་འབྲེལ་པའོ། །དོན་གཅིག་ལ་འདུ་བ་ལས་འདུ་བ་ཅན་པ་དཔོག་པ་དང་། འདུ་བའང་གཉིས་ཏེ། གཟུགས་དང་། རེག་བྱ་ལྟ་བུ་འབྲས་བུ་དང་འབྲས་བུ་གཞན་འདུ་བ་དང་། རྐང་ལག་ལྟ་བུ་རྒྱུ་དང་རྒྱུ་གཞན་འདུ་བའོ། །འགལ་ཟླས་འགལ་ཟླ་དོན་གཞན་དཔོག་པ་ནི་འགལ་བ་ཅན་ཡིན་ནོ་ཞེས་བྱ་བའོ། །དེ་ཡང་བཞི་སྟེ། རླུང་དང་སྤྲིན་སྦྱོར་བ་ལས་ད་ལྟར་མེད་པའི་ཆར་པའི་ལས་དཔོག་པ་ལྟ་བུ། མ་བྱུང་བ་བྱུང་བའི་འགལ་ཟླས་དཔོག་པར་འདོད་པ་དང་། ཆར་པའི་ལས་ཡོད་བཞིན་པ་རླུང་དང་ཆར་པ་སྦྱོར་བ་ལས་དཔོག་པ་ལྟ་བུ། མ་བྱུང་བས་བྱུང་བ་དཔོག་པ་དང་། གཤེར་བ་ཆུ་རློན་འཆིང་བ་སྟེ་གཤེར་བའི་འབྲས་བུ་རླན་པ་དང་འགལ་བས་གཤེར་བ་དང་འགལ་བར་དཔོག་པ་ལྟ་བུ་བྱུང་བས་བྱུང་བ་དཔོག་པ་དང་། ལྗང་ཁུའི་བུམ་པ་ཚོས་པ་ལས་སྐྱེས་བའི་ངོ་བོར་བྱུང་བ་ལ་གྲུབ་ཟིན་པའི་བུམ་པ་མེ་དང་སྦྱོར་བར་དཔོག་པ་ལྟ་བུ། མ་བྱུང་བས་མ་བྱུང་བ་དཔོག་པའོ་ཞེས་ཟེར་རོ། །ཕྱོགས་སྔའི་གཞུང་འགྲེལ་པའི་ཚིག་གོ །གཉིས་པ་ལ་གཉིས་ཏེ། རྗེས་དཔག་སྔ་མ་གཉིས་དགག་པ་དང་། ཕྱི་མ་གཉིས་དགག་པའོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། དོན་བསྡུ་པའོ། །དང་པོ་ལ་གཉིས་ཏེ། རྒྱུ་ལས་འབྲས་བུ་དཔོག་པ་དགག་པ་དང་། ལྡན་འདུའི་འབྲེལ་པ་རྟག་དངོས་ལས་དཔོག་པ་དགག་པའོ། །དང་པོ་ནི། རྒྱུ་མེ་རྟགས་སུ་བཀོད་པ་ལས་རྩོད་གཞིའི་སྟེང་དུ་འབྲས་བུ་དུ་བ་གྲུབ་པའི་རྟགས་ཡང་དག་མེད་པར་ཐལ། མེ་དུ་བ་ལ་འབྲེལ་བ་འཁྲུལ་བའི་ཕྱིར། གཉིས་པ་ལ་གསུམ་ཏེ། ལྡན་པའི་འབྲེལ་པ་ལས་དཔོག་པ་དགག་པ་དང་། འདུ་བའི་འབྲེལ་པ་ལ་ཡང་ཉེས་པ་མཚུངས་པར་བསྟན་པ་དང་། འགལ་བ་ལ་ཡང་མཚུངས་པའོ། །དང་པོ་ལ་གཉིས་ཏེ། དགག་པ་དངོས་དང་། ཧ་ཅང་ཐལ་བས་དགག་པའོ། །དང་པོ་ནི། ལྡན་པའི་འབྲེལ་པ་རྟག་དངོས་རྟོགས་པ་ལས་བསྒྲུབ་བྱ་གྲུབ་པ་མེད་པར་ཐལ། ལྡན་པའི་འབྲེལ་པ་དང་འབྲེལ་པ་ཅན་གཉིས་མངོན་སུམ་གྱིས་གཟུང་ཡུལ་དུ་རྟོགས་པ་གང་ཞིག་དེ་ཡིན་ན་རྗེས་དཔག་གིས་རྟོགས་པ་དོན་མེད་པས་ཁྱབ་པར་ཁས་བླངས་པའི་ཕྱིར་དང་། ཕྱོགས་ཆོས་དང་རང་གི་མཐུན་དཔེ་ཡང་དག་གི་སྟེང་དུ་མེད་ན་མི་འབྱུང་བའི་འབྲེལ་པ་ལ་བརྟེན་ནས་བསྒྲུབ་བྱ་གོ་དགོས་པ་གང་ཞིག་དེ་ཡིན་ན་ལྡན་པའི་འབྲེལ་པ་ལས་བསྒྲུབ་བྱ་མི་རྟོགས་པས་ཁྱབ་པར་ཁས་བླངས་པའི་ཕྱིར་རོ། །གལ་ཏེ་ངེས་པར་ལྡན་པ་ལས་ལྟོས་ཏེ། ཤེས་བྱེད་ཀྱི་རྒྱུ་ལས་བསྒྲུབ་བྱ་གོ་བར་བྱེད་པའི་ཕྱིར་ཞེ་ན། དུ་བ་ལའི་སྟེང་དུ་མེའི་གོ་བྱེད་ཡིན་པ་བཞིན་དུ་མེ་ཡང་དུ་བའི་གོ་བྱེད་ཡིན་པར་ཐལ། ལྡན་པའི་འབྲེལ་པ་ཆ་མེད་ཀྱི་རྟག་དངོས་དེ་མེ་དུ་གཉིས་ཀ་དང་ཁྱབ་པར་ལྡན་པའི་ཕྱིར། ཁྱབ་རྟགས་དངོས། གལ་ཏེ་དུ་བ་མེ་དང་གདོན་མི་ཟ་བར་ལྡན་ལ། མེ་གདོན་མི་ཟ་བར་དུ་བ་དང་ལྷན་ཅིག་མི་ལྡན་པས་སྐྱོན་མེད་ཅེ་ན། ལྡན་པའི་འབྲེལ་པ་དང་འབྲེལ་ཅན་གཉིས་ཆོས་ཅན། མེ་དུ་ལྟ་བུ་ཉེ་རིང་གི་ཁྱད་པར་མེད་པར་ཐལ། ཆ་ཤས་ཐ་དད་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར། རྟགས་བསལ་དངོས། གཉིས་པ་ནི། དུ་བའི་སྐྱ་བོ་དང་རྫས་ཉིད་ལ་སོགས་པ་ཆ་ཐམས་ཅད་ལ་སྟེང་དུ་ཙན་དན་གྱི་མེ་ལ་སོགས་པའི་གོ་བྱེད་དང་། མེའི་གསལ་བ་དང་། འབར་བ་དང་ཙན་དན་ལས་བྱུང་བ་ལ་སོགས་པ་ཐམས་ཅད་དུ་བའི་གོ་བྱར་འགྱུར་བར་ཐལ། ལྡན་པའི་འབྲེལ་པ་རྟག་པའི་དངོས་པོ་ལ་བརྟེན་ནས་གོ་བྱེད་ཡང་དག་ཏུ་འགྱུར་བ་གང་ཞིག་དེ་ཡིན་ན་མེའི་གསལ་བ་ཐམས་ཅད་དུ་བའི་གོ་བྱ་དང་དུ་བའི་སྐྱ་རྫས་སོགས་ཐམས་ཅད་མེའི་གོ་བྱེད་དུ་འགྱུར་དགོས་ཀྱི་མེ་དང་དུ་བའི་ལྡན་པ་ནི་ཆ་ཤས་འགའ་ཞིག་ལས་ཆ་གཞན་གོ་བར་བྱེད་པ་མིན་པས་ཁྱབ་པར་ཁས་བླངས་པའི་ཕྱིར། གཉིས་པ་ནི། ལྡན་པའི་འབྲེལ་བ་རྟག་དངོས་ལ་བརྟེན་ནས་གོ་བྱེད་དུ་འགྱུར་བ་ལ་ཉེས་པ་ཡོད་པ་དེ་བཞིན་དུ་འདུ་བ་ལ་སོགས་པའི་འབྲེལ་པ་རྟག་དངོས་ལ་བརྟེན་ནས་གོ་བྱེད་དུ་འགྱུར་བར་འདོད་པ་ལའང་གནོད་བྱེད་ཡོད་པར་ཐལ། དེ་གཉིས་ཀ་ལ་རིགས་པས་གནོད་པའི་ཚུལ་མཚུངས་པའི་ཕྱིར། ཇི་ལྟར་མཚུངས་ན། །བ་གླང་ལས་རྫས་ཉིད་དང་། རྭ་ཅན་ཉིད་གོ་བར་བྱེད་པ་དེ་བཞིན་དུ་རྫས་ཉིད་ལས་ཀྱང་བ་གླང་གོ་བ་དང་རྭ་ཅན་ལས་ཀྱང་བ་གླང་གོ་བར་བྱེད་པར་ཐལ། འདུ་བའི་འབྲེལ་པ་རྟག་དངོས་ལ་བརྟེན་ནས་བ་གླང་ལས་རྫས་ལ་སོགས་པ་གོ་བྱེད་དགོས་པ་གང་ཞིག་དེ་ཡིན་ན་ཐམས་ཅད་ཐམས་ཅད་ཀྱི་གོ་བྱེད་དང་གོ་བྱར་འགྱུར་དགོས་པར་ཁས་བླངས་པའི་ཕྱིར་རོ། །འོ་ན་ཁོས་ལྡན་འདུའི་འབྲེལ་པའི་ཚུལ་ཇི་ལྟར་འདོད་ཅེ་ན། ལྡན་པའི་འབྲེལ་བ་ནི། གོ་ས་ཐ་དད་ཀྱི་འབྲེལ་པ་དང་། འདུ་བའི་འབྲེལ་བ་ནི། གོ་ས་ཐ་མི་དད་ཀྱི་འབྲེལ་བ་ལས་འདོད་དོ། །དོན་གཅིག་ལ་འདུ་བའི་འབྲེལ་པ་རྟག་དངོས་ཁས་ལེན་པ་ལའང་གནོད་བྱེད་བརྗོད་པའི་ཚུལ་ཤེས་པར་བྱ་སྟེ། སྔར་གྱི་གནོད་བྱེད་བརྗོད་པ་དེས་འདི་ལ་གནོད་བྱེད་བརྗོད་པར་ཤེས་པར་བྱ་བ་ཡིན་པའི་ཕྱིར། གསུམ་པ་ནི། ལྡན་འདུ་བའི་འབྲེལ་པ་རྟག་དངོས་ལས་གོ་བྱེད་དུ་འགྱུར་བར་འདོད་པ་ལ་གནོད་བྱེད་ཡོད་པ་དེ་བཞིན་དུ་འགལ་བས་འགལ་ཟླ་རྟག་དངོས་གོ་བར་བྱེད་པ་ལ་ཡང་ནི་གནོད་བྱེད་སྲིད་པར་ཐལ། འདིའང་སྔ་མ་གཉིས་རིགས་པས་འགོག་པ་དང་ཚུལ་མཚུངས་པའི་ཕྱིར་རོ། །ཇི་ལྟར་མཚུངས་ན། རླུང་དང་སྤྲིན་སྦྱོར་བ་ལས་ད་ལྟར་མེད་པའི་ཆར་པའི་ལས་དཔོག་པར་བྱེད་པ་དེ་བཞིན་ད་ལྟར་མེད་པའི་ཆར་པའི་ལས་ལས་རླུང་དང་སྤྲིན་སྦྱོར་བ་དཔོག་པར་ཐལ། འགལ་བས་འགལ་ཟླ་རྟག་པའི་དངོས་པོ་ལས་གོ་བྱེད་དུ་འགྱུར་དགོས་པ་གང་ཞིག་དེ་ཡིན་ན་ཐམས་ཅད་ཐམས་ཅད་ཀྱི་གོ་བྱ་དང་གོ་བྱེད་དུ་འགྱུར་དགོས་པར་ཁས་བླངས་པའི་ཕྱིར། གཉིས་པ་དོན་བསྡུ་བ་ནི། ལྡན་འདུའི་འབྲེལ་པ་རྟག་དངོས་ལ་བརྟེན་ནས་བསྒྲུབ་བྱ་རྗེས་སུ་དཔོག་པ་མི་འཐད་པར་ཐལ། རྟགས་ཀྱི་སྤྱི་གཞན་རྫས་ཉིད་མེ་བསྒྲུབ་པའི་རྟགས་ཡང་དག་མིན་ཞིང་། ཙན་དན་ལས་བྱུང་བའི་མེའི་བྱེ་བྲག་རྣམས་ཀྱང་དུ་བའི་རྟགས་ཅན་མིན་པ་གང་ཞིག ལྡན་འདུའི་འབྲེལ་པ་རྟག་དངོས་ལས་བསྒྲུབ་བྱ་རྗེས་སུ་དཔོག་ན་ཐམས་ཅད་ཐམས་ཅད་ཀྱི་གོ་བྱེད་དང་། གོ་བྱར་འགྱུར་དགོས་པར་ཁས་བླངས་པའི་ཕྱིར་རོ། །མེད་ན་མི་འབྱུང་བའི་འབྲེལ་པ་ལ་བརྟེན་པ་ནི་ཡུལ་དུས་གང་ལ་ལྟོས་ཀྱང་འཁྲུལ་བའི་སྐྱོན་མེད་དེ། ཡུལ་ལ་ལྟོས་ནས་ས་ཕྱོགས་སུ་མེ་མེད་ན་དུ་བ་མི་འབྱུང་བར་དམིགས་པའི་ཕྱིར་དང་། དུས་ལ་ལྟོས་ནས་ཀྱང་མེ་སྔོན་དུ་མ་སོང་བར་དུ་བ་མི་འབྱུང་བའི་ཕྱིར་རོ། །དེས་ན་མེད་ན་མི་འབྱུང་བའི་འབྲེལ་པ་ངེས་པར་ཁས་ལེན་དགོས་པར་ཤེས་པར་བྱའོ། །དེ་ལ་གོ་བྱ་གོ་བྱེད་ཀྱི་ཚུལ་འཐད་པའི་ཕྱིར་རོ། །ལྡན་འདུའི་འབྲེལ་པ་རྟག་དངོས་ཁས་ལེན་པའི་བྱེ་བྲག་པ་གཞན་གྱི་ལྟར་ན། ཆ་ཤས་ཐམས་ཅད་ནས་ཕན་ཚུན་གོ་བྱ་གོ་བྱེད་དུ་ཐལ་བར་འགྱུར་ལ། སེལ་འཇུག་གི་རྣམ་དབྱེ་མི་ཤེས་པར་རྟག་པའི་རྫས་ཀྱི་འབྲེལ་པ་ལ་བརྟེན་ནས་གོ་བྱ་གོ་བྱེད་དུ་འགྱུར་དགོས་གང་ཞིག་དེ་ཡིན་ན་ཆ་ཤས་ཐམས་ཅད་ཀྱི་གོ་བྱ་གོ་བྱེད་དུ་འགྱུར་དགོས་པར་ཁས་བླངས་པའི་ཕྱིར། ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །གཉིས་པ་ལ་གསུམ་སྟེ། དོན་གཅིག་ལ་འདུ་བའི་འབྲེལ་པ་རྟག་རྫས་གོ་བྱེད་དུ་འདོད་པ་དགག འགལ་ཟླ་རྟག་རྫས་གོ་བྱེད་ཡིན་པ་དགག དགག་པ་གཞན་བསྟན་པའོ། །དང་པོ་ནི། ཁ་ཅིག་ན་རེ། དོན་གཅིག་ལ་འདུ་བའི་རྟག་རྫས་ཀྱི་འབྲེལ་བ་ནི་གཉིས་ཏེ། གཟུགས་དང་རེག་བྱ་ལྟ་བུ་འབྲས་བུ་དང་འབྲས་བུ་དོན་གཞན་རྫས་གཅིག་ལ་འདུ་བ་དང་། ལུས་རྩོམ་པའི་རྐང་ལག་ལུས་ལ་འདུ་བའི་འབྲེལ་པ་ལ་བརྟེན་ནས་དོན་གཞན་གོ་བར་བྱེད་པ་ལྟ་བུ་རྒྱུ་དང་རྒྱུ་དོན་གཞན་འདུ་བའི་འབྲེལ་པ་རྟག་པའི་རྫས་ལྟ་བུ་ཡོད་པའི་ཕྱིར་ཞེ་ན། དོན་གཅིག་ལ་འདུ་བའི་འབྲེལ་པ་རྟག་རྫས་དེ་ཤེས་བྱེད་ཀྱི་རྟགས་ཡང་དག་གི་མཚན་ཉིད་ཡོངས་སུ་རྫོགས་པ་མིན་པར་ཐལ། དེ་མེད་པའི་ཕྱིར་དང་། ཡོད་དུ་ཟིན་ཀྱང་དེ་ལྐོག་གྱུར་ཤེས་པར་བྱེད་པའི་རྟགས་ཡང་དག་གི་རྣམ་འཇོག་གི་རྒྱུར་ནི་ཚད་མ་གང་གིས་ཀྱང་ཁོང་དུ་ཆུད་པར་མི་འགྱུར་བའི་ཕྱིར་རོ། །མ་གྲུབ་ན། གཟུགས་ཀྱིས་རེག་བྱ་དཔོག་པ་བཞིན་དུ་རེག་བྱས་ཀྱང་གཟུགས་དཔོག་པར་ཐལ། དོན་གཅིག་ལ་འདུ་བའི་འབྲེལ་པ་རྟག་རྫས་ལ་བརྟེན་ནས་ལྐོག་གྱུར་གོ་བྱེད་དུ་འགྱུར་དགོས་དོན་གཅིག་ལ་འདུ་བའི་རྟག་པའི་རྫས་ཀྱི་འབྲེལ་པ་ལ་ཁྱད་པར་མེད་པར་ལྐོག་གྱུར་གྱི་གོ་བྱེད་ཡིན་ན་ཆ་ཤས་གཅིག་གོ་བྱེད་དུ་འགྱུར་ན་ཆ་ཤས་ཐམས་ཅད་གོ་བྱེད་དུ་འགྱུར་དགོས་པར་ཁས་བླངས་པའི་ཕྱིར། གཞན་ཡང་། དོན་གཅིག་ལ་འདུ་བའི་རྟག་རྫས་ཀྱི་འབྲེལ་པ་དེ་སྔར་བཤད་པ་གཉིས་སུ་གྲངས་ངེས་པ་འཐད་པ་མ་ཡིན་པར་ཐལ། ཁྱོད་ལྟར་ན་དེ་གཉིས་ལས་དོན་གཞན་པའི་དོན་གཅིག་ལ་འདུ་བའི་འབྲེལ་བ་སྲིད་པའི་ཕྱིར། གསུམ་ཆར་ཁས་བླངས་མོད་འོན་ཀྱང་། རྟགས་མ་གྲུབ་ན་རྟགས་ཀྱི་ཁས་བླངས་གསལ་བར་སྟོན་ན། དེར་ཐལ། རྐང་ལག་ལྟ་བུ་རྒྱུ་དང་རྒྱུ་གཞན་དོན་གཅིག་ལ་འདུ་བའི་འབྲེལ་པ་རྟག་རྫས་སུ་ཁས་བླངས་པ་ལྟར། ལུས་ཀྱི་རྒྱུར་ཁས་བླངས་པའི་མགོ་བོ་དེའི་རྒྱུར་མགོ་བོའི་ཆ་ཤས་དཔྲལ་བ་ཁས་བླངས་པས་དེ་ལྟ་བུ་རྒྱུའི་རྒྱུ་ལས་དོན་གཅིག་ལ་འདུ་བའི་འབྲེལ་པ་དང་། འབྲས་བུའི་འབྲས་བུ་ལས་དོན་གཅིག་ལ་འདུ་བའི་འབྲེལ་པར་ཁས་བླངས་དགོས་ཤིང་དེ་གཉིས་ཀྱང་སྔ་མ་གཉིས་ཀྱི་ནང་དུ་མ་འདུས་པར་ཁས་བླངས་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གཉིས་པ་ནི། གང་ཞིག་འགལ་བ་རླུང་དང་སྤྲིན་སྦྱོར་བའི་ལས་དེ་ཆོས་ཅན། རང་ཕྱོགས་ཆོས་སུ་སོང་བའི་གཞིར་ཆར་པའི་ལས་མེད་པར་སྒྲུབ་པའི་རྟགས་ཡང་དག་མིན་པར་ཐལ། ཆར་པའི་ལས་མེད་པ་དང་གོ་བྱ་གོ་བྱེད་ཀྱི་འབྲེལ་པའང་མེད། །ཆར་འབབ་པ་དང་འགལ་བའང་མེད་པའི་ཕྱིར་རོ། གསུམ་པ་ལ་གསུམ་སྟེ། རྟགས་འཛིན་གྱི་སེམས་རྟགས་སུ་མི་འཐད། འབྲེལ་པ་གཅིག་ཏུ་ངེས་ན་རྗེས་དཔག་གི་མཚན་ཉིད་མ་ངེས། དོན་གཞན་རྟག་རྫས་ཀྱི་འབྲེལ་བ་མེད་པའོ། དང་པོ་ནི། དུ་བ་མེའི་ལྡན་པ་ཅན་ནོ་ཞེས་སྔར་འབྲེལ་པ་འཛིན་པའི་དུས་ན་དུ་བ་མཐོང་བའི་མངོན་སུམ་དེ་གཞི་འགའ་ཞིག་ཏུ་མེ་སྒྲུབ་པའི་རྟགས་ཡང་དག་ཡིན་ནོ་ཞེ་ན། རྟགས་བློ་སྟེ། སྔར་བཤད་པའི་དུ་འཛིན་མངོན་སུམ་ཆོས་ཅན། གཞི་དེར་མེ་སྒྲུབ་པའི་རྟགས་ཡང་དག་མིན་པར་ཐལ། མེ་དང་འབྲེལ་པ་མེད་པའི་ཕྱིར། མ་གྲུབ་ན། ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་ན། དེར་ཐལ། དེ་དང་བདག་གཅིག་ཏུ་འང་མ་འབྲེལ་དེ་དང་དེ་བྱུང་དུའང་མ་འབྲེལ་པའི་ཕྱིར། སྔ་མ་མ་གྲུབ་ན། དེར་ཐལ། མེ་དང་རྫས་ཐ་དད་ཡིན་པའི་ཕྱིར་རོ། །ཕྱི་མ་མ་གྲུབ་ན། ཁས་བླངས་མོད་ཁས་བླངས་གསལ་བར་སྟོན། དེར་ཐལ། མེའི་སྔར་བྱུང་ཟིན་ཡིན་པའི་ཕྱིར། གསུམ་ཆར་རོ། །མེ་དེ་ཆོས་ཅན། རང་ལྡན་གྱི་ལར་དུ་བ་ཡོད་པར་བསྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དུ་བ་ལས་མེ་འབྲེལ་བའི་ཕྱིར། བསལ་བ་ཁས་བླངས་སོ། །ཡང་དེ་ཆོས་ཅན། ཆོས་དེར་ཐལ། ཁྱོད་དེ་སྒྲུབ་ཀྱི་རྟགས་དུ་བ་ལས་བྱུང་བའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། དེ་སྒྲུབ་ཀྱི་རྟགས་ལས་བྱུང་བ་ཡིན་ན། དེ་སྒྲུབ་ཀྱི་རྟགས་ཡང་དག་མིན་པས་ཁྱབ་པར་ཁྱོད་ཀྱིས་གཞུང་ནས་བཤད་པའི་ཕྱིར། རྟགས་ཅན་ཀྱི་བློའི་རྒྱུ་ཡིན་པའི་ཕྱིར་རྟགས་ཀྱི་སྒྲས་བརྗོད་པ་ཡིན་ནོ་ཞེ་ན། ཐམས་ཅད་དེ་ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་གི་རྒྱུ་ཡིན་ན་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་བརྗོད་པས་ཁྱབ་པ་རིགས་པ་མིན་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་བརྗོད་པ་མིན་ཡང་ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་རང་རྒྱུ་ལས་འབྱུང་བ་འཐད་པའི་ཕྱིར། དེ་ལྟར་མ་ཡིན་ན། བདག་དང་ཕྲད་པ་ལ་སོགས་པའང་། མིག་ཤེས་ཀྱི་རྟགས་སུ་བརྗོད་རིགས་པར་ཐལ། དེ་དེའི་རྒྱུར་ཁས་བླངས་པའི་ཕྱིར། གསུམ་ཆར་རོ། །དྲན་པའི་རྟགས་ལས་བྱུང་བའི་ཚད་མ་དང་། རྟགས་ཅན་གྱི་བློ་རྟགས་འཛིན་གྱི་ཚད་མའི་མཚོན་བྱའོ་ཞེས་བྱ་བ་སྟེ། རྟགས་ཀྱི་ཤེས་པ་རྟགས་དང་འབྲེལ་བའི་ཕྱིར་ཞེ་ན། སྔར་དུ་བ་མ་མཐོང་བར་ཡིད་ཀྱིས་མེ་དུའི་འབྲེལ་པ་དྲན་པ་ཙམ་གྱིས་འབྲེལ་པ་ཅན་དུ་བ་དེ་སྒྲུབ་ཀྱི་བསྒྲུབ་བྱར་འགྲུབ་པར་འགྱུར་བར་ཐལ། འབྲེལ་པ་དྲན་པའི་ཆ་རྟགས་དེའི་ཚད་མ་དང་རྟགས་ཅན་གྱི་བློ་རྟགས་འཛིན་གྱི་ཚད་མའི་མཚོན་བྱ་ཡིན་པའི་ཕྱིར་དང་། མེ་དེ་ལ་མེ་ཡོད་དུ་བསྒྲུབ་པའི་བསྒྲུབ་བྱར་རིགས་པའི་ཕྱིར། །གསུམ་ཆར་ཁས་བླངས་སོ། །གལ་ཏེ་རྗེས་དཔག་གི་རྒྱུ་ཐམས་ཅད་རྟགས་ཀྱི་སྒྲས་བརྗོད་པར་རིགས་པར་ཐལ་བའི་ཉེས་པ་མེད་དེ། རྟགས་ཀྱི་ཤེས་པ་རྗེས་དཔག་གི་དངོས་རྒྱུ་ཡིན་པས་དེའི་སྒྲས་བརྗོད་པ་ཡིན་པའི་ཕྱིར་ཞེ་ན། གཞན་གྱི་ལུགས་ལ་ལན་དེ་འདྲ་འདེབས་སྲིད་ཀྱང་ཁྱོད་ཀྱི་ལུགས་ལ་དེ་འདྲའི་ལན་འདེབས་པ་ནི་ཤིན་ཏུ་འགལ་ཏེ། འདི་ལྟར། རྟགས་ཀྱི་ཤེས་པ་ཆོས་ཅན། ཁྱོད་རྗེས་དཔག་གི་དངོས་རྒྱུ་མ་ཡིན་པར་ཐལ། ཁྱོད་དང་དེའི་བར་དུ་ཕྱོགས་ཆོས་དང་། ཁྱབ་པ་དྲན་པས་ཆོད་པའི་ཕྱིར། རྟགས་ཁྱོད་ཀྱིས་ཁས་བླངས་ཏེ། ཁྱོད་ཀྱི་གཏན་ཚིག་ནི་ཚད་མ་ལས་ཕྱོགས་ཁྱབ་དྲན་པ་སྐྱེ། དེ་ལས་རྗེས་དཔག་གི་ཚད་མ་སྐྱེ་བར་ཁས་བླངས་པའི་ཕྱིར་རོ། དེས་ན་འགྲེལ་པའི་ལུགས་འདི་བཞིན་དུ་བཤད་ན་འཐད་ཀྱང་འབྲེལ་པ་དྲན་པའི་བློ་ཡིན་ན་གཏན་ཚིགས་ཀྱི་བློ་མ་ཡིན་པས་ཁྱབ་པ་དང་། ཕྱོགས་ཆོས་དྲན་པའི་བློ་ཡིན་ནའང་རྟགས་འཛིན་གྱི་བློ་མ་ཡིན་པས་ཁྱབ་པ་དང་། ཕྱོགས་ཆོས་དྲན་པའི་བློ་ཡིན་ན་རང་འབྲས་རྗེས་དཔག་གི་དངོས་རྒྱུར་མི་རུང་བས་ཁྱབ་པ་འགྲེལ་པའི་ལུགས་ཡིན་ན་ཤིན་ཏུ་མི་འཐད་དེ། དབང་ཤེས་ཡང་རང་གི་དངོས་རྒྱུར་གྱུར་པའི་རྐྱེན་གསུམ་ལས་མ་བྱུང་བར་འདོད་ན་ཉེས་པ་ཅི་ཡོད། འོ་ན་དབང་ཤེས་ཆོས་ཅན། ཁྱོད་རྒྱུ་མེད་དུ་ཐལ། ཁྱོད་དབང་ཤེས་གང་ཞིག་རང་གི་དངོས་རྒྱུར་གྱུར་པའི་རྐྱེན་གསུམ་ལས་མ་བྱུང་བའི་ཕྱིར་ཞེ་ན། རྟགས་ཅན་གྱི་རྗེས་དཔག་ཆོས་ཅན། ཁྱོད་རྒྱུ་མེད་ཡིན་པར་ཐལ། ཁྱོད་རྗེས་དཔག་རང་གི་དངོས་རྒྱུར་གྱུར་པའི་ཕྱོགས་ཁྱབ་དྲན་པ་ལས་མ་བྱུང་བའི་ཕྱིར་ཞེས་བརྗོད་ན་ལན་ཅི་ཡོད། གཉིས་པ་ནི། དོན་གཅིག་ལ་འདུ་བའི་རྟག་རྫས་ཀྱི་འབྲེལ་པ་གཅིག་ཏུ་ངེས་པས་རྗེས་དཔག་སྐྱེའོ་ཞེ་ན། ཁྱོད་ཀྱིས་བཤད་པའི་རྗེས་དཔག་གི་མཚན་ཉིད་མ་ཚང་བར་ཐལ། དེ་ཚང་ན་སྒྲ་མི་རྟག་པར་སྒྲུབ་པ་ལ་འབྲས་བུ་དང་རྒྱུ་དང་། རྣམ་པར་འགྱུར་བ་ལ་སོགས་པ་གཏན་ཚིགས་སུ་སྟོན་དགོས་པར་ཁས་བླངས་པ་གང་ཞིག་འབྲས་བུ་ལ་སོགས་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་སུ་ཁས་བླངས་ནས་མདོར་མ་མཚོན་ཞིང་མ་བསྟན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །འདི་ལྟར་བཤད་པ་མཁས་མཆོག་གི་དགོངས་པ་ཡིན་གྱི་འབྲས་བུ་ལ་སོགས་རྟགས་སུ་མ་བསྟན་པའི་ཕྱིར་ཞེས་ཚད་གྲུབ་ཏུ་བྱེད་པ་ནི་མི་འཐད་དེ། རང་ལའང་མཚུངས་པའི་ཕྱིར་རོ། སྐྱོན་མེད་དེ། རྟགས་ཆོས་ནི་གསལ་བྱ་གསལ་བྱེད་ཀྱི་རྒྱུ་འབྲས་ཀྱི་མཚན་ཉིད་རྫོགས་པ་ཡིན་པའི་ཕྱིར་ཞེ་ན། ཐ་མ་ལྡན་པའི་འབྲེལ་པ་ཤེས་བྱེད་ཀྱི་རྒྱུར་སྨོས་པ་དོན་མེད་པར་ཐལ། དེ་གསལ་བྱ་གསལ་བྱེད་དུ་མི་འགྱུར་བའི་ཕྱིར། མ་གྲུབ་ན་ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་ན། དེར་ཐལ། གསལ་བྱེད་ཡིན་ན་སྐྱེད་བྱེད་ཡིན་པས་ཁྱབ་པར་ཁས་བླངས་ལ། ལྡན་འབྲེལ་རྟག་པའི་དངོས་པོར་ཁས་བླངས་པས་དེ་སྐྱེད་བྱེད་དུ་མི་རུང་བའི་ཕྱིར་རོ། གསུམ་པ་ནི། རྟག་རྫས་ཀྱི་ལྡན་འདུའི་འབྲེལ་པ་རྟགས་ཡང་དག་གི་མཚན་ཉིད་ཀྱི་ཡན་ལག་ཏུ་སྨོས་པ་དོན་མེད་པར་ཐལ། གཞན་ཕྱོགས་ཆོས་དང་ལྡོག་པའི་ཚུལ་ལས་ཀྱང་རྟགས་ཡང་དག་གི་མཚན་ཉིད་དེ་གྲུབ་པའི་ཕྱིར་རོ། །གསུམ་པ་གྲངས་ཅན་གྱིས་བཏགས་པའི་རྗེས་དཔག་དགག་པ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དགག་པའོ། དང་པོ་ནི། གྲངས་ཅན་པ་རྣམས་ན་རེ། དོན་རྣམས་ཀྱི་འབྲེལ་པ་བདུན་ཡོད་དེ། དེ་ཡང་འཇིག་རྟེན་དང་བསྟན་བཅོས་ལ་གྲགས་པའི་དཔེ་གཉིས་ཀྱིས་མཚོན་པར་བྱེད་དེ། རྒྱལ་དཔོག་པ་དང་། གྲངས་ཅན་དང་། གཙོ་བོ་དང་། སྐྱེས་བུ་བཞིན་དུ། ནོར་དང་བདག་པོའི་འབྲེལ་པ་དང་། ཞོ་དང་། འོ་མ་དང་། གཙོ་བོ་དང་ཆེན་པོ་ལ་སོགས་པ་བཞིན་དུ་རང་བཞིན་དང་རྣམ་འགྱུར་གྱི་དངོས་པོ་དང་། ཤིང་རྟ་དང་། དེའི་ཡན་ལག་དང་། སྙིང་སྟོབས་ལ་སོགས་པ་དང་། དེ་ཙམ་ལྔ་བཞིན་དུ་འབྲས་བུ་དང་། རྒྱུའི་དངོས་པོ་དང་། རྫ་མཁན་དང་། རྫ་བུམ་དང་། སྐྱེས་བུ་དང་། གཙོ་བོ་བཞིན་དུ་རྒྱུ་མཚན། རྒྱུ་མཚན་ཅན་གྱི་དངོས་པོ་དང་། པ་ལ་ཤ་དང་ཤིང་དང་། དེ་ཙམ་ལྔ་དང་། འབྱུང་བ་ཆེན་པོ་བཞིན་དུ་ཡན་ལག་དང་། ཡན་ལག་ཅན་གྱི་དངོས་པོ་དང་། དུར་པ་དང་དུར་མ་དང་། སྙིང་སྟོབས་ལ་སོགས་པ་བཞིན་དུ། ལྷན་ཅིག་སྤྱོད་པའི་དངོས་པོ་དང་། སྦྲུལ་དང་། སྲེ་མོང་དང་། ཡན་ལག་དང་ཡན་ལག་ཅན་དུ་གྱུར་པའི་སྙིང་སྟོབས་ལ་སོགས་པ་བཞིན་དུ་གནོད་བྱ་གནོད་བྱེད་ཀྱི་དངོས་པོའི་འབྲེལ་པ་སྟེ། སྙིང་སྟོབས་ལ་སོགས་པའི་ཡན་ལག་གཅིག་གིས་ཅིག་ཤོས་གཟིལ་གྱིས་གནོན་པའི་ཕྱིར་རོ། །འབྲེལ་པ་མངོན་སུམ་པ་གང་རུང་གཅིག་མངོན་སུམ་གྱིས་གྲུབ་པ་ལས་དེ་ལ་བརྟེན་ནས་ལྷག་པའི་དོན་མངོན་དུ་མ་གྱུར་པ་གཞན་གྲུབ་པ་ནི་རྗེས་སུ་དཔག་པའོ་ཞེས་ཟེར་རོ། །དཔེར་ན། སྔར་དུ་བ་དང་མེའི་འབྲེལ་པ་དབང་མངོན་འགའ་ཞིག་གིས་གཟུང་ཡུལ་ཡུལ་དུ་མངོན་སུམ་དུ་མཐོང་ནས་ཕྱིས་དུ་བ་མཐོང་བ་ལས། བློས་མེ་ཡོད་པ་ཉིད་དུ་ཞེན་པར་བྱེད་པའོ། །རྟགས་ཀྱི་ཤེས་པ་ཁ་ཅིག་མ་ངེས་པར་ཡང་འགྱུར་ཏེ། རླངས་པ་མཐོང་བ་ལས་དུ་བར་ཐེ་ཚོམ་ཟ་བ་བཞིན་ནོ། །ཕྱོགས་སྔའི་གཞུང་གི་འགྲེལ་ཚིག་གོ །གཉིས་པ་ལ་གཉིས་ཏེ། རྗེས་དཔག་གི་མཚན་ཉིད་མི་འཐད་པར་དམ་བཅའ་བ་དང་། གྲངས་ཅན་གྱིས་བཏགས་པའི་རྗེས་དཔག་འགོག་པའི་རིགས་པའོ། །དང་པོ་ནི། བཤད་པའི་ཚིག་ཉེ་བར་འགོད་པ་དེ་ལ་ཞེས་མཚམས་སྦྱར་ནས། འབྲེལ་པ་མངོན་སུམ་པ་གང་རུང་གཅིག་ལ་བརྟེན་ནས་ལྐོག་གྱུར་རྗེས་སུ་དཔག་གོ་ཞེས་པ་རིགས་པ་མིན་ཏེ། དེ་ལ་འཆད་པར་འགྱུར་བའི་རིགས་པས་གནོད་པའི་ཕྱིར། འདིའི་གཞུང་ཡང་འགྲེལ་པའི་ཚིག་གོ །གཉིས་པ་ལ་གསུམ་ཏེ། རྒྱས་པར་དགག སྤྱིར་མཐོང་བ་ལ་གཉིས་ཁོ་ནར་ངེས་ན་རྗེས་དཔག་ཁྱབ་ཆུང་བ་དང་། སྐྱེས་བུ་ཚད་མས་མ་གྲུབ་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། འབྲེལ་པ་གཟུང་ཡུལ་དུ་འཛིན་པའི་མངོན་སུམ་དགག དེ་ལ་བརྟེན་པའི་རྗེས་དཔག་དགག་པའོ། །དང་པོ་ནི། སྤྱི་དང་ཁྱད་པར་སོགས་གཟུང་ཡུལ་དུ་འཛིན་པའི་རྣ་བ་ལ་སོགས་པའི་འཇུག་པ་མངོན་སུམ་དང་། དེའི་འབྲས་བུ་ཡིད་ཀྱི་འཇུག་པ་ཡང་མངོན་སུམ་དུ་བརྗོད་ལ། དེ་དག་གིས་འབྲེལ་པ་གཟུང་ཡུལ་དུ་འཛིན་པར་བྱེད་དོ་ཞེ་ན། དབང་མངོན་ཆོས་ཅན། སྤྱི་དང་ཁྱད་པར་ལ་སོགས་པའི་འབྲེལ་པ་གཟུང་ཡུལ་དུ་འཛིན་པ་མི་འཐད་པར་ཐལ། རང་གི་གཟུང་དོན་ཙམ་ལ་བལྟ་བའི་རྟོག་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར་རོ། །ཡིད་ཀྱི་འཇུག་པ་རྣ་བའི་འཇུག་པའི་ཡུལ་ཅན་དུ་ཁས་བླངས་པས། ཡིད་ཀྱི་འཇུག་པ་དང་རྣ་བའི་འཇུག་པ་ཆོས་ཅན། ཚད་མ་དང་འབྲས་བུ་མ་ཡིན་པར་ཐལ། དངོས་ཀྱི་བྱེད་པ་འཇུག་པའི་ཡུལ་ཐ་དད་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། གཉིས་པ་ལ་བཞི་སྟེ། །ནོར་དང་ནོར་ཅན་གྱི་འབྲེལ་པ་ལ་བརྟེན་པ་མི་འཐད། གནོད་བྱ་གནོད་བྱེད་ཀྱི་འབྲེལ་པ་ལ་བརྟེན་པ་མི་འཐད། གཙོ་བོ་དང་སྐྱེས་བུ་དཔོག་པའི་གཏན་ཚིགས་འབྲེལ་མེད་དུ་ཐལ་བ། ལྷན་ཅིག་སྤྱོད་པའི་དངོས་པོའི་འབྲེལ་པ་པ་ལ་བརྟེན་པ་མི་འཐད་པའོ། །དང་པོ་ནི། དབང་མངོན་གྱིས་ནོར་དང་ནོར་ཅན་གྱི་འབྲེལ་པ་གཟུང་ཡུལ་བྱས་ནས་དེ་ལས་ལྷག་པའི་དོན་གྲུབ་པ་རྗེས་དཔག་གི་མཚན་ཉིད་དུ་འདོད་པ་མི་རིགས་པར་ཐལ། དབང་མངོན་གྱིས་ནོར་དང་ནོར་ཅན་གྱི་འབྲེལ་པ་དེ་གཟུང་ཡུལ་དུ་མ་ཤེས་པར་ཕྱོགས་ཆོས་དང་ལྡོག་པའི་ཁྱབ་པའི་ཚུལ་ལ་བརྟེན་ནས་རྩོད་གཞིའི་སྟེང་དུ་ལྐོག་གྱུར་དེ་རྟོགས་པའི་ཕྱིར། གཞན་ཡང་། ནོར་དེ་རྩོད་གཞིའི་སྟེང་དུ་ནོར་ཅན་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ནོར་དེ་ནོར་ཅན་དང་རྟོགས་པ་ཕན་ཚུན་བརྟེན་པའི་ཕྱིར། མ་གྲུབ་ན་ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་ན། དེར་ཐལ། ནོར་ཁོང་དུ་ཆུད་པ་ནོར་ཅན་ཁོང་དུ་ཆུད་པ་ལ་ལྟོས་དགོས་ནོར་ཅན་ཁོང་དུ་ཆུད་པ་ནོར་ཁོང་དུ་ཆུད་པ་ལ་ལྟོས་དགོས་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །ཁྱོད་ཀྱི་འདོད་པ་ལྟར་ན་ནི། ཐམས་ཅད་ཐམས་ཅད་ཀྱི་གོ་བྱ་དང་གོ་བྱེད་དུ་ཁས་ལེན་དགོས་པའམ། ཡང་ན་གོ་བྱ་གོ་བྱེད་མེད་པར་ཁས་ལེན་དགོས་ཞེས་འཆད་པ་ནི། དུ་བ་ལ་སྟེང་དུ་མེའི་གོ་བྱེད་ཡིན་པར་ལྟར་མེའང་དེར་དུ་བའི་གོ་བྱེད་དུ་ཐལ། མེ་དུའི་འབྲེལ་པ་ནི་མེ་དུ་གཉིས་ལ་ཉེ་རིང་གི་ཁྱད་པར་མེད་ཅིང་དེ་མེད་ན་དེ་ལྟར་འགྱུར་བར་ཁས་བླངས་པའི་ཕྱིར། འོ་ན་ཉེས་པ་དེ་ཁྱོད་ལའང་མཚུངས་སོ་སྙམ་ན། མེད་ན་མི་འབྱུང་བའི་འབྲེལ་པ་ཁས་ལེན་པ་ལ་ཉེས་པ་དེ་མཚུངས་པ་མ་ཡིན་ཏེ། གཉིས་གནས་མིན་པ་སྟེ། དུ་བ་མེ་ལ་འབྲེལ་ཡང་མེ་དུ་བ་ལ་མ་འབྲེལ་བའི་ལུགས་དེ་ལ་ཁས་བླངས་པར་མི་མཚུངས་པའི་ཕྱིར། འདི་ལྟར་བཤད་ན། ཁྱབ་བྱེད་ཆ་ནས་དེའི་གོ་བྱེད། མ་ཡིན་རྭ་ཅན་བ་གླང་བཞིན། ཞེས་སོགས་དང་མི་འགལ་བ་ཡིན་ནོ། །གཉིས་པ་ནི། གནོད་བྱེད་ནེའུ་ལེ་རྟགས་སུ་བཀོད་ནས་གནོད་བྱ་སྦྲུལ་སྒྲུབ་པར་བྱེད་པ་དེ་ལ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་མེད་པར་ཐལ། དེ་སྒྲུབ་ཀྱི་ལྡོག་ཁྱབ་འཁྲུལ་བའི་ཕྱིར་ཏེ། ནེའུ་ལེ་རྒྱལ་བ་དང་སྦྲུལ་ཕམ་པ་ལ་འགལ་བ་མེད་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། གཙོ་བོ་སྒྲུབ་པའི་རྟགས་ཆོས་ལ་བསྐྱེད་བྱ་སྐྱེད་བྱེད་ཀྱི་འབྲེལ་པ་མི་འཐད། དེ་ལ་གསལ་བྱ་གསལ་བྱེད་མི་འཐད་པའོ། །དང་པོ་ལ་གསུམ་སྟེ། རྟག་དངོས་ལ་རྒྱུ་འབྲས་སྤྱིར་དགག དེ་ལ་ནོར་དང་ནོར་ཅན་གྱི་འབྲེལ་པ་ལ་བརྟེན་པ་དགག འགོག་བྱེད་ཀྱི་རིགས་པ་གཞན་བསྟན་པའོ། །དང་པོ་ལ་གཉིས་ཏེ། གསལ་བ་རྣམས་རྗེས་སུ་འགྲོ་བ་གཙོ་བོ་རྟག་དངོས་ཀྱི་སྒྲུབ་བྱེད་དུ་མི་རུང་བ་དང་། གཙོ་བོ་རྟག་དངོས་རྒྱུར་མི་འཐད་པ་དང་། རྒྱུ་འབྲས་ཀྱི་འབྲེལ་པ་གཙོ་བོ་རྟག་དངོས་ལ་བརྟེན་པའི་ཆོས་སུ་མི་འཐད་པའོ། །དང་པོ་ནི་གཙོ་བོ་རྟག་དངོས་སྒྲུབ་པའི་གཏན་ཚིགས་གྲངས་ཅན་གྱིས་འདི་ལྟར་འགོད་དེ། །གཙོ་བོ་རྟག་པའི་དངོས་པོ་ཡོད་དེ། ཁྱད་པར་རྣམས་ལ་ཚད་མ་མཐོང་བའི་ཕྱིར་དང་། དེ་རྣམས་ལ་རྗེས་སུ་འགྲོ་བར་མཐོང་བའི་ཕྱིར་དང་། ནུས་པའི་སྒོ་ནས་འཇུག་པའི་ཕྱིར་དང་། རྒྱུ་དང་འབྲས་བུའི་དབྱེ་བ་ཡོད་པའི་ཕྱིར་དང་། རང་བཞིན་སྣ་ཚོགས་དབྱེར་མེད་པའི་ཕྱིར་ཏེ། དེ་སྐད་དུ། ཁྱད་པར་ཚད་ཕྱིར་རྗེས་འགྲོའི་ཕྱིར། །ནུས་པའི་སྒོ་ནས་འཇུག་པའི་ཕྱིར། རང་བཞིན་སྣ་ཚོགས་དབྱེར་མེད་ཕྱིར། །མི་གསལ་བ་ཡི་རྒྱུ་ཡོད་དོ། །ཞེས་འབྱུང་བའི་ཕྱིར་རོ། འདི་ལ་མི་གསལ་བ་ཡི་རྒྱུ་ཡོད་དོ་ཞེས་འབྱུང་བ་ནི་འགྱུར་ལ་ཚིག་སྐྱོན་ཡོད་པར་མཐོང་སྟེ། མི་གསལ་བའི་རྒྱུ་ཡོད་ཅེས་འཆད་ན་གཙོ་བོའི་རྒྱུ་ཡོད་ཅེས་འཆད་དགོས་ལ། དེ་ལྟར་ན་གཙོ་བོ་འབྲས་བུར་འགྱུར་ལ་དེ་ལྟར་འདོད་ན། རང་གི་ལུགས་ལ་གཙོ་བོ་འབྲས་བུར་ཁས་བླངས་ཀྱང་སྐྱོན་མེད་ནའང་། གྲངས་ཅན་རང་གི་ལུགས་འཆད་པ་ན་གཙོ་བོ་འབྲས་བུར་འཆད་པ་ནི་ཤིན་ཏུ་མི་འཐད་དེ། གྲངས་ཅན་གྱིས་གཙོ་བོ་ནི་རྒྱུ་ཡིན་ལ་འབྲས་བུ་མ་ཡིན་པའི་མུར་འཆད་པའི་ཕྱིར་རོ། །དེས་ན་གཞུང་གི་འགྱུར་ཡང་། རྒྱུ་ནི་མི་གསལ་བར་ཡོད་དོ། །ཞེས་བསྒྱུར་ན་ཤིན་ཏུ་ལེགས་པར་མཐོང་ངོ་། །མཚན་ཉིད་པ་མཐོང་རྒྱ་ཆུང་ངུ་ལ་ལ་དག་དགག་བྱ་མ་སྦྱར་བར་གཙོ་བོ་དང་དབང་ཕྱུག་སོགས་མེད་པར་ཁས་ལེན་པ་ནི་ཤིན་ཏུ་བསོད་ནམས་ཆུང་བ་ཡིན་ནོ། །གཙོ་བོ་དེ་ཡང་དངོས་པོ་ཉིད་དང་། ཆ་ཤས་མེད་པའི་གཅིག་ཉིད་དང་། དོན་དང་ལྡན་པ་ཉིད་དང་། གཞན་གྱི་དོན་ཉིད་ལ་སོགས་པའི་ཆོས་དང་ལྡན་པའོ། །དེའི་ལྟར་ན། གཙོ་བོ་རྟག་པའི་དངོས་པོར་ཡོད་པར་བསྒྲུབ་པའི་གཏན་ཚིགས་སོ་སོར་མི་བརྗོད་པ་སྟེ་བརྗོད་པར་མི་རིགས་པར་ཐལ། གཏན་ཚིག་ཐ་དད་དང་རྗེས་སུ་འགྲོ་བ་ཐ་དད་ལས་རྟོགས་པར་མི་ནུས་པའི་ཕྱིར། མ་གྲུབ་ན་ཁས་བླངས་མོད། ཁས་བླངས་གསལ་བར་སྟོན་ན། དེར་ཐལ། རྒྱུ་གཙོ་བོ་ནི་ཆ་མེད་པའི་གཅིག་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །དེས་ན་གཙོ་བོ་ཆ་ཤས་མེད་པའི་རྟག་དངོས་རྗེས་སུ་འགྲོ་བ་ལ་སོགས་པའི་རྟགས་ཀྱིས་བསྒྲུབ་པར་མི་རིགས་པར་ཐལ། གཏན་ཚིགས་རྣམས་རང་བཞིན་གཅིག་ཡིན་པ་དང་རང་བཞིན་གཙོ་བོ་དེ་ཉིད་ཆ་ཤས་མེད་པའི་གཅིག་ཡིན་པའི་ཕྱིར་རོ། །ཁྱད་པར་རྣམས་དང་དེ་ལ་རྗེས་སུ་འགྲོ་བ་གཞན་མིན་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན། གལ་ཏེ་རྗེས་སུ་འགྲོ་བ་དེ་གཞན་ཐ་དད་པ་ཉིད་ལ་ལྟོས་པ་མིན་ན། དེ་ཙམ་ལྔ་དང་གཏན་ཚིགས་རྣམ་པ་ལྔ་རིགས་པ་མིན་པར་ཐལ། རྗེས་སུ་འགྲོ་བ་དང་ཐ་དད་རྣམས་གཞན་མིན་པ་གཅིག་ཡིན་པའི་ཕྱིར་དང་། རང་བཞིན་གཙོ་བོ་ལ་དབྱེ་བ་ཅུང་ཟད་ཀྱང་མི་རུང་བའི་ཕྱིར་རོ། །གཙོ་བོ་ཀུན་གྱི་རང་བཞིན་དང་། ཆ་ཤས་མེད་པར་ཁས་བླངས་པ་ལ། དེ་ལ་དབྱེ་བ་ཅུང་ཟད་ཀྱང་བྱར་མེད་པས་གཏན་ཚིགས་ལྔ་དང་། དེ་ཙམ་ལྔ་ལ་སོགས་པའི་དབྱེ་བ་མི་རུང་བའོ་ཞེས་བརྗོད་པ་ཡིན་ནོ། །གཉིས་པ་ནི། གཙོ་བོའི་ཆ་ནས་རྒྱ་ལམ་ནའང་རྣམ་འགྱུར་རྣམས་ཀྱི་སྐྱེད་བྱེད་ཉིད་དུ་འགྱུར་བ་མིན་པར་ཐལ། གཙོ་བོ་དེ་གཞན་དུ་འགྱུར་པ་མི་འཐད་པའི་ཕྱིར། རྟགས་ཁས་བླངས་ཏེ། རྟག་པའི་དངོས་པོར་ཁས་བླངས་པའི་ཕྱིར་རོ། །རྣམ་འགྱུར་རྣམས་ཐ་དད་པའི་ཕྱིར་སྐྱོན་མེད་ཅེ་ན། དེ་རྣམས་ཐ་དད་ནའང་ཐ་དད་པའི་རྣམ་འགྱུར་དེ་ཡོད་པ་འགྲུབ་པར་བྱེད་པ་རྟག་དངོས་གཙོ་བོའི་སྐྱེད་བྱེད་ལ་ལྟོས་པ་མིན་པར་ཐལ། ཐ་དད་ནི་ཡོད་པ་ཙམ་དེ་ལས་ཀུན་ཏུ་ཐོབ་པར་འགྱུར་བའི་ཕྱིར། གསུམ་ཆར་རོ། །གསུམ་པ་ནི། གཙོ་བོ་ཆ་ཤས་མེད་པའི་རྟག་དངོས་སུ་ཡོད་པ་དང་ཁྱད་པར་རྣམས་རྗེས་སུ་འགྲོ་བར་མཐོང་བ་འདི་གསལ་བྱ་གསལ་བྱེད་དང་བསྐྱེད་བྱ་བསྐྱེད་བྱེད་ཀྱི་སྒོ་ནས་གོ་བྱ་གོ་བྱེད་དུ་འཐད་པ་མིན་པར་ཐལ། གཙོ་བོ་དང་སྐྱེས་བུ་ལ་སོགས་ཀྱི་གཅིག་ཉིད་དང་ཡོད་པ་ཉིད་སོགས་གཙུག་ཕུད་ཅན་གྱི་དོན་བཅུ་གསལ་བ་ཐ་དད་རྣམས་ཀྱི་རྗེས་སུ་འགྲོ་བ་ཉིད་ལ་སོགས་པའི་རྒྱུ་མཚན་གང་ལས་ཡོངས་སུ་འཛིན་པ་སྟེ་གཏན་ཚིགས་དེ་དག་ལས་མི་རྟོགས་པ་དེ་ཡི་ཕྱིར། གསུམ་ཆར་རོ། །གཙུག་ཕུད་ཅན་གྱི་དོན་བཅུ་ནི་སྐྱེས་བུའི་ཆོས་བཅུ་སྟེ། ཡོད་པ་ཉིད་དང་། གཅིག་ཉིད་དང་། དོན་དང་ལྡན་པ་ཉིད་དང་། གཞན་གྱི་དོན་ཉིད་དང་། གཞན་ཉིད་དང་། བྱེད་པ་པོའི་དངོས་པོ་མིན་པ་ཉིད་དང་། སྦྱོར་བ་དང་། འབྲེལ་བ་དང་། མང་པོའི་སྐྱེས་བུ་རྣམས་དང་། གནས་ཏེ་དེ་རྣམས་སོ། གཉིས་པ་ནི། །གཙོ་བོ་ཆ་ཤས་མེད་པའི་རྟག་དངོས་སུ་ཡོད་པ་དང་རྗེས་སུ་མཐུན་པའི་གཏན་ཚིགས་རྗེས་སུ་འགྲོ་བ་མཐོང་བ་ལ་སོགས་པས་སྒྲུབ་ཅིང་དེ་ཡང་ནོར་དང་ནོར་ཅན་གྱི་འབྲེལ་པ་ལ་བརྟེན་ནས་ལྐོག་གྱུར་གོ་བར་བྱེད་དོ་ཞེ་ན། སྔར་བཤད་པ་དེ་བཞིན་དུ་ནོར་དང་ནོར་ཅན་ལ་སོགས་པའི་འབྲེལ་པའང་ལྐོག་གྱུར་གསལ་བྱེད་མ་ཡིན་ཞིང་ལྐོག་གྱུར་གོ་བྱེད་ཀྱི་རྟག་དངོས་ཀྱི་འབྲེལ་པ་མིན་པར་ཐལ། ནོར་དང་ནོར་ཅན་ཆ་གང་གི་སྒོ་ནས་ཀྱང་རྟག་དངོས་ཀྱི་འབྲེལ་མེད་ཉིད་དུ་ཡང་དག་པར་བརྗོད་པར་རིགས་པའི་ཕྱིར་དང་། ཆ་ཕྱེ་ནས་ཁས་མ་བླངས་པས་ཐམས་ཅད་ཀྱིས་ཐམས་ཅད་གོ་བར་ཐལ་བ་ལས་དེ་ལྟར་མི་འགྱུར་བའི་ཕྱིར། ཞེས་སྦྲེལ་ལོ། །འོ་ན་ལྐོག་གྱུར་གོ་བར་བྱེད་པའི་གཏན་ཚིགས་མེད་པར་འགྱུར་རོ་ཞེ་ན། དེའི་ཉེས་པ་མེད་དེ། ཕྱོགས་ཆོས་དང་འབྲེལ་པ་གཞན་མེད་ན་མི་འབྱུང་བ་ལས་ཀྱང་རྩོད་གཞིའི་སྟེང་དུ་ལྐོག་གྱུར་དེ་གོ་ཞིང་མཚོན་པའི་ཕྱིར་རོ། །གསུམ་པ་ནི། ནོར་དང་ནོར་ཅན་ལ་སོགས་པའི་འབྲེལ་བ་ཙམ་ལ་བརྟེན་ནས་གོ་བར་བྱེད་ཅིང་། ནོར་གྱི་ཆ་ནས་རྟགས་ཅན་ནོར་ཅན་གོ་བར་བྱེད་ཅིང་འཛིན་པ་ཡིན་པའི་ཕྱིར་ན་ནི་ཉེས་པ་མེད་ཅེ་ན། རྟགས་ཅན་ནོར་ཅན་དེ་གོ་བྱེད་ཀྱི་ཆ་གང་གི་སྒོ་ནས་རྣམ་པ་ཀུན་ཏུ་སྒྲུབ་ཅིང་འཛིན་པར་འགྱུར་བར་ཐལ། མེད་ན་མི་འབྱུང་བ་སྤངས་ནས་འབྲེལ་མེད་ཀྱི་རྟགས་གཞན་ཤེས་པ་ན་གོ་བྱེད་ཡང་དག་ཏུ་འདོད་རིགས་པའི་ཕྱིར། གཉིས་པ་ནི། གཙོ་བོ་ཆ་ཤས་མེད་པའི་རྟག་དངོས་སུ་བསྒྲུབ་པའི་རྟགས་ཆོས་ཀྱི་འབྲེལ་པ་གསལ་བྱ་གསལ་བྱེད་ཀྱི་དངོས་པོ་མ་ཡིན་ནོ་ཞེ་ན། གལ་ཏེ་འབྲེལ་པ་ནི། རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་དངོས་པོ་གཅིག་པུ་ཡིན་ན། འབྲེལ་པ་ཆོས་ཅན། རྣམ་པ་བདུན་མིན་པར་ཐལ། གསལ་བྱ་གསལ་བྱེད་དང་། རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་རྟག་པའི་དངོས་པོ་གཅིག་པུ་ཡིན་པའི་ཕྱིར་རོ། །གསུམ་ཆར་རོ། །བཞི་པ་ནི། གལ་ཏེ་ལྷན་ཅིག་རྒྱུ་བའི་དངོས་པོའི་འབྲེལ་པ་ལས་གཙོ་བོ་སྒྲུབ་པར་བྱེད་ལ། རྗེས་སུ་དཔག་པ་ནི་གཉིས་ཏེ། ཁྱད་པར་མཐོང་བ་དང་། སྤྱི་མཐོང་བའོ། །ཁྱད་པར་མཐོང་བ་ནི། མེ་དུའི་འབྲེལ་པ་མཐོང་ནས་དུ་བ་དེ་ཁོ་ནས་མེ་དེ་ཁོ་ན་ཡང་དང་ཡང་དུ་གོ་བར་བྱེད་པ་ཡིན་ལ། སྤྱི་མཐོང་བ་ནི། སྔར་མེ་དུའི་འབྲེལ་པ་མཐོང་ནས་ཕྱིས་དུ་བ་མཐོང་བ་ཙམ་གྱིས་མེ་དཔོག་པའོ། །སྤྱི་མཐོང་བའི་རྗེས་དཔག་ཀྱང་གཉིས་ཏེ། མེ་ལས་དུ་བ་འབྱུང་བར་རྟོགས་པ་སྔ་མ་དང་ལྡན་པ་དང་། གྲུབ་ཟིན་པའི་དུ་བ་མཐོང་ནས་མེ་གྲུབ་ཟིན་པར་རྟོགས་པ་ལྷག་མ་དང་ལྡན་པ་ཡིན་པ་ལས། སྔ་མ་ནི་འཁྲུལ་པ་སྲིད་ཅིང་ཕྱི་མ་ནི་འཁྲུལ་པ་མེད་དོ་ཞེས་ཟེར་རོ། །ཁྱད་པར་མཐོང་བའི་བློ་ཆོས་ཅན། རྗེས་དཔག་མ་ཡིན་པར་ཐལ། དྲན་པ་འདོད་པ་སྟེ། རང་འདྲེན་བྱེད་ཀྱི་ཚད་མས་རྟོགས་ཟིན་པའི་དོན་ལ་འཇུག་པའི་བཅད་ཤེས་ཡིན་པའི་ཕྱིར། རྟགས་བསལ་དངོས། སྤྱི་མཐོང་བའི་རྗེས་སུ་དཔག་པ་ཁོ་ན་གཉིས་སོ་ཞེས་པའམ། སྤྱི་མཐོང་བ་སྔར་བཤད་པ་རྣམ་པ་གཉིས་ཁོ་ན་ཞེས་པའི་ངེས་པར་བཟུང་བ་གཉིས་ཀ་རིགས་པ་མ་ཡིན་པར་ཐལ། ངེས་བཟུང་དང་པོ་ལྟར་ན་ཡང་དང་ཡང་དུ་རྗེས་སུ་དཔོག་པའི་ཁྱད་པར་མཐོང་བའི་རྗེས་དཔག་མེད་པར་འགྱུར་བར་ཁས་བླངས་པ་དང་འགལ་བའི་ཕྱིར་དང་། ངེས་བཟུང་གཉིས་པ་ལྟར་ན་ནོར་དང་ནོར་ཅན་དང་། ལྷན་ཅིག་རྒྱུ་བ་དང་གནོད་བྱ་གནོད་བྱེད་ཀྱི་འབྲེལ་པ་ལ་བརྟེན་ནས་ལྐོག་གྱུར་དཔོག་པའི་རྗེས་དཔག་མེད་པར་འགྱུར་བར་ཁས་བླངས་པ་དང་འགལ་བའི་ཕྱིར་རོ། །གསུམ་ཆར་ཁས་བླངས་སོ། །གཉིས་པ་ལ་གཉིས་ཏེ། དངོས་དང་། ངེས་བཟུང་འབྲས་བུ་མེད་པར་བསྟན་པའོ། །དང་པོ་ནི། ཡང་སྨྲས་པ་ནི་འགྲེལ་ཚིག་གོ །ནོར་དང་ནོར་ཅན་ལ་སོགས་པའི་འབྲེལ་པ་བདུན་དུ་བསྟན་པ་དང་། སྤྱིར་མཐོང་བ་དང་། ཁྱད་པར་མཐོང་བའི་རྗེས་སུ་དཔག་པ་གཉིས་ཉིད་དང་། རང་བཞིན་དང་རྣམ་འགྱུར་དང་། རྒྱུ་མཚན་དང་རྒྱུ་མཚན་ཅན་དང་། ནོར་དང་ནོར་ཅན་གྱི་འབྲེལ་པ་ལ་བརྟེན་ཅིང་དེ་སྔོན་དུ་སོང་བའི་རྗེས་དཔག་ནི་གསུམ་སྟེ་རྗེས་དཔག་འདི་རྣམས་ཆོས་ཅན། གང་དུ་བསྡུ་སྟེ། རྗེས་དཔག་མིན་པར་ཐལ། སྤྱིར་མཐོང་བའི་རྗེས་དཔག་དང་། ཁྱད་པར་མཐོང་བའི་རྗེས་དཔག་གཉིས་གང་རུང་མིན་པའི་ཕྱིར་རོ། །གསུམ་ཆར་རོ། །གཉིས་པ་ནི། སྤྱིར་མཐོང་བའི་རྗེས་དཔག་ཁོ་ན་གཉིས་སམ། དེ་གཉིས་ཁོ་ནའོ་ཞེས་པའི་ངེས་བཟུང་སྨོས་པ་མི་རིགས་པར་ཐལ། དེ་འདྲའི་ངེས་བཟུང་གི་ཚིག་ལ་འབྲས་བུ་མེད་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །ཚད་གྲུབ་ཏུ་བྱས་ན་ཚངས་པས་ཀྱང་བསྒྲུབ་པར་མི་ནུས་སོ། །གལ་ཏེ་མེ་ལས་དུ་བ་དཔོག་པ་ཡང་མི་འཁྲུལ་བའི་འབྲེལ་བ་ལ་ལྟོས་པས་ཉེས་པ་མེད་དོ་ཞེ་ན། འབྲེལ་པ་གཞན་དག་སྟེ་སྔ་མ་དང་ལྡན་པའི་རྗེས་དཔག་གི་རྟེན་དུ་འདོད་པའི་འབྲེལ་པ་ཆོས་ཅན། མེད་ན་མི་འབྱུང་བའི་འབྲེལ་པར་འོངས་པ་ཡིན་པར་ཐལ། མི་འཁྲུལ་བའི་འབྲེལ་པ་ཡིན་པའི་ཕྱིར། ཞ་མའི་འགྱུར་ན་ནི། །འབྲེལ་པ་གཞན་དག་འོང་མ་ཡིན། ཞེས་པ་སྣང་བས། ཆོས་ཅན། ཁྱོད་མི་འཁྲུལ་བའི་འབྲེལ་པ་མ་ཡིན་པར་ཐལ། ཁྱོད་ཀྱི་དེ་ལྟར་ཡིན་ན་ཁྱོད་མེད་ན་མི་འབྱུང་བའི་འབྲེལ་པར་འོངས་དགོས་པ་ལས། དེར་འོངས་པ་མ་ཡིན་པའི་ཕྱིར། ཞེས་བྱའོ། །གལ་ཏེ་ལྷག་མ་དང་ལྡན་པའི་རྗེས་དཔག་ཁོ་ན་རྗེས་དཔག་ཡིན་ཏེ། དེ་ཁོ་ན་ཐེ་ཚོམ་དང་རྣམ་པར་དཔྱོད་པ་ཅན་གྱི་རྗེས་དཔག་ཡིན་པའི་ཕྱིར། དེས་ན་གཞན་དུ་གཏན་ཚིགས་ལ་རྗེས་དཔག་ཏུ་བཏགས་ནས་བརྗོད་ཅེ་ན། བྱས་པའི་རྟགས་ལས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཡང་རྣམ་པར་དཔྱོད་པ་དང་བཅས་པར་བརྗོད་པར་བྱ་རིགས་པར་ཐལ། བྱས་པ་མངོན་སུམ་གྱིས་བཟུང་ཡང་སྒྲ་མི་རྟག་པར་མ་ངེས་པར་ཅི་སྒྲ་མི་རྟག་པར་གང་ལས་ཞེས་དཔྱད་དགོས་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །ལྷག་མ་དང་བཅས་པའི་རྗེས་དཔག་ཁོ་ན་རྣམ་པར་དཔྱོད་པ་དང་བཅས་པ་མ་ཡིན་པར་ཐལ། ཆུ་ཀླུང་གང་བ་ལ་སོགས་པའི་གཏན་ཚིགས་ཀྱི་ངོ་བོ་གྲུབ་ཟིན་དུ་ཡོད་པའང་ཅི་འདི་ཆར་པས་བྱས་སམ་གཞན་ལས་ཡིན་སྙམ་དུ་དཔྱོད་པ་དང་བཅས་པ་མཐོང་བའི་ཕྱིར། ཁྱབ་བསལ་ཁས་བླངས་སོ། གཞན་ཡང་། ལྷག་མ་དང་ལྡན་པའི་རྗེས་དཔག་ལས་དབང་པོ་ལས་འདས་པའི་གཙོ་བོ་ལ་སོགས་པ་རྟོགས་པ་མི་རིགས་པར་ཐལ། དེ་ཁོ་ན་ལས་དེ་རྟོགས་པ་མི་འཐད་པའི་ཕྱིར། བསལ་བ་དངོས། ཁྱབ་པ་ཡང་ཁས་བླངས་ཏེ། སྒྲས་བྱས་པ་ཁྱད་པར་དུ་བྱས་ན་བྱས་པ་བུམ་པ་ལ་རྗེས་འགྲོ་མེད་པས་ཁྱབ་པར་ཁས་བླངས་པའི་ཕྱིར་རོ། རྟགས་སྔ་མ་མ་གྲུབ་ན། དེར་ཐལ། ཁྱད་པར་རྣམས་རྗེས་སུ་འགྲོ་བར་མཐོང་བ་ལ་སོགས་པའི་རྟགས་གཞན་པ་ལས་ཀྱང་དེ་འདྲ་ཡོད་པར་རབ་ཏུ་གྲུབ་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གསུམ་པ་ནི། གཙོ་བོ་དང་སྐྱེ་བུའི་དོན་དུ་རྟོགས་པ་གཙུག་ཕུད་ཅན་གྱི་དོན་གཅིག་ཡིན་པ་རྟོགས་པ་གཏན་ཚིགས་དེས་གཙོ་བོ་ལ་ཆ་ཐ་དད་པ་དུ་མ་ཡོད་པ་ཡང་ངེས་པར་རྟོགས་དགོས་པར་ཐལ། གཙོ་བོ་རྟག་དངོས་སུ་ཡོད་པར་བསྒྲུབ་པའི་གཏན་ཚིགས་ཡང་དག་ཡོད་པ་གང་ཞིག གཙོ་བོ་དེའི་འབྲས་བུ་དང་། རྣམ་འགྱུར་དང་གཏན་ཚིགས་ཐ་དད་དུ་མ་ཁས་བླངས་རིགས་པའི་ཕྱིར། རྟགས་བསལ་དངོས་སོ། །ཐ་དད་པའི་ཐ་སྙད་ཡོད་པ་མིན་པའམ། གཙོ་བོའི་ཁྱད་ཆོས་ལྔ་དང་། གཙུག་ཕུད་ཅན་གྱི་དོན་བཅུ་ཡང་མི་འཐད་པར་ཐལ། གཙོ་བོའི་རང་བཞིན་ཆ་མེད་གཅིག་ཡིན་པའི་ཕྱིར་དང་། ཆ་ཤས་ཐ་དད་དུ་མ་ཡོད་པ་མ་ཡིན་པའི་ཕྱིར། གཞན་ཡང་། སྐྱེས་བུའི་ཡོད་པ་ཉིད་དམ། མང་པོ་ཉིད་དམ། གཅིག་ཉིད་དམ། བྱེད་པ་པོ་མ་ཡིན་པ་ལ་སོགས་པ་ཡང་རྗེས་དཔག་གིས་རྣམ་པ་ཀུན་ཏུ་རྟོགས་པར་མི་འགྱུར་ལ། གང་གཏན་ཚིགས་དང་རྟགས་ཆོས་ཀྱི་འབྲེལ་པ་ལ་སོགས་པ་གང་ཡིན་ནའང་གཙོ་བོའི་འབྲས་བུ་ཡིན་པས་ཁྱབ་པ་གང་ཞིག གཙོ་བོའི་འབྲས་བུ་ཡིན་ན་སྐྱེས་བུ་མ་ཡིན་པས་ཁྱབ་པའི་ཕྱིར། རྟགས་བསལ་ཁས་བླངས་སོ། །རྟགས་ཁས་བླངས་པའི་རྒྱུ་མཚན་སྟོན་པ་ནི། སྐྱེས་བུ་ཡིན་ན་མྱོང་བ་ཡིན་པ་དང་། སེམས་པ་ཅན་ཡིན་པ་དང་། སུས་ཀྱང་ཡུལ་དུ་བྱེད་པར་མི་ནུས་པ་དང་། རང་འབྲས་བུའི་ཡང་བྱེད་པ་པོ་མ་ཡིན་པའི་རྟག་པའི་དངོས་པོ་ཡིན་པས་ཁྱབ་པར་ཁས་བླངས་ཤིང་། གཙོ་བོ་སོགས་ཡིན་ན་དེ་ལས་བཟློག་པས་ཁྱབ་པར་ཁས་བླངས་པའི་ཕྱིར་ཞེས་པའོ། །བཞི་པ་ལ་གསུམ་ཏེ། མཚམས་སྦྱར་བ་དང་། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། དཔྱོད་པ་པས་བརྟགས་པའི་རྗེས་དཔག་ལ་གནོད་བྱེད་བརྗོད་པ་ནི་ཞེས་པའོ། །འདིའང་འགྲེལ་ཚིག་གོ །གཉིས་པ་ནི། དཔྱོད་པ་པ་ན་རེ། རྗེས་དཔག་དང་། སྒྲ་བྱུང་དང་། ཉེར་འཇལ་དང་། དོན་གྱིས་གོ་བའི་ཚད་མ་ལ་སོགས་པ། རྒྱས་པར་མདོར་མ་མཚོན་ཏེ། ཚད་མར་ཤེས་ཟིན་པའི་ཕྱིར་ཏེ། མངོན་སུམ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། དེས་ན་རྣམ་པར་མ་ཕྱེའོ་ཞེ་ན། དཔྱོད་པ་པའི་གཞུང་གི་འགྲེལ་བྱེད་མཁན་གྱིས་རྩ་བའི་བསམ་པ་བླངས་ནས་ཅུང་ཟད་ཕྱེའོ། །གསུམ་པ་ལ་གཉིས་ཏེ། ཚད་མར་ཤེས་ཟིན་པའི་སྒྲུབ་བྱེད་མ་ངེས་པར་བསྟན། འགྲེལ་པ་བྱེད་པའི་ལུགས་དགག་པའོ། །དང་པོ་ནི། མངོན་སུམ་གྱི་རྗེས་སུ་སྐྱེས་པའི་དྲན་པ་དང་། འདོད་པ་དང་། ཞེ་སྡང་དང་། རྩོལ་བ་ལ་སོགས་པ་ཆོས་ཅན། ཚད་མར་འགྱུར་བར་ཐལ། མངོན་སུམ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྤྱིར་དགག་པ་དང་། བྱེ་བྲག་ཏུ་དགག་པའོ། །དང་པོ་ནི། དཔྱོད་པའི་གཞུང་གི་འགྲེལ་པ་བྱེད་པས་རྩ་བའི་གཞུང་ལས་མཚན་ཉིད་མ་བསྟན་ཡང་མངོན་སུམ་དང་། རྗེས་དཔག་དང་། སྒྲ་བྱུང་དང་། ཉེར་འཇལ་དང་། དོན་གྱིས་གོ་བ་དང་། དངོས་པོ་མེད་པའི་ཚད་མ་ལ་སོགས་པ་བསྟན་པ་ཡིན་ཏེ། བྱེ་བྲག་པ་ལ་སོགས་པའི་ལུགས་དང་། རྩ་བའི་དགོངས་པ་གཅིག་པར་མཐོང་ནས་གཞན་གཞུང་ལས་བཏོན་ཏེ། རིགས་པ་ཅན་པའི་ལུགས་དང་གཅིག་ཏུ་བསྡུས་ནས་ནི་མངོན་སུམ་སོགས་ཀྱི་ཚད་མའི་མཚན་ཉིད་བསྟན་པའི་ཕྱིར་ཏེ། དོན་གཅིག་ལ་འདུ་བ་དང་། ལྡན་པ་དང་། འདུ་བའི་འབྲེལ་པ་གཟུང་དོན་དུ་འཛིན་པའི་མངོན་སུམ་གྱི་རྗེས་སུ་དོན་གཞན་དཔོག་པ་ནི་རྗེས་དཔག་གི་མཚན་ཉིད་ཡིན་པའི་ཕྱིར་ཞེས་འདོད་དོ། །རྗེས་དཔག་ཆོས་ཅན། ལྡན་འདུའི་འབྲེལ་པ་བཟུང་དོན་དུ་འཛིན་པའི་མངོན་སུམ་སྔོན་དུ་འགྲོ་བའི་མཚན་ཉིད་ཅན་མ་ཡིན་པར་ཐལ། མངོན་སུམ་གྱིས་འབྲེལ་པ་གཟུང་དོན་དུ་བྱེད་པ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། འབྲེལ་པ་གཟུང་དོན་དུ་བྱེད་པའི་མངོན་སུམ་མི་འཐད་པའི་རྒྱུ་མཚན་དང་། ལྡན་པའི་འབྲེལ་པ་རྟག་རྫས་རྗེས་དཔག་གི་རྟེན་དུ་མི་འཐད་པ་དང་། འགོག་བྱེད་ཀྱི་རིགས་པ་གཞན་བསྟན་པའོ། །དང་པོ་ནི། དབང་པོའི་མངོན་སུམ་གྱི་བློ་ཆོས་ཅན། ཁྱོད་ཀྱིས་ལྡན་པ་དང་འདུ་བའི་འབྲེལ་པ་རྟག་རྫས་ལ་སོགས་པ་གཟུང་དོན་དུ་བྱེད་པ་མེད་པར་ཐལ། ཁྱོད་ཀྱིས་རང་གི་གཟུང་ཡུལ་དུ་གྱུར་པའི་གཞན་དང་མ་འདྲེས་པའི་ཐུན་མོང་མ་ཡིན་པའི་རང་མཚན་འབའ་ཞིག་དངོས་སུ་འཛིན་པའི་ཕྱིར་དང་། ཡང་དེ་དག་ཆོས་ཅན། དེར་ཐལ། ཁྱོད་ཀྱིས་འབྲེལ་པ་གཟུང་ཡུལ་དུ་བྱེད་པའི་ཡུལ་དེ་གཟུང་ཡུལ་དུ་བྱས་ནས་འཇུག་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དོན་འདི་ནི་རྣམ་འགྲེལ་དུ་རྒྱས་པར་བཤད་པར་སྣང་བས་དེར་ཤེས་པར་བྱའོ། །གཉིས་པ་ལ་གཉིས་ཏེ། དངོས་དང་། འབྲེལ་པ་ཅན་གྱི་རྟག་རྫས་ཀྱི་རང་གི་ངོ་བོས་རྗེས་དཔག་མི་བསྐྱེད་པའོ། །དང་པོ་ནི། འགྲེལ་པ་བྱེད་པས་རྗེས་དཔག་བྱེ་བྲག་པའི་ལུགས་དང་། གཅིག་པར་བསམ་ནས་དེ་དང་མཐུན་པར་བྱས་སོ། །དེའི་ལྟར་ན། ལྡན་འདུ་ལ་སོགས་པའི་འབྲེལ་པར་འགྱུར་བའི་རྟག་རྫས་ཆོས་ཅན། རྗེས་དཔག་གི་རྟེན་དུ་གྱུར་པའི་ཡང་དག་གི་རྟགས་མིན་པར་ཐལ། རང་གི་མཐུན་དཔེ་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར། རྟགས་ཁས་བླངས་ཏེ། ཆ་མེད་པར་ཁས་བླངས་པའི་ཕྱིར་རོ། །གལ་ཏེ་ཆ་མེད་ཡིན་ཀྱང་རྟགས་ཡང་དག་ཡིན་པ་རིགས་སོ་ཞེ་ན། དུ་བ་ལ་སྟེང་དུ་མེའི་གོ་བྱེད་ཡིན་པ་ལྟར་མེ་དེ་ལ་སྟེང་དུ་དུ་བའི་གོ་བྱེད་ཡིན་པར་ཐལ། ཆ་མེད་ཡང་ཡིན་རྟགས་ཡང་དག་ཀྱང་ཡིན་པའི་གཞི་མཐུན་ཡོད་པའི་ཕྱིར། གཉིས་པ་ནི། ལྡན་འདུའི་འབྲེལ་པ་ཅན་གྱི་རྟག་རྫས་ནི་ཆོས་ཅན། ལྡན་འདུའི་འབྲེལ་པ་ལ་མ་ལྟོས་པར་རང་གི་ངོ་བོས་རྗེས་དཔག་ལ་ཕན་བཏགས་པའི་སྒོ་ནས་རྗེས་དཔག་གིས་ཁོང་དུ་ཆུད་པར་བྱེད་ནུས་པ་མ་ཡིན་པར་ཐལ། དེ་ལྟར་ན་འབྲེལ་པ་ཤེས་པ་མེད་པར་ཡང་ཤིན་ཏུ་ཕྲ་བའི་ལྐོག་གྱུར་རྟོགས་དགོས་པ་ལས་དེ་ལྟར་དུ་མི་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་རྗེས་དཔག་གིས་ཁོང་དུ་མི་ཆུད་ཀྱང་དེས་མངོན་སུམ་ལ་ཕན་བཏགས་པའི་སྒོ་ནས་མངོན་སུམ་གྱིས་ཁོང་དུ་ཆུད་དོ་ཞེ་ན། ལྡན་འདུའི་འབྲེལ་པ་ཅན་གྱི་རྟག་རྫས་ཆོས་ཅན། ཁྱོད་གཞན་རྗེས་དཔག་གིས་ཁོང་དུ་ཆུད་པ་མིན་པར་མ་ཟད་ཁྱོད་ཀྱིས་མངོན་སུམ་ལ་ཕན་བཏགས་པའི་སྒོ་ནས་ཁྱོད་མངོན་སུམ་གྱིས་ཁོང་དུ་ཆུད་པ་ཡང་མ་ཡིན་པར་ཐལ། ཁྱོད་ཀྱིས་རང་འབྲས་བསྐྱེད་པར་མི་ནུས་པའི་ཕྱིར་དང་། མངོན་སུམ་གྱིས་ཁྱོད་ཁྱད་གཞི་དང་ཁྱད་ཆོས་སྦྱར་ནས་འཛིན་པ་མ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་གསུམ་སྟེ། དཔྱོད་པ་པས་བཏགས་པའི་རྗེས་དཔག་ལ་གནོད་བྱེད་རྒྱས་པར་མ་བརྗོད་པའི་རྒྱུ་མཚན་དང་། དོན་གྱིས་གོ་བའི་ཚད་མ་དོན་གཞན་དགག་པ་དང་། དངོས་པོ་མེད་པའི་ཚད་མ་དགག་པའོ། །དང་པོ་ནི། འབྲེལ་པ་གཟུང་དོན་དུ་བྱེད་པའི་མངོན་སུམ་སྔོན་དུ་འགྲོ་བ་ཅན་གྱི་རྗེས་དཔག་ནི་དགག་པར་མི་རིགས་ཏེ། ཁ་ན་མ་ཐོ་བ་མེད་པ་ཡིན་པའི་ཕྱིར་ཞེ་ན། འདིར་དཔྱོད་པ་པས་བཏགས་པའི་རྗེས་དཔག་ལ་གནོད་བྱེད་རྒྱས་པར་ཚིག་ཟིན་ལ་མ་བརྗོད་པའི་རྒྱུ་མཚན་ཡོད་དེ། བྱེ་བྲག་པ་འགོག་པའི་སྐབས་གང་དུ་བྱེ་བྲག་པས་བརྟགས་པའི་རྗེས་དཔག་དང་ཉེར་འཇལ་ལ་སོགས་པ་འདི་དག་བཀག་པ་དེ་བཞིན་དུ་དཔྱོད་པ་པའི་གཞུང་གི་འབྲེལ་པའི་ལུགས་དེ་ཡང་བཀག་པས་འདིར་རྒྱས་པར་མ་བཀག་པའི་ཕྱིར། བྱེ་བྲག་པའི་ལུགས་བཀག་པས་དཔྱོད་པ་པའི་ལུགས་ཇི་ལྟར་ཁེགས་ཞེ་ན། དེ་ལྟར་བརྗོད་པའི་རྒྱུ་མཚན་ཡང་ཡོད་དེ། དཔྱོད་པ་པའི་གཞུང་གི་འགྲེལ་བྱེད་ཀྱིས་རྗེས་དཔག་དང་ཉེར་འཇལ་ལ་སོགས་པ་བྱེ་བྲག་པའི་འདོད་པ་དང་མཐུན་པར་ཁས་བླངས་པས་བྱེ་བྲག་པའི་ལུགས་སྐྱོན་དང་བཅས་པར་རྟོགས་པས་འདིའང་སྐྱོན་དང་བཅས་པར་རྟོགས་པས་དེ་ལྟར་བཤད་པའི་ཕྱིར་ཞེས་སྦྱོར་རོ། །གཉིས་པ་ནི། དོན་གྱིས་གོ་བའི་ཚད་མ་ནི་རྣམ་པ་གཉིས་ཏེ། མཐའ་གཅིག་ཏུ་ངེས་པ་དང་། མཐའ་གཅིག་ཏུ་མ་ངེས་པའོ། །དང་པོ་ནི། དཔེར་ན་འབྲས་འཚེད་པའི་རྟགས་ལས་སྣོད་དང་། ཐབ་ལ་སོགས་པ་དོན་གྱིས་གོ་བ་དང་། དུ་བ་མཐོང་ཙམ་གྱིས་མེ་དོན་གྱིས་གོ་བ་ལྟ་བུའོ། །གཉིས་པ་ནི། དཔེར་ན་རྩོལ་བ་ལས་བྱུང་བའི་ཕྱིར་མི་རྟག་ཅེས་བརྗོད་པ་ན། རྩོལ་བ་ལས་མ་བྱུང་པའི་ཕྱིར་རྟག་ཅེས་མཚུངས་པར་འདོད་པའོ། །ཞེ་ན། དེ་ལྟར་བཤད་པའི་ཚད་མར་འདོད་པའི་བློ་དེ་རྣམས་དོན་གྱིས་གོ་བའི་ཚད་མ་ཕུང་གསུམ་དུ་མི་འཐད་པར་ཐལ། འབྲས་འཚེད་པའི་རྟགས་ལས་སྣོད་གོ་བ་དང་། དུ་བའི་རྟགས་ལས་མེ་གོ་བའི་ཚད་མ་དེ་ནི་རྗེས་དཔག་ཡིན་པའི་ཕྱིར་དང་། ཅིག་ཤོས་མཐའ་གཅིག་ཏུ་མ་ངེས་པའི་བློ་ནི་རྫུན་པ་ཚད་མ་མ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་དངོས་མེད་རང་རྒྱུད་པ་དངོས་སུ་འཇལ་བའི་ཚད་མ་ཕུང་གསུམ་པ་ཡོད་དེ། ནག་པ་ཁྱིམ་ན་མེད་པའི་རྟགས་ལས་དེ་ཕྱི་ན་ཡོད་པར་རྟོགས་པའི་ཚད་མ་དེ་དེ་འདྲའི་ཚད་མ་ཕུང་གསུམ་པ་ཡིན་པའི་ཕྱིར་ཞེ་ན། དེ་དངོས་མེད་རང་རྒྱུད་པ་དངོས་སུ་འཇལ་བའི་ཚད་མ་ཕུང་གསུམ་དུ་མི་རིགས་པར་ཐལ། ཁྱིམ་ན་མེད་པའི་རྟགས་ལས་ནག་པ་ཕྱི་ན་ཡོད་པར་ངེས་པར་མཚོན་ནུས་པ་མིན་པའི་ཕྱིར་དང་། དེ་ལྟར་ནུས་ན་རྟགས་དེ་ལ་བརྟེན་པའི་ཚད་མ་དེ་རྗེས་དཔག་གི་ཚད་མར་འདུས་པའི་ཕྱིར་རོ། །གལ་ཏེ་རྟགས་སྔ་མ་མ་གྲུབ་ན། མོ་བཤམ་ཀྱི་བུ་ཡང་ཕྱི་ན་ཡོད་པར་ཐལ། དེ་ཁྱིམ་ན་མེད་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །དོན་འདི་ལ་སོམས་ལ་མཁས་པའི་སྐྱེ་བོ་རྣམས་ཀྱིས་གཞུང་གི་གོང་འོག་ཐམས་ཅད་དུ་ཚིག་འདྲའི་སྐྱོན་ཙམ་ཡང་མི་འཆོར་བ་མཛོད་ཅིག འོ་ན་སྒྲ་ལས་སྐབས་སྟོབས་ཀྱི་དོན་གོ་བ་མེད་པར་འགྱུར་རོ་ཞེ་ན། དེའི་སྐྱོན་མེད་པར་ཐལ། ནག་པ་ཕྱོགས་དེར་ཡོད་པར་གོ་ཞིང་ཁྱིམ་ན་མེད་ཅེས་པའི་ཁྱིམ་གྱི་སྒྲའི་དོན་ལས་སྐབས་འདིར་ཕྱི་ན་ཡོད་པར་རབ་ཏུ་རྟོགས་ཅིང་གོ་བ་འཐད་པའི་ཕྱིར། འདིར་དངོས་མེད་རང་རྒྱུད་པ་དངོས་སུ་འཇལ་བའི་ཚད་མ་བཀག་པའི་རིགས་པ་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། གྲངས་ཅན་གྱིས་གཉེན་པའི་ཕྱིར་གཞན་ཕྱོགས་མ་གྲུབ་ཅིང་བཀག་པའི་རྟགས་ལས་རང་གི་ཕྱོགས་གྲུབ་པས་ཁྱབ་པ་རུ་བརྗོད་པའང་བཀག་པར་རྟོགས་པའི་ཆེད་ཡིན་པའི་ཕྱིར་རོ། །ལྐོག་གྱུར་སྒྲུབ་བྱེད་ཚུལ་གསུམ་རྟགས། དེ་བརྟེན་རྗེས་དཔག་ཚད་མ་ཡིས། གཞལ་བྱའི་གནས་ལུགས་རྟོགས་པའི་ཚུལ། །དངོས་སྟོབས་རིགས་པའི་སྒོ་ནས་བཤད། ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །གཉིས་པ་ལེའུའི་མཚན་བསྟན་པ་ནི། ཚད་མ་ཀུན་ལས་བཏུས་པ་ལས་རང་གི་དོན་རྗེས་སུ་དཔག་པ་བརྟག་པའི་ལེའུའི་རྒྱན་ཏེ་གཉིས་པའོ།།  ༄༅།  །གཉིས་པ་དེ་ལ་བརྟེན་ནས་གདུལ་བྱ་གཞན་རྗེས་སུ་འཛིན་པའི་ཐབས་བཤད་པ་ལ་གཉིས་ཏེ། ལེའུའི་གཞུང་བཤད་པ་དང་། ལེའུའི་མཚན་བསྟན་པའོ། །དང་པོ་ལ་གསུམ་སྟེ། རྒོལ་བའི་རྟེན་ཅན་སྒྲུབ་ངག་ཡན་ལག་དང་བཅས་པ་བཤད་པ་དང་། གཉིས་ཀའི་རྟེན་ཅན་སྒྲ་རྟོག་གི་འཇུག་ཚུལ་གཞན་སེལ་བ་བཤད་པ་དང་། ཕྱི་རྒོལ་གྱི་རྟེན་ཅན་སུན་འབྱིན་ལྟར་སྣང་དང་ལྟག་ཆོད་བཤད་པའོ། །དང་པོ་ལ་གཉིས་ཏེ། བསྒྲུབ་པ་དང་བསྒྲུབ་པ་ལྟར་སྣང་བཤད། དཔེ་དང་དཔེ་ལྟར་སྣང་བཤད་པའོ། །དང་པོ་ལ་གཉིས་ཏེ། རང་གི་ལུགས་བཞག གཞན་གྱི་ལུགས་དགག་པའོ། །དང་པོ་ལ་གཉིས་ཏེ། རྗོད་བྱེད་ངག་གི་རང་བཞིན་བཤད། བརྗོད་བྱ་དོན་གྱི་རང་བཞིན་བཤད་པའོ། །དང་པོ་ལ་གཉིས་ཏེ། གཞན་དོན་རྗེས་དཔག་གི་མཚན་ཉིད་བཤད། ཕྱོགས་ཚིག་སྒྲུབ་ངག་ཡང་དག་གི་ཡན་ལག་ཡིན་པ་དགག་པའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན། དང་པོ་ནི། ཁ་ཅིག་ན་རེ། གཞན་དོན་གྱི་རྗེས་དཔག་ཡིན་ན་ཕྱོགས་ཆོས་དང་ཁྱབ་པའི་ཚུལ་གཉིས་ཚིག་གིས་ཟིན་པར་སྟོན་དགོས་ཏེ། ཕྱོགས་ཚིག་སྒྲུབ་ངག་ཡང་དག་གི་ཡན་ལག་མ་ཡིན་པར་བསྒྲུབ་པའི་རིགས་པའང་དེ་ཙམ་དུ་ཟད་པའི་ཕྱིར་དང་། རྣམ་འགྲེལ་དུའང་། གསུམ་ལས་ཚུལ་གང་ཡང་རུང་བ་ཉིད། །མ་བསྟན་མ་ཚང་ཡིན་པར་བརྗོད། །ཅེས་གསུངས་པའི་ཕྱིར་དང་། རྣམ་ངེས་སུའང་དེ་བཞིན་དུ་གསུངས་པའི་ཕྱིར་དང་། ཀུན་བཏུས་ཀྱི་འགྲེལ་པར་ཡང་། འདིར་ཡང་ཚུལ་གང་ཡང་རུང་བ་གཅིག་མ་སྨྲས་ན་ཡང་མ་ཚང་བར་བརྗོད་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། ཚིག་དོན་ཁས་མི་ལེན་པར་གཞུང་གི་ཚིག་རིས་ཇི་ལྟ་བ་བཞིན་དུ་ཁས་ལེན་པ་ཕལ་པའི་ལུགས་ཡིན་པའི་ཕྱིར་ཏེ། འདི་ལྟར། མངོན་སུམ་རྟོག་པ་མ་ཡིན་པར་རྟགས་ཀྱིས་བསྒྲུབ་བམ་མི་བསྒྲུབ། བསྒྲུབ་ན་མི་འཐད་དེ། རྣམ་འགྲེལ་ལས། མངོན་སུམ་རྟོག་དང་བྲལ་བར་ནི། །མངོན་སུམ་ཉིད་ཀྱིས་འགྲུབ་པར་འགྱུར། །ཞེས་གསུངས་པའི་ཕྱིར། མི་བསྒྲུབ་ནའང་མི་འཐད་དེ། རྣམ་ངེས་ལས། དབང་པོའི་ཤེས་པ་ནི་མི་སྲིད་པ་མ་ཡིན་ཏེ། དོན་གྱི་མཐུ་ཡིས་ནི་ཡང་དག་པར་སྐྱེ་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཞེས་བརྗོད་ན་ལན་ཅི་ཡོད། དེའི་ཉེས་པ་མེད་དེ། མངོན་སུམ་རྟོག་པ་མ་ཡིན་པར་གྲུབ་མི་དགོས་པར་བཤད་པ་ནི་མཁས་པའི་དབང་དུ་བྱས་པ་ཡིན་ལ། དེ་རྟོག་པ་མ་ཡིན་པར་སྒྲུབ་དགོས་པར་བཤད་པ་ནི་བླུན་པོའི་དབང་དུ་བྱས་པས་གང་ཟག་གཉིས་ལ་ལྟོས་པའི་ཕྱིར་ཞེས་སྨྲ་ན། འོ་ན་ངེད་ལའང་སྔར་བཤད་པའི་སྐྱོན་མེད་དེ། གཞན་དོན་གྱི་རྗེས་དཔག་ལ་ཚུལ་གསུམ་བརྗོད་མི་དགོས་པར་བཤད་པ་མཁས་པའི་དབང་དུ་བྱས་པ་ཡིན་ལ། དེ་དགོས་པར་བཤད་པ་བླུན་པོའི་དབང་དུ་བྱས་པས་གང་ཟག་གཉིས་ལ་ལྟོས་པའི་ཕྱིར་ཞེས་བརྗོད་ན་མི་མཚུངས་སམ། །འདིའི་དགག་སྒྲུབ་རྒྱས་པར་ནི་རྗེ་བཙུན་ཆ་པའི་ལེགས་བཤད་དང་། ཁོ་བོས་བྱས་པའི་ཚད་མ་རིགས་པའི་གཏེར་གྱི་རྒྱན་དུ་ཤེས་པར་བྱའོ། །གཞན་དོན་གྱི་རྗེས་དཔག་འདི་ལ་ལོ་ཙྪ་བ་ཆེན་པོས་འདི་ལྟར་འཆད་དེ། ངོ་བོའི་ཁྱད་པར་དང་། བྱེད་པའི་ཁྱད་པར་དང་། བརྗོད་བྱའི་ཁྱད་པར་དང་། རྒྱུའི་ཁྱད་པར་རོ། །དང་པོ་ནི། ལུས་ངག་གི་རིག་བྱེད་དོན་དང་འབྲེལ་བར་བརྡ་བྱས་པས་དོན་ལ་གོ་བ་བསྐྱེད་པའི་ངག་གོ །དེ་ཡང་གསལ་བྱེད་ཅེས་པས་བསྟན་ཏོ། །གཉིས་པ་ནི། བསྒྲུབ་བྱ་ལ་དམིགས་པའི་རྗེས་དཔག་བསྐྱེད་པ་ཡིན་པས་དམ་བཅའ་བརྗོད་པ་ལ་སོགས་པ་ལས་ཁྱད་པར་དུ་འགྱུར་པའོ། །དེ་ཡང་རབ་ཅེས་པས་བསྟན་ཏོ། །གསུམ་པ་ནི། དངོས་པོ་ལ་གནས་པ་སྟེ་བརྟགས་པ་མིན་པ་བརྗོད་པའོ། །དེ་ཡང་དོན་ཞེས་པས་བསྟན་ཏོ། །བཞི་པ་ནི། བརྗོད་བྱའི་ཁྱད་པར་བསྟན་ཡང་ཀུན་སློང་འཕངས་པས་རྒྱུའི་ཁྱད་པར་རོ། །དེ་ཡང་རང་གིས་མཐོང་ཞེས་པས་བསྟན་ཏོ། །དེ་ཡང་ངོ་བོའི་ཁྱད་པར་གྱིས་ནི་བརྗོད་བྱ་མ་ཡིན་པ་གཅོད་ལ། བྱེད་པའི་ཁྱད་པར་གྱིས་ནི་དམ་བཅའ་བརྗོད་པ་དང་། གཏན་ཚིགས་ལྟར་སྣང་བརྗོད་པ་ལ་སོགས་པ་རྗེས་དཔག་བསྐྱེད་པར་མི་ནུས་པ་རྣམས་གཅོད་དེ། མཚན་ཉིད་ཡིན་ལ་རྒྱུ་དང་ཡུལ་གྱི་ཁྱད་པར་ནི་ལོག་རྟོག་སེལ་བྱེད་ཙམ་ཡིན་ནོ་ཞེས་གསུངས་སོ། །རྗེ་བཙུན་ཆ་པས་ནི་འདི་ལྟར་འཆད་དེ། དོན་ཞེས་པ་ནི། གོ་བྱེད་ཕྱོགས་ཆོས་དང་ཁྱབ་པའོ། །རང་གི་མཐོང་ཞེས་པ་ནི། ཕྱོགས་ཁྱབ་རང་གི་ཚད་མས་ངེས་པའོ། །རབ་གསལ་བྱེད་ཅེས་པ་བྱ་བ་ནི། ཕྱོགས་ཆོས་དང་ཁྱབ་པའི་ཚོགས་དོན་ཕྱིར་རྒོལ་བ་ལ་མི་བསླུ་བའི་ཡུལ་དུ་གྲུབ་པའོ། །ཞེས་གོ་བར་བྱེད་པ་སྟེ། ཁ་ཅིག་ཏུ་ནི་ཁ་ཡར་བ་བརྗོད་པས་ཚོགས་དོན་ལ་གོ་བ་བསྐྱེད་པ་ཡོད་ལ། ཁ་ཅིག་ཏུ་ནི་གཉིས་ཀ་བརྗོད་པས་གོ་བ་བསྐྱེད་པའང་ཡོད་དོ། །མཚན་ཉིད་དེས་དམ་བཅའ་ཚིག་ཟིན་ལ་བརྗོད་པ་ལ་ཁྱབ་ཆེས་པ་མ་ཡིན་ཏོ། །དེ་ལ་དོན་ཞེས་བྱ་བ་ཚུལ་གསུམ་གང་རུང་སྟོན་པ་མེད་པའི་ཕྱིར་དང་། ཕྱིར་རྒོལ་ལ་མ་གྲུབ་པའི་སྒྲུབ་པ་ལྟར་སྣང་བརྗོད་པ་ལ་ཧ་ཅང་ཁྱབ་ཆེས་པའང་མ་ཡིན་ཏེ། དེ་ལ་རབ་གསལ་བྱེད་ཅེས་པ་ཕ་རོལ་པོ་ལ་མི་བསླུ་བའི་ཡུལ་དུ་གྲུབ་པར་སྟོན་པ་མེད་པའི་ཕྱིར་རོ། །དེས་ན་གཞན་དོན་གྱི་རྗེས་སུ་དཔག་པ་ནི་རྣམ་པ་བརྒྱད་དུ་དབྱེ་བར་ཤེས་པར་བྱའོ་ཞེས་གསུངས་སོ། །རྒྱས་པར་ཤེས་པར་འདོད་ན་རྗེ་བཙུན་ཆ་པའི་ལེགས་བཤད་དང་། ཁོ་བོས་ལེགས་པར་བཤད་པ་ལས་ཤེས་པར་བྱའོ། །གཉིས་པ་ནི། གཞན་དོན་རྗེས་སུ་དཔག་པ་ནི་ཆོས་ཅན། མཚོན་བྱེད་མེད་པ་མ་ཡིན་ཏེ། རྒོལ་བ་རང་གི་ཚད་མས་མཐོང་བའི་ཚུལ་གསུམ་གང་རུང་གི་དོན་ཕྱིར་རྒོལ་ལ་མི་བསླུ་བའི་ཡུལ་དུ་རབ་ཏུ་གསལ་བར་སྟོན་པར་བྱེད་པའི་ཡང་དག་པའི་ངག་གིས་མཚོན་པར་བྱ་བ་ཡིན་པའི་ཕྱིར། དེས་ན་རང་གིས་མཐོང་བ་སྨོས་པ་ཆོས་ཅན། རྣམ་གཅད་ཀྱི་དགོས་པ་ཁྱད་པར་ཅན་ཡོད་དེ། ཚུལ་གསུམ་གང་རུང་རྒོལ་བ་རང་གི་ཚད་མས་མ་མཐོང་ཡང་ཕྱིར་རྒོལ་གྱི་ལུང་ལས་མཐོང་བ་དེ་དེ་སྒྲུབ་ཀྱི་གཞན་དོན་གྱི་རྟགས་ཡང་དག་དང་དེའི་ངག་དེ་དེ་སྒྲུབ་ཀྱི་གཞན་དོན་གྱི་རྗེས་དཔག་ཡིན་པ་དགག་པའི་ཆེད་ཡིན་པའི་ཕྱིར་རོ། །འོ་ན་རྣམ་གཅོད་ཀྱི་དཔེར་བརྗོད་གང་ཞེ་ན། གྲངས་ཅན་པས། བློན་བདེ་ཆོས་ཅན། སེམས་མེད་བེམ་པོ་ཡིན་ཏེ། སྐྱེ་འཇིག་ཅན་ཡིན་པའི་ཕྱིར། དཔེར་ན། གཟུགས་སོགས་དེ་ཙམ་ལྔ་པོ་བཞིན་ཞེས་པའི་ལྡོག་ཁྱབ་གྲངས་ཅན་རང་ལ་གྲགས་ཀྱང་། ཕྱོགས་ཆོས་དང་རྗེས་འགྲོ་སངས་རྒྱས་པའི་ལུང་གིས་གྲུབ་པས། ཕྱིར་རྒོལ་སངས་རྒྱས་པའི་ངོར་གཞན་དོན་གྱི་རྟགས་ཡང་དག་ཏུ་འདོད་པ་ལྟ་བུའོ། །དེ་དེ་སྒྲུབ་ཀྱི་དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་མ་ཡིན་པའི་རྒྱུ་མཚན་ཅི་ཞེ་ན། དངོས་པོ་སྟོབས་ཞུགས་ཀྱི་སྐབས་སུ་ལུང་སྒྲུབ་བྱེད་དུ་མི་རུང་སྟེ། གཞལ་བྱའི་གནས་དང་པོ་གཉིས་ལ་དཔྱད་པ་མ་དག་པར་ལུང་བསྒྲུབ་བྱེད་དུ་བྱེད་ན་ནི་ངེས་པ་ཁོ་ནར་ངས་ཁས་བླངས་པའི་ཕྱིར། དེ་ལྟར་ཡིན་ཏེ་ཞེས་པར་འགྱུར་བས་གཏན་ཚིགས་སུ་བཀོད་པ་ལ་ཡང་དགོས་ནུས་ཅུང་ཟད་ཀྱང་མེད་ཅིང་། མཐར་དམ་བཅའ་ཐམས་ཅད་ཁས་བླངས་ཙམ་གྱིས་གྲུབ་པར་ཁས་ལེན་དགོས་པས། དམ་བཅའ་ཡང་དག་དང་། དམ་བཅའ་ལྟར་སྣང་གི་དབྱེ་བ་ཅུང་ཟད་ཀྱང་བཞག་ཏུ་མེད་པར་འགྱུར་རོ། །ཚུལ་གསུམ་རྒོལ་བ་རང་ཉིད་ཀྱི་ཚད་མས་མ་གྲུབ་པར་ཕྱིར་རྒོལ་གྱི་ཁས་བླངས་པ་ཙམ་འབའ་ཞིག་ཏུ་གནས་པ་ནི་ཐལ་འགྱུར་བའི་དབུ་མ་པའི་གཞན་ལ་གྲགས་ཀྱི་དོན་ཡིན་ལ། དེ་ཡང་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་རང་ལུགས་ཀྱི་བཞེད་པ་དམ་པ་ཡིན་ནོ་ཞེས་ཁ་ཅིག་འདོད་པ་ནི་འཕགས་མཆོག་ལ་སྐུར་བ་འདེབས་པ་ཡིན་ཏེ། དེ་ནི་གྲངས་ཅན་པའི་ཐུན་མོང་མིན་པའི་འདོད་པ་ཐིལ་ཞུགས་ཡིན་པའི་ཕྱིར་དང་། མཁས་མཆོག་གིས་དེ་ལྟ་བུ་རང་ལུགས་སུ་དམ་བཅའ་བ་མི་སྲིད་པའི་ཕྱིར་རོ། །ལུང་ཚིག་མ་དག་པ་ཙམ་རེ་བསྒྲུབ་བྱེད་དུ་བཟུང་ནས་དངོས་སྟོབས་རིགས་པའི་ལམ་སྨྲ་བ་བརྒྱུད་པ་དང་བཅས་པ་རྣམས་ལ་ཚིག་འཁྲི་བ་ཡིན་ཞེས་བདེན་ཞེན་གྱིས་དམ་བཅའ་བའང་གཞུང་འདི་རྣམས་ཀྱི་ཕྱོགས་སྔའི་ཐིལ་ཞུགས་སུ་ཤེས་པར་བྱའོ། །ཡང་དེ་སྨོས་པ་ལ་ཡོངས་གཅོད་ཀྱི་དགོས་པ་ཁྱད་པར་ཅན་ཡང་ཡོད་དེ། རྒོལ་བ་རྟོགས་ལྡན་གྱིས་གཞན་དོན་བྱེད་པ་ལ་ནི། ལྐོག་གྱུར་གསར་དུ་རྟོགས་པའི་ཕྱིར་རྒོལ་ཀྱི་རྒྱུད་ཀྱི་ཚད་མ་རྒོལ་བའི་རྒྱུད་ཀྱི་ཚད་མའི་འབྲས་བུར་གྱུར་པའི་ཚུལ་གྱིས་དོན་བྱེད་པར་ཤེས་དགོས་པའི་ཆེད་ཡིན་པའི་ཕྱིར་ཏེ། གཞན་དུ་ན་རང་གི་གདུལ་བྱ་ལམ་ཕྱིན་ཅི་མ་ལོག་པ་ལ་དཀྲི་བར་མི་ནུས་པའི་ཕྱིར་རོ། །རང་གིས་མཐོང་བ་ཞེས་སྨོས་པ་འདིས་ནི། བདག་ཉིད་ཆེན་པོ་ཕྱོགས་ཀྱི་གླང་པོས་གཞན་དོན་བྱེད་པའི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཡང་བསྟན་པ་ཡིན་པས་རང་ཉིད་ལ་ཡིད་བརྟན་ཅུང་ཟད་ཀྱང་མེད་བཞིན་དུ་གདུལ་བྱ་གཞན་རྗེས་སུ་འཛིན་པར་འདོད་པ་བཀག་པར་ཤེས་པར་བྱ་སྟེ། འོག་ནས། རང་གི་རྟོགས་པ་གཞན་བཞིན་ལ། །ངེས་པ་བསྐྱེད་པར་འདོད་པ་ཡིས། །ཞེས་གསུངས་པའི་ཕྱིར་དང་། རྣམ་འགྲེལ་ལས་ཀྱང་། །མི་ཤེས་སྟོན་པར་བྱེད་པ་ལ། འཁྲུལ་པར་དོགས་པ་ཅན་རྣམས་ཀྱིས། དེས་བཤད་ནན་ཏན་བྱ་བའི་ཕྱིར། །ཤེས་ལྡན་འགའ་ཞིག་ཆོལ་བར་བྱེད་ཅེས་གསུངས་པའི་ཕྱིར། དེར་དོན་སྨོས་པ་ཆོས་ཅན། རྣམ་གཅོད་ཀྱི་དགོས་པ་ཁྱད་པར་ཅན་ཡོད་དེ། གཏན་ཚིག་དེ་བསྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ལ་ཉེ་བ་དང་སྐལ་བའི་ཁྱད་པར་ཅུང་ཟད་ཀྱང་མེད་ཅིང་ཚུལ་གསུམ་གྱི་གཞི་ལྡོག་དོན་གྱི་རང་མཚན་དང་འབྲེལ་པ་མེད་པ་རྟོག་པས་སྒྲོ་བཏགས་པ་དང་། ལུང་ལས་བཤད་པ་ཙམ་མ་གཏོགས་སྒྲུབ་བྱེད་ཅུང་ཟད་ཀྱང་མེད་པ་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པ་དགག་པའི་ཆེད་ཡིན་པའི་ཕྱིར་རོ། །རྣམ་གཅོད་དཔེ་ཇི་ལྟར་ཡིན་ཞེ་ན། སྒྲ་ཆོས་ཅན། རྟག་སྟེ། དེ་སྒྲུབ་ཀྱི་ཕྱོགས་དང་མཐུན་ཕྱོགས་གང་རུང་ཡིན་པའི་ཕྱིར་དང་། མི་རྟག་ཏེ། དེའི་ཕྱིར་ཞེས་པ་ལྟ་བུའོ། །ཡོངས་གཅོད་ཀྱི་དགོས་པ་ཁྱད་པར་ཅན་ཡོད་དེ། དངོས་སུ་རྟོག་པས་བཏགས་པའི་དོན་གཏན་ཚིགས་སུ་བཀོད་ཀྱང་ཚུལ་གསུམ་འཇལ་བའི་ཚད་མ་མཐར་མངོན་སུམ་དང་། དེའི་གཟུང་ཡུལ་དོན་གྱི་རང་མཚན་གྱི་མཐར་ཐུག་པ་ཅན་དགོས་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། །གཞན་དུ་ན་རྣམ་ངེས་ལས། དེ་དག་གིས་བཏགས་པའི་ཡུལ་གྱིས་དོན་གོ་ན་ནི་དོན་མི་འཐོབ་པ་ཁོ་ནར་འགྱུར་རོ་ཞེས་པའི་སྐྱོན་དུ་འགྱུར་བས་སོ། །རབ་གསལ་བྱེད་ཅེས་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། ཕྱོགས་ཚིག་དེ་དེ་སྒྲུབ་ཀྱི་སྒྲུབ་ངག་ཡང་དག་ཡིན་པ་དགག་པའི་ཆེད་ཡིན་པའི་ཕྱིར་རོ། མཚན་ཉིད་ཀྱི་ཟུར་དེ་གསུམ་གྱིས་རིམ་པ་བཞིན་དུ་བློ་སྐྱོན་དང་། དོན་སྐྱོན་དང་། སྒྲ་སྐྱོན་ཞུགས་པ་སེལ་ཞིང་། ཚུལ་གསུམ་གང་རུང་གཅིག་མ་སྨྲས་ན་སྒྲུབ་པའི་ངག་ཡང་དག་མ་ཡིན་དགོས་པར་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ངག་ལ་རྗེས་དཔག་ཏུ་འདོད་ཅེ་ན། དེ་ལ་དེར་འདོགས་པའི་རྒྱུ་མཚན་ཡོད་དེ། དེའི་རྒྱུ་ཡིན་པས་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པའི་ཕྱིར། དེའི་དགོས་པ་ཡང་ཡོད་དེ། རྒོལ་བའི་ཡང་དག་པའི་ངག་ལས་ཕྱིར་རྒོལ་བའི་རྟོགས་པ་སྐྱེ་བར་ཤེས་པའི་ཆེད་ཡིན་པའི་ཕྱིར་ཏེ། ཐོས་པའི་ཤེས་རབ་ལས་བསམ་པའི་ཤེས་རབ་སྐྱེ་བར་ཤེས་པའི་ཆེད་ཡིན་པའི་ཕྱིར་རོ། །རྩོད་ཚད་ནི་རང་རྒྱུ་དང་རང་འབྲས་ཞེས་སྦྱར་རོ། །གལ་ཏེ་གཞན་ལ་རྗེས་དཔག་བསྐྱེད་པའི་ཐབས་དང་དགོས་པ་ཡོད་པའི་ཕྱིར་གཞན་གྱི་དོན་གྱི་རྗེས་དཔག་ཏུ་འཇོག་པ་འཐད་ན། རི་དྭགས་རྒྱུག་པ་ལ་ལྟོས་ཤིག་ཅེས་བརྗོད་པ་ན་སྒྲ་དེ་ལས་གཞན་ལ་མངོན་སུམ་བསྐྱེད་པའི་ཐབས་དང་དགོས་པ་ཡོད་པའི་ཕྱིར་གཞན་དོན་གྱི་མངོན་སུམ་འཐད་པ་ཡིན་ནོ་ཞེ་ན། རྒྱན་མཛད་པའི་བཞེད་པ་ནི་ཅུང་ཟད་འཐད་པར་མི་སེམས་མོད་འོན་ཀྱང་མཁས་མཆོག་གི་དགོངས་པ་ལ་བདག་ལྟ་བུས་ཉེས་པ་བརྗོད་པར་དཀའ་བས་བློ་གྲོས་དང་ལྡན་པའི་སྐྱེ་བོ་རྣམས་ཀྱིས་ལེགས་པར་དཔྱད་པར་མཛོད་ཅིག གཉིས་པ་ནི། ཕྱོགས་ཚིག་ནི། བསྒྲུབ་བྱེད་མ་ཡིན་ན་སྒྲུབ་བྱེད་ཀྱི་སྐབས་སུ་ཕྱོགས་ཀྱི་མཚན་ཉིད་སྟོན་པར་མི་རིགས་ལ། དེའི་སྐབས་སུ་ཕྱོགས་ཀྱི་མཚན་ཉིད་སྟོན་པར་རིགས་པའི་ཕྱིར་དང་། ཕྱོགས་ཚིག་དེས་གཏན་ཚིགས་ཀྱི་ཚིག་འདྲེན་པའི་ཕྱིར་ཕྱོགས་ཀྱི་ཚིག་དེ་སྒྲུབ་བྱེད་ཡང་དག་ཡིན་ནོ་ཞེ་ན། འདི་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ནི། ལོག་པའི་ལམ་དུ་ཞུགས་པའི་སྐྱེ་བོ་རྣམས་ན་རེ། བདག་ཉིད་ཆེན་པོ་ཕྱོགས་ཀྱི་གླང་པོ་དང་ཆོས་ཀྱི་གྲགས་པ་ཡབ་སྲས་གཉིས་ནི་ཕྱོགས་ཚིག་སྒྲུབ་ངག་ཡང་དག་ཡིན་མིན་མི་མཐུན་ཏེ། ཕྱོགས་ཀྱི་གླང་པོས་ཕྱོགས་ཚིག་སྒྲུབ་ངག་ཡང་དག་ཏུ་བཞེད་ལ། ཆོས་ཀྱི་གྲགས་པས་དེ་མི་བཞེད་པའི་ཕྱིར། སྔ་མ་གྲུབ་སྟེ། འདིར། ཕྱོགས་ཆོས་ཉིད་དང་འབྲེལ་པ་དང་། བསྒྲུབ་བྱ་བརྗོད་བྱ་གཞན་རྣམས་སྤངས། །ཞེས་དང་། དེའི་འགྲེལ་པར་ཡང་། འདི་ལྟར་ཕྱོགས་ཀྱི་ཆོས་ཉིད་བསྟན་པའི་དོན་དུ་གཏན་ཚིགས་ཀྱི་ཚིག་ཡིན་ནོ། །དེ་རྗེས་སུ་དཔག་པར་བྱ་བ་དང་། མེད་ན་མི་འབྱུང་བ་ཉིད་དུ་བསྟན་པའི་དོན་དུ་དཔེའི་ཚིག་ཡིན་ནོ། །རྗེས་སུ་དཔག་པར་བྱ་བ་བསྟན་པའི་དོན་དུ་ཕྱོགས་ཀྱི་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ཕྱི་མའང་གྲུབ་སྟེ། རྣམ་འགྲེལ་ངེས་གཉིས་ཀར་ཡང་། བསྒྲུབ་བྱ་བརྗོད་ཕྱིར་ཕྱོགས་ཀྱི་ཚིག །བརྒྱུད་པ་ཡིས་ཀྱང་ནུས་པ་མེད། །ཅེས་དང་། རྣམ་ངེས་སུ། ཕྱོགས་ཀྱི་ཚིག་ལས་ནི་དོན་ལ་ཐེ་ཚོམ་ཟ་བར་མཐོང་བ་ཡིན་གྱི་ངེས་པ་ནི་མ་ཡིན་པའི་ཕྱིར་དངོས་སུ་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ་ཞེས་དང་། བརྒྱུད་པ་ཡིས་ཀྱང་མ་ཡིན་ཏེ། བསྒྲུབ་པར་བྱ་བ་བརྗོད་པའི་ཕྱིར་རོ་ཞེས་གསུངས་པའི་ཕྱིར། དེས་ན་འགྲེལ་པ་འདི་ནི་རང་འགྲེལ་ཡིན་པས་འདི་ནི་འགལ་མེད་དུ་ཁས་བླངས་པར་ནུས་སོ། འགྲེལ་པ་འདི་རང་འགྲེལ་མིན་ཟེར་བ་ནི་གཞུང་གི་དོན་མ་གོ་བ་ཡིན་ནོ་ཞེས་ལོག་པའི་རྣམ་རྟོག་གཏིང་ཚུགས་པར་སྨྲ་བར་བྱེད་དོ། །འདི་ནི་སྡིག་པ་བས་ཀྱང་སྡིག་པ་ཡིན་ཏེ། འགྲེལ་པ་འདིའི་དོན་དཔྱོད་པ་ལ་མ་ཞུགས་པར་མ་ཟད་འགྲེལ་པ་ཚར་གཅིག་ཙམ་ཀྱང་བལྟ་མ་མྱོང་བར་དེའི་དོན་ཡིན་ཟེར་ནས་བརྒྱ་ཕྲག་ཙམ་གཅིག་བཤད་པའི་ཕྱིར་དང་། སྡིག་པས་ནི་རང་ཉིད་ཕུང་བར་བྱེད་པ་ཙམ་ཡིན་གྱི་འདིས་ནི་རང་གཞན་གཉིས་ཀ་ཕུང་བར་བྱེད་པའི་ཕྱིར་ཏེ། འདི་ལྟར། ཕྱོགས་ཀྱི་གླང་པོས་ཀྱང་ཕྱོགས་ཀྱི་ཚིག་སྒྲུབ་ངག་ཡང་དག་ཏུ་མི་བཞེད་པར་ཐལ། འགྲེལ་པ་འདིར། ཡན་ལག་རྣམས་ནས་གང་རྗེས་སུ་དཔག་པར་བྱ་བ་བསྟན་པ་དེ་ནི་ཁོ་བོ་ཅག་གིས་སྒྲུབ་བྱེད་ཉིད་དུ་མི་འདོད་དེ། དེ་ཉིད་ཐེ་ཚོམ་བསྐྱེད་པར་བྱེད་པའི་ཕྱིར་རོ་ཞེས་གསུངས་པའི་ཕྱིར། ཁྱོད་ལྟར་ན་འཁོར་གསུམ་དངོས་འགལ་དང་འདྲ་བར་ཁས་བླངས་ཏེ། འགྲེལ་པ་འདི་རང་འགྲེལ་དུ་ཁས་བླངས་པའི་ཕྱིར་རོ། །གཞན་ཡང་སྒྲ་དང་མི་རྟག་པའི་ཚོགས་དོན་ཞེས་པའི་ངག་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ངག་ཡང་དག་མ་ཡིན་པར་ཐལ། དེ་བསྒྲུབ་ཀྱི་ཚུལ་གསུམ་གང་རུང་མ་བརྗོད་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། འགྲེལ་པར། འདིར་ཡང་ཚུལ་གང་ཡང་རུང་བ་གཅིག་མ་སྨྲས་ན་ཡང་མ་ཚང་པར་བརྗོད་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར། ཞེས་བརྗོད་ན་ཐལ་བའི་རྡུལ་བཞིན་མ་སོང་སམ་ལེགས་པར་སོམས་ཤིག དོན་ནི་སྔར་གྱི་དོན་སྒྲུབ་ངག་ཡང་དག་མ་ཡིན་པར་ཐལ། དེའི་ཚུལ་གསུམ་གང་རུང་བརྗོད་པ་མ་ཡིན་པའི་ཕྱིར། འཁོར་གསུམ་དངོས་འགལ། ཡང་ཆོས་ཅན་དང་ཆོས་སྔར་ལྟར་ཐལ། ཁྱོད་ལས་བསྒྲུབ་བྱ་ལ་ཐེ་ཚོམ་ཙམ་བསྐྱེད་པར་བྱེད་ནུས་ཀྱི་ངེས་པ་བསྐྱེད་པར་མི་ནུས་པའི་ཕྱིར། གསུམ་ཆར་དངོས་འགལ་ཡིན་ནོ། འོ་ན་ཁྱོད་གཞུང་དེ་ཇི་ལྟར་འཆད་ཅེ་ན། འགྲེལ་པ་ལ་གོང་འོག་འགལ་བར་ཡོད་པས་འགྲེལ་པ་འདི་རང་འགྲེལ་མ་ཡིན་ནོ་ཞེས་འཆད་པའམ། །ཡང་ན་རྩ་བའི་དགོངས་པ་བཞིན་དུ་འགྲེལ་པའི་དོན་ཡང་བརྟག་པ་མཐའ་བཟུང་དུ་ཤེས་པར་བྱ་སྟེ། དེའི་དོན་རྒྱས་པ་ནི་ཕྱོགས་ཆོས་འབྲེལ་བ་བསྒྲུབ་བྱ་དང་། ཞེས་པའི་སྐབས་སུ་འཆད་པའི་ཕྱིར་རོ། །སྔོན་གྱི་ཊཱིཀ་བྱེད་པ་རྣམས་ན་རེ། སྒྲ་མི་རྟག་པ་ཞེས་པའི་ཕྱོགས་ཚིག་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་བྱེད་ཡང་དག་མ་ཡིན་ཡང་། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་པའི་རྟགས་ཚིག་ནི། སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་བྱེད་ཡང་དག་ཡིན་ནོ་ཞེས་གསུངས་སོ། །དེ་ནི་ཤིན་ཏུ་མི་འཐད་དེ། གང་བྱས་ན་ཞེས་པའི་ངག་ནི་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་ཡིན་པའི་ཕྱིར་དང་། ཕྱོགས་ཆོས་མ་ཡིན་པ་ཡང་ཡིན་སྒྲུབ་བྱེད་ཡང་དག་ཡང་ཡིན་པའི་གཞི་མཐུན་ཡོད་པ་ཚད་མ་རྣམ་ངེས་སུ་ལེགས་པར་དངོས་སུ་བཀག་པའི་ཕྱིར་དང་། དེ་དང་སྒྲ་མི་རྟག་ཅེས་པའི་ཕྱོགས་ཚིག་གཉིས་དེ་སྒྲུབ་ཀྱི་སྒྲུབ་བྱེད་ཡང་དག་མ་ཡིན་པར་ཚད་མ་རྣམ་འགྲེལ་ངེས་གཉིས་ཀར་དངོས་སུ་བསྒྲུབ་པའི་ཕྱིར་རོ། །གལ་ཏེ་དེ་གཉིས་མི་མཚུངས་ཏེ། ཕྱོགས་ཚིག་ནི་དངོས་བརྒྱུད་གཉིས་ཀ་ནས་དེ་སྒྲུབ་ཀྱི་སྒྲུབ་བྱེད་ཡང་དག་མ་ཡིན་པའི་ཕྱིར་དང་། རྟགས་ཚིག་ནི་དེ་སྒྲུབ་ཀྱི་དངོས་སུ་སྒྲུབ་བྱེད་མ་ཡིན་ཡང་དེ་བརྒྱུད་ནས་སྒྲུབ་བྱེད་ཡང་དག་ཡིན་པའི་ཕྱིར་དང་། རྣམ་འགྲེལ་ངེས་གཉིས་ཀར་ཡང་དེ་ལྟར་དུ་བསྒྲུབ་པའི་ཕྱིར་ཞེ་ན། ཤིན་ཏུ་མི་འཐད་དེ། དེ་ནི་རིགས་པའི་ལམ་ལས་འདས་པའི་ཕྱིར་དང་། རྣམ་འགྲེལ་ངེས་ཀྱི་གཞུང་གི་དགོངས་པ་དེ་ལྟར་གཏན་ནས་མ་ཡིན་པའི་ཕྱིར། རིགས་པའི་ལམ་ལས་འདས་པ་ཇི་ལྟར་ཡིན་ཞེ་ན། ཕྱོགས་ཚིག་ཀྱང་སྒྲུབ་བྱེད་ཡང་དག་ཏུ་ཐལ། རྟགས་ཚིག་དེ་ལྟར་ཡིན་པའི་ཕྱིར། མི་མཚུངས་ཏེ། འདི་ལྟར་རྟགས་ཚིག་ནི་སྒྲུབ་བྱེད་ཡང་དག་ཡིན་ཏེ། ཚུལ་གསུམ་ལ་དྲན་པ་བསྐྱེད་པར་བྱེད་པའི་ཕྱིར་ཞེ་ན། ཕྱོགས་ཚིག་ཀྱང་། དེར་ཐལ། དེའི་ཕྱིར། མ་གྲུབ་ན་སྔ་མ་ཡང་མ་གྲུབ། སྔ་མ་ནི་གྲུབ་ཏེ། ཚུལ་གསུམ་སྔར་གྲུབ་ཟིན་བརྗེད་པ་དྲན་པར་བྱེད་པའི་ཕྱིར་ཞེ་ན། དེ་ནི་ཕྱོགས་ཚིག་ལའང་མཚུངས་སོ། །གལ་ཏེ་ཕྱོགས་ཚིག་ནི། སྒྲུབ་བྱེད་ཡང་དག་མ་ཡིན་ཏེ། དེ་ལས་ཐེ་ཚོམ་སྐྱེ་ངེས་པ་མི་བསྐྱེད་པའི་ཕྱིར་ཞེ་ན། དེའི་དོན་གང་ཡིན། དེར་ཐལ། སྒྲ་རྟག་མི་རྟག་ཐེ་ཚོམ་ཟ་ནས་དྲིས་པ་ན། སྒྲ་མི་རྟག་ཅེས་བརྗོད་ན་ཐེ་ཚོམ་དེ་ཉིད་ལས་མ་འདས་པའི་ཕྱིར་ཞེ་ན། འོ་ན། རྟགས་ཚིག་ཀྱང་སྒྲུབ་བྱེད་ཡང་དག་མ་ཡིན་པར་ཐལ། དེ་ལས་ཐེ་ཚོམ་སྐྱེ་ངེས་པ་མི་བསྐྱེད་པའི་ཕྱིར། མ་གྲུབ་ན། ཁས་བླངས་མོད། ཁས་བླངས་གསལ་བར་སྟོན་པ་ནི་དེར་ཐལ། ཕྱོགས་ཁྱབ་ལ་ཐེ་ཚོམ་ཟ་བཞིན་དུ་དྲིས་པའི་ཚེ་སྒྲུབ་ངག་བཀོད་ན་ཡང་ཐེ་ཚོམ་ལས་མ་འདས་པའི་ཕྱིར། གསུམ་ཆར་རོ། །གལ་ཏེ་སྒྲུབ་ངག་བཀོད་པའི་ཚེ་ཐེ་ཚོམ་ལས་མ་འདས་ཀྱང་གང་ཟག་དེའི་ངོར་ཚུལ་གསུམ་ལེགས་པར་བསྒྲུབས་ནས་མཐར་རྟགས་ཚིག་ལས་ངེས་པའམ་དྲན་པ་བསྐྱེད་པའི་ཕྱིར་ན་རྟགས་ཚིག་སྒྲུབ་བྱེད་ཡང་དག་ཡིན་ནོ་ཞེ་ན། འོ་ན་ཕྱོགས་ཚིག་ཀྱང་སྒྲུབ་བྱེད་ཡན་ལག་ཏུ་ཐལ། བསྒྲུབ་བྱ་ཡོད་མེད་གང་དུའང་མ་ངེས་པའི་ཚེ་ཐེ་ཚོམ་ལས་མ་འདས་ཀྱང་མཐར་སྒྲུབ་བྱེད་མཐོང་བའི་ཚེ་ཕྱོགས་ཚིག་ལས་ཀྱང་ངེས་པའམ་དྲན་པ་བསྐྱེད་པར་བྱེད་པའི་ཕྱིར། ཞེས་བརྗོད་ན་མི་མཚུངས་སམ་ལེགས་པར་སོམས་ཤིག གལ་ཏེ་སྔར་ཚུལ་གསུམ་གྲུབ་ཟིན་བརྗེད་ནས་མ་དྲན་པ་དྲན་རུང་དུ་ཡོད་པ་ལ་རྟགས་ཚིག་བརྗོད་པས་ཀྱང་དྲན་པ་བསྐྱེད་པའི་ཕྱིར། །རྟགས་ཚིག་ནི་ཚུལ་གསུམ་གྱི་སྒྲུབ་བྱེད་དུ་འགྱུར་རོ་ཞེ་ན། འོ་ན་ཕྱོགས་ཚིགས་ཀྱང་སྒྲུབ་བྱེད་དུ་ཐལ། སྔར་ཕྱོགས་གྲུབ་ཟིན་བརྗེད་ནས་མ་དྲན་པ་དྲན་རུང་དུ་ཡོད་པ་ལ་ཕྱོགས་ཚིག་བརྗོད་པས་ཀྱང་དྲན་པ་བསྐྱེད་པའི་ཕྱིར་གསུམ་ཆར་རོ། །གལ་ཏེ་ཕྱོགས་ཚད་མའི་ཡུལ་དུ་འགྱུར་བ་ཚུལ་གསུམ་ཚད་མའི་ཡུལ་དུ་སོང་བ་ལ་ངེས་པར་ལྟོས་དགོས་པའི་ཕྱིར་ཕྱོགས་ནི་ཕྱོགས་ཚིག་དེའི་མཐུ་མ་ཡིན་ནོ་ཞེ་ན། འོ་ན་ཚུལ་ལ་དྲན་པ་བསྐྱེད་པ་རྟགས་ཚིག་གི་མཐུ་མ་ཡིན་པར་ཐལ། ཚུལ་གསུམ་ཚད་མའི་ཡུལ་དུ་འགྱུར་བ་ངེས་པར་དེའི་སྒྲུབ་བྱེད་ཚད་མའི་ཡུལ་དུ་སོང་བ་ལ་ངེས་པར་ལྟོས་དགོས་པའི་ཕྱིར། གཞན་ཡང་། གང་བྱས་ན་མི་རྟག་དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་ཞེས་པའི་ངག་དེས་དོན་གང་དངོས་སུ་བསྒྲུབ་ནས་སྒྲ་མི་རྟག་པར་བསྒྲུབ་པའི་བསྒྲུབ་བྱ་བརྒྱུད་ནས་སྒྲུབ་པར་བྱེད། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་དངོས་སུ་བསྒྲུབ་ནས་དེའི་བསྒྲུབ་བྱ་བརྒྱུད་ནས་སྒྲུབ་པར་བྱེད་ཅེ་ན། འོ་ན་སྒྲ་མི་རྟག་ཅེས་པའི་ཚིག་དེ། སྒྲ་མི་རྟག་པར་བསྒྲུབ་པའི་སྒྲུབ་བྱེད་ཡང་དག་མ་ཡིན་པའི་རྒྱུ་མཚན་ཅི་ཡིན། དེ་ནི་མ་ཡིན་ཏེ། དེ་སྒྲུབ་ཀྱི་བསྒྲུབ་བྱ་སྒྲ་མི་རྟག་པ་ཚིག་ཟིན་ལ་བརྗོད་པའི་ཕྱིར་ཞེ་ན། འོ་ན་གང་བྱས་ན་ཞེས་པའི་ངག་དེ་ཡང་སྒྲ་བྱས་པར་བསྒྲུབ་པའི་སྒྲུབ་བྱེད་ཡང་དག་ཏུ་མི་འཐད་པར་ཐལ། སྒྲ་བྱས་པར་བསྒྲུབ་པའི་བསྒྲུབ་བྱ་སྒྲ་བྱས་པ་ཚིག་ཟིན་ལ་བརྗོད་པའི་ཕྱིར། ཞེས་བརྗོད་ན་མི་མཚུངས་སམ། ཡང་ཆོས་ཅན་དང་ཆོས་སྔར་ལྟར་ཐལ། དེའི་ཕྱོགས་ལས་སྒྲ་མི་རྟག་པ་ལ་ཐེ་ཚོམ་སྐྱེ་ངེས་པ་མི་བསྐྱེད་པའི་ཕྱིར་ཏེ། སྔར་བཞིན་ཡིན་པའི་ཕྱིར་ཞེ་ན། འོ་ན་གང་བྱས་ན་མི་རྟག་དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་ཞེས་པའི་ངག་དེ་ཡང་སྒྲ་བྱས་པར་སྒྲུབ་པའི་སྒྲུབ་བྱེད་ཡང་དག་ཏུ་མི་འཐད་པར་ཐལ། ཚིག་དེ་ལས་སྒྲ་བྱས་པ་ལ་ཐེ་ཚོམ་སྐྱེ་ངེས་པ་མི་བསྐྱེད་པའི་ཕྱིར་ཏེ། སྔར་བཞིན་དུ་མཚུངས་པའི་ཕྱིར་ཞེས་བརྗོད་ན་སྐལ་པའི་བར་དུ་མཚུངས་སོ། །གཞུང་དོན་གནས་པ་མ་ཡིན་པ་ཅིའི་ཕྱིར་སྙམ་ན། རྟགས་ཚིག་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱ་དངོས་སུ་སྒྲུབ་པའི་རྟགས་མ་ཡིན་ཡང་བསྒྲུབ་བྱ་བརྒྱུད་ནས་སྒྲུབ་པའི་སྒྲུབ་བྱེད་ཡང་དག་ཡིན་ནོ་ཞེས་པ་ནི་ཆོས་ཀྱི་གྲགས་པའི་གཞུང་གི་དགོངས་པ་གཏན་ནས་མ་ཡིན་ཏེ། དེ་ལྟར་ཡིན་ན་ཆོས་ཀྱི་གྲགས་པའི་རང་གི་ཐུན་མོང་མ་ཡིན་པའི་གྲུབ་པའི་མཐར་ཁས་ལེན་པའི་དགོས་པའི་གཞུང་ལུགས་རྣམས་དང་འགལ་བ་ལྟག་སྤྲོད་སྟོན་པ་འབའ་ཞིག་ཏུ་འགྱུར་བའི་ཕྱིར་ཏེ། འདི་ལྟར་གྲངས་ཅན་སོགས་ཀྱིས་རྒྱལ་པོའི་ཁབ་ན་ཆོས་ཅན། བུམ་པ་ཡོད་དེ། དེའི་སྒྲ་ཡོད་པའི་ཕྱིར། ཞེས་པའི་རྟགས་དེ་དེ་སྒྲུབ་ཀྱི་སྒྲུབ་བྱེད་ཡང་དག་ཏུ་ཁས་བླངས་པ་ལ། མི་འཐད་དེ། དེས་རྒྱལ་པོའི་ཁབ་ན་བུམ་པ་ཡོད་པར་བསྒྲུབ་པ་དང་དེར་བུམ་མེད་འགོག་པར་མི་ནུས་པའི་ཕྱིར་ཏེ། དེ་རྒྱལ་པའི་ཁབ་ལ་འགོད་ཚུལ་དང་མཐུན་པར་མ་གྲུབ་པའི་ཕྱིར་ཞེས་ཆོས་ཀྱི་གྲགས་པས་བརྗོད་པ་དེ་རང་ཉིད་ཀྱི་ཞེ་བས་འདོད་པའི་དོན་ལ་རང་ཉིད་ཀྱིས་གནོད་བྱེད་བརྗོད་པར་འགྱུར་ལ། དེ་ལྟར་བརྗོད་པ་ལ། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན་སྒྲ་ཡང་བྱས་ཞེས་པའི་ངག་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་བྱེད་ཡང་དག་མ་ཡིན་པར་ཐལ། སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པའི་ཕྱིར་ཞེས་བརྗོད་ན་ཁྱོད་ཀྱི་འདོད་པ་ལྟར་ན་འཁོར་གསུམ་ལ་ལན་གྱིས་བཟློག་པར་མི་ནུས་པའི་ཕྱིར་དང་། ཁོ་བོའི་ལུགས་ལྟར་ན་འདོད་ལན་འདེབས་པའི་ཕྱིར་རོ། །གཞན་ཡང་། ཚད་དང་ཅིག་ཤོས་སྤྱི་བཞག་དང་། ཞེས་སོགས་རྒྱང་འཕེན་འགོག་པའི་སྐབས་ལ་སྦྱར་ནས་རྒྱ་ཆེར་ཤེས་པར་བྱའོ། །དེས་ན་རྣམ་འགྲེལ་ངེས་ཀྱི་གཞུང་གི་དགོངས་པ་ནི། ཕྱོགས་ཚིག་དང་རྟགས་ཚིག་གཉིས་དེ་སྒྲུབ་ཀྱི་སྒྲུབ་ངག་མ་ཡིན་པར་མཚུངས་ཀྱང་སྒྲུབ་བྱེད་སྟོན་པ་དང་མི་སྟོན་པའི་ཁྱད་པར་ཡོད་པར་འཆད་པ་ནི་འཐད་པའོ། །གཉིས་པ་ནི། ཚུལ་གསུམ་གང་རུང་གསལ་བར་སྟོན་པའི་རྟགས་ཚིག་ཡང་དག་སྒྲུབ་ངག་ཏུ་བསྟན་པ་དེ་ལ་རྟགས་ཀྱིས་དཔག་པར་བྱ་བ་ཕྱོགས་དངོས་སུ་བསྟན་པའི་ངག་ནི་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་སྒྲུབ་ངག་ཏུ་མི་རིགས་ཏེ། ཁྱོད་དེ་སྒྲུབ་ཀྱི་ཚུལ་གསུམ་གང་རུང་སྟོན་བྱེད་མ་ཡིན་པའི་ཕྱིར་དང་། ཁྱོད་དེ་སྒྲུབ་ཀྱི་བསྒྲུབ་བྱ་ལ་ཐེ་ཚོམ་བསྐྱེད་པར་བྱེད་པའི་ཕྱིར་ཞེས་རྟགས་གཉིས་བསྡུ་བ་ཡིན་ནོ། །དེ་ལྟར་ཡིན་ཀྱང་ཕྱོགས་ཚད་མས་མི་རྟོགས་པའི་སྐྱོན་མེད་དེ། ཕྱོགས་དེ་ནི་རྟགས་ཀྱི་དོན་ཚུལ་གསུམ་གྱི་བྱེད་པ་འཇུག་པའི་ཡུལ་དུ་འདོད་རིགས་པའི་ཕྱིར་རོ། །རྒྱས་པར་ནི་རྣམ་འགྲེལ་ངེས་སུ་ཤེས་པར་བྱའོ། །གཉིས་པ་བརྗོད་བྱའི་རང་བཞིན་བཤད་པ་ལ་གཉིས་ཏེ། གོ་བྱའི་རང་བཞིན་བཤད་པ་དང་། གོ་བྱེད་ཀྱི་རང་བཞིན་བཤད་པའོ། །དང་པོ་ལ་གསུམ་ཏེ། རང་ལུགས་ཀྱི་དམ་བཅའི་མཚན་ཉིད་བཤད་པ་དང་། གཞན་གྱིས་བཏགས་པའི་དམ་བཅའི་མཚན་ཉིད་དགག་པ་དང་། རིགས་པ་ཅན་པའི་རྟགས་དམ་བཅའ་དང་འགལ་བ་དམ་བཅའ་ལྟར་སྣང་གི་དཔེ་ཡིན་པ་དགག་པའོ། །དང་པོ་ལ་གཉིས་ཏེ། ཕྱོགས་ཀྱི་མཚན་ཉིད་ཀྱི་ཟུར་དང་པོ་བཞི་བཤད་པ་དང་། མ་བསལ་བ་བཤད་པའོ། །དང་པོ་ནི། གལ་ཏེ་ཕྱོགས་ཚིག་སྒྲུབ་ངག་གི་མཚན་ཉིད་མ་ཡིན་ན་སྒྲུབ་ངག་གི་མཚན་ཉིད་འཆད་པའི་སྐབས་སུ་ཕྱོགས་ཀྱི་མཚན་ཉིད་སྨོས་པ་མི་རིགས་ཏེ། སྒྲུབ་པའི་ངག་ནི་བསྒྲུབ་བྱ་རྟོགས་པ་དོན་དུ་འཇུག་པའི་ཕྱིར་ཞེ་ན། ཕྱོགས་དེ་སྒྲུབ་ངག་གིས་དངོས་སུ་བསྟན་པར་བྱ་བ་མ་ཡིན་ཡང་སྐབས་དེར་ཕྱོགས་བསྟན་པ་ལ་འགལ་བ་མེད་པར་ཤེས་པར་བྱ་སྟེ། དེ་ལྟར་མ་ཡིན་ཡང་རྟགས་ཀྱི་ནུས་ཡུལ་དུ་བསྟན་པར་བྱ་བ་ཡིན་པའི་ཕྱིར། ཞེས་སོ། །ཡང་ན། ཕྱོགས་ནི་སྒྲུབ་ངག་གིས་དངོས་སུ་སྟོན་པར་མི་རིགས་མོད། གལ་ཏེ་སྟོན་ན་ཡང་མཚན་ཉིད་འདི་ལྟ་བུ་ཞིག་དང་ལྡན་པ་ཞིག་བསྟན་པར་བྱ་བ་ཡིན་ནོ་ཞེས་བརྟག་པ་མཐའ་བཟུང་གི་ཚུལ་ཡིན་པར་ཤེས་པར་བྱའོ། །ལོ་ཙྪ་བ་ཆེན་པོས་ནི། བསྟན་པར་འོས་པའི་ཐ་སྙད་དུ་བྱ་བ་མཚོན་བྱ་ཚིག་འདིས་བསྟན་པར་བཞེད་དོ། །མཚན་ཉིད་གང་དང་ལྡན་ཞེ་ན། གཞན་དོན་གྱི་ཕྱོགས་ཀྱི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་ངོ་བོ་ཞེས་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། སྒྲ་དང་མི་རྟག་པའི་ཚོགས་དོན་ལྟ་བུ་དེ་སྒྲུབ་ཀྱི་ཕྱོགས་ཡང་དག་ཏུ་མཚོན་པ་ལ། དེ་སྒྲུབ་ཀྱི་ཕྱི་རྒོལ་གྱིས་གྲུབ་མ་ཟིན་དང་ལྡན་པ་དང་། དེས་གྲུབ་ཟིན་གྱི་སྒྲ་དང་མཉན་བྱའི་ཚོགས་དོན་ལྟ་བུ་དེ་སྒྲུབ་ཀྱི་ཕྱིར་རྒོལ་གྱིས་གྲུབ་ཟིན་མ་ཡིན་པ་དགོས་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། དེར་ཁོ་ན་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། དེ་སྒྲུབ་ཀྱི་སྒྲུབ་བྱེད་དུ་བཀོད་བཞིན་པའི་དཔེ་རྟགས་མ་གྲུབ་པ་ལྟ་བུ་ཡིན་པ་སྔར་གྱི་གཞི་དེའི་སྟེང་དུ་བསལ་ནས་དེ་སྒྲུབ་ཀྱི་སྒྲུབ་བྱེད་ཡང་དག་ཏུ་བཀོད་བཞིན་པ་མ་ཡིན་པ་དགོས་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། ཕྱོགས་ཡང་དག་ཡིན་ན་སྦྱོར་བ་སྐོར་གཅིག་གི་བསྒྲུབ་བྱ་དང་སྒྲུབ་བྱེད་གཞི་མཐུན་མ་ཡིན་པས་ཁྱབ་པར་སྟོན་པ་ཡིན་ནོ། །དེར་རང་ཉིད་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། གཞན་དོན་གྱི་ཕྱོགས་ཡང་དག་ཡིན་ན་རྩོད་པའི་ཚེ་རྒོལ་བ་རང་ཉིད་ཀྱིས་དཔག་འདོད་ཀྱི་ཡུལ་དུ་བྱས་པ་དགོས་ཤིང་གཟེགས་ཟན་གྱི་འདོད་པ་ཡིན་པ་ཙམ་རྒྱུ་མཚན་དུ་བྱས་ནས་རྩོད་པའི་ཚེ་ཡང་དེའི་འདོད་པ་དང་མི་འགལ་བ་བསྒྲུབ་བྱར་དགོས་པ་དགག་པའི་ཆེད་ཡིན་པའི་ཕྱིར། དེར་འདོད་པ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། གཞན་དོན་གྱི་ཕྱོགས་ཡང་དག་ཡིན་ན་རྒོལ་བ་རང་ཉིད་ཀྱིས་ཞེ་བས་འདོད་པ་གཅིག་དགོས་ཀྱི་སྨྲས་པའི་ཆོས་ཙམ་ཁོ་ན་དེ་སྒྲུབ་ཀྱི་བསྒྲུབ་བྱ་མ་ཡིན་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། དཔེར་ན་གྲངས་ཅན་གྱིས་ཞེ་བས་མིག་སོགས་བདག་རྟག་པའི་དོན་བྱེད་པར་འདོད་ནས་ངག་ཏུ། མིག་སོགས་ཆོས་ཅན། གཞན་དོན་བྱེད་དེ། འདུས་ཤིང་བསགས་པ་ཡིན་པའི་ཕྱིར་ཞེས་པས། མིག་དང་བདག་རྟག་པའི་དོན་བྱེད་པའི་ཚོགས་དོན་དེ་ངག་ཏུ་དངོས་སུ་མ་སྨྲས་ཀྱང་དེ་ཞེ་འདོད་ཀྱིས་ཁྱབ་པའི་བསྒྲུབ་བྱར་འདོད་པས་རྟགས་ཀྱིས་དེ་ལ་གནོད་ན་ཡང་གྲངས་ཅན་གྱི་ཞེ་འདོད་འགོག་པའི་འགལ་བའི་གཏན་ཚིགས་སུ་འགྱུར་བའོ། །ཞེས་ལ་ལ་འདོད་པ་དེ་བཞིན་དུ་ཁོ་བོས་ཀྱང་རེ་ཤིག་བཞག་པ་ཡིན་ནོ། །འདི་འཐད་ན་བྱས་པ་སྒྲ་རྟག་པར་བསྒྲུབ་པའི་ཆོས་ཀྱི་ངོ་བོ་འགོག་པའི་འགལ་རྟགས་སུ་འདོད་པ་འགོག་ན་འགལ་བར་ཤེས་པར་བྱའོ། །འོ་ན་འདོད་པ་དང་རང་ཉིད་སྨོས་པ་ལ་རྣམ་གཅོད་ཀྱི་ཁྱད་པར་ཅི་ཡོད་ཅེ་ན། འདོད་པ་ཞེས་པའི་ཚིག་གིས། རྒོལ་བའི་འདོད་ཡུལ་བསྒྲུབ་བྱར་སྟོན་ཞིང་རིགས་མི་མཐུན་པ་གཟེགས་ཟན་གྱི་བསྟན་བཅོས་ཀྱི་དོན་ལྟ་བུ་ཕྱོགས་ཡང་དག་ཡིན་པ་བསལ་ཡང་། རང་ཉིད་ལོགས་སུ་སྨོས་པ་ནི། རྒོལ་ཕྱིར་རྒོལ་རྩོད་པ་བྱེད་པ་ཐམས་ཅད་རང་གིས་ཚད་མར་ཁས་བླངས་པའི་བསྟན་བཅོས་ཀྱི་དོན་ལ་རྩོད་པ་ཡིན་ལ། བསྟན་བཅོས་དེའི་ཕྱོགས་གཅིག་ལ་གནོད་ནའང་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པས། ཁས་བླངས་པའི་བསྟན་བཅོས་ཀྱི་དོན་ཐམས་ཅད་དང་མི་འགལ་བ་གཅིག་སྐབས་ཀྱི་བསྒྲུབ་བྱར་བྱེད་དགོས་སྙམ་པའི་དོགས་པའི་གནས་བཟློག་པའི་ཆེད་དུ་སྨོས་པ་ཡིན་ནོ་ཞེས་རྣམ་འགྲེལ་དུ་གསུངས་པ་ལྟར་རོ། །ཕྱོགས་སྔའི་འདོད་པ་ལྟར་ན་དངོས་སྟོབས་ཀྱི་སྐབས་སུ་ཡང་ལུང་གནོད་བྱེད་དང་བསྒྲུབ་བྱ་སྒྲུབ་བྱེད་དུ་ཁས་ལེན་དགོས་པ་ཡིན་ནོ། །དུས་དིང་སང་གཞུང་ལུགས་སྨྲ་བར་ཁས་ཆེ་བའི་བློ་གྲོས་རྩིང་པོར་འཇུག་པ་རྣམས་ནི་ཕྱོགས་སྔ་འདིའི་ལུགས་ཁོ་ནར་སྣང་ངོ་། །དེས་ན་ཕྱོགས་ཀྱི་རིགས་མི་མཐུན་སེལ་བ་ལ་ནི་རྒོལ་བས་དཔག་འདོད་ཀྱི་ཡུལ་དུ་བྱས་ཤིང་། ཕྱིར་རྒོལ་གྱིས་གྲུབ་བསལ་མ་ཞུགས་པ་ཡིན་ལ། ཁོ་ན་དང་། རང་ཉིད་ནི་ལོག་རྟོག་སེལ་བའི་ཆེད་ཡིན་ནོ་ཞེས་འཆད་དོ། །འདི་ལྟར་འཆད་པ་གཞུང་གི་དགོངས་པ་ཡིན་ཡང་གོང་གི་ཡོད་པའི་བསལ་བྱ་མེད་པ་སྟེ། ཞེས་སོགས་ཀྱི་འཆད་ལུགས་ཁོ་བོས་བཤད་པ་བཞིན་དུ་མ་ཤེས་ན་འདི་དང་འགལ་བར་འགྱུར་རོ། །ཕྱོགས་ཀྱི་སྤྱི་དོན་རྒྱས་པར་ནི་རྗེ་བཙུན་ཆ་པ་ལ་སོགས་པའི་ལེགས་བཤད་བཞིན་དུ་ཤེས་པར་བྱའོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། རྟགས་ཡང་དག་གི་ཕྱོགས་ཡིན་ན་ཚད་མས་མ་བསལ་བ་གཅིག་དགོས་སོ་ཞེས་ཤེས་པར་བྱའོ། །ཞེས་བརྗོད་དེ། ཚད་མས་བསལ་ན་དེ་མ་ཡིན་དགོས་པའི་ཕྱིར་རོ། གཉིས་པ་ནི། ཚད་མ་གང་གིས་མ་བསལ་ཞེ་ན། དེ་ཡིན་ན་མངོན་སུམ་དང་། རྗེས་དཔག་གི་ཚད་མ་དང་། ཡིད་ཆེས་པའི་ཚད་མ་དང་། གྲགས་པའི་ཚད་མ་རྣམས་ཀྱིས་མ་བསལ་བ་ཡིན་དགོས་ཏེ། ཚད་མ་གཅིག་གིས་བསལ་བ་ལ་ཚད་མ་གཞན་འཇལ་བྱེད་དུ་འཇུག་པ་མི་སྲིད་པའི་ཕྱིར་དང་། ཚད་མས་བསལ་པ་ཞུགས་པ་ཡིན་ན་ཐེ་ཚོམ་འཇུག་རུང་གི་ཡུལ་མ་ཡིན་པས་ཁྱབ་པས། རྟགས་ཀྱི་བྱེད་པ་འཇུག་པའི་རྟེན་དུ་མི་རུང་བས་ཁྱབ་པའི་ཕྱིར་རོ། །ཅིའི་ཕྱིར་མངོན་སུམ་ལ་དོན་ཞེས་སྨོས་ཞེ་ན། མངོན་སུམ་ལ་དོན་ཞེས་སྨོས་པའི་དགོས་པ་ཡོད་དེ། སྒྲ་ལ་མཉན་བྱ་ལྟ་བུ་མངོན་སུམ་གྱིས་དངོས་སུ་རྟོགས་ཤིང་དེས་བཟུང་བའི་དོན་དེ་སྒྲ་ལ་མི་བསླུ་བར་གྲུབ་པ་གཅིག་དགོས་སོ་ཞེས་ཤེས་པའི་ཆད་ཡིན་པའི་ཕྱིར་རོ། །རྣམ་འགྲེལ་ངེས་ཀྱི་ཚིག་རིས་སོར་བཞག་ཏུ་བྱས་ནས། སྒྲ་འཛིན་མངོན་སུམ་གྱིས་བཟུང་བའི་དོན་དེ་སྒྲ་ལ་དོན་དམ་པར་གྲུབ་པ་གཅིག་དགོས་སོ་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར་ཞེས་འཆད་དོ། །ཅུང་འཐད་པར་མི་སེམས་མོད་ཀྱང་འདིར་རྒྱས་པར་མི་འཆད་དེ། ཡི་གེ་མང་བས་འཇིགས་པའི་ཕྱིར་དང་། ཁོ་བོས་འབྲེལ་པ་བརྟག་པའི་རྒྱན་དུ་བཤད་ཟིན་པས་དེར་ཤེས་པར་བྱ་བ་ཡིན་པའི་ཕྱིར་རོ། །འདིར་བཤད་པའི་མ་བསལ་བའི་བཟློག་ཕྱོགས་བསལ་པའི་མཚན་ཉིད་དང་དབྱེ་བ་ཇི་ལྟར་ཡིན་ཞེ་ན། ཁོ་བོས་བྱས་པའི་ཚད་མ་རིགས་པའི་གཏེར་གྱི་རྒྱན་དུ་ཤེས་པར་བྱའོ། །མ་བསལ་བ་ཞེས་པ་དེ་གཞི་གང་ལ་མ་བསལ་བ་གཅིག་དགོས་ཞེ་ན། རང་གི་རྟེན་ལ་ཞེས་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། རང་དང་ཁྱད་གཞི་ཁྱད་ཆོས་སུ་གྱུར་པའི་བསྒྲུབ་བྱའི་རང་གི་རྟེན་ཆོས་ཅན་ལ་མ་བསལ་བ་དགོས་སོ་ཞེས་ཤེས་པའི་ཆད་ཡིན་པའི་ཕྱིར། འོ་ན་རང་ཉིད་དང་རང་རྟེན་ལ་ཞེས་སོ་སོར་སྨོས་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། རྣམ་གཅད་སོ་སོར་ཡོད་དེ། འབྲེལ་མེད་ཀྱི་ཆོས་གཞན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་མི་གནོད་པར་ཤེས་པའི་དོན་དུ་རང་ཉིད་སྨོས་པའི་ཕྱིར་དང་། དེའི་ཤུགས་ལ་རང་གི་རྟེན་ཆོས་ཅན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པར་རྟོགས་ཀྱང་འབྲེལ་མེད་ཀྱི་ཆོས་ཅན་འབའ་ཞིག་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པར་འདོད་པའི་ལོག་རྟོག་བཀག་པའི་ཆེད་དུ་རང་རྟེན་ལ་ཞེས་སྨོས་པའི་ཕྱིར་རོ། །དོན་འདི་རྒྱས་པར་ཤེས་པར་འདོད་ན། རྣམ་འགྲེལ་དུ་ཤེས་པར་བྱའོ། །ཆོས་ཀྱི་ངོ་བོ་ལ་ཚད་མས་གནོད་པའི་ཕྱོགས་ལྟར་སྣང་ལ་སོགས་པའི་དཔེར་བརྗོད་ཇི་ལྟར་ཡིན་ཞེ་ན། བུམ་པ་ནི་རྟག་པ་ཡིན་ནོ་ཞེས་པ་ལྟ་བུ་ནི། ཆོས་ཀྱི་ངོ་བོ་ལ་ཚད་མས་གནོད་པ་དང་། ཡན་ལག་རྣམས་ནི་ཡན་ལག་ཅན་ལས་རྫས་གཞན་ཡིན་པ་ལྟ་བུ་ནི་ཆོས་ཀྱི་ཁྱད་པར་ལ་གནོད་པ་དང་། །ཡན་ལག་ཅན་ནི་ཡན་ལག་རྣམས་ལས་རྫས་གཞན་ཡིན་པ་ལྟ་བུ་ནི། །ཆོས་ཅན་གྱི་ངོ་བོ་ལ་ཚད་མས་གནོད་པ་དང་། རྫས་ནི་ཡོན་ཏན་དང་དོན་གཞན་ཡིན་པ་ལྟ་བུ་ནི། ཆོས་ཅན་གྱི་ཁྱད་པར་ལ་ཚད་མས་གནོད་པའི་དམ་བཅའ་ལྟར་སྣང་གི་དཔེ་ཡིན་ནོ། །དེ་རྣམས་སེལ་བར་བྱེད་པའི་རྟགས་ནི་རིམ་པ་བཞིན་དུ་འཆད་ན། བུམ་པ་ཆོས་ཅན། རྟག་པ་མ་ཡིན་ཏེ་བྱས་པའི་ཕྱིར་ཞེས་པ་ལྟ་བུའོ། །ཡན་ལག་རྣམས་ནི་ཆོས་ཅན། ཡན་ལག་ཅན་ལས་རྫས་གཞན་པ་མ་ཡིན་ཏེ། དེ་ཡིན་ན་མངོན་སུམ་གྱིས་དམིགས་དགོས་པ་ལས་དེས་མ་དམིགས་པའི་ཕྱིར་ཞེས་པ་ལྟ་བུ་དང་། ཡན་ལག་ཅན་ཆོས་ཅན། ཡན་ལག་རྣམས་ལས་རྫས་གཞན་མ་ཡིན་ཏེ། དེ་ལྟར་ཡིན་ན་སྲང་གི་མཐོ་དམན་གྱི་ཁྱད་པར་འཛིན་དགོས་པ་ལས་དེ་ལྟར་མི་འཛིན་པའི་ཕྱིར་ཞེས་པ་ལྟ་བུ་དང་། རྫས་ནི་ཆོས་ཅན། ཡོན་ཏན་དང་རྫས་གཞན་དུ་ཡོད་པ་མ་ཡིན་ཏེ། ཡོན་ཏན་གྱི་རྫས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །ཆོས་དང་ཆོས་ཅན་གྱི་ངོ་བོ་དང་ཁྱད་པར་གཉིས་ཀ་ལ་གནོད་པ་འབབ་པའི་དམ་བཅའ་ལྟར་སྣང་གི་དཔེ་གང་ཞེ་ན། སྨྲ་བ་ཐམས་ཅད་རྫུན་པ་ཡིན་ནོ་ཞེས་པ་ལྟ་བུ་སྟེ། ངག་སྨྲ་བ་ཆོས་ཅན་དང་། རྫུན་པའི་དོན་ཅན་ཆོས་ཀྱི་ངོ་བོ་དང་། ཆོས་ཅན་གྱི་ཁྱད་པར་བརྗོད་བྱ་མི་རྟག་པ་དང་། ཆོས་ཀྱི་ཁྱད་པར་རྫུན་ཚིག་གི་བརྗོད་བྱའི་ཁྱད་པར་ཏེ། ཚིག་བདེན་ཞེན་གྱིས་སྨྲ་བའི་ཤུགས་ལ་འདི་དག་སེལ་བར་བྱེད་པའི་རང་ཚིག་འགལ་བ་ཡིན་པས་སེལ་བྱེད་གཞན་མ་སྨོས་སོ། །འདི་རྣམས་ནི་འགྲེལ་པ་བྱེད་པ་དང་འགྲེལ་བཤད་མཁན་པོའི་འདོད་པ་བཞག་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། རིགས་པ་ཅན་པས་བཏགས་པའི་དམ་བཅའི་དོན་དགག་པ་དང་། རྩོད་སྒྲུབ་མཁན་པོས་བཏགས་པའི་དམ་བཅའི་མཚན་ཉིད་ལའང་ཉེས་པ་དེ་དང་མཚུངས་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། རིགས་པ་ཅན་རྣམས་ན་རེ། བསྒྲུབ་པར་བྱ་བ་ཉིད་དུ་སྟོན་པ་སྟེ། བསྟན་པར་བྱ་བ་དམ་བཅའོ་ཞེས་པའི་མཚན་ཉིད་འདི་ལ་གྲུབ་པ་མེད་པར་དོན་གྱིས་བྱས་ཞེས་པ་སྟེ། རང་གང་ལ་བསྒྲུབ་བྱར་སོང་བཞིན་པའི་ཕྱིར་རྒོལ་གྱིས་གྲུབ་ཟིན་ལས་ལོག་པ་ནི་བསྒྲུབ་བྱ་དང་དམ་བཅའི་མཚན་ཉིད་ཡིན་ནོ་ཞེས་ཟེར་རོ། གཉིས་པ་ལ་གསུམ་ཏེ། ཧ་ཅང་ཐལ་བ་དང་། བསྒྲུབ་བྱའི་དོན་ལ་བརྟགས་ནས་དགག་པ་དང་། ངེས་བཟུང་གི་སྦྱར་ས་ལ་བརྟགས་ནས་དགག་པའོ། དང་པོ་ནི། དེ་ལྟ་ན་ནི། རྟགས་དང་དཔེ་མ་གྲུབ་པ་ཡང་ཆོས་ཅན། དམ་བཅའམ་བསྒྲུབ་བྱར་འགྱུར་བར་ཐལ། རང་གང་ལ་བསྒྲུབ་བྱར་སོང་བཞིན་པའི་ཕྱིར་རྒོལ་གྱིས་གྲུབ་ཟིན་ལས་ལོག་པ་ཡིན་པའི་ཕྱིར། རྟགས་དང་དཔེ་མ་གྲུབ་པའི་མཚན་གཞི་གང་ཞེ་ན། འགྲེལ་པ་བྱེད་པ་དག་ན་རེ། སྒྲ་ཆོས་ཅན་རྟག་ཏེ། རེག་པར་བྱ་བ་ཅན་ཡིན་པའི་ཕྱིར། དཔེར་ན་བློ་བཞིན་ནོ་ཞེས་པ་དང་། མི་རྟག་སྟེ། མིག་ཤེས་ཀྱིས་གཟུང་བར་བྱ་བ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །ཞེས་ཟེར་རོ། །སྐབས་འགའ་ཞིག་ཏུ་འཐད་ཡིན་ཀྱང་སྐབས་འདིར་ནི་འཐད་པར་མི་སེམས་ཏེ། སྐབས་འདིར་ད་ལྟ་རྟགས་དང་དཔེར་མ་གྲུབ་པ་ཡིན་ཡང་རང་དུས་ལས་མ་འོངས་པའི་དུས་སུ་རྟགས་ཡང་དག་གིས་བསྒྲུབ་ཐུབ་པ་གཅིག་དགོས་ལ་འདི་འདྲའི་རྟགས་དང་དཔེ་མ་གྲུབ་པ་ནི་རྟགས་ཡང་དག་གིས་བསྒྲུབ་པར་མི་ནུས་པའི་ཕྱིར་རོ། །དེས་ན་སློབ་དཔོན་ཆེན་པོ་ཆོས་མཆོག་གིས་བཤད་པ་བཞིན་དུ་ཤེས་པར་བྱ་སྟེ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། དཔེར་ན་བུམ་པ་བཞིན་ཞེས་བཀོད་པ་ན། གྲངས་ཅན་ལ་ལྟོས་ནས་དཔེ་མ་གྲུབ་པ་དང་དཔྱོད་པ་པ་ལ་ལྟོས་ནས་རྟགས་མ་གྲུབ་པ་ཡིན་ཡང་། གཞན་གྱིས་མ་གྲུབ་ཅེས་རྒོལ་བ་ན། བུམ་པ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་དང་། སྒྲ་ཆོས་ཅན། བྱས་པ་ཡིན་ཏེ། རང་གི་རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར་ཞེས་བཀོད་ན། རྟགས་ཡང་དག་ཏུ་འགྱུར་བ་བཞིན་ནོ་ཞེས་གསུངས་པ་བཞིན་དུ་བཤད་ན་ལེགས་པར་མངོན། འདིའི་དོན་རྣམ་འགྲེལ་དུ་བཤད་པའི་དོན་འཆད་པ་ལ་ཁ་གཅིག་ན་རེ། རིགས་པ་ཅན་པས་མ་གྲུབ་པ་ཙམ་དམ་བཅའི་མཚན་ཉིད་དུ་འཇོག་པ་མ་ཡིན་ཏེ། དེ་ལྟར་ན། རི་བོང་གི་རྭ་ཡང་། དམ་བཅའ་ཡིན་པར་ཐལ། མ་གྲུབ་པ་ཙམ་ཡིན་པའི་ཕྱིར་ཞེས་པའི་སུན་འབྱིན་བརྗོད་དགོས་པ་ལས་དེ་ལྟར་མ་བརྗོད་པའི་ཕྱིར། དེས་ན་ཤེས་བྱེད་ཀྱི་སྐབས་ཀྱིས་མ་གྲུབ་པ་དམ་བཅའི་མཚན་ཉིད་དུ་བཞག་པ་མིན་ལ། དེ་ལ་དཔེ་རྟགས་མ་གྲུབ་པ་དམ་བཅའ་ཡིན་པར་ཐལ། ཤེས་བྱེད་ཀྱི་སྐབས་ཀྱི་མ་གྲུབ་པ་ཡིན་པའི་ཕྱིར་ཞེས་བརྗོད་པ་ཡིན་གྱི་རི་བོང་གི་རྭ་དམ་བཅའ་ཡིན་པར་ཐལ། ཞེས་བརྗོད་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། རི་བོང་གི་རྭ་ཡང་། དམ་བཅའ་ཡིན་པར་ཐལ། ཤེས་བྱེད་ཀྱི་སྐབས་ཀྱི་མ་གྲུབ་པ་ཡིན་པའི་ཕྱིར་ཞེས་བརྗོད་ན་ཅི་ཟེར། རྟགས་མ་གྲུབ་བོ་ཞེ་ན། སྔ་མའང་མ་གྲུབ་བོ། འོ་ན། རི་བོང་གི་རྭ་འགྱུར་བར་ཐལ། དེ་མ་གྲུབ་པ་མ་ཡིན་པའི་ཕྱིར་ཞེ་ན། རི་བོང་གི་རྭ་ཡང་ཤེས་བྱེད་ཀྱི་སྐབས་ཀྱི་གྲུབ་པ་ཡིན་པར་ཐལ། དེ་ཤེས་བྱེད་ཀྱི་སྐབས་ཀྱི་མ་གྲུབ་པ་མ་ཡིན་པའི་ཕྱིར། ཞེས་བརྗོད་ན་མི་མཚུངས་སམ་ལེགས་པར་སོམས་ཤིགས། འོ་ན་ཁྱོད་རྣམ་པར་འགྲེལ་པའི་དོན་ཇི་ལྟར་འཆད་ཅེ་ན། རིགས་པ་ཅན་པས་མ་གྲུབ་པ་ནི་དམ་བཅའ་མཚན་ཉིད་དུ་བཞག་པ་མ་ཡིན་ཏེ། ཡིན་ན། རི་བོང་གི་རྭ་ཡང་དམ་བཅར་ཐལ། ཞེས་འཕེན་པར་རིགས་པ་ལས་དེ་ལྟར་མ་འཕངས་པའི་ཕྱིར་དེས་ན་ཤེས་བྱེད་ཀྱི་སྐབས་ཀྱང་ཡིན་ལ་རང་ཕྱོགས་ཆོས་ཅན་དུ་སོང་བའི་ཕྱིར་རྒོལ་གྱིས་མ་གྲུབ་པ་ཡང་ཡིན་པའི་གཞི་མཐུན་པ་དམ་བཅའི་མཚན་ཉིད་དུ་བཞག་ལ་དེ་ལ་ནི་རི་བོང་གི་རྭ་དམ་བཅའ་ཡིན་པར་ཐལ་བ་མི་འཕེན་ཏེ། དེའི་རྟགས་མི་གྲུབ་པའི་ཕྱིར། དེའི་ཕྱིར་ན་དེ་ལ་སྔར་བཤད་པའི་དཔེ་རྟགས་མ་གྲུབ་པ་ལྟ་བུ་སུན་འབྱིན་དུ་བརྗོད་པར་བྱེད་ལ་དེ་ལ་ནི་སྔར་བཤད་པའི་སྐྱོན་མཚུངས་པ་མ་ཡིན་ནོ། །འདི་ལའང་དགག་སྒྲུབ་ཅུང་ཟད་བརྗོད་རྒྱུ་ཡོད་ཀྱང་གཞན་དུ་ཤེས་པར་བྱའོ། །བློ་གྲོས་རྩིང་པོའི་གང་ཟག་རྣམས་ཀྱིས་ནི་སྐལ་པའི་བར་དུ་བསླབས་ཀྱང་ཤེས་པར་མི་གྱུར་རོ། །དེ་ལ་རིགས་པ་ཅན་ན་རེ། དཔེ་རྟགས་མ་གྲུབ་པ་དམ་བཅར་ཐལ་བའི་སྐྱོན་མེད་དེ། ལས་དང་བྱེད་པ་གཉིས་ཀྱི་ནང་ནས་ལས་དམ་པ་མ་ཡིན་པའི་ཕྱིར་དང་། སྒྲུབ་བྱེད་འགོད་པ་པོའི་འདོད་ལུགས་དམ་པ་མ་ཡིན་པའི་ཕྱིར་དང་། དེ་བརྗོད་པ་སྒྲུབ་ངག་ཡན་ལག་ལྔའི་ནང་གི་དམ་བཅའི་ཡན་ལག་མ་ཡིན་པའི་ཕྱིར་དང་། གྲུབ་མཐའ་བཞིའི་ནང་ནས་སྐབས་ཀྱི་གྲུབ་མཐའ་མ་ཡིན་པའི་ཕྱིར། གྲུབ་མཐའ་བཞི་ནི། རྒྱུད་ཐམས་ཅད་དང་མི་འགལ་བ་གཞལ་བྱའི་དོན་འཛིན་པར་བྱེད་པའི་ཚད་མ་རྣམས་ཡོད་དོ་ཞེས་པ་ལྟ་བུ་རྒྱུད་ཐམས་ཅད་ཀྱི་གྲུབ་མཐའ་དང་། ཐམས་ཅད་གཅིག་པའམ་ཐ་དད་དུ་དམ་བཅའ་བ་ལྟ་བུ་སོ་སོའི་རྒྱུད་ཀྱི་གྲུབ་མཐའ་དང་། མ་བརྟགས་པར་བདག་ཡོད་པ་ཉིད་དུ་ཁས་བླངས་མི་རྟག་པ་ཉིད་ལ་སོགས་པར་རྣམ་པར་དཔྱོད་པ་ལྟ་བུ་ནི་ཁས་བླངས་པའི་གྲུབ་མཐའ་དང་། ལུས་ཅན་མ་ཡིན་པའི་བདག་ནི་ཤི་ནས་འབྲས་བུ་ལ་ལོངས་སྤྱོད་དོ། དེ་དེར་ལུས་འབྱུང་བ་ནི་མེད་ཞེས་བརྗོད་པ་ན། བདག་ཡོད་པར་གྲུབ་པ་ལྟ་བུ་ནི་ཆོས་གང་དམ་བཅས་པ་ན་ཤུགས་ལ་གཞན་གྲུབ་པ་སྐབས་ཀྱི་གྲུབ་མཐའོ་ཞེས་ཟེར་རོ། །དོན་འདི་རྣམས་འགོག་པའི་ཚུལ་ནི། རྣམ་འགྲེལ་ལས་ཤེས་པར་བྱའོ། །གཉིས་པ་ནི། བསྒྲུབ་པར་བྱ་བ་ཉིད་དུ་བསྟན་པར་བྱ་བ་དམ་བཅའི་མཚན་ཉིད་དུ་མི་འཐད་པར་ཐལ། ཁྱོད་ལྟར་ན་བསྒྲུབ་བྱ་ཡིན་པ་མེད་པའི་ཕྱིར། མ་གྲུབ་སྟེ། ཆོས་མི་རྟག་པ་དེ་སྒྲ་མི་རྟག་པར་བསྒྲུབ་པའི་བསྒྲུབ་བྱ་ཡིན་པའི་ཕྱིར་ཞེ་ན། སྒྲ་དང་མི་རྟག་པར་ཆོས་མཐུན་པའི་དེའི་ཆོས་ཡོད་པ་དེ་མཐུན་དཔེ་ཡིན་ནོ་ཞེས་སྨྲས་པ་མི་འཐད་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་ཕྱིར་རྒོལ་གྱིས་མ་གྲུབ་པའི་སྔར་སྒྲ་དང་མི་རྟག་པར་ཆོས་མཐུན་པ་མེད་པའི་ཕྱིར། གསུམ་ཆར་རོ། །གལ་ཏེ་ཆོས་ཅན་སྒྲ་དེ་བསྒྲུབ་བྱ་ཡིན་ཞེ་ན། སྒྲ་ཆོས་ཅན། ཁྱོད་མི་རྟག་པར་སྒྲུབ་པའི་དོན་དུ་བྱས་པ་ལྟ་བུའི་རྟགས་དོན་མེད་པར་ཐལ། ཁྱོད་སྒྲ་མི་རྟག་པར་བསྒྲུབ་པའི་བསྒྲུབ་བྱ་ཡིན་པ་གང་ཞིག ཁྱོད་སྒྲ་མི་རྟག་པར་བསྒྲུབ་པའི་ཕྱིར་རྒོལ་གྱིས་གྲུབ་ཟིན་པའི་ཕྱིར། གཉིས་ཀ་བསྒྲུབ་བྱ་ཡིན་ནོ་ཞེ་ན། མི་འཐད་པར་ཐལ། སྔར་བཤད་པའི་སྐྱོན་གཉིས་ཀར་འགྱུར་བའི་ཕྱིར། གལ་ཏེ་སྒྲ་དང་མི་རྟག་པའི་ཚོགས་དོན་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡིན་ནོ་ཞེ་ན། ངེད་ཀྱི་ལུགས་ལ་འཐད་ཀྱང་ཁྱོད་ཀྱི་ལུགས་ལ་ཤིན་ཏུ་འགལ་ཏེ། འདི་ལྟར། སྒྲས་མི་རྟག་པ་ཁྱད་པར་དུ་བྱས་པར་ཐལ། སྒྲ་དང་མི་རྟག་པའི་ཚོགས་དོན་དེ་སྒྲ་མི་རྟག་པར་བསྒྲུབ་པའི་བསྒྲུབ་བྱ་ཡིན་པའི་ཕྱིར། འདོད་ན། ཁྱོད་ཀྱི་ལུགས་ལ་འགལ་བ་ཁོ་ན་སྟེ། མི་རྟག་པ་ཆོས་ཅན། བུམ་པ་ལ་རྗེས་འགྲོ་མེད་པར་ཐལ། སྒྲས་ཁྱད་པར་དུ་བྱས་པའི་ཕྱིར། རྟགས་ཁྱབ་དངོས། འདོད་ན། རྣམ་པར་འགྲེལ་པར་བཤད་པ་བཞིན་དུ་ཤེས་པར་བྱའོ། །འདིའང་ཚད་བསལ་མ་ཡིན་ནོ། །གསུམ་པ་ནི། དམ་བཅའི་མཚན་ཉིད་དུ་ཁོ་ནའི་ངེས་བཟུང་སྦྱོར་བས་དཔེ་རྟགས་མ་གྲུབ་པ་དམ་བཅར་ཐལ་བའི་སྐྱོན་མེད་དོ་ཞེ་ན། དེ་ཡང་མི་འཐད་པར་ཐལ། བསྒྲུབ་བྱ་ཁོ་ན་བསྟན་པར་བྱ་བ་དམ་བཅའ་འོ་ཞེས་གཞན་ལྡན་རྣམ་གཅོད་དུ་སྦྱོར་བའམ། བསྒྲུབ་བྱ་བསྟན་པར་བྱ་བ་ཁོ་ན་དམ་བཅའ་འོ་ཞེས་མི་ལྡན་རྣམ་གཅོད་དུ་སྦྱོར་བའམ། བསྒྲུབ་བྱ་བསྟན་པར་བྱ་བ་སྲིད་པ་ཁོ་ན་དམ་བཅའ་འོ་ཞེས་པ་མི་སྲིད་རྣམ་གཅོད་དུ་སྦྱོར་བ་གསུམ་པོ་གང་ཡང་མི་འཐད་པའི་ཕྱིར། ཁྱབ་བསལ་ཁས་བླངས་སོ། །མ་གྲུབ་སྟེ། དང་པོ་ཁས་ལེན་པའི་ཕྱིར་ཞེ་ན། སྔར་བཤད་པ་ལྟར་གོང་དུ་ངེས་གཟུང་སྨོས་པ་དོན་མེད་དུ་འགྱུར་ལ། དེ་ལ་རྣམ་གཅོད་ཡོངས་གཅོད་ཀྱི་དགོས་པ་གང་ཡང་མེད་པའི་ཕྱིར། དེ་མ་གྲུབ་ན། ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་ན་དེར་ཐལ། སྦྱོར་བ་སྐོར་གཅིག་གི་སྒྲུབ་བྱེད་དང་བསྒྲུབ་བྱ་གཞི་མཐུན་ཡོད་པ་གཅོད་པ་དང་། བསྒྲུབ་བྱ་དེ་སྒྲུབ་ཀྱི་ཕྱིར་རྒོལ་གྱིས་གྲུབ་ཟིན་མ་ཡིན་པར་ཤེས་པའི་ཆེད་དུ་སྨོས་མི་དགོས་པའི་ཕྱིར་དང་། དགོས་པ་གཞན་ཡང་མེད་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །ཅིག་ཤོས་ལྟར་ངེས་བཟུང་འོག་ཏུ་སྨོས་སོ་ཞེ་ན། མི་འདོད་པ་སྔར་བཤད་པ་ལྟ་བུའི་དཔེ་རྟགས་མ་གྲུབ་པ་ཡང་ཆོས་ཅན། དམ་བཅའ་ཡིན་པར་འགྱུར་བར་ཐལ། ཕྱིར་རྒོལ་གྱི་ངོར་བསྒྲུབ་པར་བྱ་དགོས་པ་ཁོ་ན་ཡིན་པའི་ཕྱིར། གསུམ་ཆར་རོ། །གསུམ་པ་ལྟར་ན་ཡང་། ཉེས་པ་དེ་བཞིན་ནོ། །གཉིས་པ་ནི། རྩོད་པ་སྒྲུབ་པའི་ལུགས་ལ་ཉེས་པ་བརྗོད་པ་ནི། རིགས་པ་ཅན་པས་བཏགས་པའི་དམ་བཅའི་མཚན་ཉིད་ལ་ཉེས་པ་བརྗོད་པ་དེ་བཞིན་དུ་བསྒྲུབ་པར་བྱ་བར་བརྗོད་པ་དམ་བཅའི་མཚན་ཉིད་དུ་རྩོད་སྒྲུབ་མཁན་པོས་ཁས་བླངས་པ་ལ་ཡང་སྐྱོན་བརྗོད་རིགས་པར་ཐལ། རིགས་པ་ཅན་པ་བཀག་པའི་ཉེས་པ་ལུགས་འདི་ལ་མཚུངས་པའི་ཕྱིར། ཇི་ལྟར་མཚུངས་ན། སྔར་བཤད་པ་ལྟ་བུའི་དཔེ་རྟགས་མ་གྲུབ་པ་ཆོས་ཅན། དམ་བཅའ་ཡིན་པར་ཐལ། བསྒྲུབ་བྱར་བསྟན་པ་བྱ་བ་ཡིན་པའི་ཕྱིར། དཔེ་རྟགས་མ་གྲུབ་པ་དམ་བཅར་འགྱུར་བ་སྲིད་པ་མ་ཡིན་ཏེ། རྣམ་པར་དཔྱད་ཟིན་པ་འདོད་པའི་དོན་ཕྱོགས་ཡིན་པ་ཉིད་ཀྱི་ཕྱིར་ན་རྣམ་པར་དཔྱད་ཟིན་པའི་ཕྱོགས་ཁོ་ན་ཡིན་པའི་བསྒྲུབ་བྱ་བརྗོད་པ་དམ་བཅའི་མཚན་ཉིད་ཡིན་པའི་ཕྱིར་ཞེ་ན། ཕྱོགས་ཡིན་པའི་བསྒྲུབ་བྱ་བསྟན་པ་དམ་བཅའི་མཚན་ཉིད་དུ་སྨོས་པ་དེ་ལ་ཡང་རིགས་པ་ཅན་པ་ལ་བཀོད་པའི་ཉེས་པ་དེ་མཚུངས་པར་ཐལ། རྣམ་པར་དཔྱོད་པའི་འདོད་པ་ཡི་དོན་ནི་རྒོལ་བས་བསྒྲུབ་བྱར་མི་འདོད་པ་ལས་ལོག་པ་ཙམ་གྱི་མཚན་ཉིད་དུ་ཁས་བླངས་ལ་དེ་ནི་སྔར་བཤད་པའི་དཔེ་རྟགས་མ་གྲུབ་པ་ལ་ཡང་མཚུངས་པའི་ཕྱིར་རོ། །ཇི་ལྟར་མཚུངས་ན། སྔར་བཤད་པའི་དཔེ་རྟགས་མ་གྲུབ་པ་ཡང་ཆོས་ཅན། དམ་བཅའ་ཡིན་པར་ཐལ། རྣམ་པར་དཔྱོད་པའི་འདོད་པའི་དོན་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་ན། དེར་ཐལ། རྟགས་འདིས་བསྒྲུབ་ནུས་སམ་མི་ནུས་སྙམ་དུ་དཔྱོད་པར་ནུས་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གསུམ་པ་ལ་གཉིས་ཏེ། དངོས་དང་། དཔེ་དེ་རྩོད་སྒྲུབ་མཁན་པོས་འགལ་རྟགས་སུ་བཤད་པ་དགག་པའོ། །དང་པོ་ལ་གསུམ་སྟེ། རྟགས་དམ་བཅའ་དང་འགལ་བ་དམ་བཅའི་སྐྱོན་གྱི་མཚན་ཉིད་དུ་མི་འཐད་པ་དང་། ཐམས་ཅད་མ་ཡིན་པའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པའི་ཆོས་མི་མཐུན་སྦྱོར་གྱིས་ཁྱབ་པའི་ཆ་མཐུན་ཙམ་སྟོན་པ་ཡིན་པ་དང་། དེས་ཐམས་ཅད་མ་ཡིན་པ་དེ་སྒྲུབ་ཀྱི་རྟགས་སུ་འཕངས་པ་དགག་པའོ། །དང་པོ་ནི། རིགས་པ་ཅན་པས་དམ་བཅས་པའི་ཞེན་དོན་ལ་ཉེས་པ་བརྗོད་པར་ཤེས་པར་བྱའོ་ཞེས་སྦྱར་རོ། །དེས་ཅི་འདྲ་བ་ཞིག་དམ་བཅས་ཞེ་ན། དེས་འདི་ལྟར་དམ་བཅས་ཏེ། རྟགས་དམ་བཅའ་དང་འགལ་བ་ནི་དམ་བཅའི་སྐྱོན་གྱི་མཚན་ཉིད་ཡིན་ཏེ། དཔེར་ན་སྒྲ་རྟག་སྟེ། ཐམས་ཅད་མི་རྟག་པའི་ཕྱིར་ཞེས་པ་ལྟ་བུའོ། །དེ་རྟགས་དམ་བཅའ་དང་འགལ་བའི་དམ་བཅའི་སྐྱོན་ཡིན་ཏེ། སྒྲ་རྟག་ན་ཐམས་ཅད་མི་རྟག་པ་མ་ཡིན་དགོས་ཐམས་ཅད་མི་རྟག་ན་སྒྲ་རྟག་པ་མ་ཡིན་དགོས་པའི་ཕྱིར་ཏེ། སྒྲ་ཡང་ཐམས་ཅད་ཀྱི་བྱེ་བྲག་ཡིན་པའི་ཕྱིར་ཞེས་ཟེར་རོ། །དེ་ལ་ཉེས་པ་ཅི་ཡོད་ཅེ་ན། སྒྲ་རྟག་སྟེ་ཐམས་ཅད་མི་རྟག་པའི་ཕྱིར་ཞེས་པ་ལྟ་བུའི་གཏན་ཚིགས་དམ་བཅའ་དང་འགལ་བ་དམ་བཅའི་སྐྱོན་གྱི་མཚན་ཉིད་ཡིན་ནོ་ཞེས་པ་རིགས་པ་མིན་པར་ཐལ། དེ་རིགས་པ་ཡིན་ན་དེ་འདྲའི་སྦྱོར་ངག་དེས་མི་རྟག་པ་དེ་སྒྲུབ་ཀྱི་རྟགས་སུ་འཕངས་དགོས་པ་ལས་དེ་ལྟར་མ་འཕངས་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ནི་སྒྲ་རྟག་ཅེས་དམིགས་ཀྱིས་བསལ་ནས་ཐམས་ཅད་མི་རྟག་པའི་ཕྱིར། ཞེས་སྤྱིར་བཏང་གི་ཚིག་དེའི་རྗེས་སུ་འཇུག་པ་ཙམ་ཡིན་པའི་ཕྱིར་དང་། དེས་མི་རྟག་པས་སྒྲ་ལ་རྟག་པ་འགོག་ནུས་དང་སྒྲུབ་ནུས་གང་དུའང་མ་འཕངས་པའི་ཕྱིར་དང་། དེས་དེ་དེ་སྒྲུབ་ཀྱི་མ་ངེས་པ་དང་མ་གྲུབ་པའི་རྟགས་སུའང་མ་འཕངས་པའི་ཕྱིར་རོ། རྒྱས་པར་ནི་རྣམ་འགྲེལ་དུ་ཤེས་པར་བྱའོ། །གཉིས་པ་ནི། དེས་མི་རྟག་པ་དེ་སྒྲུབ་ཀྱི་རྟགས་སུ་འཕངས་པ་མ་ཡིན་པར་ཐལ། སྦྱོར་བའི་འགོད་ཚུལ་ལེགས་པར་མ་བསླབས་པ་རྣམས་ཀྱིས་སྦྱོར་ངག་དེ་ནི་ཐམས་ཅད་མ་ཡིན་པའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པའི་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གི་ཁྱབ་པའི་ཆ་མཐུན་ཙམ་དཔེར་བརྗོད་པའི་ཕྱིར། དེ་ཡང་སྒྲུབ་ངག་ཡན་ལག་ལྔ་དང་ལྡན་པའི་མི་མཐུན་སྦྱོར་གྱི་ཁྱབ་པའི་ཆ་མཐུན་ཙམ་བརྗོད་པ་མ་ཡིན་ཏེ། སྒྲ་ཆོས་ཅན། རྟག་སྟེ། ཐམས་ཅད་མི་རྟག་པའི་ཕྱིར། གང་མི་རྟག་པ་དེ་ནི་ཐམས་ཅད་ཡིན་ཏེ། དཔེར་ན་བུམ་པ་བཞིན་ཞེས་བརྗོད་རིགས་པ་ལ། ཐམས་ཅད་མི་རྟག་ཅེས་པའི་ཁྱབ་པའི་ཆ་མཐུན་ཙམ་བརྗོད་པའོ། །གསུམ་པ་ནི། ཆོས་མི་མཐུན་པའི་རྟགས་ཉེར་སྦྱོར་གྱིས་འདིར་ཐམས་ཅད་མིན་པ་སྒྲ་རྟག་པར་སྒྲུབ་པའི་རྟགས་དོན་མཐུན་དུ་འཕངས་སོ་ཞེ་ན། སྦྱོར་ངག་དེས་ཐམས་ཅད་མ་ཡིན་པ་དེ་སྒྲ་རྟག་པར་བསྒྲུབ་པའི་རྟགས་དོན་མཐུན་དུ་འཕངས་པ་མ་ཡིན་པར་ཐལ། ཐམས་ཅད་མ་ཡིན་པ་དེ་སྒྲ་རྟག་པར་སྒྲུབ་པའི་རྟགས་སུ་འགྱུར་བ་མི་སྲིད་པའི་ཕྱིར། ཁྱབ་བསལ་ཁས་བླངས་སོ། །རྟགས་མ་གྲུབ་སྟེ། ཐམས་ཅད་མ་ཡིན་པ་དེ་སྒྲ་རྟག་པར་བསྒྲུབ་ནུས་པའི་ཕྱོགས་ཆོས་སུ་འཐད་པའི་ཕྱིར། ཁས་བླངས་འགལ་ཏེ། སྔར་སྒྲ་དེ་ཐམས་ཅད་ཀྱི་བྱེ་བྲག་ཏུ་ཁས་བླངས་པའི་ཕྱིར་རོ། །དེའི་སྐྱོན་མེད་དེ། སྒྲ་མ་ཡིན་གྱི་ཐམས་ཅད་མ་ཡིན་པ་དེ་སྒྲ་རྟག་པར་སྒྲུབ་པའི་རྟགས་སུ་འཐད་པའི་ཕྱིར་ཞེ་ན། འོ་ན། སྒྲའི་ཐམས་ཅད་དེ་སྒྲ་རྟག་པར་སྒྲུབ་པའི་རྟགས་སུ་ཐལ། སྒྲའི་ཐམས་ཅད་དེ་སྒྲ་མ་ཡིན་གྱི་ཐམས་ཅད་མ་ཡིན་པ་གཉིས་གཅིག་ཡིན་པ་གང་ཞིག ཕྱོགས་སྔ་དེའི་ཕྱིར། རྟགས་གཉིས་ཀ་ཁས་བླངས་སོ། འདོད་ན། སྒྲ་ཡང་སྒྲ་རྟག་པར་སྒྲུབ་པའི་རྟགས་སུ་ཐལ། འདོད་པ་གང་ཞིག སྒྲ་དེ་སྒྲའི་ཐམས་ཅད་དང་གཅིག་པའི་ཕྱིར། རྟགས་གཉིས་ཀ་ཁས་བླངས་སོ། འདི་ལྟར་བཤད་པ་མཁས་མཆོག་གི་དགོངས་པ་ཡིན་གྱི་སྔོན་གྱི་ཊཱིཀ་བྱེད་པ་རྣམས་ཀྱིས་བཤད་པ་ལྟར་བྱེད་ན་རིགས་པའི་ལམ་ལས་འདས་པ་ཡིན་ནོ། །སྔ་མས་ཇི་ལྟར་བཤད་ཅིང་དེ་ལ་གནོད་བྱེད་ཅི་ཡོད་ཅེ་ན། འདི་ལྟར་འཆད་དེ། ཐམས་ཅད་མ་ཡིན་པ་དེ་སྒྲ་རྟག་པར་སྒྲུབ་པའི་རྟགས་སུ་མི་འཐད་པར་ཐལ། ཐམས་ཅད་མིན་པ་ཙམ་དང་སྒྲ་མིན་གྱི་ཐམས་ཅད་མ་ཡིན་པ་གཉིས་ཀ་རྟགས་སུ་མི་འཐད་པའི་ཕྱིར། དང་པོ་མི་རིགས་ཏེ་སྒྲ་ཡང་ཐམས་ཅད་ཀྱི་ཁོངས་སུ་འདུས་པའི་ཕྱིར་དང་། སྤྱི་སྒྲས་བྱེ་བྲག་སྤོང་བ་མི་འཐད་པའི་ཕྱིར་རོ། །གཉིས་པའང་མི་རིགས་ཏེ། ཆོས་ཅན་གྱི་ལྡོག་པ་དེ་ཉིད་རྟགས་སུ་མི་རིགས་པའི་ཕྱིར། ཞེས་སྨོས་སོ། །འདི་ལྟར་ཏུ་རྣམ་འགྲེལ་གྱི་ཊཱིཀ་བྱེད་པ་ཕལ་ཆེར་ཡང་འཆད་དོ། །འདི་ནི་རྣམ་པ་ཐམས་ཅད་དུ་མི་འཐད་དེ། སྒྲ་ཡང་ཤེས་བྱ་ཐམས་ཅད་མ་ཡིན་པའི་རྟགས་སུ་མི་གྲུབ་པར་ཐལ། སྒྲ་ཤེས་བྱ་ཐམས་ཅད་ཀྱི་ཁོངས་སུ་འདུས་པའི་ཕྱིར། འདོད་དེ། སྒྲ་ཤེས་བྱ་ཐམས་ཅད་ཡིན་པའི་ཕྱིར་ཞེ་ན། དེ་ལྟར་ཡིན་ན་དུང་སྒྲ་ཡང་། སྒྲ་དང་སྒྲ་མ་ཡིན་གཉིས་ཀར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར། དེ་ཡང་འདོད་ན། གཞི་གཅིག་གི་སྟེང་དུ་དངོས་འགལ་གཞི་མཐུན་དུ་འགྱུར་བ་དང་། མེ་དང་མེ་མིན་རང་བཞིན་གཉིས། ཞེས་སོགས་ཀྱི་ཕྱོགས་སྔའི་འདོད་པ་ཡང་འཐད་པར་འགྱུར་རོ། །གཞན་ཡང་། སྒྲ་ཆོས་ཅན། རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར་ཞེས་སོགས་ཀྱང་རྟགས་སུ་མི་རིགས་པར་འགྱུར་ཏེ། ཆོས་ཅན་གྱི་ལྡོག་པ་དེ་ཉིད་རྟགས་སུ་མི་རིགས་པའི་ཕྱིར། ཞེས་བརྗོད་ན་ལན་ཅི་ཡོད། ཁྱབ་པ་མེད་དེ། སྒྲ་དང་མཉན་བྱ་ལྡོག་པ་ཐ་དད་ཡིན་པའི་ཕྱིར་ཞེ་ན། འོ་ན་ཁྱོད་ཀྱིས་བཤད་པ་དེ་ལའང་ཁྱབ་པ་མེད་པར་འགྱུར་ཏེ། སྒྲ་དང་སྒྲ་མ་ཡིན་གྱི་ཐམས་ཅད་མ་ཡིན་པ་གཉིས་ལྡོག་པ་ཐ་དད་ཡིན་པའི་ཕྱིར་ཞེས་བརྗོད་ན་མི་མཚུངས་སམ་ལེགས་པར་སོམས་ཤིག འདིའི་སྐབས་ཀྱི་འགྲེལ་པའི་བཤད་པ་ནི་ཤིན་ཏུ་མི་འཐད་པར་སྣང་ཡང་ཚིག་མང་དུ་དོགས་པས་དགག་སྒྲུབ་རེ་ཤིག་རྒྱས་པར་མ་བྱས་སོ། །གལ་ཏེ་ཆོས་ཅན་གྱི་ལྡོག་པ་དེ་ཉིད་རྟགས་སུ་བཀོད་པས་རྟགས་སུ་མི་འགྱུར་ན། འདུས་པ་ཆོས་ཅན། གཞན་དོན་བྱེད་དེ། འདུས་པ་ཡིན་པའི་ཕྱིར། ཞེས་དང་། འདུས་བྱས་ཆོས་ཅན། མི་རྟག་སྟེ། འདུས་བྱས་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་རྟགས་ཡང་དག་མ་ཡིན་པར་འགྱུར་ཏེ། ཆོས་ཅན་གྱི་ལྡོག་པ་དེ་ཉིད་རྟགས་སུ་བཀོད་པའི་ཕྱིར་ཞེ་ན། ཚིག་ཟིན་ལ་བསམ་ན་འདོད་པ་ཡིན་ལ། དོན་ལ་བསམ་ན་ཆོས་ཅན་གྱི་ལྡོག་པ་དེ་ཉིད་རྟགས་སུ་བཀོད་པ་མ་གྲུབ་སྟེ། འདུས་པ་དང་འདུས་བྱས་ཀྱི་བྱེ་བྲག་རྩོད་གཞིར་འཛིན་པའི་ཕྱིར་དང་། གཞན་དུ་ན་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་མི་རྙེད་པའི་ཕྱིར་ཞེས་ལ་ལ་སྨྲའོ། །གཉིས་པ་ནི། རྩོད་སྒྲུབ་མཁན་པོ་ན་རེ། སྔར་བཤད་པའི་རྟགས་དེ་འགལ་བའི་གཏན་ཚིགས་ཡིན་ཏེ། དཔེར་ན་བྱེ་བྲག་པས་སྒྲ་མི་རྟག་སྟེ། དབང་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར་ཞེས་རྟགས་སུ་ཁས་བླངས་པ་ན། དབང་ཤེས་ཀྱི་བཟུང་བྱར་གྱུར་པའི་ཡོན་ཏན་རྟག་པར་ཁས་བླངས་པ་དང་འགལ་བ་གྲུབ་མཐའ་དང་འགལ་བ་དང་། གྲངས་ཅན་གྱིས་ཞོ་དང་འོ་མ་ངོ་བོ་གཅིག་ཏུ་ཡོད་དེ། འོ་མ་ལས་ཞོ་འབྱུང་བའི་ཕྱིར་ཞེས་པ། དམ་བཅའ་དང་འགལ་བ་ལྟ་བུའོ་ཞེ་ན། འགལ་བ་དང་ལྡན་མིན་ཞེས་པ་སྟེ། ཐམས་ཅད་མི་རྟག་པ་ཆོས་ཅན། དཔེ་དེ་གཉིས་བཞིན་དུ་ཁྱོད་སྒྲ་རྟག་པར་སྒྲུབ་པའི་འགལ་བ་དང་ལྡན་པའི་གཏན་ཚིགས་ལྟར་སྣང་མ་ཡིན་པར་ཐལ། དཔེ་དེ་གཉིས་དེ་འདྲའི་ཕྱོགས་ཆོས་ཡིན་ཡང་ཁྱོད་སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། གཏན་ཚིགས་ཡང་དག་འཆད་པའི་སྔོན་དུ་ཕྱོགས་ཆོས་ཀྱི་རབ་དབྱེ་བཤད་པའི་དགོས་པ་དང་། ཕྱོགས་ཆོས་ཀྱི་དབྱེ་བ་བཤད་པ་དང་། ཕྱོགས་ཆོས་ཀྱི་དོན་བཤད་པའོ། །དང་པོ་ནི། གཏན་ཚིགས་སྔར་བཤད་པ་མ་ཡིན་ནམ་ཞེ་ན། སྐྱོན་མེད་དེ། བཤད་ཟིན་ཀྱང་གཞན་དོན་གྱི་རྗེས་དཔག་གི་བསྟན་བྱ་གཏན་ཚིགས་ཀྱི་དབྱེ་བ་ཤེས་པའི་ཆེད་ཡིན་པའི་ཕྱིར། དེ་ཡང་འདི་ལྟར། གང་ཞིག་གཏན་ཚིགས་ཡང་དག་དང་འགལ་བ་དང་མ་ངེས་པ་སོགས་འཆད་པའི་དོན་གྱི་སྔོན་དུ་རྒྱས་པར་ཕྱོགས་ཆོས་ཅན་གྱི་དབྱེ་བ་དེ་བསྟན་པར་བྱ་སྟེ། དེ་ལ་བསྒྲུབ་བྱའི་ཆོས་ཀྱི་རྟགས་དེ་ལྟར་སྣང་བ་ཕལ་ཆེ་བས་ཕྱོགས་ཆོས་ཅན་དང་། ཁྱད་པར་དུ་རྟགས་ཡང་དག་གི་དབྱེ་བ་རྟོགས་པའི་ཆེད་དུ་ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པར་རིགས་པ་དེས་ན་སྟེ་དེ་ལྟར་བཤད་པའི་ཕྱིར་རོ། །ཕལ་ཆེར་སྨོས་པ་ནི། མ་གྲུབ་པའི་གཏན་ཚིགས་ཀྱང་ལྟར་སྣང་དུ་ཤེས་པ་དང་། ལྟར་སྣང་ཕལ་ཆེ་བ་ཕྱོགས་ཆོས་ཅན་དུ་ཤེས་པའི་ཆེད་དུ་ཡིན་ནོ། །གཉིས་པ་ནི། ཕྱོགས་ཆོས་ཀྱི་དབྱེ་བ་བདེ་བླག་ཏུ་རྟོགས་པ་ལ་བརྟན་ནས་གཞན་དོན་རྗེས་དཔག་གི་བསྟན་བྱ་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་དང་། ཆ་གཉིས་སུ་འཇུག་པ་གཉིས་སུ་འདུ་བར་ཤེས་པའི་ཆེད་དང་། དགོས་པ་གཞན་ཡོད་པ་ནི་འོག་ཏུ་འཆད་པར་འགྱུར་རོ། །འདིར་བསྟན་པའི་ཕྱོགས་ཀྱི་ཆོས་ལའང་ཆོས་ཅན། རྩ་བའི་སྒོ་ནས་རྣམ་པ་གསུམ་ཡོད་དེ། དེའི་སྒོ་ནས་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་དང་། དེར་མེད་པ་དང་། རྣམ་གཉིས་སུ་འཇུག་པ་རྣམས་སུ་ཡོད་པའི་ཕྱིར་རོ། ཡན་ལག་གི་སྒོ་ནས་སོ་སོར་ནི་རེ་རེ་ལའང་གསུམ་གསུམ་ཡོད་དེ། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་ཕྱོགས་ཆོས་ལ་ཡང་མི་མཐུན་ཕྱོགས་ལ་ཡོད་པ་དང་། མེད་པ་དང་། ཆ་གཉིས་པའི་བྱེ་བྲག་གིས་གསུམ་རིགས་པའི་ཕྱིར་དང་། འང་གིས་སྒྲས་དེ་ལ་གསུམ་ཡོད་པར་མ་ཟད། མཐུན་ཕྱོགས་ལ་མེད་པ་ལ་ཡང་དེ་ལྟར་གསུམ་ཡོད་པའི་ཕྱིར་དང་། མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པ་ལ་ཡང་དེ་ལྟར་གསུམ་རྣམས་ཡོད་པའི་ཕྱིར་རོ། །གལ་ཏེ་ལྷག་ལྡན་ལ་སོགས་པའི་ཕྱོགས་ཆོས་ཅན་གཞན་ཡང་ཡོད་པ་མ་ཡིན་ནམ། ཅིའི་ཕྱིར་དགུ་ཁོ་ན་སྨོས་ཞེ་ན། དགུ་སྨོས་པ་ལ་དགོས་པ་ཁྱད་པར་ཅན་ཡོད་དེ། རྟགས་ཡང་དག་གི་མཚན་ཉིད་ཚུལ་གཉིས་སུ་གྲངས་ངེས་པ་སྒྲུབ་པའི་ཆེད་དུ་གཏན་ཚིགས་ཡང་དག་གཉིས་དང་། འགལ་རྟགས་གཉིས་སྨོས་པའི་ཕྱིར་དང་། རྟགས་ཡང་དག་ཏུ་མཚོན་པའི་མཚན་ཉིད་ཚུལ་གཉིས་སུ་འདུའང་ཚུལ་གསུམ་ལ་གྲངས་ངེས་བསྒྲུབ་པའི་ཆེད་དུ་སྤྱི་དང་ཁྱད་པར་གཉིས་སྨོས་པའི་ཕྱིར་དང་། ལྡོག་ཁྱབ་གཙོ་བོར་སྒྲུབ་ནས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་མཐའ་དག་དང་བཅས་པ་ནུས་ཡུལ་དུ་ཤེས་པའི་ཆེད་དུ་དངོས་ཀྱི་མ་ངེས་པ་ལ་སོགས་པ་གསུམ་སྨོས་པའི་ཕྱིར་རོ། རྔོག་འགྱུར་ལ་ནི། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང་། །རྣམ་གཉིས་རེ་རེ་དག་ལ་ཡང་། །རྣམ་གསུམ་མི་མཐུན་ཕྱོགས་ལ་ཡང་། །ཡོད་མེད་རྣམ་པ་གཉིས་ཕྱིར་རོ། །ཞེས་འབྱུང་ངོ་། །འདི་རྣམས་ཀྱི་དོན་ནི་འོག་ཏུ་དཔྱད་པར་བྱེད་དོ། །གསུམ་པ་ཕྱོགས་ཆོས་ཀྱི་དོན་བཤད་པ་ལ་གསུམ་སྟེ། ཕྱོགས་ཀྱི་སྒྲས་བསྟན་པའི་ཡུལ་ངོས་བཟུང་བ་དང་། ཕྱོགས་ཆོས་ངེས་པར་བསྟན་པས་གྲུབ་པའི་དོན་དང་། གཏན་ཚིགས་ལྟར་སྣང་སུན་འབྱིན་འཇུག་པའི་ཡུལ་དུ་བསྟན་པའོ། །དང་པོ་ནི། གཏན་ཚིགས་ཕྱོགས་ཆོས་སུ་མི་འཐད་པར་ཐལ། ཕྱོགས་གྲུབ་ཟིན་ན་རྟགས་དོན་མེད་ལ། མ་གྲུབ་ན་དེའི་ཆོས་ཀྱང་མ་གྲུབ་པས་བསྒྲུབ་བྱ་ཕྱིར་རྒོལ་གྱིས་མ་ངེས་པའི་སྔ་རོལ་ཏུ་ཕྱོགས་ཆོས་ངེས་པ་དགོས་ཞེས་བཤད་པ་དང་འགལ་བར་འགྱུར་རོ་ཞེ་ན། ཕྱོགས་ཀྱི་སྒྲ་འཇུག་པའི་ཡུལ་ཡིན་ན་ཕྱོགས་མཚན་ཉིད་པ་ཡིན་པས་ཁྱབ་པར་ཁས་བླངས་ན་སྐྱོན་དེ་ལྟར་ཡོད་སྲིད་ནའང་། འདིར་ནི་སྐྱོན་དེ་ལྟར་མེད་དེ། སྒྲ་དང་མི་རྟག་པའི་ཚོགས་པ་ལྟ་བུ་བསྒྲུབ་བྱ་ཡིན་པའི་ཕྱིར་དང་། སྒྲ་དང་མི་རྟག་པ་རེ་རེ་བ་ཕྱོགས་ཀྱི་སྒྲ་འཇུག་པའི་ཡུལ་ཡིན་ཡང་ཕྱོགས་མཚན་ཉིད་པ་མ་ཡིན་པའི་ཕྱིར་རོ། །ཕྱོགས་དངོས་མ་ཡིན་པ་ཅིའི་ཕྱིར་ཞེ་ན། ཆོས་དང་ཆོས་ཅན་ཁ་ཡར་བ་སྟེ། སྒྲ་དང་མི་རྟག་པ་རེ་རེ་བ་ཆོས་ཅན། གཙོ་བོ་མིན་པ་སྟེ། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་དངོས་མ་ཡིན་ཏེ། དེ་སྒྲུབ་བྱ་ཕྱིར་རྒོལ་གྱིས་གྲུབ་ཟིན་པའི་ཕྱིར། དེ་མིན་ཡང་། ཕྱོགས་ཀྱི་སྒྲས་བསྟན་པ་ལ་འགལ་བ་མེད་དེ། བསྒྲུབ་བྱ་ཉིད་དུ་བཏགས་ནས་བརྗོད་པའི་ཕྱིར། འདོགས་པའི་རྒྱུ་མཚན་གང་ཡིན་ཞེ་ན། འདོགས་པའི་རྒྱུ་མཚན་ཡོད་དེ། ཕྱོགས་མཚན་ཉིད་པ་དེའི་ཕྱོགས་གཅིག་ཡིན་པའི་ཕྱིར་རོ། ཤེས་འདོད་ཆོས་ཅན་ལ་ཕྱོགས་སུ་བཏགས་པའི་དགོས་པ་ཡོད་དེ། ཕྱོགས་ཀྱི་མིང་གིས་གདགས་རུང་གི་ཆོས་ཅན་དུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། འདིའི་དོན་རྒྱས་པར་ཤེས་པར་འདོད་ན་ཚད་མ་རྣམ་པར་ངེས་པར་ཤེས་པར་བྱའོ། །འགྱུར་འདི་ནི། ས་ལོའི་འགྱུར་བཞིན་དུ་བཤད་པ་ཡིན་ནོ། །ཞ་མའི་འགྱུར་ནི་གཞན་དུ་ཤེས་པར་བྱའོ། །གཉིས་པ་ནི། མིག་ཤེས་ཀྱི་བཟུང་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་གཞན་དོན་གྱི་ཕྱོགས་ཆོས་སུ་འདོད་པ་རིགས་པ་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་དེར་རྒོལ་ཕྱིར་རྒོལ་གཉིས་ཀ་ལ་གྲུབ་པ་ལས་བཟློག་པའི་ཕྱིར། ཁྱབ་སྟེ། དེ་སྒྲུབ་ཀྱི་གཞན་དོན་གྱི་ཕྱོགས་ཆོས་ཀྱི་ཐ་སྙད་དེ་ཡིན་ན་རྒོལ་ཕྱིར་རྒོལ་གཉིས་ཀ་ལ་གྲུབ་པ་ཡིན་དགོས་པའི་ཕྱིར། སྒྲ་མངོན་གསལ་དུ་སྨྲ་བ་ལ་སྒྲ་ཆོས་ཅན་མི་རྟག་སྟེ། བྱས་པའི་ཕྱིར་ཞེས་བཀོད་པ་ན་བྱས་པ་ཆོས་ཅན། སྒྲ་མངོན་གསལ་དུ་སྨྲ་བའི་ངོར་དེ་སྒྲུབ་ཀྱི་གཞན་དོན་གྱི་ཕྱོགས་ཆོས་མ་ཡིན་པར་ཐལ། དེར་གང་ཡང་རུང་བ་ལ་སྟེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་སུ་སྒྲ་མངོན་གསལ་དུ་སྨྲ་བ་ལ་མ་གྲུབ་པའི་ཕྱིར། ཞེས་སྟོན་པ་ནི། གང་ཡང་རུང་ལ་བཟློག་པ་ཡི། །ཞེས་སོ། །ཁྱབ་སྟེ། དེ་སྒྲུབ་ཀྱི་གཞན་དོན་གྱི་ཕྱོགས་ཆོས་ཡིན་ན། ཕྱིར་རྒོལ་གྱིས་ཕྱོགས་ཆོས་གྲུབ་དགོས་པའི་ཕྱིར་ཞེས་སྦྱར་རོ། །དུ་བ་ཡོད་མེད་ཐེ་ཚོམ་ཟ་བཞིན་དུ། ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་བཀོད་པ་ན། དེ་ཆོས་ཅན། དེ་སྒྲུབ་ཀྱི་གཞན་དོན་གྱི་ཕྱོགས་ཆོས་མ་ཡིན་པར་ཐལ། རང་ཉིད་ཡོད་མེད་ཐེ་ཚོམ་ཟ་བ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ཡིན་ན་རང་ཉིད་ཡོད་མེད་ཐེ་ཚོམ་མི་ཟ་བས་ཁྱབ་པའི་ཕྱིར། ཚུལ་འདིས་ནི་ཆོས་ཅན་ལ་ཐེ་ཚོམ་ཟ་བ་དང་། རྟགས་དང་བསལ་བ་ལ་ཐེ་ཚོམ་ཟ་བའི་ལན་འདེབས་པའི་ཕྱོགས་ལེགས་པར་ཤེས་པར་བྱའོ། །ཆོས་བསྒྲུབ་བྱར་འདོད་པ་དཔེར་ན་བདག་ཡོད་དེ། བདག་གི་ཡོན་ཏན་བདེ་སྡུག་སོགས་ལུས་ཀྱི་སྟོད་སྨད་བར་གསུམ་ན་ཁྱབ་ནས་གནས་པའི་ཕྱིར་ཞེས་བཀོད་པ་ན། དེ་ཆོས་ཅན། དེ་སྒྲུབ་ཀྱི་གཞན་དོན་གྱི་ཕྱོགས་ཆོས་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱ་ཕྱིར་རྒོལ་གྱིས་མ་གྲུབ་པའི་སྔར་རྟགས་དེ་གྲུབ་པ་མི་སྲིད་པའི་ཕྱིར། ཁྱབ་པར་ཐལ། དེ་ཡིན་ན་དེ་ལྟར་དགོས་པའི་ཕྱིར། གསུམ་པ་ནི། གལ་ཏེ་ཕྱོགས་ཆོས་རྒོལ་ཕྱིར་རྒོལ་གཉིས་ཀ་ལ་མ་གྲུབ་པ་དང་། ཐེ་ཚོམ་ཟ་བ་སོགས་དེ་སྒྲུབ་ཀྱི་སྒྲུབ་བྱེད་ཡང་དག་མ་ཡིན་ན། སུན་འབྱིན་ཡང་དག་ཏུ་འགྱུར་རོ་ཞེ་ན། ཕྱོགས་ཆོས་སུ་མི་འདོད་པ་སྔར་བཤད་པ་ལྟ་བུ་ཐམས་ཅད་དེ་སྒྲུབ་ཀྱི་སྒྲུབ་བྱེད་ཡང་དག་མ་ཡིན་པར་མ་ཟད། ཡང་དག་པའི་སུན་འབྱིན་དུའང་ངེས་པར་འགྱུར་བ་མ་ཡིན་པར་ཐལ། སྒྲུབ་བྱེད་དང་། སུན་འབྱིན་ཡང་དག་ཏུ་འགྱུར་བ་རྒོལ་ཕྱིར་རྒོལ་གཉིས་ཀ་ལ་སྐྱོན་ཅན་དང་སྐྱོན་མེད་གྲུབ་པ་ལ་ལྟོས་དགོས་པའི་ཕྱིར། འོ་ན་ཅི་འདྲ་བ་ཞིག་སྒྲུབ་བྱེད་དང་སུན་འབྱིན་དུ་འགྱུར་ཞེ་ན། རྒོལ་བས་སྒྲུབ་བྱེད་ཡང་དག་ཏུ་ཁས་བླངས་པས་དེའི་མཚན་ཉིད་རྫོགས་པ་མ་ཡིན་པར་ཐལ། རྒོལ་བས་སྒྲ་མི་རྟག་པར་སྒྲུབ་པ་ལ་མིག་ཤེས་ཀྱི་བཟུང་བྱ་རྟགས་སུ་བཀོད་པ་ལྟ་བུ་དེ་སྒྲུབ་ཀྱི་སྒྲུབ་བྱེད་ཡང་དག་ཏུ་ཁས་བླངས་ཀྱང་གང་ཟག་གཉིས་ཀར་སྐྱོན་ཅན་ཡིན་པའི་ཕྱིར། །འོན་ཀྱང་སྒྲུབ་བྱེད་ཡང་དག་མེད་པ་མ་ཡིན་ཏེ། རྒོལ་ཕྱིར་རྒོལ་གཉིས་ཀ་ལ་མཐུན་སྣང་དུ་རབ་ཏུ་གྲུབ་པ་ན་ནི་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་བྱེད་ཡང་དག་ཡིན་པའི་ཕྱིར་ཞེས་སྦྱར་རོ། །ཕྱིར་རྒོལ་གྱིས་སུན་འབྱིན་ཡང་དག་ཏུ་ཁས་བླངས་པས་སུན་འབྱིན་ཡང་དག་གི་མཚན་ཉིད་རྫོགས་པ་མ་ཡིན་པར་ཐལ། གཞན་གྱིས་སྒྲ་རྟག་པར་འདོད་པ་ན་སྒྲ་ཆོས་ཅན། རྟག་པ་མིན་པར་ཐལ། མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར་བརྗོད་པ་ལྟ་བུ། ཕྱིར་རྒོལ་གྱིས་སུན་འབྱིན་ཡང་དག་ཏུ་ཁས་བླངས་ཀྱང་དེ་གང་ཟག་གཉིས་ཀར་སྐྱོན་ཅན་ཡིན་པའི་ཕྱིར། འོན་ཀྱང་སུན་འབྱིན་ཡང་དག་མེད་པ་མ་ཡིན་ཏེ། རྒོལ་བས་བཀོད་པའི་མིག་ཤེས་ཀྱི་བཟུང་བྱ་ལྟ་བུ་དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་དུ་མཐུན་སྣང་དུ་རབ་ཏུ་གྲུབ་པ་ན་ནི་རྒོལ་བའི་རྟགས་དེ་སུན་འབྱིན་འཇུག་པའི་ཡུལ་དུ་གྲུབ་པའི་ཕྱིར་དང་། སྒྲ་ཆོས་ཅན། མིག་ཤེས་ཀྱི་བཟུང་བྱ་མ་ཡིན་པར་ཐལ། མཉན་བྱ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་ཕྱིར་རྒོལ་གྱི་ངག་ནི་ཡང་དག་པའི་སུན་འབྱིན་པ་ཡིན་པའི་ཕྱིར་ཞེས་སྦྲེལ་ལོ། །འམ་ནི་སྔ་ཕྱི་བསྡུད་པའོ། །དེ་བཞིན་དུ། ཡོད་མེད་ཐེ་ཚོམ་ཟ་བ་དང་། མ་གྲུབ་པ་ཙམ་གྱིས་ཀྱང་སྒྲུབ་བྱེད་ཡང་དག་མ་ཡིན་ན་སུན་འབྱིན་ཡང་དག་ཏུ་འགྱུར་བས་མ་ཁྱབ་པར་ཐལ། གཞན་གྱིས་སླར་ཡང་ཚུལ་གསུམ་བསྒྲུབ་ན་སྒྲུབ་བྱེད་ཡང་དག་ཏུ་འདོད་རིགས་པའི་ཕྱིར་དང་། ཕྱོགས་ཆོས་མ་གྲུབ་པར་སྒྲུབ་པའི་ངག་ཡིན་ན་སུན་འབྱིན་ཡང་དག་ཏུ་འདོད་དགོས་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། ཕྱོགས་ཆོས་ཅན་གྱི་དོན་བཤད། ཁྱབ་པའི་ལྟོས་གཞི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་བཤད། ཕྱོགས་ཆོས་ཅན་དགུའི་གཏན་ཚིགས་ཀྱི་དཔེ་བརྗོད་ནས་དེའི་དོན་བཤད་པའོ། །དང་པོ་ལ་གཉིས་ཏེ། རང་གི་ལུགས་དང་། གཞན་གྱི་ལུགས་དགག་པའོ། །དང་པོ་ལ་གཉིས་ཏེ། ཆོས་ཅན་གྱིས་ཆོས་ཅན་སྒྲུབ་པ་སོགས་དགག་པ་དང་། ཚོགས་དོན་བསྒྲུབ་བྱར་བསྟན་ནས་རྩོད་གཞི་ཆོས་ཅན་གྱི་ཆོས་ཕྱོགས་ཆོས་སུ་བཤད་པའོ། །དང་པོ་ནི། ཁ་ཅིག་ན་རེ། ཆོས་ཅན་མེ་ཁོ་ན་ལ་མེ་ཡོད་དུ་གྲུབ་པའི་བསྒྲུབ་བྱ་ཡིན་ཏེ། དེ་ཡང་ཆོས་ཅན་གཞན་དུ་བས་བསྒྲུབ་པའི་ཕྱིར། ལ་མེའི་ཚོགས་དོན་ནི་དེའི་བསྒྲུབ་བྱ་མ་ཡིན་ཏེ། དེ་སྒྲུབ་པ་ལ་དགོས་པ་མེད་པའི་ཕྱིར། དེས་ན་ཕྱོགས་ཆོས་གཏན་ཚིགས་སུ་བརྗོད་པ་མི་འཐད་ཅེ་ན། ཆོས་ཅན་མེ་དེ་དུ་བའི་ཆོས་ཅན་གྱིས་བསྒྲུབ་པར་བྱ་བ་མིན་པར་ཐལ། དེ་ལ་རིགས་པས་གནོད་པའི་ཕྱིར། །ཇི་ལྟར་གནོད་ན། མེ་དུའི་འབྲེལ་པ་ངེས་པར་ཁས་ལེན་ནམ་མིན། མི་ལེན་ན་དུ་བས་མེ་སྒྲུབ་པ་མི་འཐད་པར་ཐལ། མེ་དུའི་འབྲེལ་པ་མི་སྲིད་པའི་ཕྱིར། གསུམ་ཆར་རོ། །ལེན་ན། དུ་བའི་རྟགས་ཀྱིས་མེ་བསྒྲུབ་བྱར་བྱེད་པ་མི་འཐད་པར་ཐལ། མེ་དུའི་འབྲེལ་པ་ངེས་པའི་དུས་སུ་མེ་དེ་གྲུབ་ཟིན་པའི་ཕྱིར། གསུམ་ཆར་རོ། །གཞན་ཡང་། དུ་བའི་རྟགས་ཀྱིས་མེ་བསྒྲུབ་བྱར་བྱེད་པ་མི་འཐད་པར་ཐལ། འདི་ལ་མེ་ཡོད་དོ་སྙམ་པའི་གཞི་ཁས་ལེན་ན་ལ་དང་མེའི་ཚོགས་དོན་བསྒྲུབ་བྱར་འགྱུར་དགོས་ཀྱང་། དེ་མི་འཐད་པར་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར་དང་། གཞི་དེ་ཉིད་དུ་བར་ཁས་ལེན་ན་དམ་བཅའི་ཕྱོགས་གཅིག་རྟགས་སུ་བཀོད་པའི་མ་གྲུབ་པར་འགྱུར་བར་ཡང་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར་རོ། དེས་ན་དུ་ལྡན་ལ་དང་མེའི་ཚོགས་དོན་བསྒྲུབ་བྱར་རིགས་ཏེ། དུ་ལྡན་གྱི་ལའི་གཞི་ལ་མེ་ཡོད་པ་དུ་བའི་རྟགས་ཀྱིས་སྒྲུབ་པར་རིགས་པའི་ཕྱིར། འདིའི་དོན་ལ་མེ་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་ནམ། མེ་ཡོད་དེ་དེ་ཡིན་པར་ཁས་ལེན། དེ་གང་རུང་དུ་ཁས་ལེན་པ་བཞིན་དུ་དུ་བ་དེ་དེ་སྒྲུབ་ཀྱི་རྟགས་ཡིན་ནམ། དུ་ཡོད་དེ་དེ་སྒྲུབ་ཀྱི་རྟགས་སུ་ཁས་ལེན་པ་ཡིན་ཞེ་ན། འདིའི་དོན་ནི་འོག་ཏུ་དཔྱད་པར་བྱེད་དོ། ཡང་ཁ་གཅིག་ན་རེ། ཆོས་ཅན་གྱི་ཆོས་ཁོ་ན་བསྒྲུབ་པར་བྱ་བ་ཡིན་ཏེ། མེས་རང་གི་ཆོས་དྲོ་བའི་རེག་པ་སྒྲུབ་པར་བྱེད་པ་བཞིན་ནོ་ཞེ་ན། ཚོགས་དོན་བསྒྲུབ་བྱར་བྱེད་པ་སྤངས་ནས་ཆོས་ཅན་མེ་དེས་ཆོས་དྲོ་རེག་ཀྱང་སྒྲུབ་པ་མ་ཡིན་གྱི་སྟེ་མི་འཐད་པར་ཐལ། མེ་དང་ལྡན་པའི་གཞིར་དྲོ་བའི་རེག་པ་སྒྲུབ་ན་ཚོགས་དོན་བསྒྲུབ་བྱར་ཁན་ལེན་དགོས་པའི་ཕྱིར་དང་། མེ་དེ་ཉིད་གཞིར་ཁས་ལེན་ན་ནི་སྔར་བཤད་པ་བཞིན་དུ་རྟགས་དོན་མེད་པ་དང་། དམ་བཅའི་ཕྱོགས་གཅིག་རྟགས་སུ་བཀོད་པའི་མ་གྲུབ་པར་འགྱུར་བའི་ཕྱིར། འདི་ལ་གཞི་ལྡོག་དང་རང་ལྡོག་གི་ཁྱད་པར་ཕྱེད་པར་དགོས་ཏེ། དེ་ལྟར་མ་ཡིན་ན་སྔར་བཤད་པ་དང་འགལ་བའི་ཕྱིར་རོ། གལ་ཏེ་དམ་བཅའི་དོན་གྱི་ཕྱོགས་གཅིག་རྟགས་སུ་བཀོད་པ་མ་གྲུབ་པ་མ་ཡིན་ཏེ། མེའི་བྱེ་བྲག་རྩོད་གཞི་དང་མེའི་སྤྱི་གཏན་ཚིགས་སུ་ཁས་ལེན་པའི་ཕྱིར་ཞེ་ན། དེ་ཡང་ཁྱོད་ཀྱི་ལུགས་ལ་མི་འཐད་དེ། དེ་ལྟར་འཐད་ན་ཚོགས་དོན་བསྒྲུབ་བྱར་ཁས་ལེན་དགོས་ནའང་ཁྱོད་ཀྱིས་དེ་ལྟར་ཁས་མ་བླངས་པའི་ཕྱིར་དང་། དུ་བ་དང་ལྡན་པའི་ལ་ལ་ཞེ་སྡང་བ་དང་མེ་དང་ལྡན་པའི་གཞི་ལ་ངོ་བསྲུང་བ་མི་རིགས་པའི་ཕྱིར། ཆོས་ཀྱི་ཆོས་གྲུབ་པ་ནི་དཔེར་ན། གཙོ་བོ་གཅིག་ཡོད་དེ། ཐ་དད་རྣམས་དང་རྗེས་སུ་འགྲོ་བ་མཐོང་བའི་ཕྱིར་ཞེས་པ་ལྟ་བུའོ་ཞེས་པ་འདོད་དོ། །དེ་ནི་མི་འཐད་དེ། སྔར་བཀག་ཟིན་པའི་ཕྱིར་རོ། །གཉིས་པ་ནི། སྒྲ་དང་མི་རྟག་པའི་ཚོགས་དོན་དེ་སྒྲུབ་ཀྱི་བསྒྲུབ་བྱར་ཁས་ལེན་པར་རིགས་པར་ཐལ། རྒྱུ་མཚན་འདི་ལྟར་ཆོས་ཀྱིས་ཏེ་བྱས་པའི་རྟགས་ཀྱིས་ཆོས་ཏེ་སྒྲ་མི་རྟག་པར་བསྒྲུབས་པའི་ཕྱོགས་ཆོས་དང་རང་གི་མཐུན་དཔེའི་སྟེང་དུ་ཆ་མི་རྟག་པ་དང་མེད་ན་མི་འབྱུང་བའི་འབྲེལ་བ་སྒྲུབ་པའི་སྒོ་ནས་སྒྲ་མི་རྟག་པར་སྒྲུབ་ཅིང་སྟེ་སྒྲུབ་པའི་ཕྱིར་རོ། །ཡང་། བྱས་པས་དེ་འདྲའི་ཚོགས་དོན་སྒྲུབ་པར་ཐལ། ཆོས་ཅན་ཡང་དེ་བཞིན་ཏེ། བྱས་པའི་རྟགས་ཀྱིས་ཆོས་ཅན་དུ་བཟུང་བའི་སྒྲ་མི་རྟག་པས་ཁྱད་པར་དུ་བྱས་ནས་སྒྲུབ་པའི་ཕྱིར། དེས་ན་ཚོགས་དོན་བསྒྲུབ་བྱ་དང་སྒྲ་མི་རྟག་པར་སྒྲུབས་པའི་རྟགས་སུ་བཀོད་པའི་བྱས་པ་དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་སུ་ཁས་བླངས་པར་བྱའོ། འདི་ལྟར་བཤད་པ་མཁན་པོའི་དགོངས་པ་ཡིན་གྱི། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་སུ་ཁས་བླངས་པར་བྱའོ་ཞེས་པ་མཁན་པོའི་དགོངས་པ་མ་ཡིན་ཏེ། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མིན་པར་ཐལ། དེ་ལྟར་སྒྲུབ་པ་ལ་ཁྱོད་རྟགས་སུ་བཀོད་པའི་འགོད་ཚུལ་དེ་ཡིན་འགོད་གང་ཞིག་སྒྲ་དེ་ཁྱོད་མ་ཡིན་པའི་ཕྱིར་ཞེས་བརྗོད་ན་ལན་ཅི་ཡོད། ཁོ་བོའི་བསྟན་བཅོས་འདིའི་གོང་འོག་འགར་དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་ཞེས་པ་སྣང་ནའང་གཞི་ལྡོག་དང་རང་ལྡོག་སོ་སོར་ཕྱེས་ནས་འཆད་རྒྱུ་ཡིན་པས་འགལ་བ་འདུག་ཅེས་ཟེར་ནས་བཅལ་ཅོལ་གྱི་བཤད་པ་མ་བྱེད་ཅིག གཉིས་པ་གཞན་གྱིས་བཏགས་པའི་གཏན་ཚིགས་དགག་པ་ལ་གཉིས་ཏེ། རྟགས་ལ་ཕྱོགས་ཆོས་མི་དགོས་པར་འདོད་པ་དགག་པ་དང་། འགོག་བྱེད་ཀྱི་རིགས་པ་གཞན་ཡང་བསྟན་པའོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། ཁ་ཅིག་ན་རེ། སྒྲ་རྟག་པར་འདོད་པར་ཐལ། སྒྲ་མི་རྟག་སྟེ། ལས་རྟག་པར་འགྱུར་བའི་ཕྱིར་དང་། རྟག་ཏུ་དམིགས་པར་འགྱུར་བའི་ཕྱིར་རོ་ཞེས་དམ་བཅའ་བརྗོད་པ་དང་། རྟགས་ཀྱི་ངག་གིས་ངག་ལས་རྟག་པ་དང་། སྒྲ་རྟག་ཏུ་དམིགས་པར་མི་འདོད་པ་ལ་མི་འདོད་པ་འཕེན་པའི་ཐལ་བ་རྩོམ་པ་དེ་ནི་དམ་བཅའ་ལྟར་སྣང་འགོག་པའི་ལན་ཞེས་ཤེས་པར་བྱ་སྟེ། ཕྱོགས་ཆོས་མ་གྲུབ་ཀྱང་མི་འདོད་པ་འཕེན་པའི་ཐལ་བ་དེའི་སྒོ་ནས་སྦྱོར་བ་ཡང་དག་འཐད་པའི་ཕྱིར་རོ་ཞེ་ན། གཉིས་པ་ལ་གཉིས་ཏེ། དཔེའི་མཚན་ཉིད་དང་། ཆོས་མཐུན་སྦྱོར་གྱི་རྗེས་དཔག་ཕྱོགས་ཆོས་བརྗོད་པ་ལ་ངེས་པར་ལྟོས་དགོས་པའོ། །དང་པོ་ནི། དཔེ་སྤངས་ནས་ཁྱབ་པའི་ཚུལ་འཐད་པ་མ་ཡིན་ཏེ། གཏན་ཚིགས་བསྒྲུབ་བྱའི་ཆོས་ཀྱི་རྗེས་སུ་འགྲོ་བ་དངོས་སུ་བསྟན་པའི་དཔེ་གང་ཡིན་པ་དེ་མཐུན་དཔེ་དང་། བསྒྲུབ་བྱའི་ཆོས་མེད་པ་ལ་རྟགས་མེད་པར་བརྗོད་པའི་དཔེ་དེ་མི་མཐུན་དཔེར་ཤེས་པར་བྱ་བ་ཡིན་པའི་ཕྱིར། དོན་ནི་བུམ་པ་ཆོས་ཅན། སྒྲ་མི་རྟག་པར་བསྒྲུབ་པའི་མཐུན་དཔེ་ཡིན་ཏེ། དེའི་དཔེ་གང་ཞིག་བྱས་པ་དང་མི་རྟག་པ་གཉིས་ཀྱིས་བསྒྲུབ་འགོད་དང་མཐུན་པར་མི་སྟོང་ཞིང་བྱས་ན་མི་རྟག་པས་ཁྱབ་པའི་ཕྱིར། ནམ་མཁའ་ཆོས་ཅན། དེ་སྒྲུབ་ཀྱི་མི་མཐུན་པའི་དཔེ་ཡིན་ཏེ། དེའི་དཔེ་གང་ཞིག་བྱས་མི་རྟག་གཉིས་ཀྱིས་བསྒྲུབ་འགོད་དང་མཐུན་པར་སྟོང་ཞིང་མི་རྟག་པ་མ་ཡིན་ན་བྱས་པ་མ་ཡིན་པས་ཁྱབ་པའི་ཕྱིར་རོ། །སྦྱོར་བ་གཉིས་པོ་དེ་ནི་ཆོས་ཅན། གཞན་དོན་གྱི་རྗེས་དཔག་གི་ཡན་ལག་ཡིན་ཞེས་བརྗོད་དུ་རུང་སྟེ། ལྔ་པའི་མཐའ་ཅན་ཏེ། འབྱུང་ཁུངས་ཀྱི་མཐའ་ཅན་གྱི་ཁྱབ་པ་སྟོན་པའི་དཔེའི་ཡན་ལག་ཡིན་པའི་ཕྱིར། དེ་ནི་གཞན་གྱིས་བཀོད་པའི་སྦྱོར་བ། སྒྲ་མི་རྟག་སྟེ། བྱས་པ་མི་རྟག་པའི་ཕྱིར་ཞེས་པའམ། རྟག་ན་མ་བྱས་པའི་ཕྱིར་ཞེས་པ་ལྟ་བུའི་ཚིག་ཕྱི་མ་གཉིས་གཏན་ཚིགས་མ་ཡིན་གྱི། དཔེས་བསྟན་པའི་ཁྱབ་པའི་ཡན་ལག་ཡིན་ཞེས་འགྲེལ་པས་འཆད་དོ། །གཉིས་པ་ནི། གཞན་གྱི་འདོད་པ་འགོག་པའི་ཆོས་མཐུན་སྦྱོར་གྱི་གཞན་དོན་གྱི་རྗེས་དཔག་ལ། ཕྱོགས་ཆོས་ཀྱི་ཡན་ལག་མ་ཚང་བའི་སྐྱོན་མེད་པར་ཐལ། བྱས་པ་ལྟ་བུའི་རྟགས་ནི་སྒྲ་ལྟ་བུའི་རྩོད་གཞི་ལ་ཉེ་བར་སྦྱར་བ་ལས་ཕྱོགས་ཆོས་བསྟན་པར་འདོད་པའི་ཕྱིར། གཉིས་པ་འགོག་བྱེད་ཀྱི་རིགས་པ་གཞན་ཡང་བསྟན་པ་ནི། གང་དུ་གཞན་ཕྱོགས་འགོག་པའི་ཐལ་བ་ཙམ་གྱིས་རང་ཕྱོགས་འཇོག་པར་བྱེད་པ་བསལ་འོངས་ཀྱིས་ཏེ། གསལ་བ་རྣམས་རང་རྒྱུའི་དུས་སུ་མེད་པར་ཡང་སྐྱེ་བར་འདོད་པ་ལ། གསལ་བ་ཆོས་ཅན། རང་རྒྱུའི་དུས་སུ་སྔར་མེད་པར་ཡང་སྐྱེ་བ་མ་ཡིན་ཏེ། དེ་ལྟར་སྐྱེ་ན་རྗེས་སུ་འགྲོ་བའི་སྤྱི་མེད་པའི་གསལ་བ་ཐ་དད་འབའ་ཞིག་ཏུ་ཐལ་བར་འགྱུར་བའི་ཕྱིར། ཞེས་པ་གཞན་ཕྱོགས་འགོག་པ་དང་། རང་ཕྱོགས་སྒྲུབ་པའི་སྒྲུབ་བྱེད་ཡང་དག་ཏུ་བརྗོད་ན་ནི། དེ་འདྲའི་སྦྱོར་བ་དེ་སྒྲུབ་བྱེད་ཡང་དག་ཏུ་མི་འཐད་པར་ཐལ། དེ་ལ་གཏན་ཚིགས་ཏེ་ཕྱོགས་ཆོས་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཀྱང་རྟགས་ལས་རང་གི་བསྒྲུབ་བྱ་མི་གྲུབ་པའི་སྐྱོན་མེད་དེ། ཕྱོགས་ཆོས་དང་དཔེ་གཉིས་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་བསྟན་པ་ལས་ཏེ་རང་གི་སྒྲུབ་བྱ་གྲུབ་པའི་ཕྱིར་རོ། །ལོག་རྟོག་བཟློག་པའི་དོན་དུ་རྗེས་སུ་འགྲོ་བ་ཞེས་སྨོས་པ་ཡིན་གྱི་རྗེས་འགྲོ་རྟགས་ཀྱི་མཚན་ཉིད་ཀྱི་ཡན་ལག་ཏུ་སྨོས་པ་ནི་མ་ཡིན་ནོ། །རྐང་པ་སྔ་མ་རྒྱུ་མེད་པར་ནི་ཐལ་བར་འགྱུར། ཞེས་འགྲེལ་བཤད་ཀྱི་འགྱུར་ལས་བཏོན་ནས། རྗེས་སུ་འགྲོ་མེད་པར་ཐལ་བ་ལ་བཤད་དོ། །དེས་ན་རྣམ་ལྡན་ལས་གཞན་མིན་ཞེས་པ་ནི། རྟགས་ཡང་དག་ཡིན་ན་ཕྱོགས་ཆོས་ངེས་པར་དགོས་པར་ཐལ། ཐལ་འགྱུར་ཡང་དག་ཡིན་ན་ཚུལ་གསུམ་འཕེན་པར་ཁས་ལེན་ན་ནི། ཚུལ་གསུམ་ཁས་བླངས་པས་ཕྱོགས་ཆོས་མེད་པའི་རྟགས་ཡང་དག་མི་འཐད་པའི་ཕྱིར་དང་། དེ་ལྟར་ཁས་མི་ལེན་ན་གཞན་ཕྱོགས་འགོག་པ་ཡང་མི་ནུས་པར་ཁས་བླངས་པའི་ཕྱིར་རོ། །བསལ་རྟགས་ཁས་བླངས་སོ། །གལ་ཏེ་སྔར་བཤད་པའི་སྦྱོར་བ་ནི་བསལ་བ་སྟེ་འོངས་པ་མ་ཡིན་ཏེ། ཕྱོགས་ཆོས་མེད་པའི་ཕྱིར། དེས་ན་བསལ་བ་སྟེ་འོངས་པ་ཡིན་ན་ཕྱོགས་ཆོས་ཡོད་པས་ཁྱབ་བོ་ཞེ་ན། དེ་ལ་ཕྱོགས་ཆོས་ཡོད་དུ་ཆུག་ཀྱང་ཕྱོགས་གཞན་ནས་སྐྱོན་ཡོད་དེ་ཞེས་འཆད་པ་ནི་གྲངས་ཅན་པས་བདེ་བར་གཤེགས་པ་ལ། ཆ་ཤས་མེད་པའི་གཙོ་བོ་ཡོད་དེ། ཁྱད་པར་རྣམས་ལ་རྗེས་སུ་འགྲོ་བ་མཐོང་བའི་ཕྱིར་ཞེས་བཀོད་པ། ཕྱོགས་ཆོས་མ་གྲུབ་པར་ཐལ། བདེ་བར་གཤེགས་པའི་ངོར་ཁྱད་པར་རྣམས་སྙིང་སྟོབས་ལ་སོགས་པའི་ཡོན་ཏན་རྗེས་སུ་འགྲོ་བར་མ་གྲུབ་པའི་ཕྱིར་ཞེས་རྩོད་པ་ལ། གྲངས་ཅན་པས་དེ་བསྒྲུབ་པའི་ཆེད་དུ། དེ་ཙམ་ལྔ་ལས་འབྲས་བུ་གཅིག་མཐོང་བ་རྟགས་སུ་བཀོད་ནས། དེ་བསྐྱེད་པའི་རྒྱུ་ཆ་ཤས་མེད་པའི་གཙོ་བོ་ཡོད་པར་བསྒྲུབ་བོ། །དེ་ཡང་དེ་ཙམ་ལྔ་བདེ་སྡུག་རྨོངས་པ་གསུམ་གྱི་བཀོད་པའི་ཁྱད་པར་ཡིན་ལ། དེ་ཙམ་ལྔ་ལས་བདེ་བའི་འབྲས་བུ་རབ་ཏུ་དང་བ་དང་། སྡུག་བསྔལ་གྱི་འབྲས་བུ་གདུང་བ་སོགས་དང་། རྨོངས་པའི་འབྲས་བུ་ཞུམ་པ་དང་ལྕི་བ་སོགས་འབྲས་བུ་གཅིག་མཐོང་བས། དེ་ཙམ་ལྔ་ཡོན་ཏན་གསུམ་གྱི་བཀོད་པའི་ཁྱད་པར་ཡིན་ལ། ཡོན་ཏན་གསུམ་ཆ་མི་མཉམ་པ་མཐོང་བས་དེ་གསུམ་ཆ་མཉམ་པར་ཡོད་པར་གྲུབ་པ་དེས་ན། ཆ་ཤས་མེད་པའི་གཙོ་བོ་ཡོད་དེ། ཁྱད་པར་རྣམས་ལ་འབྲས་བུ་གཅིག་རྗེས་སུ་འགྲོ་བ་མཐོང་བའི་ཕྱིར་ཟེར་རོ། །སྦྱོར་བ་འདི་ནི། དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་མེད་པའི་ཕྱིར་ཞེས་འགྲེལ་བཤད་མཁན་པོ་རྗེས་འབྲང་དང་བཅས་པས་འཆད་དོ། །དེ་ནི་འཐད་པར་མི་སེམས་ཏེ། སྔར་བཤད་པའི་གྲངས་ཅན་གྱི་ཆ་ཤས་མེད་པའི་གཙོ་བོ་ཡོད་པར་བསྒྲུབ་པའི་གཏན་ཚིགས་ཚད་ཆེན་ནས་གསུངས་པ་ལ་ཁྱད་པར་རྣམས་རྗེས་སུ་འགྲོ་བ་མཐོང་བའི་ཕྱིར་ཞེས་ཡོད་ཀྱི། ཁྱད་པར་རྣམས་ལ་རྗེས་སུ་འགྲོ་བ་མཐོང་བའི་ཕྱིར་ཞེས་མེད་པས་ཕྱོགས་སྔ་མཁན་པོས་མི་འདོད་པའི་ལུགས་བཀོད་ནས་དེ་ལ་སུན་འབྱིན་བྱེད་པ་ཕལ་པའི་ལུགས་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ཐལ་འགྱུར་ཙམ་དུ་འདོད་པས་སྐྱོན་མེད་དོ་ཞེ་ན། གཞན་གྱི་ཁས་བླངས་སྔོན་དུ་སོང་བ་ལས་བསལ་ཏེ་འོངས་པ་ལས་དེ་བཞིན་ཏེ་དེ་དང་གཞན་རྟགས་དང་དམ་བཅའ་ཡི་སྐྱོན་བརྗོད་པ་ནི་སུན་འབྱིན་དུ་ཤེས་པར་བྱ་དགོས་ཏེ། དེ་མི་འདོད་པ་འཕེན་པའི་ཐལ་འགྱུར་ཙམ་ཡིན་གྱི་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་མ་ཡིན་པའི་ཕྱིར་རོ། །གཉིས་པ་རྟགས་ཀྱི་ལྟོས་གཞི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་བཤད་པ་ལ་གསུམ་སྟེ། ཕྱོགས་ཆོས་གཉིས་ཀྱི་རང་བཞིན་དང་། མི་མཐུན་ཕྱོགས་ཀྱི་དབྱེ་བ་དང་། རྩོད་པ་སྤང་པའོ། །དང་པོ་ནི། གལ་ཏེ་ཕྱོགས་ཆོས་ཉིད་ལ་གཏན་ཚིགས་དང་། གཏན་ཚིགས་ལྟར་སྣང་བ་དང་། དེ་ཡང་མཐུན་ཕྱོགས་ལ་ཡོད་པ་དང་། མེད་པ་དང་། ཆ་གཉིས་པ་དང་། དེ་རེ་རེ་ལ་ཡང་མི་མཐུན་ཕྱོགས་ལ་ཡོད་པ་དང་། མེད་པ་དང་། ཆ་གཉིས་པའོ་ཞེས་བརྗོད་ན་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཀྱི་རང་བཞིན་གང་ཡིན་ཞེ་ན། མཐུན་ཕྱོགས་ཀྱི་རང་བཞིན་ཡོད་དེ། སྒྲུབ་ཚུལ་དང་མཐུན་པར་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མཐུན་པར་ཡོད་པའི་ཕྱིར། མི་མཐུན་པའི་ཕྱོགས་ཀྱི་རང་བཞིན་ཡོད་དེ། སྒྲུབ་ཚུལ་དང་མཐུན་པར་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མི་མཐུན་པར་ཡོད་པའི་ཕྱིར་རོ། །འདི་ནི་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུ་སྦྱོར་སྐོར་རེ་རེའི་དབང་དུ་བྱེད་པའོ། །མཐུན་ཕྱོགས་ཀྱི་སྒྲ་བཤད་ཀྱང་ཡོད་དེ། རྩོད་གཞི་སྒྲ་དང་དཔེ་བུམ་པ་ཐ་དད་མེད་པ་མི་རྟག་པ་ཉིད་དུ་ཆོས་མཐུན་པས་བུམ་པ་མཐུན་ཕྱོགས། རྟགས་མཐུན་ཕྱོགས་ལ་ཡོད་ཅེས་བྱས་ནས་གཞན་ལ་སྟོན་པར་བྱེད་ཅིང་མཐུན་ཕྱོགས་ལ་ཡོད་པ་ནི་མཐུན་ཕྱོགས་ཞེས་པ་ཕྱོགས་ལས་ཏེ། རྩོད་གཞི་དང་བསྒྲུབ་བྱའི་ཆོས་ལྡན་དུ་ཆོས་མཐུན་པ་ལ་མཐུན་ཕྱོགས་ཞེས་བརྗོད་པའི་ཕྱིར། མི་མཐུན་ཕྱོགས་ཀྱི་སྒྲ་བཤད་ཀྱང་ཡོད་དེ། རྩོད་གཞི་དང་བསྒྲུབ་བྱའི་ཆོས་ལྡན་དུ་ཆོས་མི་མཐུན་པ་ལ་མི་མཐུན་ཕྱོགས་ཞེས་བརྗོད་པའི་ཕྱིར། འདི་ལྟ་བུར་འདི་ཕྱོགས་གཉིས་ཀྱི་སྒྲ་བཤད་སྟོན་པ་ཡིན་པར་མ་ཤེས་ནས། གཞུང་འདི་དང་། རྣམ་ངེས་ལས། མཐུན་པའི་ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་དོན་མཐུན་པའོ། །དེ་མེད་པ་ནི་མི་མཐུན་པའི་ཕྱོགས་སོ་ཅེས་དང་། ཚད་མ་རིགས་པའི་གཏེར་ལས། ཕྱོགས་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས། །མཐུན་དང་མི་མཐུན་ཕྱོགས་གཉིས་ཡིན། །ཞེས་གསུངས་པ་ལ་བརྟེན་ནས་གངས་རིའི་ཁྲོད་ཀྱི་ཚད་མ་སྨྲ་བའི་མཁས་མཆོག་དག་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་ན་དེ་སྒྲུབ་ཀྱི་རྩོད་གཞི་དང་བསྒྲུབ་བྱའི་ཆོས་སུ་མཐུན་པ་གཅིག་དགོས་ཞེས་གསུངས་སོ། །དེ་ནི་ཤིན་ཏུ་མི་འཐད་དེ། གཞུང་གི་དོན་གཏན་ནས་མ་ཡིན་པའི་ཕྱིར་དང་། རིགས་པས་ཀྱང་ཤིན་ཏུ་མི་འཐད་པའི་ཕྱིར། འདི་ལྟར། མཐུན་ཕྱོགས་ཡིན་ན་སྤྱིར་བསྒྲུབ་བྱའི་ཆོས་ཀྱི་གཞི་ལྡོག་ཏུ་ཆོས་མཐུན་པ་ཞིག་དགོས་པ་གཞུང་གི་དོན་ཡིན་གྱི་དེ་ཡིན་ན་རྩོད་གཞི་དང་དེར་མཐུན་དགོས་པ་གཞུང་གི་དོན་གཏན་ནས་མ་ཡིན་ཏེ། དེ་ཡིན་ན་རྣམ་ངེས་སུ་ཕྱོགས་ཀྱང་མི་མཐུན་པའི་ཕྱོགས་སུ་འགྱུར་རོ་ཞེ་ན། རྣམ་གྲངས་ཀྱི་ན་འགྱུར་བ་ཡིན་ཏེ། ཞེས་སོགས་དུ་མ་གསུངས་པའི་མཁས་པའི་གཞུང་ནང་འགལ་ཅན་དུ་འགྱུར་ན་དེ་ནི་ཤིན་ཏུ་མི་རུང་བའི་ཕྱིར་རོ། །རིགས་པས་ཀྱང་མི་འཐད་དེ། གལ་ཏེ་འཐད་ན། གཞལ་བྱ་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་མི་སྲིད་པར་འགྱུར་ཏེ། སྒྲ་དང་རྟག་པར་མཐུན་པ་མི་སྲིད་པའི་ཕྱིར་རོ། །འདིའི་སྐྱོན་སྤོང་ལ་འུ་ཡུག་པ་ལ་སོགས་པ་དག་རྟག་པའི་རང་མཚན་དང་མཐུན་པ་མེད་ཀྱང་རྟག་པའི་གཞན་སེལ་དང་མཐུན་པར་ཡོད་པའི་ཕྱིར་སྒྲ་དང་རྟག་པར་མཐུན་པ་ཡོད་དོ་ཞེས་གསུངས་པ་ནི་གཏན་ནས་མ་ཡིན་ཏེ། རྟག་པའི་དངོས་པོ་དང་མཐུན་པ་ཡོད་པར་འགྱུར་ཏེ། རྟག་པའི་དངོས་པོའི་རང་མཚན་དང་མཐུན་པ་མེད་ཀྱང་དེའི་གཞན་སེལ་དང་མཐུན་པ་ཡོད་པའི་ཕྱིར་ཞེས་བརྗོད་ན་མཚུངས་པར་འགྱུར་རོ། །དོན་འདི་རྣམས་ནི་ཁོ་བོས་ཚད་མ་རིགས་པའི་གཏེར་གྱི་རྒྱན་དུ་ལེགས་པར་བཤད་ཡོད་པས་དེར་ཤེས་པར་མཛོད་ཅིག དེས་ན་མཐུན་ཕྱོགས་ཀྱི་སྒྲ་འཇུག་པ་ཡོད་ལ་བཤད་པ་མེད་པ་དང་། གཉིས་ཀ་ཡོད་པ་དང་། གཉིས་ཀ་མེད་པའོ། །དང་པོ་ནི། སྒྲ་རྟག་པར་སྒྲུབ་པ་ན་རྟག་པ་མཐའ་དག་ལྟ་བུའོ། །གཉིས་པ་ནི། སྒྲ་མི་རྟག་པར་བསྒྲུབ་པ་ན་མི་རྟག་པ་མཐའ་དག་ལྟ་བུའོ། །གསུམ་པ་ནི། དེའི་ཚེ་གང་ཟག་གི་བདག་ལྟ་བུའོ། །དེ་ཡང་སྒྲ་རྟག་པར་སྒྲུབ་པའམ། དེ་མི་རྟག་པར་སྒྲུབ་པ་ལྟ་བུ་སྦྱོར་སྐོར་རེ་རེའི་དབང་དུ་གྱིས་ཤིག རྒྱས་པར་ཤེས་པར་འདོད་ན་རྗེ་བཙུན་ཆེན་པོ་ཆ་པའི་གསུངས་རབ་ལས་ཤེས་པར་བྱའོ། །འོ་ན་མི་རྟག་པ་གཅིག་ཏུ་མི་འགྱུར་ཏེ། མི་རྟག་པ་ལ་ཕྱོགས་དང་མཐུན་ཕྱོགས་དུ་མ་རིགས་པའི་ཕྱིར་ཞེ་ན། ཆོས་དུ་མ་དང་ལྡན་པ་དེ་ཙམ་གྱིས་མི་རྟག་པ་འདི་ལའང་ཐ་དད་ཅེས་མི་འདོད་ཅིང་ཐ་དད་དུ་འགྱུར་བས་མ་ཁྱབ་པར་ཐལ། དེ་གཅིག་ཡིན་ཡང་བུམ་པ་ལ་སོགས་པ་མི་རྟག་པར་གྲུབ་ཟིན་པས་མཐུན་ཕྱོགས་དང་། དེ་སྒྲུབ་ཀྱི་ཕྱིར་རྒོལ་གྱི་ཚད་མས་སྒྲ་ལ་སོགས་པ་མི་རྟག་པར་གྲུབ་མ་ཟིན་པ་ཕྱོགས་ཡིན་པས། ཕྱོགས་དང་མཐུན་ཕྱོགས་ཐ་དད་ཡིན་པའི་ཕྱིར། གཞུང་ལུགས་ཤེས་པར་ཁས་ཆེ་བ་གང་དག་བྱས་པ་དེ་སྒྲུབ་ཀྱི་ཕྱོགས་ཆོས་དང་རྗེས་འགྲོ་དང་ལྡོག་པ་གསུམ་ཡིན་ན་དེ་ལྡོག་པ་ཐ་དད་པ་གསུམ་དུ་འགྱུར་རོ་ཞེས་བརྗོད་པ་ནི་གཞུང་འདིའི་ཕྱོགས་སྔའི་ཐིལ་ཞུགས་སུ་འདུག་མི་འདུག་ལེགས་པར་ལྟོས་ལ་ངོ་ཚའི་ལྟ་བ་སྤོངས་ཤིག གཉིས་པ་ནི། སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ཆོས་ཅན། གསུམ་ཡོད་དེ། བུམ་པའི་སྟེང་དུ་མི་རྟག་པ་བཀག་པ་ལྟ་བུ་མེད་པ་མི་མཐུན་ཕྱོགས་དང་། འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུ་འགལ་བ་མི་མཐུན་ཕྱོགས་དང་། ཤེས་བྱ་ལྟ་བུ་གཞན་པ་མི་མཐུན་ཕྱོགས་རྣམས་ཡོད་པའི་ཕྱིར། རྟགས་ལའང་སྒྲ་མི་རྟག་པར་སྒྲུབ་པའི་ཞེས་སྦྱོར་རོ། །གལ་ཏེ་གཞན་པ་མི་མཐུན་ཕྱོགས་ཡིན་ན་མི་མཐུན་ཕྱོགས་ཡིན་པས་ཁྱབ་ན། སྡུག་བསྔལ་ལ་སོགས་པ་ཆོས་ཅན། སྒྲ་མི་རྟག་པར་བསྒྲུབ་པའི་མི་མཐུན་ཕྱོགས་སུ་འགྱུར་ཏེ། དེའི་གཞན་པ་མི་མཐུན་ཕྱོགས་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། མི་རྟག་པ་ལས་ལྡོག་པ་གཞན་ཡིན་པའི་ཕྱིར། རྩ་བ་འདོད་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་འགྱུར་ཏེ། བྱས་པ་སྡུག་བསྔལ་ལ་སོགས་པ་ལ་འཇུག་པས་དེ་སྒྲུབ་ཀྱི་ལྡོག་པ་མ་གྲུབ་པར་ཁས་བླངས་པའི་ཕྱིར། གཞན་ཡང་། རྟགས་ཡང་དག་མི་སྲིད་པར་འགྱུར་ཏེ། མི་རྟག་པའི་ལྡོག་པ་ཁོ་ན་ལ་ཡོད་པ་མི་སྲིད་པའི་ཕྱིར། དུ་བས་མེ་བསྒྲུབས་པས་དྲོ་རེག་ཡོད་པར་སྒྲུབ་མི་ནུས་པར་འགྱུར་ཏེ། རེག་བྱ་བཏང་སྙོམས་པ་ལ་ཞུགས་པས་ལྡོག་པ་མ་གྲུབ་པར་འགྱུར་བའི་ཕྱིར། འགལ་བ་མི་མཐུན་ཕྱོགས་ཁོ་ན་མི་མཐུན་ཕྱོགས་ཡིན་ན། མེས་དྲོ་རེག་མི་རྟོགས་པར་འགྱུར་ཏེ། གྲང་རེག་ལས་ལྡོག་པ་མ་གྲུབ་པའི་ཕྱིར་ཞེ་ན། དེའི་སྐྱོན་མེད་དེ། མི་རྟག་པ་ལས་ལྡོག་པ་གཞན་ཡིན་ན་སྒྲ་མི་རྟག་པར་སྒྲུབ་པའི་གཞན་པ་མི་མཐུན་ཕྱོགས་ཡིན་པས་མ་ཁྱབ་པའི་ཕྱིར་དང་། མི་རྟག་པ་ལས་ལྡོག་པ་གཞན་པའི་སྡུག་བསྔལ་ལ་སོགས་པ་ལ་བྱས་པ་ཞུགས་ཀྱང་དེ་སྒྲུབ་ཀྱི་གཞན་པ་མི་མཐུན་ཕྱོགས་ལ་ཞུགས་པ་མ་ཡིན་པས་ལྡོག་པ་མ་གྲུབ་པའི་སྐྱོན་ཡོད་པ་མ་ཡིན་པའི་ཕྱིར་དང་། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ན་མི་རྟག་པའི་ལྡོག་པ་ཁོ་ན་ཡོད་དགོས་པར་ཁས་མ་བླངས་པས་རྟགས་ཡང་དག་མི་སྲིད་པ་ཐལ་བའི་ཉེས་པ་མེད་པའི་ཕྱིར་དང་། མི་མཐུན་ཕྱོགས་ཡིན་ན་འགལ་བ་མི་མཐུན་ཕྱོགས་ཡིན་པས་ཁྱབ་པར་ཁས་མི་ལེན་པས་དུ་བས་མེ་སྒྲུབ་པའི་ཚེ་ཡང་རེག་བྱ་བཏང་སྙོམས་པ་ལས་ལྡོག་པ་ཡང་འཐད་པའི་ཕྱིར་དང་། གྲང་རེག་ལས་ལྡོག་པ་གྲུབ་པས་མེས་དྲོ་བའི་རེག་པ་མི་རྟོགས་པའི་སྐྱོན་ཡང་མེད་པའི་ཕྱིར་ཞེས་མཁས་པ་ཕལ་མོ་ཆེས་ལན་འདེབས་སོ། །ཞིབ་ཏུ་མ་དཔྱད་པར་ཚིག་ཙམ་ལ་བལྟས་ན་རྣམ་ངེས་སུ་ལན་དེ་བཞིན་དུ་བཏབ་པ་ལྟ་བུར་སྣང་ལ། གཞུང་འདིའི་ཚིག་ཟིན་ལའང་དེ་ལྟར་སྣང་མོད་ཁོ་བོས་འདི་ལྟར་སེམས་ཏེ། འགལ་བ་མི་མཐུན་ཕྱོགས་ཁོ་ན་མི་མཐུན་ཕྱོགས་སུ་ཁས་བླངས་ཀྱང་ཉེས་པ་མེད་པར་མཐོང་སྟེ། །འདི་ལྟར། འགལ་བ་མི་མཐུན་ཕྱོགས་ཁོ་ན་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་སུ་ཐལ། དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་མ་ཡིན་པའི་ཕྱིར། མ་ཁྱབ་ན་ཕྱོགས་གཉིས་དངོས་འགལ་དུ་འདོད་པ་དང་མི་འགལ་ལམ། འདོད་ན། མི་རྟག་པར་འགྱུར་རོ། །གལ་ཏེ་ཡོད་པ་གང་ཞིག་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་མ་ཡིན་ན། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་དགོས་ཀྱང་། སྤྱིར་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་མ་ཡིན་ན་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་པས་ཁྱབ་པར་ཁས་མི་ལེན་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན། མི་འཐད་དེ། འདི་ལྟར། དེ་སྒྲུབ་ཀྱི་འགལ་བ་མི་མཐུན་ཕྱོགས་ཁོ་ན་ཆོས་ཅན། དེ་སྒྲུབ་ཀྱི་མཐུན་ཕྱོགས་སུ་ཐལ། ཡོད་པ་གང་ཞིག་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་མ་ཡིན་པའི་ཕྱིར་ཞེས་བརྗོད་ན་ལན་ཅི་ཡོད། གལ་ཏེ་དེ་ཡོད་པ་མ་གྲུབ་བོ་ཞེ་ན། དེ་ཡོད་པར་ཁས་བླངས་ན་ཅིར་འགྱུར། གཞན་པ་མི་མཐུན་ཕྱོགས་མེད་པར་ཐལ། འགལ་བ་མི་མཐུན་ཕྱོགས་ཁོ་ན་ཡོད་པའི་ཕྱིར་ཞེས་པའི་ཉེས་པར་འགྱུར་རོ་ཞེ་ན། འགལ་བ་མི་མཐུན་ཕྱོགས་ཁོ་ན་བདག་མེད་དུ་ཐལ། དེ་བདག་མེད་མ་ཡིན་པའི་ཕྱིར། མ་གྲུབ་ན་ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་ན། འོ་ན་གཞན་པ་མི་མཐུན་ཕྱོགས་བདག་མེད་མ་ཡིན་པར་ཐལ། འགལ་བ་མི་མཐུན་ཕྱོགས་ཁོ་ན་བདག་མེད་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །འདིའི་དོན་རྒྱས་པར་བཤད་ཟིན་ལ་ད་རུང་ཡང་སྐབས་སྐབས་སུ་དགག་སྒྲུབ་བྱེད་དོ། །རྒྱས་པར་ཚད་མ་རྣམ་པར་ངེས་པ་ལས་ཤེས་པར་བྱའོ། །གཞན་པ་མི་མཐུན་ཕྱོགས་ཡིན་ན་མི་མཐུན་ཕྱོགས་ཡིན་པས་ཁྱབ་ན་རྟགས་ཡང་དག་མི་སྲིད་པ་དང་། འགལ་བ་མི་མཐུན་ཕྱོགས་ཡིན་ན་མི་མཐུན་ཕྱོགས་ཡིན་པས་ཁྱབ་ན་འགལ་ཟླ་འགོག་མི་ནུས་པ་ལ་སོགས་པའི་འགལ་བ་མེད་པར་ཐལ། རྟགས་རང་གི་མི་མཐུན་ཕྱོགས་ཙམ་ལ་མེད་པར་ངེས་པ་ནི། དེ་གཞན་དང་ནི་དེ་འགལ་ཏེ། །མི་མཐུན་ཕྱོགས་རྣམས་གཉིས་ལ་ཡང་། རྟགས་མེད་པར་ངེས་པས་ན་མི་མཐུན་ཕྱོགས་མཐའ་དག་ལས་ལྡོག་པར་ངེས་པའི་ཕྱིར་རོ། །རྟགས་རང་གི་མི་མཐུན་ཕྱོགས་ལས་ལྡོག་པའི་ངེས་ཚུལ་མེད་པ་མ་ཡིན་ཏེ། རྟགས་རང་གི་མེད་པ་མི་མཐུན་ཕྱོགས་ལས་ལྡོག་པར་དངོས་སུ་ངེས་ལ། གཞན་གཉིས་ལས་ལྡོག་པར་ཤུགས་ལ་ངེས་པའི་ཕྱིར་ཞེས་འཆད་དོ། །ལྡོག་པའི་དོན་ཡང་སྒྲུབ་ཚུལ་དང་མཐུན་པར་མེད་པ་དང་། བྱས་པ་ལྟ་བུ་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལས་ཞེས་བྱེ་བྲག་ལ་སྦྱར་ནས་ཤེས་པར་བྱའོ། །འདིར་དེ་ལྟར་དུ་ཐམས་ཅད་ལ་སྦྱར་ན་ཡི་གེ་མང་བ་ལ་འཇིགས་པས་ཐམས་ཅད་ལ་དངོས་སུ་མ་སྦྱར་བ་ཡིན་པས། གོང་འོག་འགའ་རེའི་སྐབས་སུ་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཡོད་པར་སྒྲུབ་པ་དང་། བྱས་པ་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ཀྱི་རང་ལྡོག་དེ་སྒྲུབ་ཚུལ་དང་མཐུན་པར་ཡོད་པར་སྒྲུབ་པ་ཡིན་ཡང་འགལ་བར་སེམས་པར་མ་བྱེད་དེ། རིགས་པ་སྨྲ་བས་གཞི་ལྡོག་དང་རང་ལྡོག་གི་རྣམ་བཞག་ལ་སོ་སོར་མཁས་དགོས་པའི་ཕྱིར་རོ། །གཉིས་པོ་མི་མཐུན་ཕྱོགས་མ་ཡིན་པ་དང་། མཐུན་ཕྱོགས་ལས་ལྡོག་པ་གཞན་ཡིན་ན་གཞན་པ་མི་མཐུན་ཕྱོགས་ཡིན་པས་ཁྱབ་པ་མ་ཡིན་པར་ཐལ། མཐུན་ཕྱོགས་ལ་ལོག་པ་ཙམ་མི་མཐུན་ཕྱོགས་ཡིན་ཡང་། མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་ན་མི་མཐུན་ཕྱོགས་ལ་ཡོད་པ་རྣམ་པར་བཅད་པ་ལས་གྱུར་པའི་སྒོ་ནས་ལྡོག་པ་ངེས་པ་ཡིན་པའི་ཕྱིར། དཔེར་ན་བྲམ་ཟེ་ལས་ལྡོག་པ་གཞན་ཡིན་ན་བྲམ་ཟེ་མ་ཡིན་པས་ཁྱབ་པ་མ་ཡིན་གྱི་བྲམ་ཟེའི་རིགས་དང་མི་ལྡན་ན་བྲམ་ཟེ་མ་ཡིན་པས་ཁྱབ་པར་འཇིག་རྟེན་ན་གྲགས་པ་བཞིན་ནོ་ཞེས་རྣམ་ངེས་དང་། འགྲེལ་བཤད་ལས་བཤད་དོ། །དེ་ལས་ལྡོག་པ་གཞན་ཡིན་ན་དེ་མ་ཡིན་པས་མ་ཁྱབ་པ་ཅིའི་ཕྱིར་ཞེ་ན་བྱས་པ་ཆོས་ཅན། མི་རྟག་པ་དང་ལྡོག་པ་གཞན་པའི་སྡུག་བསྔལ་དང་བདག་མེད་ལ་སོགས་པ་དུ་མ་ལ་འཇུག་ན་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་མ་གྲུབ་པས་མ་ཁྱབ་པར་ཐལ། མི་རྟག་པ་ལས་ལྡོག་པ་གཞན་ཡིན་ཡང་མཚན་ཉིད་གཅིག་ཉིད་ཡིན་མོད་ཀྱང་། ཞེས་པ་སྟེ། སྒྲ་མི་རྟག་པ་དང་བདག་མེད་དུ་བསྒྲུབ་པའི་ལྡོག་ཁྱབ་ངེས་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་སྒྲུབ་ཀྱི་མཐུན་དཔེ་ཡང་དག་གི་སྟེང་དུ་སྒྲུབ་ཚུལ་དང་མཐུན་པར་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པའི་ཕྱིར་རོ། །ཁྱབ་པ་ཁས་བླངས་ཏེ། མཐུན་ཕྱོགས་ལ་མེད་པ་མིན་པ་ཉིད་ནི་དེ་ལ་ཡོད་པའི་མཚན་ཉིད་དང་། མཐུན་ཕྱོགས་ལ་མེད་པ་ཉིད་མི་མཐུན་ཕྱོགས་ལ་ཡོད་པའི་མཚན་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །གལ་ཏེ་བྱས་པས་སྒྲའི་སྟེང་དུ་མི་རྟག་པ་དང་བདག་མེད་གཉིས་བསྒྲུབ་པ་མི་འཐད་དེ། བསྒྲུབ་བྱ་རེ་རེ་ལ་སྒྲུབ་བྱེད་ཀྱང་རེ་རེར་ངེས་པའི་ཕྱིར་ཞེ་ན། དེའི་སྐྱོན་མེད་པར་ཐལ། བསྒྲུབ་བྱའི་དོན་དུ་མ་ལ་སྒྲུབ་བྱེད་གཅིག་ཀྱང་འཇུག་པར་རིགས་པའི་ཕྱིར། བྱས་པ་སྒྲ་སྡུག་བསྔལ་དུ་བསྒྲུབ་པའི་མི་མཐུན་ཕྱོགས་ལས་ལྡོག་ཅེས་སྨྲ་བ་ནི་མི་འཐད་དེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་སུ་ཁས་ལེན་དགོས་པའི་ཕྱིར། མ་གྲུབ་ན། བྱས་པ་ཆོས་ཅན། མེད་ངེས་སུ་ཐལ། དེ་བསྒྲུབ་ཀྱི་མཐུན་ཕྱོགས་ཀྱང་མ་ཡིན་མི་མཐུན་ཕྱོགས་ཀྱང་མ་ཡིན་པའི་ཕྱིར། །རྟགས་སྔ་མ་མ་གྲུབ་ན། སྡུག་བསྔལ་དུ་ཐལ། སྒྲ་སྡུག་བསྔལ་དུ་བསྒྲུབ་པའི་མཐུན་ཕྱོགས་ཡིན་པའི་ཕྱིར། ཁྱབ་པ་ནི་ཀུན་གྱིས་ཁས་བླངས་སོ། །གསུམ་པ་རྩོད་པ་སྤང་བ་ནི། གལ་ཏེ་བྱས་པ་ཉིད་དོན་དུ་མ་ལ་འཇུག་པའི་སྤྱི་ཡིན་པས། ཐེ་ཚོམ་ཀྱི་རྒྱུར་འགྱུར་བས་སྒྲ་མི་རྟག་པར་དཔོག་མི་ནུས་པར་འགྱུར་ཏེ། སྤྱི་ལས་ཁྱད་པར་དཔོག་པའི་ཕྱིར་ཞེ་ན། བྱས་པ་ཉིད་བུམ་པ་དང་བུམ་མིན་གྱི་དངོས་པོ་སོགས་དུ་མ་ལ་འཇུག་པར་མཐོང་ན་བྱས་པས་སྒྲ་མི་རྟག་པ་དང་བདག་མེད་སོགས་སྒྲུབ་པར་མི་ནུས་པས་མ་ཁྱབ་པར་ཐལ། སྤྱི་སྟེ་བྱས་པ་ལས་སྒྲ་སྟེང་དུ་མི་རྟག་པ་དང་བདག་མེད་སོགས་ཆོས་དུ་མ་བསྒྲུབ་ན་བསྒྲུབ་བྱ་དང་རྗེས་འགྲོ་ལ་ཐེ་ཚོམ་ཟ་ནས་བསྒྲུབ་མི་ནུས་པར་འདོད་པ་བླུན་པོའི་ལུགས་ཡིན་གྱི་བྱས་པ་དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར་རོ། །ཁ་ཅིག་རང་གི་བསྒྲུབ་བྱའི་ཆོས་ཀྱིས་སྟོང་པའི་དོན་དུ་མ་ལ་འཇུག་ན་ཐེ་ཚོམ་ཡིན་ཡང་། དུ་བ་ལ་སོགས་རང་གི་བྱེ་བྲག་དུ་མ་ལ་འཇུག་ཀྱང་། མི་མཐུན་ཕྱོགས་ལས་ལྡོག་པ་ངེས་པ་ལ་ཐེ་ཚོམ་གྱི་རྒྱུར་འགྱུར་བ་མ་ཡིན་ནོ་ཞེས་ཟེར་བ་ནི་འཐད་པ་མ་ཡིན་ཏེ། ཤེས་བྱ་སྒྲ་རྟག་དངོས་སུ་སྒྲུབ་པའི་ཚེ་ཤེས་བྱ་ཐེ་ཚོམ་ཀྱི་རྒྱུ་ཡིན་པར་ཐལ། རྟག་དངོས་ཀྱིས་སྟོང་པའི་དོན་དུ་མ་ལ་འཇུག་པའི་ཕྱིར། འདོད་ན་འོག་ཏུ་འགོག་གོ །གསུམ་པ་ཕྱོགས་ཆོས་ཅན་དགུའི་དཔེར་བརྗོད་ནས་དེའི་དོན་བཤད་པ་ལ་གཉིས་ཏེ། །གཏན་ཚིགས་དཔེར་བརྗོད་པ་དང་། དེའི་དོན་བཤད་པའོ། །དང་པོ་ནི། རེའུ་མིག་སྟེང་ལ་བྲི་བར་བྱ་བ་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པའི་ཕྱོགས་ཆོས་ཅན་གྱི་རྟགས་ཆོས་ཅན། གསུམ་དུ་དབྱེར་ཡོད་དེ། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་ཕྱོགས་ཆོས་ཅན་གསུམ་དུ་དབྱེར་ཡོད་པའི་ཕྱིར། དེ་གསུམ་གང་ཞེ་ན། དུང་སྒྲ་ཆོས་ཅན། རྟག་ཏེ་གཞལ་བྱ་ཡིན་པའི་ཕྱིར་དང་། མི་རྟག་ཏེ་བྱས་པའི་ཕྱིར་དང་། རྩོལ་བ་ལས་བྱུང་སྟེ་མི་རྟག་པའི་ཕྱིར་ཞེས་པ་རྣམས་སོ། །འདི་གསུམ་གྱི་དོན་དཔྱད་པ་ལ་ཁ་ཅིག་ཕྱོགས་ཆོས་ཅན་དགུའི་འཁོར་ལོའི་གཞུང་སོར་བཞག་བྱས་ནས། གཞལ་བྱ་ནི་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་བཞིན་དུ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལའང་ཁྱབ་བྱེད་དུ་འཇུག་ལ། ཕྱི་མ་གཉིས་ནི། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་ཀྱང་དེ་སྒྲུབ་ཀྱི་མི་མཐུན་པའི་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་ཤིན་ཏུ་མི་འཐད་དེ། མི་རྟག་པ་དེ་སྒྲ་རྩོལ་བྱུང་དུ་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་མི་འཇུག་པར་སྒྲུབ་ནུས་ན་གཞལ་བྱ་ཡང་སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་མི་འཇུག་པར་སྒྲུབ་ནུས་པ་མཚུངས་པའི་ཕྱིར། མ་གྲུབ་བོ་ཞེ་ན། སྒྲུབ་པར་ནུས་མི་ནུས་མི་མཚུངས་པའི་རྒྱུ་མཚན་སྟོན་ཅིག གཞལ་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་སྟེ། དེ་ལ་འཇུག་ཅིང་དེའི་ཁྱབ་བྱེད་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེར་ཐལ། དེ་ཁྱོད་དང་ཐ་དད་གང་ཞིག་ཁྱོད་ཁེགས་ན་དེ་ཁེགས་པས་ཁྱབ་པའི་ཕྱིར་ཞེ་ན། མི་འཐད་དེ། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པར་ཐལ། དེ་ལ་འཇུག་ཅིང་དེའི་ཁྱབ་བྱེད་ཡིན་པའི་ཕྱིར། ཕྱི་མ་གྲུབ་ཞེ་ན། དེ་ཁྱོད་དང་ཐ་དད་གང་ཞིག་ཁྱོད་ཁེགས་ན་དེ་ཁེགས་པས་ཁྱབ་པའི་ཕྱིར་ཞེས་བརྗོད་ན་ཅི་ཟེར། ཕྱི་མ་མ་གྲུབ་ཅེ་ན། སྔ་མའི་རྟགས་ཕྱི་མ་མ་གྲུབ་ཅེས་བྱའོ། །གཞལ་བྱ་ཆོས་ཅན། ཁྱོད་ཁེགས་ན་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ཁེགས་པས་ཁྱབ་པར་ཐལ། ཁྱོད་ཁེགས་ན་རྟག་པ་མ་ཡིན་པ་ཁེགས་པས་ཁྱབ་པའི་ཕྱིར་ཞེ་ན། འོ་ན། བྱས་པ་ཆོས་ཅན། ཁྱོད་ཁེགས་ན་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ཁེགས་པས་ཁྱབ་པར་ཐལ། ཁྱོད་ཁེགས་ན་མི་རྟག་པ་མ་ཡིན་པ་ཁེགས་པས་ཁྱབ་པའི་ཕྱིར། ཞེས་བརྗོད་ན་མི་མཚུངས་སམ། གལ་ཏེ་བྱས་པས་སྟོང་པའི་གཞིར་ཆོས་ཅན། མི་རྟག་པ་མ་ཡིན་པ་ཁེགས་པར་ཐལ། བྱས་པ་ཁེགས་པའི་ཕྱིར་ཞེ་ན། འོ་ན་གཞལ་བྱས་སྟོང་པའི་གཞི་ཆོས་ཅན། རྟག་པ་མ་ཡིན་པ་ཁེགས་པར་ཐལ། གཞལ་བྱ་ཁེགས་པའི་ཕྱིར། ཆོས་ཅན་མ་གྲུབ་སྟེ། ཡོད་ན་གཞལ་བྱ་ཡོད་པས་ཁྱབ་པའི་ཕྱིར་ཞེ་ན། འོ་ན་ཁྱོད་ཀྱི་དེ་ཡང་ཆོས་ཅན་མ་གྲུབ་པར་ཐལ། ཡོད་ན་བྱས་པ་ཡོད་པས་ཁྱབ་པའི་ཕྱིར་ཞེས་བརྗོད་པར་བྱའོ། །འདི་ལ་ལན་ཇི་ལྟར་བཏབ་ཀྱང་སྔར་དངོས་མེད་གཞི་མ་གྲུབ་པའི་རིགས་པ་བཤད་པ་དེ་ཉིད་འདིའི་ལན་དུ་ཁྱེར་ཤེས་པར་བྱའོ། །གལ་ཏེ་དེ་འདྲའི་གནོད་བྱེད་བརྗོད་ན་མཚུངས་སྲིད་ཀྱང་གནོད་བྱེད་འདི་ལྟར་དུ་བརྗོད་ན་མི་མཚུངས་ཏེ། བྱས་པ་ཆོས་ཅན། ཁྱོད་ཁེགས་ན་མི་རྟག་པ་མ་ཡིན་པ་ཁེགས་པས་ཁྱབ་པ་མ་ཡིན་པར་ཐལ། ཁྱོད་ཁེགས་ན་མི་རྟག་པ་མ་ཡིན་པ་མེད་པས་ཁྱབ་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། གང་ཟག་གི་བདག་དེ་མི་རྟག་པ་མ་ཡིན་པ་མེད་པར་ཐལ། གང་ཟག་གི་བདག་དེ་བྱས་པ་མེད་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་པའི་ཕྱིར། འདོད་ན། གང་ཟག་གི་བདག་དེ་མི་རྟག་པ་མ་ཡིན་པ་ཆོས་ཅན། ཁྱོད་ཡོད་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། རྩ་བར་མ་གྲུབ་ན། གང་ཟག་གི་བདག་དེ་བྱས་པ་མེད་པ་ཡིན་པར་ཐལ། ཡོད་ན་གང་ཟག་གི་བདག་དེ་བྱས་པ་མེད་པས་ཁྱབ་པའི་ཕྱིར་ཞེ་ན། འོ་ན། གཞལ་བྱ་ཆོས་ཅན། ཁྱོད་ཁེགས་ན་རྟག་པ་མ་ཡིན་པ་ཁེགས་པས་ཁྱབ་པ་མ་ཡིན་པར་ཐལ། ཁྱོད་མེད་ན་རྟག་པ་མ་ཡིན་པ་མེད་པས་ཁྱབ་པ་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། གང་ཟག་གི་བདག་དེ་རྟག་པ་མ་ཡིན་པ་མེད་པ་ཡིན་པར་ཐལ། གང་ཟག་གི་བདག་དེ་གཞལ་བྱ་མེད་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །འདོད་ན། གང་ཟག་གི་བདག་དེ་རྟག་པ་མ་ཡིན་པ་ཆོས་ཅན། ཁྱོད་ཡོད་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། རྩ་བར་མ་གྲུབ་ན། གང་ཟག་གི་བདག་དེ་གཞལ་བྱ་མེད་པ་ཡིན་པར་ཐལ། ཡོད་ན་གང་ཟག་གི་བདག་དེ་གཞལ་བྱ་མེད་པས་ཁྱབ་པའི་ཕྱིར། ཞེས་བརྗོད་ན་སྐལ་པ་ཐེར་འབུམ་གྱི་བར་དུ་མཚུངས་པར་མཐོང་ངོ་། གལ་ཏེ་དེ་འདྲའི་སྒྲུབ་བྱེད་བརྗོད་ན་མཚུངས་སྲིད་ཀྱང་། སྒྲུབ་བྱེད་འདི་ལྟར་དུ་བྱེད་ན་མི་མཚུངས་ཏེ། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་མ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པ་ལ་ཁྱོད་རྟགས་སུ་བཀོད་པའི་འགོད་ཚུལ་ཡིན་འགོད་སྒྲུབ་ཚུལ་ཡིན་བསྒྲུབ་ཡིན་པ་གང་ཞིག་མི་རྟག་པ་མ་ཡིན་པ་ཡིན་ན་ཁྱོད་ཡིན་པས་ཁྱབ་པ་མ་ཡིན་པའི་ཕྱིར་ཞེ་ན། འོ་ན་གཞལ་བྱ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་མ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པ་ལ་ཁྱོད་རྟགས་སུ་བཀོད་པའི་འགོད་ཚུལ་ཡིན་འགོད་སྒྲུབ་ཚུལ་ཡིན་སྒྲུབ་ཡིན་པ་གང་ཞིག་རྟག་པ་མ་ཡིན་པ་ཡིན་ན་ཁྱོད་ཡིན་པས་ཁྱབ་པ་མ་ཡིན་པའི་ཕྱིར། ཞེས་བརྗོད་ན་ལན་ཅི་ཡོད། རྟགས་ཕྱི་མ་མ་གྲུབ་པོ་ཞེ་ན། ཁྱོད་ལའང་མཚུངས་སོ། །འོ་ན་ཤེས་བྱ་དེ་བྱས་པ་ཡིན་པར་ཐལ། ཤེས་བྱ་དེ་མི་རྟག་པ་མ་ཡིན་པའི་ཕྱིར་ཞེ་ན། གང་ཟག་གི་བདག་དེ་གཞལ་བྱ་ཡིན་པར་ཐལ། གང་ཟག་གི་བདག་དེ་རྟག་པ་མ་ཡིན་པ་ཡིན་པའི་ཕྱིར་ཞེས་བརྗོད་པར་བྱའོ། །རྟགས་མ་གྲུབ་བོ་ཞེ་ན། ཁྱོད་ལའང་མཚུངས་སོ། །འོ་ན་ཤེས་བྱ་མི་རྟག་པར་ཐལ། ཤེས་བྱ་མི་རྟག་པ་མ་ཡིན་པ་མ་ཡིན་པའི་ཕྱིར་ཞེ་ན། གང་ཟག་གི་བདག་དེ་རྟག་པ་ཡིན་པར་ཐལ། གང་ཟག་གི་བདག་དེ་རྟག་པ་མ་ཡིན་པ་མ་ཡིན་པའི་ཕྱིར་ཞེས་བརྗོད་ན་སྐལ་བའི་བར་དུ་མཚུངས་སོ། །གལ་ཏེ་གཞལ་བྱ་དེ་སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་མ་ཡིན་ན་ཕྱོགས་ཆོས་ཅན་དགུའི་འཁོར་ལོ་དེ་ལྟར་བཤད་པ་དང་འགལ་ལོ་ཞེ་ན། འོ་ན་རེག་བྱ་ཅན་ཡིན་པ་དེ་སྒྲ་རྟག་པར་སྒྲུབ་པའི་ཕྱོགས་གཉིས་ཀ་ལ་ཆ་གཉིས་སུ་འཇུག་ན་རྟག་པ་ཡང་ཡིན་རེག་བྱ་ཅན་ཡང་ཡིན་པའི་གཞི་མཐུན་ཡོད་པར་འགྱུར་རོ། །དེ་སྒྲུབ་ཀྱི་ཕྱོགས་གཉིས་ཀ་ལ་ཆ་གཉིས་སུ་འཇུག་པ་མ་ཡིན་ན་ཕྱོགས་ཆོས་ཅན་དགུའི་འཁོར་ལོ་དེ་ལྟར་བཤད་པ་དང་འགལ་ལོ་ཞེས་བརྗོད་ན་ཅིར་འགྱུར། དེ་སྒྲུབ་ཀྱི་ཕྱོགས་གཉིས་ཀ་ལ་ཆ་གཉིས་སུ་མི་འཇུག་ཀྱང་དེར་དེ་ལྟར་བཤད་པ་དང་འགལ་བའི་སྐྱོན་མེད་དེ། དེར་དེ་དེ་སྒྲུབ་ཀྱི་ཕྱོགས་གཉིས་ཀ་ལ་ཆ་གཉིས་སུ་འཇུག་པར་བཤད་པ་ནི་རྡུལ་ཕྲན་རྟག་པའི་རྫས་སུ་འདོད་པའི་བྱེ་བྲག་པའི་བློ་ངོར་བཤད་པ་ཙམ་ཡིན་གྱི་དངོས་པོའི་སྟོབས་ལས་དེ་ལྟར་བཤད་པ་མ་ཡིན་པའི་ཕྱིར་ཞེ་ན། འོ་ན་ཁོ་བོ་ལའང་ཁྱོད་ཀྱིས་བཤད་པའི་སྐྱོན་མེད་དེ། གཞལ་བྱ་སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པར་བཤད་པ་ནི་རི་བོ་གི་རྭ་ཡོད་པར་འདོད་པའི་གསལ་བྱེད་པའི་བློ་ངོར་བཤད་པ་ཙམ་ཡིན་གྱི་དངོས་པོའི་སྟོབས་ལས་དེ་ལྟར་བཤད་པ་མ་ཡིན་པའི་ཕྱིར་ཞེས་བརྗོད་ན་སྐལ་པའི་བར་དུ་མཚུངས་སོ། །རེའུ་མིག་བར་མ་གསུམ་ལ་བྲི་བར་བྱ་བའི་ཕྱོགས་ཆོས་ཅན་གྱི་རྟགས་ཆོས་ཅན། གསུམ་དུ་དབྱེར་ཡོད་དེ། སྒྲུབ་ཚུལ་དང་མཐུན་པར་མཐུན་ཕྱོགས་ལ་མེད་པའི་དབྱེ་བས་གསུམ་དུ་དབྱེར་ཡོད་པའི་ཕྱིར་རོ། །དེ་གསུམ་གང་ཞེ་ན། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར་དང་། མཉན་བྱ་ཡིན་པའི་ཕྱིར་དང་། དུང་སྒྲ་ཆོས་ཅན། རྟག་སྟེ། རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་པ་རྣམས་སོ། །དཔལ་ལྡན་ཆོས་ཀྱི་གྲགས་པས་ནི་མཉན་བྱའི་ཚབ་ལ། གསོན་པོའི་ལུས་ནི་ཆོས་ཅན། བདག་དང་བཅས་ཏེ། སྲོག་དང་ལྡན་པའི་ཕྱིར་ཞེས་བཤད་དོ། །རེའུ་མིག་འོག་མ་གསུམ་ལ་བྲི་བར་བྱ་བའི་ཕྱོགས་ཆོས་ཅན་གྱི་རྟགས་ཆོས་ཅན། གསུམ་དུ་དབྱེར་ཡོད་དེ། བློ་ངོར་མི་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པའི་དབྱེ་བས་གསུམ་དུ་དབྱེར་ཡོད་པའི་ཕྱིར། དེ་གསུམ་གང་ཞེ་ན། དུང་སྒྲ་ཆོས་ཅན། རྩོལ་བ་ལས་མ་བྱུང་སྟེ། མི་རྟག་པའི་ཕྱིར་དང་། མི་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར་དང་། རྟག་སྟེ། རེག་བྱ་ཅན་མ་ཡིན་པའི་ཕྱིར་ཞེས་པ་རྣམས་སོ། །ཕྱི་མ་འདི་ནི་མུ་སྟེགས་བྱེ་བྲག་པའི་བློ་ངོར་བཞག་པ་ཡིན་ནོ། །དེ་ལྟར་བཤད་པའི་རྟགས་དེ་དགུ་བསྒྲུབ་བྱའི་ཆོས་དང་སྦྱར་བར་མི་རུང་བའི་སྐྱོན་ཡོད་པ་མ་ཡིན་ཏེ། རང་རང་གི་བསྒྲུབ་བྱའི་ཆོས་སུ་བཟུང་བར་རུང་བའི་རྟག་པ་དང་། མི་རྟག་པ་དང་། རྩོལ་བྱུང་དང་། རྩོལ་བྱུང་མིན་པ་ལ་སོགས་པ་རྣམས་དང་སྦྱར་ནས་ཤེས་པར་བྱ་བ་ཡིན་པའི་ཕྱིར་རོ། །འོ་ནི་རྫོགས་པའི་ཚིག་གོ །ཕྱོགས་ཆོས་ཅན་དགུ་སྨོས་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེ་ལ་རྟགས་ཡང་དག་གཉིས་དང་། འགལ་བ་གཉིས་སྨྲོས་པ་ནི། འབྲེལ་བ་འདོད་པ་ཙམ་གྱིས་འཇུག་ན། འགལ་བའི་རྟགས་གཉིས་ཀྱང་ཡང་དག་ཏུ་ཐལ་བ་དང་། འདོད་པ་ཙམ་གྱིས་ལྡོག་ན་ཡང་དག་གཉིས་ཀྱང་འགལ་རྟགས་སུ་འགྱུར་བས། ཡང་དག་གི་ཁྱབ་པ་དངོས་པོའི་སྟོབས་ཀྱིས་གྲུབ་པའི་ཆེད་དུ་སྨོས་པ་ཡིན་ནོ། །ཅིའི་ཕྱིར་དེར་མ་དམིགས་པའི་རྟགས་མི་སྟོན་ཞེ་ན། འབྲས་རང་གི་རྟགས་གཉིས་བསྟན་པ་ལས་ཀྱང་དོན་གྱིས་གོ་བས་སོ་ཞེས་གསུངས་སོ། །ལྡོག་པ་སྤངས་པའི་རྗེས་འགྲོ་དང་རྗེས་འགྲོ་སྤངས་པའི་ལྡོག་པ་རྟགས་ཡང་དག་ཡིན་པ་བཀག་ནས་རྟགས་ཡང་དག་གི་རྗེས་སུ་འགྲོ་ལྡོག་གཉིས་ཕན་ཚུན་མི་འཁྲུལ་བར་བསྒྲུབ་སྟེ་རྟགས་ཡང་དག་གི་མཚན་ཉིད་ངེས་པའི་ཆེད་དུ་སྤྱིར་གཞལ་བྱ་དང་། ཁྱད་པར་མཉན་བྱ་གཉིས་སྨོས་སོ། །རྗེས་འགྲོ་ཡོད་པ་ཙམ་དང་། གཙོ་བོར་གྲུབ་པ་དང་། རྗེས་སུ་འགྲོ་ལྡོག་ཆ་མཉམ་པ་ཙམ་གྱིས་རྟགས་ཡང་དག་ཏུ་མི་འགྱུར་གྱི། ལྡོག་ཁྱབ་གཙོ་བོར་གྲུབ་པ་དགོས་པར་བསྟན་ནས། རྩོད་གཞི་ལ་སྒྲུབ་ཚུལ་དང་མཐུན་པར་མི་མཐུན་ཕྱོགས་མཐའ་དག་བཅད་པ་རྟགས་ཀྱི་ནུས་པ་འཇུག་པའི་ཡུལ་དུ་ཤེས་པའི་ཆེད་དུ། དངོས་ཀྱི་མ་ངེས་པ་པ་ལྷག་མ་གསུམ་སྨོས་སོ། །བརྩལ་མ་ཐག་ཏུ་གསལ་བ་དང་། སྐྱེ་བ་གཉིས་ཀ་ལ་རྩོལ་བྱུང་གི་སྒྲ་དངོས་སུ་འཇུག་པས། རྩོལ་བྱུང་གིས་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པའི་རང་བཞིན་གྱི་རྟགས་ཀྱང་མཚོན་པ་ཡིན་ནོ་ཞེས་རྣམ་ངེས་སུའང་ཆ་ཙམ་བཤད་ལ། དེའི་རྗེས་སུ་འབྲང་ནས་འགྲེལ་བཤད་མཁན་པོས་ཀྱང་བཤད་པ་ཡིན་ནོ། །འོན་ཀྱང་དུང་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་པ་ནི་འབྲས་རྟགས་ཀྱི་དཔེར་བཤད་ཀྱང་རང་བཞིན་གྱི་རྟགས་མཚན་ཉིད་པ་ཡིན་ནོ། །གཉིས་པ་དེའི་དོན་བཤད་པ་ལ་གཉིས་ཏེ། སྤྱིར་བཤད་པ་དང་། སོ་སོར་བཤད་པའོ། དང་པོ་ལ་གསུམ་སྟེ། ཕྱོགས་ཆོས་ཅན་གྱི་རིགས་གསུམ་དུ་བསྡུ། མ་ངེས་པའི་གཏན་ཚིགས་ཐེ་ཚོམ་གྱི་རྒྱུར་སྒྲུབ། དེའི་དོན་བསྡུས་ཏེ་བསྟན་པའོ། །དང་པོ་ནི། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུར་བཤད་པ་ཆོས་ཅན། རིགས་གསུམ་དུ་འདུ་རུང་བ་ཡིན་ཏེ། ཡང་དག་པའི་རྟགས་དང་། འགལ་བའི་རྟགས་དང་། མ་ངེས་པའི་རྟགས་གསུམ་དུ་འདུ་བའི་ཕྱིར། གང་ཡང་དག་དང་། འགལ་བ་དང་། མ་ངེས་པ་ཡིན་ཞེ་ན། བྱས་པ་དང་རྩོལ་བྱུང་གཉིས་པོ་གང་ཡིན་དེ་ནི་ཆོས་ཅན། དུང་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་དང་དེ་སྒྲུབ་ཀྱི་སྒྲུབ་ཚུལ་དང་མཐུན་པར་མཐུན་ཕྱོགས་ཁོ་ན་ལ་ཡོད་པའི་རྗེས་འགྲོ་དང་དེ་སྒྲུབ་ཀྱི་མེད་པ་སྟེ་མི་མཐུན་ཕྱོགས་ལ་སྒྲུབ་ཚུལ་དང་མཐུན་པ་མེད་པར་ངེས་པའི་ལྡོག་ཁྱབ་ཡིན་པའི་ཕྱིར་རོ། །བསྡུ་ན། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར། ཞེས་སོ། །དེ་ནི་ཆོས་ཅན། དུང་སྒྲ་རྟག་པར་སྒྲུབ་པའི་འགལ་རྟགས་ཡིན་ཏེ། དེ་སྒྲུབ་ཀྱི་རྟགས་ཡང་དག་འདི་ལས་བཟློག་པ་གང་ཞིག་དེ་སྒྲུབ་ཀྱི་མ་ངེས་པ་དང་མ་གྲུབ་པའི་རྟགས་གང་རུང་མ་ཡིན་པའི་ཕྱིར། གཞན་ལྷག་མ་གཞལ་བྱ་ལ་སོགས་པ་རྣམས་ཆོས་ཅན། དུང་སྒྲ་རྟག་པར་སྒྲུབ་པའི་མ་ངེས་པའོ། །ཞེས་བརྗོད་དུ་རུང་སྟེ། གང་ཞིག་སྔར་དེ་སྒྲུབ་ཀྱི་འགལ་རྟགས་དང་མ་གྲུབ་པའི་རྟགས་གང་རུང་མ་ཡིན་པའི་ཕྱིར་རོ། །གལ་ཏེ་མིག་སོགས་ཆོས་ཅན། གཞན་གྱི་དོན་བྱེད་དེ། འདུས་ཤིང་བསགས་པ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་ཞེ་འདོད་ལ་གནོད་པར་བྱེད་པའི་དོན་གཞན་པའི་འགལ་བའི་རྟགས་གསུམ་པ་ཡོད་པ་མ་ཡིན་ནམ། ཅིའི་ཕྱིར་དེ་གསུམ་དུ་འདུ་ཞེ་ན། དེ་ཡོད་མོད་ཀྱང་གསུམ་དུ་མི་འདུ་བའི་སྐྱོན་མེད་དེ། མིག་སོགས་གཞན་གྱི་དོན་བྱེད་པའི་སྒྲར་བཏགས་པའི་བདག་གི་དོན་བྱེད་པར་སྒྲུབ་པ་ནི་འགལ་བའི་རྟགས་ཡིན་པའི་ཕྱིར་དང་། ཚིག་ཟིན་ཙམ་གྱི་དབང་དུ་བྱེད་ན་ནི་རྟགས་ཡང་དག་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། འགལ་བ་ལ་མི་འཁྲུལ་བའི་གཏན་ཚིགས་ཐེ་ཚོམ་གྱི་རྒྱུར་བསྒྲུབ་པ་དང་། དངོས་འགལ་སྒྲུབ་པའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གཉིས་ཐེ་ཚོམ་དང་ངེས་ཤེས་ཀྱི་རྒྱུར་སོ་སོར་འདོད་པ་དགག་པ་དང་། རྩོད་པ་སྤང་པའོ། །དང་པོ་ནི། འགལ་བ་ལ་མི་འཁྲུལ་བའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཡང་དག་གཞན་ཡང་ཡོད་པ་མ་ཡིན་ནམ། ཅིའི་ཕྱིར་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུར་དབྱེ་ཞེ་ན། བརྗོད་པར་འདོད་པའང་ཡིན་ལ་གྲངས་གཅིག་པ་ཡང་ཡིན་པས། བརྗོད་པར་འདོད་པའི་གྲངས་གཅིག་པ་ཉིད་དེ། སློབ་དཔོན་དབང་ཕྱུག་སྡེས། དངོས་པོ་སྟོབས་ཞུགས་ཀྱི་སྐབས་སུ་འགལ་བ་ལ་མི་འཁྲུལ་བ་མི་སྲིད་པ་དང་། ཚུལ་གསུམ་ལུང་ཙམ་ལ་བརྟེན་པ་ལ་སྲིད་པའི་དོན་མ་རྟོགས་ནས་འགལ་བ་ལ་མི་འཁྲུལ་བ་རྟགས་ཡང་དག་ཡིན་པ་བཅད་པའི་དོན་དུ་བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་རྟགས་ཡང་དག་གི་མཚན་ཉིད་ཀྱི་ཟུར་དུ་སྨོས་སོ། །བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་གྱི་དོན་གང་ཞེ་ན། ལོག་ཕྱོགས་སྒྲུབ་བྱེད་ཀྱི་འགྲན་ཟླའི་གཏན་ཚིགས་མེད་ཅེས་པའོ། །འགལ་བ་ལ་མི་འཁྲུལ་བ་གང་ཞེ་ན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། དཔེར་ན་བུམ་པ་བཞིན། རྟག་སྟེ་མཉན་བྱ་ཡིན་པའི་ཕྱིར། དཔེར་ན་སྒྲ་དེ་ཉིད་ཀྱི་སྤྱི་བཞིན་ཞེས་པ་ལ། བྱེ་བྲག་པས་རང་གི་བསྒྲུབ་བྱ་ལ་ངེས་ཤེས་བསྐྱེད་ཅིང་། ཚོགས་པ་ལ་ཐེ་ཚོམ་བསྐྱེད་པར་འདོད་ལ། དེ་བཞིན་སྒྲ་རྟག་སྟེ། བྱས་པའི་ཕྱིར། མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། ཞེས་པའི་འགལ་བའི་རྟགས་གཉིས་ཀྱང་ཚོགས་པ་ལ་ཐེ་ཚོམ་གྱི་རྒྱུར་འདོད་དོ། །གལ་ཏེ་དཔེ་འདི་དག་དངོས་སྟོབས་ཀྱི་གཏན་ཚིགས་ཡིན་པའི་ཕྱིར་ལུང་གི་ཡུལ་ལ་འགལ་བ་མི་འཁྲུལ་བ་སྲིད་པའི་དཔེར་མི་འཐད་དོ་ཞེ་ན། རྣམ་པ་གསལ་བ་དཔེར་ཁས་བླངས་ན་ཉེས་པ་ཡོད་སྲིད་ཀྱང་འདིར་ནི་དེའི་སྐྱོན་མེད་དེ། དཔེ་དེ་ནི་ལུང་གི་ཡུལ་ལ་འགལ་བ་ལ་མི་འཁྲུལ་བ་སྲིད་པའི་ཕྱོགས་ཙམ་མཚོན་པའི་དཔེར་མཛད་པ་ཡིན་གྱི་རྣམ་པ་གསལ་བའི་དཔེར་མ་མཛད་པའི་ཕྱིར་དང་། དངོས་སྟོབས་ཀྱི་སྐབས་སུ་འགལ་བ་ལ་མི་འཁྲུལ་བ་མི་སྲིད་ཞེས་དཔལ་ལྡན་ཆོས་ཀྱི་གྲགས་པས་གསུངས་ཏེ། ལུང་གི་ཡུལ་ལ་འགལ་བ་ལ་མི་འཁྲུལ་བ་སྲིད་པའི་དཔེ་ནི། ཚད་མ་རྣམ་པར་ངེས་པ་ནས་བཤད་པ་བཞིན་དུ་ཤེས་པར་བྱ་སྟེ། ཡོད་ན་ཚད་མའི་ལམ་དུ་སྣང་དུ་མི་རུང་བའི་བ་གླང་གི་སྤྱི་ལ་ཁྱབ་བྱ་འགལ་བ་གཉིས་ཁས་བླངས་ནས། དེའི་སློབ་མ་དཔེ་ཐར་ལུག་གཉིས་ཀྱིས་ཁྱབ་བྱེད་དངོས་འགལ་སོ་སོར་སྒྲུབ་པའི་གཏན་ཚིགས་འདི་ལྟར་བཀོད་དེ། གང་ཡུལ་ཐམས་ཅད་ན་གནས་པའི་རང་དང་འབྲེལ་པ་ཅན་རྣམས་དང་། ཅིག་ཆར་འབྲེལ་པ་ཡིན་ན་གསལ་བ་ཡོད་མེད་ཀྱི་བར་སྐབས་ཐམས་ཅད་དུ་ཡོད་པས་ཁྱབ་སྟེ། དཔེར་ན་ནམ་མཁའ་བཞིན། ཡོད་ན་ཚད་མའི་ལམ་དུ་སྣང་དུ་མི་རུང་བའི་བ་གླང་གི་སྤྱི་ཡང་ཡུལ་ཐམས་ཅད་ན་གནས་པའི་རང་དང་འབྲེལ་པ་ཅན་རྣམས་དང་ཅིག་ཆར་འབྲེལ་བའོ། །ཞེས་པ་རང་བཞིན་གྱི་གཏན་ཚིགས་སྦྱོར་བ་སྟེ་སྦྱོར་བ་དང་པོའོ། །གང་གསལ་བ་ཡོད་མེད་ཀྱི་བར་ཐམས་ཅད་ན་ཡོད་ན་དམིགས་སུ་རུང་བས་ཁྱབ་པ་ལ་དེ་ལྟར་མ་དམིགས་ན་གསལ་བ་ཡོད་མེད་ཀྱི་བར་ཐམས་ཅད་ན་མེད་པས་ཁྱབ་སྟེ། དཔེར་ན་བུམ་པ་མ་དམིགས་པའི་ས་ཕྱོགས་འགའ་ཞིག་ན་བུམ་པ་མེད་པ་བཞིན། ཡོད་ན་ཚད་མའི་ལམ་དུ་སྣང་དུ་མི་རུང་བའི་བ་གླང་གི་སྤྱི་ཡང་གསལ་བ་ཡོད་མེད་ཀྱི་བར་ཐམས་ཅད་ན་ཡོད་ན་དམིགས་སུ་རུང་བས་ཁྱབ་པ་ལས་དེ་ལྟར་དུ་མ་དམིགས་པ་ཡིན་པ་ཡིན་ནོ་ཞེས་བྱ་བ་ནི་མ་དམིགས་པའི་གཏན་ཚིགས་ཀྱི་སྦྱོར་བ་སྟེ་སྦྱོར་བ་གཉིས་པའོ། །ཞེས་བཤད་ན་ལུང་ཙམ་ལ་བརྟེན་པའི་འགལ་བ་ལ་མི་འཁྲུལ་བ་སྲིད་པའི་དཔེར་འཐད་པ་ཡིན་གྱི་སྤྱི་ཙམ་ཆོས་ཅན་དུ་བཞག་ནས་སྔར་བཞིན་དུ་སྦྱོར་བ་གཉིས་བཀོད་ན་ནི། ལུང་ཙམ་ལ་བརྟེན་པའི་འགལ་བ་ལ་མི་འཁྲུལ་བ་སྲིད་པའི་རྣམ་པ་གསལ་བའི་དཔེར་མི་འཐད་དེ། སྔར་བཤད་པའི་མ་དམིགས་པའི་སྦྱོར་བ་ནི་ཡང་དག་པའི་གཏན་ཚིགས་སུ་ཁས་བླངས་པར་རིགས་པའི་ཕྱིར་དང་། སྔར་བཤད་པའི་རང་བཞིན་གྱི་སྦྱོར་བ་ནི་གཏན་ཚིགས་ལྟར་སྣང་དུ་ཁས་བླངས་པར་རིགས་པའི་ཕྱིར་རོ། །རྒྱས་པར་ནི་རྣམ་པར་ངེས་པའི་ཊཱིཀར་ཤེས་པར་བྱའོ། །དེ་ལ་རིགས་པ་ཅན་པའི་འདོད་པ་མི་འཐད་པར་སྒྲུབ་པ་ནི། གཏན་ཚིགས་གཉིས་སོ་སོར་ཡང་དག་པའི་ངེས་ཤེས་ཀྱི་རྒྱུར་མི་འཐད་པར་ཐལ། གཉིས་ཀ་ཆོས་ཅན་སྒྲའི་སྟེང་དུ་ཆོས་འགལ་བ་དག་ལ་ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར། རྟགས་བསལ་དངོས་འགལ། ཁྱབ་པའང་ཁས་བླངས་ཏེ། ཚོགས་པ་ལ་ཐེ་ཚོམ་ཟ་ན་ཡ་གྱལ་ལ་ཐེ་ཚོམ་ཟ་བས་ཁྱབ་པར་ཁས་བླངས་པའི་ཕྱིར་རོ། །འདི་ལྟར་འགལ་བ་ལྟག་སྤྲོད་བྱེད་པ་ཡིན་གྱི་རང་རྒྱུད་ལ་རྟགས་ཚད་གྲུབ་ཏུ་བྱེད་པ་ནི་མ་ཡིན་ནོ། །གཉིས་པ་ནི། དེ་བཞིན་དུ། སྒྲ་ཆོས་ཅན། རྫས་མ་ཡིན་ཞིང་ལས་མ་ཡིན་ཏེ། མིག་ཤེས་ཀྱི་བཟུང་བྱ་མ་ཡིན་ཞིང་མངོན་སུམ་པ་ཡིན་པའི་ཕྱིར་ཞེས་པའི་རྟགས་གཉིས་ལས་ཚོགས་པ་སྒྲུབ་པ་ལ་ཐེ་ཚོམ་བསྐྱེད་པ་དང་། ཡ་གྱལ་བསྒྲུབ་པ་ལ་ཡང་དག་པའི་མཐའ་གཅིག་ཏུ་ངེས་པ་མཐོང་བ་ཡིན་པའི་ཕྱིར་ན་ཡ་གྱལ་གཉིས་ཀ་ལ་ཐེ་ཚོམ་གྱི་རྒྱུར་མི་འཐད་དོ་ཞེ་ན། སྦྱོར་བ་དེ་གཉིས་ཆོས་ཅན། ཐེ་ཚོམ་ཀྱི་རྒྱུར་ཐལ། ཁྱབ་པ་མ་ངེས་པའི་ཕྱོགས་ཆོས་ཅན་གྱི་རྟགས་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གཞན་དག་ཁྱབ་པ་འདི་ཚད་གྲུབ་ཏུ་བྱེད་པ་ནི་མི་འཐད་དེ། འོག་ནས་འགོག་པའི་ཕྱིར། འགལ་བ་ལ་མི་འཁྲུལ་བའི་གཏན་ཚིགས་དེ་ཚོགས་པ་ལ་ངེས་ཤེས་ཀྱི་རྒྱུ་བྱེད་པ་སྤངས་ནས་དེ་ལ་ཐེ་ཚོམ་བསྐྱེད་པ་དང་། ཡ་གྱལ་གཉིས་ཀ་ལ་ཐེ་ཚོམ་གྱི་རྒྱུ་བྱེད་པ་སྤངས་ནས་ངེས་ཤེས་བསྐྱེད་བྱེད་ཡིན་པ་མི་འཐད་པར་ཐལ། དེ་རྟག་པའི་དངོས་པོར་ཁས་བླངས་པས་ཚོགས་པ་དང་ཡ་གྱལ་ལ་ཐེ་ཚོམ་མམ་ངེས་ཤེས་བསྐྱེད་བྱེད་གང་རུང་རེ་རེ་ཁས་བླངས་ན་ཐེ་ཚོམ་དང་ངེས་ཤེས་གཏན་ལ་འབེབས་པའི་མཚན་ཉིད་གཉིས་ཀ་དང་ལྡན་པ་ཡིན་པར་ཁས་ལེན་དགོས་པས་ཐེ་ཚོམ་དང་ངེས་ཤེས་ཀྱི་རྒྱུ་གཉིས་གཉིས་སུ་འདོད་རིགས་ཀྱི་གང་རུང་སྤངས་ནས་རེ་རེ་ལ་ཐེ་ཚོམ་མམ་ངེས་ཤེས་བསྐྱེད་བྱེད་མ་ཡིན་པའི་ཕྱིར། འདི་ལྟར་བཤད་པ་རྩ་བའི་དགོངས་པ་ཡིན་གྱི་གཞན་དག་གིས་བཤད་པ་ནོར་པའི་བཤད་པའོ། །གསུམ་པ་ནི། བསྒྲུབ་བྱའི་ཆོས་གཅིག་བསྒྲུབ་པ་ལ་ཡང་གཏན་ཚིགས་ཀྱང་གཅིག་ཁོ་ན་འཐད་ཀྱི་དུ་མ་མ་ཡིན་ཏེ། དུང་སྒྲ་མི་རྟག་པར་སྒྲུབ་པ་ལ་བྱས་པ་དང་རྩོལ་བྱུང་ལྟ་བུ་དུ་མ་བཀོད་ནའང་འགལ་བ་ལ་མི་འཁྲུལ་བ་བཞིན་དུ་བསྒྲུབ་བྱ་ལ་ཐེ་ཚོམ་སྐྱེད་བྱེད་དུ་འགྱུར་གྱི་ངེས་ཤེས་བསྐྱེད་པ་མི་འཐད་པར་འགྱུར་བའི་ཕྱིར་རོ་ཞེ་ན། བསྒྲུབ་བྱ་གཅིག་ལ་སྒྲུབ་བྱེད་དུ་མ་བཀོད་ན་འགལ་བ་ལ་མི་འཁྲུལ་བ་སྲིད་པའི་སྐྱོན་མཚུངས་པས་མ་ཁྱབ་པར་ཐལ། གཏན་ཚིགས་དུ་མ་ཡིན་ཡང་ཤིན་ཏུ་བར་ཡང་བསྒྲུབ་བྱ་གཅིག་ལ་སྒྲུབ་བྱེད་ཡང་དག་ཏུ་འཇུག་པར་རིགས་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ཡིན་ཡང་བསྒྲུབ་བྱ་གཅིག་སྒྲུབ་པ་ལ་ཚུལ་གསུམ་ཡིན་པར་མི་འགལ་བའི་ཕྱིར་ནའོ། །དེས་ན་མི་རྟག་སྟེ། བྱས་པའི་ཕྱིར། བདག་མེད་དེ། སྡུག་བསྔལ་བ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་གཏན་ཚིགས་དུ་མས་བསྒྲུབ་བྱ་དུ་མ་སྒྲུབ་པ་དང་། གཏན་ཚིགས་གཅིག་གིས་བསྒྲུབ་བྱ་དུ་མ་བསྒྲུབ་པ་ལ་ཡང་འགལ་བ་མེད་པར་ཤེས་པར་བྱའོ། །དོན་འདི་ལ་དཔྱད་པ་བྱེད་རྒྱུ་ཅུང་ཟད་སྣང་སྟེ་གཞན་དུ་ཤེས་པར་བྱའོ། །གསུམ་པ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ནི། ཁ་གཅིག་ན་རེ་གོང་འོག་གི་གཞུང་གི་དོན་དུ་བསམ་ནས། དངོས་ཀྱི་མ་ངེས་པའི་གཏན་ཚིགས་བཞི་ཡང་ཕྱོགས་ཆོས་དང་། ཕྱོགས་གཉིས་ཀ་ལ་མཐོང་བའི་ཕྱིར། ཐེ་ཚོམ་གྱི་རྒྱུ་ཡིན་ལ། ཐུན་མོང་མིན་པའི་མཉན་བྱ་ནི་རྟག་མི་རྟག་གིས་མཐའ་དག་བསྡུས་པ་དང་། རྟག་པ་ལ་ཡང་མ་མཐོང་མི་རྟག་པ་ལ་ཡང་མ་མཐོང་བས་བསྒྲུབ་བྱ་ལ་ཐེ་ཚོམ་གྱི་རྒྱུ་ཡིན་ཏེ། སྲིད་པའི་བུད་མེད་ཀྱི་མངལ་འཆགས་པ་བཞིན་ཞེས་ཟེར་བ་ནི་ཤིན་ཏུ་མི་འཐད་དེ། གཞུང་གི་དོན་མ་ཡིན་ཅིང་རིགས་པའི་ལམ་ལས་འདས་པའི་ཕྱིར། ཅིའི་ཕྱིར་ཞེ་ན། འདི་ལྟར། སྒྲ་བུམ་གཉིས་ཀྱང་ཐ་དད་མེད་པར་ཐལ། ཐ་དད་མེད་པའི་དེ་ཉིད་ཅེས། །བྱས་ནས་གཞན་ལ་སྟོན་པར་བྱེད། །ཅེས་གསུངས་པའི་ཕྱིར། ཞེས་བརྗོད་ན་ལན་ཅི་ཡོད། སྐྱོན་མེད་དེ། གཞུང་དེས་ནི་སྒྲ་བུམ་གཉིས་མི་རྟག་པ་ཡིན་པར་ཐ་དད་མེད་པར་བསྟན་གྱི་གཞུང་དེས་སྒྲ་བུམ་ཐ་དད་མེད་པར་མ་བསྟན་པའི་ཕྱིར་ཞེ་ན། འོ་ན་ཁྱོད་ཀྱིས་བཤད་པའི་སྐྱོན་ཡང་མེད་དེ། དེ་བཞིན་ཐེ་ཚོམ་རྟགས་གཉིས་ལས། །ཞེས་དང་། ཐེ་ཚོམ་བསྐྱེད་པའི་རྟགས་རྣམས་ཡིན། །ཞེས་པའི་གཞུང་དེས་ནི་མ་ངེས་པའི་རྟགས་དང་། འགལ་བ་ལ་མི་འཁྲུལ་བའི་རྟགས་ཀྱིས་རང་གི་བསྒྲུབ་བྱ་ལ་ངེས་ཤེས་བསྐྱེད་པར་མི་ནུས་པ་ཙམ་ལ་ཐེ་ཚོམ་བསྐྱེད་པར་བྱེད་ཅེས་བཏགས་ནས་བསྟན་པ་ཡིན་གྱི་གཞུང་དེས་མ་ངེས་པ་ལ་སོགས་པའི་རྟགས་རྣམས་བསྒྲུབ་བྱ་ལ་ཐེ་ཚོམ་སྐྱེད་བྱེད་མཚན་ཉིད་པར་བསྟན་པ་མ་ཡིན་པའི་ཕྱིར་ཞེས་བརྗོད་ན་མཚུངས་སོ། །རིགས་པའི་ལམ་ལས་འདས་པ་ཇི་ལྟར་ཡིན་ཞེ་ན། གལ་ཏེ་གཞལ་བྱ་ལ་སོགས་པ་ཐེ་ཚོམ་སྐྱེད་བྱེད་ཡིན་ན། གྲངས་ཅན་པས་གཙོ་བོ་དེ་རྣམ་འགྱུར་གྱི་དངོས་པོ་སྐྱེད་བྱེད་དུ་འདོད་པ་ཇི་ལྟར་འགོག་སོམས་ཤིག གཙོ་བོ་ཆོས་ཅན། རྣམ་འགྱུར་གྱི་དངོས་པོ་སྐྱེད་བྱེད་མ་ཡིན་པར་ཐལ། རྟག་པ་ཡིན་པས་རིམ་དང་ཅིག་ཅར་གྱི་དོན་བྱེད་པས་སྟོང་བའི་ཕྱིར། གཞན་ཡང་ཆོས་ཅན། དེའི་རྒྱུར་ཐལ། དེའི་བསྐྱེད་བྱེད་ཡིན་པའི་ཕྱིར། འདོད་ན། ཁྱོད་དེའི་སྔར་བྱུང་བར་ཐལ། དེའི་རྒྱུ་ཡིན་པའི་ཕྱིར། འདོད་ན། ཁྱོད་དེ་དང་བདག་མི་གཅིག་པར་ཐལ། ཁྱོད་དེ་དང་དུས་སྔ་ཕྱི་ཡིན་པའི་ཕྱིར། ཡང་། རྒྱུ་འབྲས་གང་ལའང་དངོས་པོས་ཁྱབ་པས། དངོས་པོར་ཐལ། རྒྱུ་ཡིན་པའི་ཕྱིར། འདོད་ན། འཇིག་པར་ཐལ། དངོས་པོ་ཡིན་པའི་ཕྱིར། གཞན་ཡང་གཞུང་འདི་དང་སྡེ་བདུན་ནས་རྟག་པས་རང་འབྲས་བསྐྱེད་པ་ལ་གནོད་བྱེད་བརྗོད་པ་ཐམས་ཅད་ཤེས་པར་བྱའོ་ཞེ་ན། འོ་ན་གཞལ་བྱ་ཡང་ཆོས་ཅན། ཐེ་ཚོམ་བསྐྱེད་བྱེད་མ་ཡིན་པར་ཐལ། རྟག་པ་ཡིན་པས་རིམ་དང་ཅིག་ཅར་གྱི་དོན་བྱེད་པས་སྟོང་པའི་ཕྱིར། ཞེས་བརྗོད་ན་ལན་མེད་པར་མ་འགྱུར་ཏམ། གཞན་ཡང་། ཆོས་ཅན། ཐེ་ཚོམ་གྱི་རྒྱུར་ཐལ། དེའི་སྐྱེད་བྱེད་ཡིན་པའི་ཕྱིར། འདོད་ན། ཁྱོད་ཐེ་ཚོམ་གྱི་སྔར་གྲུབ་པར་ཐལ། ཁྱོད་དེའི་རྒྱུ་ཡིན་པའི་ཕྱིར། འདོད་ན། ཁྱོད་ཐེ་ཚོམ་དང་བདག་མི་གཅིག་པར་ཐལ། ཁྱོད་ཐེ་ཚོམ་དང་དུས་སྔ་ཕྱི་ཡིན་པའི་ཕྱིར། ཞེས་བརྗོད་ན་ཡང་མི་མཚུངས་སམ། ཡང་རྒྱུ་འབྲས་གང་ལ་ཡང་དངོས་པོས་ཁྱབ་པས། གཞལ་བྱ་ཆོས་ཅན། དངོས་པོར་ཐལ། རྒྱུ་ཡིན་པའི་ཕྱིར། འདོད་ན། འཇིག་པར་ཐལ། དངོས་པོ་ཡིན་པའི་ཕྱིར། འཁོར་གསུམ་ཁས་བླངས་སོ། །དེས་ན་ཁས་བླངས་པའི་ཕྱིར་གསུངས་རབ་ཀྱི་དོན་ལ་མི་སེམས་པར་ཚིག་རིས་ཙམ་གྱི་རྗེས་སུ་འབྲང་ནས་གྲངས་ཅན་པའི་གྲུབ་མཐའ་རྒྱས་པར་མ་བྱེད་ཅིག གཉིས་པ་ནི། ཕྱོགས་ཆོས་ཅན་གང་དག་ཐུན་མོང་མིན་པ་མཉན་བྱ་དང་། སྤྱི་གཞལ་བྱ་དང་འགལ་བ་ལ་མི་འཁྲུལ་བར་བཤད་པའི་གཏན་ཚིག་ཀྱི་ཆོས་རྣམས་ཆོས་ཅན། ཐམས་ཅད་དུ་དེ་ལ། ཐེ་ཚོམ་བསྐྱེད་པའི་རྟགས་རྣམས་ཡིན། ཞེས་པ་སྟེ། དེ་སྒྲུབ་ཀྱི་མ་ངེས་པའི་རྟགས་ཡིན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡང་ཡིན་རང་ཕྱོགས་ཆོས་ཅན་དུ་སོང་བའི་ཕྱིར་རྒོལ་གྱི་ཚད་མས་དེ་སྒྲུབ་ཀྱི་ཁྱབ་པ་རྣལ་མ་དང་ཕྱིན་ཅི་ལོག་གང་དུ་ཡང་མ་ངེས་པ་ཡང་ཡིན་པའི་གཞི་མཐུན་ཡིན་པས་དེ་ལྟར་བཤད་པའི་ཕྱིར་རོ། །འོ་ན་ཕྱོགས་ཆོས་ཅན་གྱི་ལྟར་སྣང་བའི་གཏན་ཚིགས་ལ་རིགས་བསྡུ་ན་དུར་འགྱུར་ཞེ་ན། ཕྱོགས་ཀྱི་ཆོས་དང་ལྡན་པའི་ལྟར་སྣང་གི་གཏན་ཚིགས་གང་ཆོས་ཅན། རང་ཉིད་ལ་རིགས་གཉིས་སུ་འདུ་སྟེ་ཤེས་འདོད་ཆོས་ཅན་ལ་བསྒྲུབ་བྱའི་ཆོས་བཟློག་པ་བསྒྲུབས་པས་གནོད་པ་ལ་འགལ་རྟགས་དང་། བསྒྲུབ་བྱ་ལ་ཐེ་ཚོམ་ཉིད་དུ་འགྱུར་བའི་མ་ངེས་པའི་རྟགས་རིགས་གཉིས་སུ་འདུ་བའི་ཕྱིར་རོ། །མི་འཐད་དེ། དེ་གཉིས་སུ་མ་འདུས་པའི་ཕྱོགས་ཆོས་ཅན་གྱི་རྟགས་ལྟར་སྣང་ཡོད་པའི་ཕྱིར་ཞེ་ན། དེ་གཉིས་ལས་རིས་གཞན་པའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ལྟར་སྣང་ཡོད་པ་མ་ཡིན་པར་ཐལ། དེ་འདྲ་ཡོད་ན་དེ་འདྲ་ཚད་མས་དམིགས་དགོས་པ་ལས་དེ་འདྲ་ཚད་མས་མ་དམིགས་པའི་ཕྱིར་རོ། །ཞེ་འདོད་ལ་གནོད་པར་བྱེད་པའི་རྟགས་དེ་བཟློག་ཕྱོགས་བསྒྲུབ་པའི་རྟགས་སུ་ཇི་ལྟར་བརྗོད་པར་བྱ། བྱས་པས་སྒྲ་མི་རྟག་པར་མི་འགྲུབ་པར་འགྱུར་ཏེ། མཉན་བྱའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་ཕྱིར་ཞེ་ན། མི་མཚུངས་ཏེ། མིག་སོགས་ཀྱིས་རྟག་པའི་བདག་གི་དོན་བྱེད་པ་མི་སྲིད་ཅིང་། འདུས་ཤིང་བསགས་པས་དེ་འགོག་པར་ནུས་ལ། མཉན་བྱས་སྒྲ་རྟག་པར་སྒྲུབ་པར་མི་ནུས་ཅིང་བྱས་པས་སྒྲ་མི་རྟག་པར་བསྒྲུབ་པར་ནུས་པའི་ཕྱིར་རོ། །འོ་ན་མིག་སོགས་གཞན་དོན་བྱེད་པ་ཡང་སྒྲུབ་མི་ནུས་པར་འགྱུར་ཏེ། དེས་རང་འབྲས་རྣམ་ཤེས་བསྐྱེད་པའི་ངེས་པ་མེད་པའི་ཕྱིར་ཏེ། རྒྱུ་འབྲས་བུ་ལ་འཁྲུལ་བའི་ཕྱིར་ཞེ་ན། སྐྱོན་མེད་དེ། མིག་སོགས་རྐྱེན་གསུམ་ནི་རང་འབྲས་སུ་འགྱུར་བའི་རྣམ་ཤེས་ཀྱི་དངོས་རྒྱུ་ཡིན་པས་དེས་དེ་བསྐྱེད་པ་ལ་སུ་གང་གིས་ཀྱང་གེགས་བྱེད་པར་མི་ནུས་པའི་ཕྱིར་ཞེས་འགྲེལ་པར་བཤད་དོ། །གཉིས་པ་ལ་གསུམ་སྟེ། འགལ་བའི་གཏན་ཚིགས་བཤད་པ་དང་། ཕྱོགས་ཆོས་ཅན་དགུར་འབྱེད་པའི་རྒྱུ་མཚན་བཤད་པའི་སྒོ་ནས་འགལ་རྟགས་སོགས་བཤད་པ་དང་། དེའི་དོགས་པ་གཅད་པའོ། །དང་པོ་ནི། གལ་ཏེ་འགལ་བ་ལ་མི་འཁྲུལ་བའི་གཏན་ཚིགས་ལ་སོགས་པ་མ་ངེས་པའི་རྟགས་ཡིན་ན་འགལ་བའི་གཏན་ཚིགས་ཡིན་པ་མི་སྲིད་པར་འགྱུར་ཏེ། དེ་ལྟར་ཡིན་ན་འགལ་རྟགས་སུ་ཁས་བླངས་པ་དེ་གང་ཡིན། དེ་ཡང་མ་ངེས་པའི་རྟགས་སུ་མཚུངས་པའི་ཕྱིར་ཞེ་ན། དེའི་སྐྱོན་མེད་དེ། འགལ་བ་ལ་མི་འཁྲུལ་བའི་དཔེར་གཞན་ངོར་བཤད་པའི་རྟགས་འགའ་ཞིག་མ་ངེས་པའི་རྟགས་ཡིན་ཡང་བྱས་པ་སྒྲ་རྟག་པར་སྒྲུབ་པ་དང་དོན་བྱེད་མི་ནུས་པས་དངོས་པོར་འགྱུར་བའི་འདུས་མ་བྱས་ཀྱི་ནམ་མཁའ་རྟག་པའི་རྫས་སུ་སྒྲུབ་པའི་འགལ་རྟགས་སུ་འཐད་པའི་ཕྱིར་རོ། །མི་འཐད་དེ། གཏན་ཚིགས་དེས་ཆོས་དང་ཆོས་ཅན་རང་གི་ངོ་བོ་ལ་གནོད་པའམ། ཆོས་དང་ཆོས་ཅན་དེའི་བྱེ་བྲག་ལ་གནོད་པ་ཡིན་པའི་ཕྱིར། ཁྱབ་པར་ཐལ། འགལ་རྟགས་ཡིན་ན་ཕྱོགས་ཆོས་གྲུབ་པ་ཡིན་དགོས་ཕྱོགས་ཆོས་གྲུབ་པ་ཡིན་ན་རྟགས་དེས་རང་གི་ཤེས་འདོད་ཆོས་ཅན་ལ་མི་གནོད་དགོས་པའི་ཕྱིར་ཞེ་ན། དེས་རང་གི་ཤེས་འདོད་ཆོས་ཅན་ལ་མི་གནོད་མོད་གནོད་པ་འབྱུང་ཡང་རུང་། དེ་ཆོས་ཅན། དེ་སྒྲུབ་ཀྱི་འགལ་བའི་གཏན་ཚིགས་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག་དེ་སྒྲུབ་ཀྱི་ཞེ་འདོད་ཀྱི་བསྒྲུབ་བྱ་དེ་ལ་གནོད་པས་སོ། །ཕྱི་མ་མ་གྲུབ་ན། དེར་ཐལ། དེ་སྒྲུབ་ཀྱི་ཞེ་འདོད་ཀྱི་བསྒྲུབ་བྱ་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་ཕྱིར་རོ། །འདིའི་དོན་ལ་དཔྱད་ན་དེ་ལ་ཁ་ཅིག་ན་རེ། དོན་བྱེད་ནུས་སྟོང་དེ་དངོས་གྱུར་གྱི་ནམ་མཁའ་རྟག་པར་སྒྲུབ་པའི་འགལ་བའི་གཏན་ཚིགས་ཡང་ཡིན་ལ། དེ་སྒྲུབ་ཀྱི་ཆོས་ཅན་གྱི་ངོ་བོ་འགོག་པ་ཡང་ཡིན་ནོ་ཞེས་ཟེར་རོ། །དེ་ནི་ཤིན་ཏུ་མི་འཐད་དེ། དོན་བྱེད་ནུས་སྟོང་དེ་ཡོད་དམ་མེད། མེད་ན་འགལ་རྟགས་སུ་མི་འཐད་དེ། འགལ་རྟགས་ཡིན་ན་ཕྱོགས་ཆོས་ཡིན་དགོས་ཕྱོགས་ཆོས་ཡིན་ན་ཡོད་དགོས་པའི་ཕྱིར། ཡོད་ན་ཤིན་ཏུ་མི་འཐད་དེ། དོན་བྱེད་ནུས་སྟོང་དེ་དངོས་གྱུར་གྱི་ནམ་མཁའ་རྟག་པར་སྒྲུབ་པའི་འགལ་རྟགས་སུ་མི་འཐད་པར་ཐལ། དེ་ཕྱོགས་ཆོས་མ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ལྟར་སྒྲུབ་པའི་སྒྲུབ་ཚུལ་ཡིན་སྒྲུབ་འགོད་ཚུལ་ཡིན་འགོད་གང་ཞིག་དངོས་གྱུར་གྱི་ནམ་མཁའ་དེ་དོན་བྱེད་ནུས་སྟོང་མ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དངོས་གྱུར་གྱི་ནམ་མཁའ་དེ་དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྒྱན་དང་བུ་གའི་ནམ་མཁའ་དེ་མི་རྟག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྣམ་པར་འགྲེལ་པ་ལས་བཤད་པའི་རིགས་པ་རྣམས་ཀྱིས་ཤེས་པར་བྱའོ། །གཞན་ཡང་བྱས་པ་སྒྲའི་དོན་སྤྱི་མི་རྟག་པར་སྒྲུབ་པའི་འགལ་རྟགས་སུ་ཁས་བླངས་ན་ཅི་ཟེར། མི་འཐད་དེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་སུ་མི་འཐད་པའི་ཕྱིར་ཞེ་ན། དོན་བྱེད་ནུས་སྟོང་ཡང་དངོས་གྱུར་གྱི་ནམ་མཁའ་རྟག་པར་སྒྲུབ་པའི་འགལ་རྟགས་སུ་མི་འཐད་པར་འགྱུར་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་སུ་མི་འཐད་པའི་ཕྱིར་ཞེས་བརྗོད་ན་ཅི་ཟེར། བྱས་པ་ཡང་སྒྲའི་དོན་སྤྱི་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་ཡིན་ཏེ། སྒྲའི་དོན་སྤྱི་ནི་བྱས་པ་མ་ཡིན་པའི་ཕྱིར་ཞེ་ན། འོ་ན་དོན་བྱེད་ནུས་སྟོང་དེ་ཡང་དངོས་གྱུར་གྱི་ནམ་མཁའ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་ཡིན་པར་འགྱུར་ཏེ། དངོས་གྱུར་གྱི་ནམ་མཁའ་ཡང་དོན་བྱེད་ནུས་སྟོང་མ་ཡིན་པའི་ཕྱིར་ཞེས་བརྗོད་ན་ཅི་ཟེར། གལ་ཏེ་ཕྱོགས་ཆོས་མ་ཡིན་པའི་སྐྱོན་བརྗོད་ན་ཉེས་པ་མཚུངས་པ་བདེན་ཀྱང་ཉེས་པ་གཞན་གྱི་ཆ་ནས་བརྗོད་ན་མི་མཚུངས་ཏེ། འདི་ལྟར། བྱས་པ་སྒྲའི་དོན་སྤྱི་མི་རྟག་པར་སྒྲུབ་པའི་འགལ་བའི་གཏན་ཚིགས་མ་ཡིན་ཏེ། བྱས་པ་མི་རྟག་པ་དང་མི་འགལ་བའི་ཕྱིར་དང་། བྱས་པ་སྒྲའི་དོན་སྤྱི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་ཕྱིར་ཞེ་ན། དོན་བྱེད་ནུས་སྟོང་ཡང་དངོས་གྱུར་གྱི་ནམ་མཁའ་རྟག་པར་སྒྲུབ་པའི་འགལ་བའི་གཏན་ཚིགས་མ་ཡིན་པར་འགྱུར་ཏེ། དོན་བྱེད་ནུས་སྟོང་དེ་རྟག་པ་དང་མི་འགལ་བའི་ཕྱིར་དང་། དོན་བྱེད་ནུས་སྟོང་དེ་དངོས་གྱུར་གྱི་ནམ་མཁའ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་ཕྱིར་ཞེས་བརྗོད་ན་བསྐལ་པའི་བར་དུ་མཚུངས་པར་མཐོང་ངོ་། གཞན་ཡང་དོན་བྱེད་ནུས་སྟོང་དེ་དངོས་གྱུར་གྱི་ནམ་མཁའ་རྟག་པར་སྒྲུབ་པའི་ཆོས་ཅན་གྱི་ངོ་བོ་འགོག་པ་ཡིན་ན། བྱས་པ་ཡང་སྒྲ་རྟག་པར་སྒྲུབ་པའི་ཆོས་ཅན་གྱི་ངོ་བོ་འགོག་པར་ཁས་བླངས་ན་མཚུངས་པར་འགྱུར་ཏེ། དེ་གཉིས་ཀ་འགལ་བའི་རྟགས་སུ་མཚུངས་པར་འདུག་པའི་ཕྱིར་རོ། །གལ་ཏེ་བྱས་པ་སྒྲ་རྟག་པར་སྒྲུབ་པའི་ཆོས་ཅན་གྱི་ངོ་བོ་འགོག་པ་མ་ཡིན་ཏེ། བྱས་པ་སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཡིན་པའི་ཕྱིར་ཞེ་ན། འོ་ན་དོན་བྱེད་ནུས་པ་སྟོང་ཡང་དངོས་གྱུར་གྱི་ནམ་མཁའ་རྟག་པར་སྒྲུབ་པའི་ཆོས་ཅན་གྱི་ངོ་བོ་འགོག་པ་མ་ཡིན་པར་འགྱུར་ཏེ། དོན་བྱེད་ནུས་སྟོང་དེ་དངོས་གྱུར་གྱི་ནམ་མཁའ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པའི་ཕྱིར་ཞེས་བརྗོད་ན་གསུམ་ཆར་མཚུངས་སོ། །གཞན་ཡང་རང་རྟེན་ལ་སྨོས་པའི་དགོས་པ་རང་ཉིད་ཀྱིས་སྔར་བཤད་པ་དང་ཡང་འགལ་བར་འགྱུར་རོ། །རྒྱས་པར་ནི་གཞན་དུ་བཤད་པར་བྱའོ། །འདིའི་སྐབས་སུ་འགྲེལ་པ་དང་འགྲེལ་བཤད་དུ། ནང་ལ་འདུས་བསགས་ཉིད་མ་ཡིན། དེ་བཞིན་གཞན་དོན་ཅན་མ་ཡིན། ཞེས་དོགས་པ་བསུས་ནས་ལན་འདེབས་པའི་བཤད་པ་མཛད་སྣང་བ་ནི་དེ་ཉིད་དུ་ཤེས་པར་བྱའོ། །གཉིས་པ་ལ་གཉིས་ཏེ། ཕྱོགས་ཆོས་ཅན་དུ་མར་དབྱེར་རུང་བ་དང་། དེ་ཉིད་བཤད་པའོ། །དང་པོ་ནི། ཕྱོགས་ཆོས་ཅན་གྱི་རྟགས་ཆོས་ཅན། དུ་མར་དབྱེར་རུང་སྟེ། ཕྱོགས་ཆོས་ཅན་གང་ཞིག་ཕྱོགས་གཉིས་ཀ་ལ་ཁྱབ་པའི་ཐུན་མོང་བ་དང་ནི་མཐུན་ཕྱོགས་སམ་མི་མཐུན་ཕྱོགས་ཀྱི་ཁྱད་པར་གྱི་ཆོས་དང་བསྒྲུབ་བྱ་ལ་སྟེ་ཕྱོགས་གཉིས་ཀའི་ཆ་གཉིས་པོ་ལ་འཇུག་པའི་ཕྱིར་རོ། །གཉིས་པ་ལ་བཞི་སྟེ།དང་པོ་གཉིས་གཞན་ངོར་ཐེ་ཚོམ་གྱི་རྒྱུར་བསྟན། ཕྱི་མ་ལ་གསུམ་དུ་དབྱེ་བ་དང་། དང་པོ་གཉིས་གཞན་ངོར་ཐེ་ཚོམ་གྱི་རྒྱུ་ཡིན་པའི་རྒྱུ་མཚན། རྩོད་པ་སྤང་བའོ། །དང་པོ་ནི། དེ་ལ་དང་པོ་གཞན་ངོར་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག་པར་བཤད་པ་སྒྲ་རྟག་པའམ་མི་རྟག་པར་སྒྲུབ་པ་ལ་གཞལ་བྱ་དང་། གཞན་ངོར་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་མེད་པར་བཤད་པ་སྒྲ་མི་རྟག་པར་སྒྲུབ་པ་ལ་མཉན་བྱ་བཀོད་པ་ལྟ་བུ་གཉིས་ལས། གཞལ་བྱ་ཆོས་ཅན། དེ་སྒྲུབ་ཀྱི་བསྒྲུབ་བྱ་ལ་ཐེ་ཚོམ་ཅན་དུ་བཤད་པའི་རྒྱུ་མཚན་ཡོད་དེ། གཞན་ངོར་དེ་སྒྲུབ་ཀྱི་ཕྱོགས་གཉིས་ལ་ཁྱབ་བྱེད་དུ་འཇུག་པར་བཤད་པའི་ཕྱོགས་ཆོས་ཅན་གྱི་མ་ངེས་པའི་རྟགས་ཡིན་པས་དེ་ལྟར་བཤད་པའི་ཕྱིར། ཡང་མཉན་བྱ་ཆོས་ཅན། དེ་སྒྲུབ་ཀྱི་རང་ཕྱོགས་ཆོས་ཅན་དུ་སོང་བའི་ཕྱིར་རྒོལ་གྱི་ཚད་མས་དེ་སྒྲུབ་ཀྱི་ཕྱོགས་གཉིས་ཀ་ལ་མ་མཐོང་བའི་ཕྱོགས་ཆོས་ཅན་གྱི་རྟགས་ཡིན་པས་དེ་ལྟར་བཤད་པའི་ཕྱིར། གཉིས་པ་ནི། ལྷག་མ་ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག་པའང་མ་ཡིན་གཅིག་གིས་ཁྱད་པར་ཡང་མ་ཡིན་པའི་ཕྱོགས་ཆོས་ཅན་ཆོས་ཅན། བསྒྲུབ་བྱ་ལ་ལྟོས་ནས་གསུམ་དུ་ཕྱེ་བའི་རྒྱུ་མཚན་ཡོད་དེ། ཡང་དག་པའི་རྟགས་དང་། འགལ་བའི་རྟགས་དང་། ཐུན་མོང་གི་མ་ངེས་པའི་རྟགས་གསུམ་ཡོད་པས་དེ་ལྟར་ཕྱེས་པའི་ཕྱིར་རོ། དེ་ལྟར་ཡང་འཐད་དེ། བྱས་པ་ལྟ་བུ་སྒྲ་མི་རྟག་པ་སྒྲུབ་པ་ལ་ཡང་དག་དང་། རྟག་པར་སྒྲུབ་པ་ལ་འགལ་བ་དང་། རྩོལ་བྱུང་དུ་སྒྲུབ་པ་ལ་ཐུན་མོང་བའི་མ་ངེས་པའི་རྟགས་སུ་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། སྤྱི་དང་ཁྱད་པར་གཉིས་ཐེ་ཚོམ་ཅན་ཡིན་པ་ཅིའི་ཕྱིར་ཞེ་ན། གཞལ་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་ལ་ཐེ་ཚོམ་ཅན་ཡིན་ཞེས་བཤད་པའི་རྒྱུ་མཚན་ཡོད་དེ། དེ་སྒྲུབ་ཀྱི་ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་དུ་རྗེས་སུ་ཞུགས་པར་གཞན་ངོར་བཤད་པ་ལས་ལྡོག་པ་གྲུབ་པ་མིན་པའི་ཕྱོགས་ཆོས་ཅན་གྱི་མ་ངེས་པ་ཡིན་པས་དེ་ལྟར་བཤད་པའི་ཕྱིར་རོ། །མཉན་བྱ་ཆོས་ཅན། རང་ཕྱོགས་ཆོས་ཅན་དུ་སོང་བའི་དེ་སྒྲུབ་ཀྱི་ཕྱིར་རྒོལ་གྱི་ཚད་མས་དེ་སྒྲུབ་ཀྱི་ཕྱོགས་ཆོས་གཉིས་ཀ་ལ་མ་མཐོང་བའི་སྟོབས་ཀྱིས་མ་ཞུགས་པ་ལས་རྗེས་འགྲོ་རང་གི་དེ་སྒྲུབ་ཀྱི་མཐུན་དཔེའི་སྟེང་དུ་གྲུབ་པ་མ་ངེས་པའི་རྟགས་ཡིན་པས་དེ་ལྟར་བཤད་པའི་ཕྱིར་རོ། །བཞི་པ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། གལ་ཏེ་ཕྱོགས་ཆོས་གཉིས་ཀ་ལ་རྗེས་སུ་ཞུགས་པ་དང་། གཉིས་ཀ་ལ་མ་ཞུགས་པས་བསྒྲུབ་བྱ་ལ་ཐེ་ཚོམ་ཟ་བ་ཡིན་ན། མཐུན་ཕྱོགས་མི་མཐུན་ཕྱོགས་གང་རུང་གཅིག་ལ་ངེས་པར་ཞུགས་པ་དང་། ཕྱོགས་གཉིས་ལས་ལྡོག་པ་མིན་པ་གཉིས་ཀ་སྒྲུབ་པའི་རྟགས་སུ་འགྱུར་ཞེ་ན། ཡང་ན་ལྡོག་ཁྱབ་གྲུབ་པས་གཅིག་ལ་གཅོད་ཅིང་ཅིག་ཤོས་ལ་སྒྲུབ་པར་བྱེད་པ་ཡིན་ན་ཐམས་ཅད་ལ་རྗེས་སུ་ཞུགས་ཤིང་ལོག་པ་མིན་པས་གཉིས་ཀ་བསྒྲུབ་པའི་རྟགས་སུ་འགྱུར་རོ་ཞེ་ན་ཞེས་པའོ། །གཉིས་པ་ནི། མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་རྗེས་སུ་ཞུགས་པ་ཡིན་ན་གཉིས་ཀ་ངེས་པར་སྒྲུབ་པས་ཁྱབ་པ་མ་ཡིན་པར་ཐལ། དེ་ལྟར་ཁྱབ་ན་རྟག་པ་དང་མི་རྟག་པ་གཉིས་གཞི་མཐུན་དུ་འགྱུར་དགོས་པ་ལས་རྟག་མི་རྟག་གཉིས་ཀར་འགྱུར་བ་སྲིད་པ་མ་ཡིན་པའི་ཕྱིར་དང་། དེ་ལྟར་ཁྱབ་པ་ཡོད་པའི་དོན་གཉིས་ཀ་སྟེ་རྟག་པའང་མིན་མི་རྟག་པ་མ་ཡིན

པའང་མིན་དགོས་པ་ལས། རྟག་མི་རྟག་གང་རུང་མིན་པའང་མིན་པའི་ཕྱིར་རོ། །ཕྱི་མ་མ་གྲུབ་ན། དེར་ཐལ། རྟག་པ་མི་རྟག་པ་དང་ཕན་ཚུན་སྤངས་པའི་འགལ་བ་ལ་བརྟེན་པའི་དངོས་འགལ་ཡིན་པས་གཉིས་ཡིན་དང་གཉིས་མིན་གྱི་ཕུང་གསུམ་མི་སྲིད་པའི་ཕྱིར་རོ། །ཡང་ན་མི་རྟག་པ་དང་མི་རྟག་པ་མ་ཡིན་པ་གཉིས་ལ་སྦྱར་ན་ལེགས་སྟེ། དེ་གཉིས་ཕན་ཚུན་སྤངས་པའི་དངོས་འགལ་དུ་འཐད་པའི་ཕྱིར་རོ། །རྟག་པ་དང་མི་རྟག་པ་གཉིས་ནི་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་མིན་ནི་དཔྱད་པར་བྱ་བ་ཡིན་ཏེ། རྟག་པ་མ་ཡིན་ན་མི་རྟག་པ་ཡིན་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། གང་ཟག་གི་བདག་དེ་མི་རྟག་པར་ཐལ། དེ་རྟག་པ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །མ་གྲུབ་ན་དེ་རྟག་ཏུ་ཡོད་པར་ཐལ། དེ་རྟག་པ་ཡིན་པའི་ཕྱིར། མ་ཁྱབ་ན། ཆོས་ཀྱི་གྲགས་པའི་རིགས་པའི་ལམ་དང་འགལ་བ་ཡིན་ནོ། །དེས་ན་འདིའི་སྐབས་ཀྱི་གཞུང་དོན་དང་། གོང་འོག་འགའ་ཞིག་ཏུ་རྟག་པ་དང་མི་རྟག་པ་ཕན་ཚུན་སྤངས་པའི་དངོས་འགལ་དུ་བཤད་པ་སྣང་ནའང་འགྲེལ་བ་མཁན་པོ་དང་། འགྲེལ་བཤད་མཁན་པོའི་ལུགས་བཤད་པ་ཡིན་གྱི་རང་ལུགས་འཐད་ལྡན་དུ་སྒྲུབ་པ་མ་ཡིན་པའི་ཕྱིར་འགལ་བ་མེད་དོ། །གསུམ་པ་ལ་གསུམ་སྟེ། དངོས་འགལ་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག་པ་ཐེ་ཚོམ་ཅན་ཡིན་ན་དངོས་འགལ་གཉིས་ཀ་ལ་མཐོང་བའི་ཐེ་ཚོམ་ཅན་དུ་ཐལ་བ་སྤང་བ་དང་། དེ་མིན་པ་རྣམ་པར་བཅད་པའི་སྒོ་ནས་བསྒྲུབ་བྱ་གོ་བྱེད་ཡིན་པ་དང་། ལོག་ཕྱོགས་སྒྲུབ་པ་འགལ་རྟགས་སུ་བསྟན་པའོ། །དང་པོ་ནི། གལ་ཏེ་གཞལ་བྱ་གཞན་ངོར་རྟག་པ་དང་དེ་མིན་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག་ཞེས་པས་སྒྲ་རྟག་པའམ་རྟག་པ་མ་ཡིན་པ་སྒྲུབ་པ་ལ་ཐེ་ཚོམ་ཅན་ཡིན་ན་སྒྲ་མི་རྟག་པར་སྒྲུབ་པ་ལ་བྱས་པ་བཀོད་པ་ཡང་སྒྲ་མི་རྟག་པར་སྒྲུབ་པ་ལ་ཐེ་ཚོམ་ཅན་དུ་འགྱུར་ཏེ། རྩོལ་བྱུང་དང་རྩོལ་མ་བྱུང་གཉིས་ཀ་ལ་མཐོང་བའི་ཕྱིར་ཞེ་ན། དངོས་འགལ་གཞི་གཅིག་ལ་གཞི་མཐུན་དུ་སྒྲུབ་པའི་རྟགས་ཡང་དག་མེད་ན་ཆོས་གཅིག་དངོས་འགལ་གཉིས་ཀ་ལ་མཐོང་བས་རྟགས་ཡང་དག་མེད་པས་ཁྱབ་པ་མ་ཡིན་པར་ཐལ། བྱས་པ་དེ་གཞི་སྒྲ་གང་དུ་དགག་བྱའི་ཆོས་རྟག་པ་མེད་པ་དེ་རྣམ་བཅད་དུ་གྲུབ་པའི་དོན་སྒྲ་དང་མི་རྟག་པའི་ཚོགས་དོན་ཇི་ལྟ་བུ་བཞིན་དུ་སྒྲུབ་པར་བྱེད་པའི་གཏན་ཚིགས་སུ་བརྗོད་པ་ཡིན་གྱི་ཁྱད་པར་རྩོལ་བྱུང་དང་རྩོལ་བྱུང་མིན་པ་གཉིས་བསྒྲུབ་བྱར་བཟུང་ནས་དེའི་སྒྲུབ་བྱེད་དུ་བརྗོད་པ་མ་ཡིན་པའི་ཕྱིར་དང་། གཞལ་བྱ་ནི་སྒྲ་རྟག་པ་དང་དེ་མིན་པ་གཉིས་ཀྱི་སྒྲུབ་བྱེད་དུ་བཟུང་ཡང་དེ་གཉིས་ཀྱི་སྒྲུབ་བྱེད་དུ་འགྱུར་བ་མི་སྲིད་པའི་ཕྱིར་དང་། དངོས་འགལ་གཉིས་ལ་མཐོང་ན་རྟགས་ཡང་དག་མ་ཡིན་པས་ཀྱང་མ་ཁྱབ་པའི་ཕྱིར་རོ། །ཕྱི་མ་འདི་མ་གྲུབ་ན་དེར་ཐལ། དུང་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཆ་གཉིས་སུ་གྲུབ་པ་དེ་གཞན་ཏེ་རྩོལ་བྱུང་ལྟ་བུ་ཡང་བུམ་པ་དང་བུམ་ཡིན་གཉིས་ལ་ཞུགས་ཀྱང་རུང་། སྒྲ་ལ་རྟག་པ་བཅད་པའི་སྒོ་ནས་དེ་སྒྲུབ་ཀྱི་གོ་བྱེད་ཡང་དག་ཏུ་འགྱུར་བའི་ཕྱིར་དང་། གཅིག་བྱས་པ་དེ་ཡང་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་ཀྱང་མི་རྟག་པ་སྤངས་པའི་རྩོལ་བྱུང་མིན་པ་ལ་འཇུག་པ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་རྟགས་ཡང་དག་ཏུ་འགྱུར་བའི་ཚུལ་ཇི་ལྟར་དུ་འགྱུར་ཞེ་ན། རྟགས་ཡང་དག་ཏུ་འགྱུར་བའི་ཚུལ་མེད་པ་མ་ཡིན་ཏེ། བྱས་པ་ལྟ་བུ་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལས་ལྡོག་པའི་སྒོ་ནས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཇི་ལྟར་ཞུགས་པ་བཞིན་གྲུབ་པ་ན་སྒྲ་ལ་རྟག་པ་རྣམ་པར་བཅད་པའི་སྒོ་ནས་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་འགྱུར་བའི་ཕྱིར། མ་གྲུབ་ན། དེ་མིན་རྣམ་པར་བཅད་པའི་སྒོ་ནས་རྟགས་ཡང་དག་ཏུ་འགྱུར་དགོས་པར་ཐལ། རིམ་པ་བཞིན་དུ་ཨུཏྤལ་དཀར་པོ་ཉིད་ལ་དཀར་པོའི་རྟགས་ལས་གཟུགས་ཉིད་དང་། ཡོན་ཏན་ཉིད་དང་། བརྟེན་པ་ཉིད་དང་གསུམ་རྟོགས་པ་དང་། གཟུགས་ཉིད་ལས་ཡོན་ཏན་ཉེད་དང་བརྟེན་པ་གཉིས་རྟོགས་པ་དང་། ཡོན་ཏན་ཉིད་ཀྱི་རྟགས་ལས་བརྟེན་པ་གཅིག་ཏུ་སྟེ་གཅིག་པུ་རྟོགས་པ་འཐད་པའི་ཕྱིར་དང་། དེ་ཡང་དེ་མིན་རྣམ་པར་བཅད་པའི་སྒོ་ནས་ཡིན་གྱི་གཞན་དུ་ན་མི་འཐད་པའི་ཕྱིར་དང་། ལུགས་ལས་བཟློག་པའི་རིམ་པ་ལ་ཡང་བརྟེན་པའི་རྟགས་ལས་ཡོན་ཏན་དང་། གཟུགས་དང་། དཀར་པོ་དང་གསུམ་རྟོགས་པ་དང་། ཡོན་ཏན་གྱི་རྟགས་ལས་གཟུགས་དང་དཀར་པོ་གཉིས། གཟུགས་ཀྱི་རྟགས་ལས་དཀར་པོ་གཅིག་པུ་རྟོགས་པར་འགྱུར་བའི་ཕྱིར་དང་། དེ་ཡང་དེ་མིན་རྣམ་པར་བཅད་པའི་སྒོ་ནས་ཡིན་གྱི་གཞན་དུ་ན་མི་འཐད་པའི་ཕྱིར་རོ། །ལུགས་འབྱུང་དང་ལུགས་བཟློག་གི་ཚུལ་འདི་གཉིས་ནི་བྱེ་བྲག་པའི་འདོད་པ་དང་བསྟུན་པ་ཡིན་གྱི་རང་ལུགས་སུ་བསྒྲུབ་པ་མ་ཡིན་ཏེ། གཟུགས་ཀྱི་རྟགས་ལས་དཀར་པོ་རྟོགས་པ་ལ་སོགས་པ་ནི་ཁྱབ་པ་འཁྲུལ་བའི་ཕྱིར་དང་། དཔྱད་ན་ཤིན་ཏུ་འཇིག་པར་སྣང་བའི་ཕྱིར་རོ། །འོ་ན་གོང་དུ་གཅིག་ཚིག་སྨོས་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེ་སྨོས་པ་ལ་དགོས་པ་ཡོད་དེ། འགལ་བ་ལ་མི་འཁྲུལ་བའི་གཏན་ཚིགས་གཉིས་བཀོད་པ་བསྒྲུབ་བྱ་ལ་ཐེ་ཚོམ་ཅན་དུ་ཤེས་པའི་ཆེད་དུ་གོང་དུ་གཅིག་གི་ཚིག་ཏུ་བསྟན་པའི་ཕྱིར། གསུམ་པ་ནི། གལ་ཏེ་དེ་ལྟར་ན་དུང་སྒྲ་མི་རྟག་པར་སྒྲུབ་པ་ལ་བྱས་པ་དང་རྩོལ་བྱུང་གཉིས་བཀོད་པ་ཡང་འགལ་བ་ལ་མི་འཁྲུལ་བར་འགྱུར་བས་ཐེ་ཚོམ་གྱི་རྒྱུར་འགྱུར་རོ་ཞེ་ན། སྔར་བཤད་པའི་འགལ་བ་ལ་མི་འཁྲུལ་བའི་གཏན་ཚིགས་གཉིས་དང་གཏན་ཚིགས་འདི་གཉིས་རང་རང་གི་བསྒྲུབ་བྱ་སྒྲུབ་པ་ལ་ཐེ་ཚོམ་ཅན་དུ་མཚུངས་པ་མ་ཡིན་པར་ཐལ། འགལ་བ་ལ་མི་འཁྲུལ་བའི་གཏན་ཚིགས་གཉིས་དེ་ལྟར་ཡིན་ཡང་གཏན་ཚིགས་གཉིས་པོ་དེ་ནི་རང་གི་བསྒྲུབ་བྱ་བཟློག་པ་བསྒྲུབ་པ་ལ་འགལ་བའི་གཏན་ཚིག་ཡིན་པའི་ཕྱིར་དང་། དངོས་ཀྱི་བསྒྲུབ་བྱ་བསྒྲུབ་པ་ལ་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་གཞི་འདི་ན་གྲང་བའི་རེག་པ་མེད་དེ། མེས་ཁྱབ་པར་ནོན་པའི་ཕྱིར་ཞེས་པའི་རྟགས་འདི་ཁྱོད་ཀྱིས་ཡང་དག་ཏུ་ཁས་བླངས་པས། གྲང་བའི་རེག་པ་ཡོད་དེ། མེས་ཁྱབ་པར་ནོན་པའི་ཕྱིར་ཞེས་པ་འགལ་རྟགས་སུ་འགྱུར་ན། མི་རིགས་ཏེ། གྲང་རེག་མེད་ཀྱང་རེག་བྱ་བཏང་སྙོམས་པ་མཐོང་བའི་ཕྱིར་ཞེ་ན། སྐྱོན་མེད་དེ། མེའི་རྟགས་ལས་དྲོ་རེག་འབའ་ཞིག་མི་འགྲུབ་ཀྱང་གྲང་རེག་མ་ཡིན་པར་གྲུབ་པའི་ཕྱིར་ཞེས་འགྲེལ་པ་དང་འགྲེལ་བཤད་མཁན་པོས་ལེན་འདེབས་མོད་དཔྱད་པར་བྱ་བ་ཅུང་ཟད་སྣང་ཡང་གཞན་དུ་ཤེས་པར་བྱའོ། །གལ་ཏེ་བྱས་པ་རྩོལ་བ་ལས་བྱུང་བ་དང་མ་བྱུང་བ་གཉིས་པོ་གང་དུ་ཞུགས་པ་བསྒྲུབ་བྱར་བཟུང་ན་ནི་རྟགས་གང་དུ་འགྱུར་ཞེ་ན། བྱས་པ་ཆོས་ཅན། ཁྱོད་དུང་སྒྲ་རྩོལ་བ་ལས་བྱུང་བར་སྒྲུབ་པ་དང་རྩོལ་བ་ལས་མ་བྱུང་བར་སྒྲུབ་པ་གང་ཡང་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་ཏེ། ཁྱོད་དེ་རྩོལ་བྱུང་དུ་སྒྲུབ་པའམ་རྩོལ་བྱུང་མིན་པར་སྒྲུབ་པ་གང་ཡིན་ཀྱང་རུང་དེ་ཡི་བྱེ་བྲག་ལ་ཐེ་ཚོམ་ཟ་བའི་སྒོ་ནས་རྨོངས་པའོ་ཞེས་པ་སྟེ་བྱེ་བྲག་གྲུབ་ཀྱང་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། གལ་ཏེ་དེ་ལྟར་ཡིན་ན་བྱས་པའི་ཕྱིར་མི་རྟག་གོ །བདག་མེད་དོ་ཞེས་པ་ཡང་ཐེ་ཚོམ་གྱི་གཏན་ཚིགས་སུ་ཐལ། གཉིས་ཀ་ལ་ཡོད་པའི་ཕྱིར་ཞེ་ན། མི་མཚུངས་ཏེ། བྱས་པ་སྒྲ་རྩོལ་བྱུང་དུ་སྒྲུབ་པ་དང་རྩོལ་བྱུང་མ་ཡིན་པར་སྒྲུབ་པ་གང་ལ་ཡང་ཁྱབ་པ་ཚད་མས་ངེས་པ་མི་སྲིད་པའི་ཕྱིར་ཏེ། དེ་གཉིས་དངོས་འགལ་ཡིན་པའི་ཕྱིར་དང་། བྱས་པས་སྒྲ་མི་རྟག་པ་དང་སྒྲ་བདག་མེད་གང་སྒྲུབ་པ་ལའང་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར་རོ། །འདིའི་ལན་ལ་འགྲེལ་པ་ལས་འདིར་ལྟར་འཆད་ཏེ། བྱས་པས་སྒྲ་བདག་མེད་དང་མི་རྟག་པ་གང་སྒྲུབ་པ་ལ་ཐེ་ཚོམ་ཅན་དུ་འགྱུར་བ་མི་སྲིདདེ། དེ་མི་རྟག་པ་དང་བྲལ་བའི་བདག་མེད་པ་ལ་བྱས་པ་ཡོད་པར་འགྱུར་ན་དེ་ལྟ་བུ་ཉིད་དུ་འགྱུར་ཡང་དེ་ལ་མེད་པའི་ཕྱིར་ཞེས་གསུངས་སོ། །དེ་ནི་རང་ལའང་མཚུངས་པར་མཐོང་སྟེ། བྱས་པས་སྒྲ་རྩོལ་བྱུང་དང་རྩོལ་བྱུང་མ་ཡིན་པ་གང་སྒྲུབ་པ་ཐེ་ཚོམ་ཅན་དུ་འགྱུར་བ་མི་སྲིད་པར་ཐལ། རྩོལ་བྱུང་མ་ཡིན་པ་དང་བྲལ་བའི་རྩོལ་བྱུང་ལ་བྱས་པ་ཡོད་པར་འགྱུར་ན་དེ་ལྟ་བུ་ཉིད་དུ་འགྱུར་ཡང་དེ་ལ་མེད་པའི་ཕྱིར་ཞེས་པ་མཚུངས་པར་འགྱུར་རོ། །རྟགས་ཕྱི་མ་མ་གྲུབ་ན། སྔ་མའི་རྟགས་ཀྱང་མ་གྲུབ་བོ། དེར་ཐལ། མི་རྟག་པ་མེད་པའི་བདག་མེད་ལ་བྱས་པ་ཡོད་པ་མི་སྲིད་པའི་ཕྱིར་ཞེ་ན། དེར་ཐལ། རྩོལ་བྱུང་མ་ཡིན་པ་མེད་པའི་རྩོལ་བྱུང་ལ་བྱས་པ་ཡོད་པ་མི་སྲིད་པའི་ཕྱིར་ཞེས་བརྗོད་ན་མཚུངས་སོ། །རེག་བྱ་ཅན་མ་ཡིན་པས་སྒྲ་རྟག་པར་སྒྲུབ་པ་ཡང་། མཐུན་ཕྱོགས་ལུས་ཅན་ལ་མེད། ནམ་མཁའ་ལ་ཡོད་པ་དང་། མི་མཐུན་ཕྱོགས་སེམས་པའི་ལས་ལ་ཡོད། བུམ་པ་ལ་མེད་པས་ཐེ་ཚོམ་ཀྱི་རྒྱུ་ཡིན་ལ། རྡུལ་ཕྲན་ལ་མེད་པ་ནི། ཕྱིར་རྒོལ་གྱི་འདོད་པ་ལ་ལྟོས་ནས་བཞག་པའོ་ཞེས་འགྲེལ་པའི་དགོངས་པར་ཁ་ཅིག་འཆད་དོ། །འདི་ལའང་དགག་སྒྲུབ་བྱེད་རྒྱུ་མང་དུ་སྣང་ཡང་རྣམ་པར་ངེས་པའི་ནང་དུ་འཆད་དོ། །གཉིས་པ་ལ་གཉིས་ཏེ། གཞན་གྱིས་བརྟགས་པའི་སྒྲུབ་པ་ཡང་དག་དགག་པ་དང་། ལྟར་སྣང་གི་མཚན་ཉིད་དགག་པའོ། །དང་པོ་ལ་གཉིས་ཏེ། རྩོད་སྒྲུབ་མཁན་པོའི་ལུགས་དགག་པ་དང་། མུ་སྟེགས་པའི་ལུགས་དགག་པའོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། རྩོད་པ་སྒྲུབ་པ་མཛད་པའི་ལུགས་ལ་རེ་ཤིག་གནོད་བྱེད་བརྗོད་པར་བྱེད་དོ་ཞེས་སྦྱར། རྩོད་སྒྲུབ་མཛད་པས་ཅི་འདྲ་བ་ཞིག་ཁས་བླངས་ཞེ་ན། སྒྲ་མི་རྟག་པར་སྒྲུབ་པ་ལ་སོགས་པའི་སྒྲུབ་བྱེད་དང་མཐུན་པ་དེ་དང་འདྲ་བ་མེད་པ་ཉིད་ལ་འགར་ཡང་མེད་པ་ཡི་ཆོས་བསྟན་པ་རྟགས་ཀྱི་མཚན་ཉིད་དང་། དེ་སྟོན་པའི་ངག་གཞན་དོན་གྱི་རྗེས་དཔག་གི་མཚན་ཉིད་ཡིན་ཞེས་འགྲེལ་བཤད་ལས་འབྱུང་ངོ་། །རྩ་བའི་འཕྲོས་ལྟར་ན་རྩོད་སྒྲུབ་ནས་བསྒྲུབ་བྱའི་ཆོས་ལ་བསྒྲུབ་བྱར་བྱས་པ་སྟེ། དེ་ལ་འོག་ནས་གནོད་བྱེད་བརྗོད་པའི་ཕྱིར་རོ། །རྩོལ་བ་ལས་བྱུང་བ་མི་རྟག་པ་ལྟ་བུ་དང་། དུ་བ་མེ་ལྟ་བུ་དེ་དེ་འདྲ་བ་མེད་ན་མི་འབྱུང་ཞིང་བསྒྲུབ་བྱ་དང་ལྷན་ཅིག་ཁོ་ནར་འབྱུང་བའི་ཆོས་གཏན་ཚིགས་ཀྱི་མཚན་ཉིད་དང་། དེ་སྟོན་པའི་ངག་གཞན་དོན་གྱི་རྗེས་དཔག་གི་མཚན་ཉིད་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་ལ་གཉིས་ཏེ། ངེས་བཟུང་ལ་བརྟག་ལ་དགག གཞན་དོན་གྱི་རྗེས་དཔག་གི་མཚན་ཉིད་ལ་བརྟག་ལ་དགག་པའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད་ཁྱབ་ཆེས་པ་དང་། མ་ཁྱབ་པ་དང་། མི་སྲིད་པའི་ཉེས་པ་བརྗོད་པའོ། །དང་པོ་ནི། ཁྱོད་ཀྱི་ལུགས་ལྟར་ན། ཁོ་ནའི་ངེས་བཟུང་སྦྱར་བ་མི་འཐད་པར་ཐལ། དེ་ལ་ཉེས་པ་གསུམ་ཡོད་པའི་ཕྱིར་རོ། །མ་གྲུབ་སྟེ། བསྒྲུབ་བྱ་དེ་དང་མཐུན་པ་མེད་པ་ལ་མེད་པ་ཉིད་ཡིན་པའི་ཕྱིར་ཁོ་ནའོ་ཞེས་སྦྱོར་བའི་ཕྱིར་ཞེ་ན། དོན་ནི་བསྒྲུབ་བྱ་དང་འདྲ་བ་མེད་པ་མི་མཐུན་ཕྱོགས་ལ་སྒྲུབ་ཚུལ་དང་མཐུན་པར་མེད་པ་ཁོ་ནའོ་ཞེས་པའོ། །དེའི་ལྟར་ན། ཐུན་མོང་མིན་པའི་མཉན་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་འགྱུར་བར་ཐལ། སྒྲ་དང་རྟག་པའི་ཚོགས་དོན་དང་མཐུན་པ་མེད་པ་མི་མཐུན་ཕྱོགས་མི་རྟག་པ་ལ་སྒྲུབ་ཚུལ་དང་མཐུན་པར་མེད་པ་ཁོ་ན་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །མ་གྲུབ་ན་ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་ན་དེར་ཐལ། དེའི་མི་མཐུན་ཕྱོགས་བུམ་པ་ལ་སྒྲུབ་ཚུལ་དང་མཐུན་པར་མེད་པ་ཁོ་ན་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། བྱེ་བྲག་བུམ་པ་ལ་མེད་ན་སྤྱི་མི་རྟག་པ་ལ་མེད་པས་ཁྱབ་པ་ཁས་བླངས་སོ། །འདི་ལྟར་བཤད་པ་མཁས་པའི་དགོངས་པ་ཡིན་གྱི་འགྲེལ་པ་དང་འགྲེལ་བཤད་རྗེས་འབྲང་དང་བཅས་པས་བཤད་པ་བྱེད་པ་ནི་འཐད་པར་མི་སེམས་སོ། །གཉིས་པ་ནི། བསྒྲུབ་བྱ་མེད་པ་ཉིད་ལ་སྟེ་དེ་སྒྲུབ་ཀྱི་ཚུལ་དང་མཐུན་པར་མི་མཐུན་པའི་ཕྱོགས་ཁོ་ན་ལ་མེད་པའོ་ཞེས་ངེས་བཟུང་སྦྱོར་བའི་ཕྱིར་ཉེས་པ་མེད་ཅེ་ན། ཁྱོད་ལྟར་ན་ཉེས་པ་ཆེ་སྟེ་འདི་ལྟར། རྟགས་ཆོས་ཁྱབ་མཉམ་འབའ་ཞིག་རྟགས་སུ་འགྱུར་ཞེས་པ་སྟེ། རྩོལ་བ་ལས་བྱུང་བ་ཆོས་ཅན། དུང་གི་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་སྒྲུབ་ཚུལ་དང་མཐུན་པར་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཁོ་ན་ལ་མེད་པ་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན་ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་ན། དེར་ཐལ། དེ་སྒྲུབ་ཀྱི་སྒྲུབ་ཚུལ་དང་མཐུན་པར་དེ་སྒྲུབ་ཀྱི་མཐུན་ཕྱོགས་གློག་ལའང་མེད་པའི་ཕྱིར། གསུམ་ཀར་དངོས་འགལ་ཡིན་ནོ། །འདི་ལྟར་འཆད་པ་མཁས་མཆོག་གི་དགོངས་པ་ཡིན་གྱི་མི་མཐུན་ཕྱོགས་ཁོ་ན་ལ་མེད་པ་མ་ཡིན་པར་ཐལ། མཐུན་ཕྱོགས་འགའ་ཞིག་ལའང་མེད་པའི་ཕྱིར་ཞེས་བརྗོད་ནས་ཁྱབ་པ་ཚད་སྒྲུབ་ཏུ་བྱེད་པ་ཆེས་ཤིན་ཏུ་མི་འཐད་དེ། ཉེས་པ་སྔར་ནས་བཤད་ཟིན་པ་ལྟར་རོ། །གསུམ་པ་ནི། གལ་ཏེ་མཚན་ཉིད་མ་ཁྱབ་པ་དང་། ཁྱབ་ཆེས་པའི་ཉེས་པ་མེད་དེ། བསྒྲུབ་བྱའི་ཆོས་དང་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་ཅེས་ངེས་པར་བཟུང་བའི་ཕྱིར་ཞེ་ན། དེ་ལྟར་ཡང་སྐྱོན་སྤང་བར་མི་ནུས་པར་ཐལ། དེ་ལྟར་འདོད་པ་མིན་པའི་ཕྱིར་དང་། འདོད་ན་ཁས་བླངས་འགལ་བའི་ཕྱིར་རོ། །གལ་ཏེ་བསྒྲུབ་བྱའི་ཆོས་ཀྱི་ལྡོག་པ་མིན་པ་ཁོ་ན་ལ་མེད་ཅེས་ངེས་པར་བཟུང་བ་སྦྱོར་བའི་ཕྱིར་སྐྱོན་མེད་དོ་ཅེ་ན། གཅིག་ལའང་སྟེ། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། མི་རྟག་པའི་ལྡོག་པ་ཁོ་ན་ལ་མེད་ན་མི་བྱུང་བ་མ་ཡིན་པའི་ཕྱིར། ཁྱབ་པ་དངོས། རྟགས་མ་གྲུབ་ན་ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་ན། དེར་ཐལ། མི་རྟག་པ་དང་བདག་མེད་ལ་སོགས་པ་རྣམ་པ་དུ་མ་མེད་ན་མི་འབྱུང་བར་མཐོང་བའི་ཕྱིར། གསུམ་ཆར་ཁས་བླངས་སོ། །འདི་ལྟར་འཆད་པ་མཁས་མཆོག་གི་དགོངས་པ་ཡིན་གྱི་འདིའི་ཁྱབ་པ་ཚད་གྲུབ་ཏུ་བྱེད་པ་དང་། གོང་གི་བསྒྲུབ་བྱའི་ཆོས་དེ་དང་མཐུན་པ་ཉིད་ཁོ་ན་ལ་ཡོད་ཅེས་ངེས་པར་བཟུང་བ་ཡིན་ན་སྐྱོན་མེད་ཀྱང་ཞེས་པ་རང་ལུགས་སུ་འཆད་པ་ནི་ཤིན་ཏུ་འགལ་བ་ཡིན་ཏེ། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ཁས་ལེན་ནུས་ན་མི་རྟག་པའི་ལྡོག་པ་ཁོ་ན་ལ་ཡོད་པའང་ཁས་ལེན་ནུས་པའི་ཕྱིར་རོ། །རྟགས་མ་གྲུབ་ན། དེ་ལྟར་ཁས་བླངས་ན་སྐྱོན་ཅི་ཡོད། འོ་ན་མི་རྟག་པའི་ལྡོག་པ་ཁོ་ན་ལ་ཡོད་པར་གྲུབ་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་གྲུབ་པའི་ཕྱིར། འདོད་ན། དེ་ལ་ཡོད་པ་དེ་གང་ཡིན་སྨོས་ཤིག མི་རྟག་པ་དེ་མི་རྟག་པའི་ལྡོག་པ་ཁོ་ན་ལ་ཡོད་དོ་ཞེ་ན། མི་རྟག་པ་ཆོས་ཅན། མི་རྟག་པའི་ལྡོག་པ་ཁོ་ན་ལ་ཡོད་པ་མ་ཡིན་པར་ཐལ། དེ་མ་ཡིན་པ་ལའང་ཡོད་པའི་ཕྱིར་ཞེས་ཟེར་ན། འོ་ན་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་དེའི་མཚན་གཞི་གང་ཡིན་སྨྲོས་ཤིག བྱས་པ་དེ་ཡིན་ཞེ་ན། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་མ་ཡིན་པར་ཐལ། དེ་མ་ཡིན་པ་ལའང་ཡོད་པའི་ཕྱིར་ཞེས་བརྗོད་ན་བསྐལ་པའི་བར་དུ་མཚུངས་སོ། །འོ་ན་བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་མ་ཡིན་པར་ཐལ། དེ་བསྒྲུབ་ཀྱི་མཐུན་ཕྱོགས་མ་ཡིན་པ་ལའང་ཡོད་པའི་ཕྱིར་ཞེ་ན། དགག་པ་འབའ་ཞིག་པར་ཞེན་པར་བྱ་བ་ཆོས་ཅན། བདེན་སྟོང་མེད་དགག་ཏུ་སྒྲུབ་པའི་རྗེས་ཁྱབ་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་མ་ཡིན་པ་ལ་ཡོད་པའི་ཕྱིར། ཞེས་བརྗོད་ན་ཅི་ཟེར། མ་གྲུབ་བོ་ཞེ་ན། འོ་ན་གཞལ་བྱ་ཡང་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་མ་ཡིན་པ་ལ་མེད་པར་དམ་བཅས་ན་ཉེས་པ་ཅི་ཡོད། གཞལ་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་མ་ཡིན་པ་ལ་ཡོད་པར་ཐལ། ཡོད་པ་གང་ཞིག་དེ་ཡིན་པའི་ཕྱིར་ཞེ་ན། དགག་པ་འབའ་ཞིག་པར་ཞེན་པར་བྱ་བ་ཆོས་ཅན། བདེན་སྟོང་མེད་དགག་ཏུ་སྒྲུབ་པའི་མཐུན་ཕྱོགས་མ་ཡིན་པ་ལ་ཡོད་པར་ཐལ། ཡོད་པ་གང་ཞིག་དེ་ཡིན་པའི་ཕྱིར་ཞེས་བྱའོ། །རྟགས་མ་གྲུབ་བོ་ཞེ་ན། སྔ་མ་ཡང་མ་གྲུབ་བོ། །འོ་ན་གཞལ་བྱ་ཆོས་ཅན། སྒྲ་མི་རྟག་པར་བསྒྲུབ་པའི་མཐུན་ཕྱོགས་སུ་ཐལ། དེ་མ་ཡིན་པ་མ་ཡིན་པའི་ཕྱིར། འདོད་ན། མི་རྟག་པར་འགྱུར་རོ་ཞེ་ན། དགག་པ་འབའ་ཞིག་པར་ཞེན་པར་བྱ་བ་ཆོས་ཅན། བདེན་སྟོང་མེད་དགག་ཏུ་སྒྲུབ་པའི་མཐུན་ཕྱོགས་སུ་ཐལ། དེ་མ་ཡིན་པ་མ་ཡིན་པའི་ཕྱིར། འདོད་ན་མེད་དགག་ཏུ་འགྱུར་རོ་ཞེས་བརྗོད་ན་མི་མཚུངས་སམ་ལེགས་པར་སོམས་ཤིག གཞན་ཡང་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་མ་ཡིན་པ་ལ་མེད་ན་མི་རྟག་པ་དེ་མི་རྟག་པ་མ་ཡིན་པ་ལ་ཡོད་པར་ཚངས་པ་དང་བརྒྱ་བྱིན་མ་གཏོགས་རིགས་པ་སྨྲ་བ་སུས་ཀྱང་མ་གྲུབ་སྟེ། ཐམས་ཅད་དུ་མཚུངས་པའི་ཕྱིར། གལ་ཏེ་མི་མཚུངས་ཏེ། འདི་ལྟར། མི་རྟག་པ་ཆོས་ཅན། མི་རྟག་པའི་ལྡོག་པ་མ་ཡིན་པ་ལ་ཡོད་པར་ཐལ། སྐད་ཅིག་མ་ལ་ཡོད་པའི་ཕྱིར་ཞེ་ན། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་མ་ཡིན་པ་ལ་ཡོད་པར་ཐལ། བྱས་པའི་ཆོས་ཉིད་ལ་ཡོད་པའི་ཕྱིར་ཞེས་བརྗོད་ན་ལན་ཅི་ཡོད། མ་ཁྱབ་བོ་ཞེ་ན། སྔ་མ་ཡང་མ་ཁྱབ་བོ། །ཁྱབ་པར་ཐལ། སྐད་ཅིག་མ་དེ་མི་རྟག་པའི་ལྡོག་པ་མ་ཡིན་པས་ཁྱབ་པ་ཡིན་པའི་ཕྱིར། ཕྱི་མའི་ཁྱབ་པའང་ཡོད་པར་ཐལ། བྱས་པའི་ཆོས་ཉིད་དེ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་མ་ཡིན་པས་ཁྱབ་པ་ཡིན་པའི་ཕྱིར་ཞེས་བརྗོད་ན་མཚུངས་སོ། །རྒྱས་པར་ནི་སྔར་ནས་བཤད་ཟིན་ཏོ། །གཞན་ཡང་། རྩོལ་བ་ལས་བྱུང་བ་ཆོས་ཅན། དུང་གི་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་ལྷན་ཅིག་ཁོ་ནར་མ་བྱུང་བའི་ཕྱིར། ཁྱབ་པ་དངོས། རྟགས་མ་གྲུབ་ན་ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་ན། དེར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་གློག་ལ་སོགས་པ་དང་ལྷན་ཅིག་ཁོ་ནར་མི་འབྱུང་བའི་ཕྱིར་རོ། །གསུམ་ཆར་དངོས་འདི་ལྟར་འཆད་པ་མཁས་མཆོག་གི་དགོངས་པ་ཡིན་གྱི་གཞན་གྱི་འཆད་པ་ལྟར་བཤད་ན་མཁས་མཆོག་ལ་ངན་སྐྱུགས་ཀྱི་དྲི་ངན་སྨོས་པ་ཡིན་ནོ། །ཁོ་བོ་ལ་ནི་ནང་འགལ་ཤོར་བའི་ཉེས་པ་མེད་པའི་རྒྱུ་མཚན་སྔར་བཤད་ཟིན་ལ་ད་དུང་ཡང་འཆད་པར་བྱེད་དོ། །འོ་ན་ཕྱོགས་ཀྱི་གླང་པོ་ཁྱོད་ཀྱི་ལུགས་ལའང་ཉེས་པ་མཚུངས་ཏེ། འདི་ལྟར། དེ་དང་མཐུན་པ་ཁོ་ན་ལ་ཡོད་ཅེས་པའི་ངེས་པར་བཟུང་བ་སྦྱར་བ་མི་འཐད་པར་ཐལ། དེ་དང་མཐུན་པ་ཁོ་ན་ལ་ཡོད་པ་མི་སྲིད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། བསྒྲུབ་བྱའི་ཆོས་ཀྱི་སྤྱི་དང་དོན་མཐུན་པ་ཁོ་ན་མཐུན་ཕྱོགས་ཡིན་གྱི་བསྒྲུབ་བྱའི་ཆོས་ཀྱི་སྤྱི་ལྡོག་ཁོ་ནས་མཐུན་པ་མཐུན་ཕྱོགས་སུ་འདོད་པ་མ་ཡིན་པའི་ཕྱིར་ཞེས་འགྲེལ་བཤད་མཁན་པོས་ལན་འདེབས་མོད་འཐད་པར་མི་སེམས་སོ། །གཉིས་པ་ལ་གསུམ་སྟེ། སྒྲུབ་ངག་གིས་ཇི་ལྟར་བསྟན་པ་གཏན་ཚིགས་ཀྱི་མཚན་ཉིད་དུ་འདོད་པ་དགག དངོས་པོ་ལ་ཇི་ལྟར་གནས་པ་དང་མཐུན་པའི་ཁྱབ་པ་སྒྲུབ་ངག་གི་མཚན་ཉིད་དུ་འདོད་པ་དགག དགག་པ་གཞན་བསྟན་པའོ། །དང་པོ་ནི། སྒྲུབ་ངག་གིས་ཕྱོགས་ཆོས་དེ་ཡི་བདག་ཉིད་སྟོན་ཅིང་དེས་བསྟན་པ་དེ་གཏན་ཚིགས་ཀྱི་མཚན་ཉིད་རྫོགས་པ་ཡིན་ཞེ་ན། གཏན་ཚིགས་སྟེ་ཕྱོགས་ཆོས་བརྗོད་པས་གཏན་ཚིགས་ཡང་དག་གི་མཚན་ཉིད་རྫོགས་པར་ནུས་པ་མ་ཡིན་པར་ཐལ། གཏན་ཚིགས་ཡང་དག་ཏུ་མཚོན་པ་ལ་མེད་ན་མི་འབྱུང་བའི་འབྲེལ་པ་དཔེ་ལ་ངེས་པར་བསྟན་དགོས་པའི་ཕྱིར། གཉིས་པ་ནི། བསྒྲུབ་བྱ་དང་མེད་ན་མི་འབྱུང་བའི་འབྲེལ་པ་ཡང་དག་པ་བདེན་པར་གྲུབ་ཅིང་དེ་དོན་ཇི་ལྟ་བ་བཞིན་སྒྲུབ་ངག་གིས་སྟོན་ནོ་ཞེ་ན། བསྒྲུབ་བྱ་དང་མེད་ན་མི་འབྱུང་བའི་འབྲེལ་པ་བརྗོད་པས་སྒྲུབ་ངག་ཡང་དག་གི་མཚན་ཉིད་རྫོགས་པ་མ་ཡིན་པར་ཐལ། དེ་ལྟར་རྫོགས་ན་རྣམ་པ་གང་གིས་འབྲེལ་པ་གྲུབ་པ་དང་། གཞི་གང་ལ་མེད་ན་མི་འབྱུང་བ་གྲུབ་པ། བསྒྲུབ་བྱ་རིགས་མི་མཐུན་འདི་ལ་བསྒྲུབ་ཚུལ་དང་མཐུན་པར་མེད་དོ་ཞེས་བརྗོད་དགོས་པར་ཁས་བླངས་པ་ལས་དེ་ལྟར་མ་བརྗོད་པའི་ཕྱིར་རོ། །གལ་ཏེ་རྟགས་ཆོས་ལྷན་ཅིག་རྒྱུ་བ་མཐོང་བ་ཙམ་གྱིས་གཏན་ཚིགས་ཀྱི་མཚན་ཉིད་རྫོགས་པ་དང་། དེ་བརྗོད་པས་སྒྲུབ་ངག་གི་མཚན་ཉིད་སྐྱོན་མེད་དོ་ཅེ་ན། དེ་མི་རིགས་པར་ཐལ། དེ་ལྟར་འཐད་ན་ཤེས་པར་བྱེད་ལས་འདས་པ་བཞིན་ཏེ། ཤེས་བྱེད་ཚུལ་གསུམ་ཚད་མས་མ་གྲུབ་པར་ལྐོག་གྱུར་གྱི་དོན་གྱི་སྒྲུབ་བྱེད་ཡང་དག་ཏུ་འགྱུར་དགོས་པ་ལ་དེ་ལྟར་ཚད་མས་མཐོང་བ་མ་ཡིན་པའི་ཕྱིར། དེས་ཁས་བླངས་ནང་འགལ་བརྗོད་ནས་ཁྱབ་ཆེས་པའི་སྐྱོན་སྟོན་པ་ནི། མིག་གི་ཤེས་པའི་བཟུང་བྱ་ཉིད་ལ་སོགས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་འགྱུར་བར་ཐལ། མི་རྟག་པ་དང་ལྷན་ཅིག་ཏུ་རྒྱུ་བར་མཐོང་བའི་ཕྱིར་རོ། །གསུམ་ཆར་རོ། །གསུམ་པ་དགག་པ་གཞན་བསྟན་པ་ལ་གསུམ་སྟེ། གཏན་ཚིགས་བརྗོད་པའི་ཚིག་གིས་འབྲེལ་བ་མ་བསྟན་པ་གཏན་ཚིགས་མ་ཡིན་པའི་ལན་དུ་མི་རུང་བ་དང་། དེའི་ལན་དགག་པ་དང་། ཁྱབ་པ་ངེས་ན་བསྒྲུབ་བྱ་གྲུབ་ཟིན་དུ་ཐལ་བའོ། །དང་པོ་ནི། མིག་ཤེས་ཀྱི་བཟུང་བྱ་བརྗོད་པའི་ཚིག་གིས་བསྒྲུབ་བྱ་དང་འདྲ་བ་མེད་ན་མི་འབྱུང་བ་མ་བསྟན་པའི་ཕྱིར། དེ་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་མིན་ནོ་ཞེས་བརྗོད་ན། དེ་ལྟར་མ་བསྟན་པ་མིག་ཤེས་ཀྱི་བཟུང་བྱ་ལྟ་བུ་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་མ་ཡིན་ནོ་ཞེས་བརྗོད་པས་ལན་ཡང་དག་ཏུ་མི་རུང་བར་ཐལ། དེ་ལྟར་རུང་ན་དེ་ཇི་ལྟར་མ་བསྟན་པ་དང་། གཞི་གང་ལ་མ་བསྟན་པ་ཞེས་བརྗོད་དགོས་པར་ཁས་བླངས་པ་ལས་དེ་ལྟར་མ་བརྗོད་པའི་ཕྱིར། གཉིས་པ་ནི། རྟགས་ཆོས་ལྷན་ཅིག་རྒྱུ་བས་བསྒྲུབ་བྱ་ལ་སྒྲུབ་བྱེད་དེ་འདྲ་མེད་ན་མི་འབྱུང་བ་སྟོན་པར་མི་ནུས་པའི་གཏན་ཚིགས་དེ་གཏན་ཚིགས་ཡང་དག་མིན་པར་བརྗོད་པས་ཕྱོགས་ཆོས་བརྗོད་པའི་ཚིག་གིས་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གི་མཚན་ཉིད་རྫོགས་པ་ཡིན་ནོ་ཞེ་ན་ཕྱོགས་ཆོས་བརྗོད་པའི་ཚིག་གིས་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གི་མཚན་ཉིད་རྫོགས་པ་དེ་མིན་པར་ཐལ། ཆོས་མཐུན་སྦྱོར་དང་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་དེ་གཉིས་ཀྱི་མཚན་ཉིད་རྫོགས་པ་ལ་ཆོས་མཐུན་པ་དང་མི་མཐུན་པའི་དཔེ་གཉིས་ལས་འབྲེལ་པ་སྟོན་པར་འགྱུར་བས་ཏེ་དགོས་པའི་ཕྱིར་རོ། །འདི་གཉིས་ཀའི་མཚན་ཉིད་རྫོགས་པ་ལ་ཆོས་མཐུན་པ་དང་མི་མཐུན་པའི་དཔེ་གཉིས་ལས་འབྲེལ་པ་སྟོན་དགོས་ཞེས་འཆད་པ་ཡིན་གྱི་ཕྱེས་ནས་ཆོས་མི་མཐུན་པའི་སྒྲུབ་ངག་གི་མཚན་ཉིད་རྫོགས་པ་ལ་མི་མཐུན་པའི་དཔེ་ལས་འབྲེལ་པ་སྟོན་པར་འགྱུར་དགོས་ཞེས་འཆད་པ་མ་ཡིན་ནོ། །གསུམ་པ་ནི། བྱས་པ་ལ་མི་རྟག་པ་ཉིད་སོགས་ཀྱིས་ཁྱབ་པ་ཚད་མས་མཐོང་བའི་དུས་དེ་ཉིད་དུ་བསྒྲུབ་བྱ་ཕྱིར་རྒོལ་གྱིས་གྲུབ་ཟིན་པར་ཐལ། རྟགས་ལ་བསྒྲུབ་བྱས་ཁྱབ་པར་བསྟན་པས་གཏན་ཚིགས་ཡང་དག་གི་མཚན་ཉིད་རྫོགས་པ་དང་། དེ་མ་བསྟན་པས་གཏན་ཚིགས་ལྟར་སྣང་གི་མཚན་ཉིད་རྫོགས་པའི་ཕྱིར། རྟགས་བསལ་ཁས་བླངས་སོ། །སྐྱོན་མེད་དེ། བསྒྲུབ་བྱའི་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་རྩོད་གཞི་དང་གཅིག་ཡིན་པའི་ཕྱིར་ཞེ་ན། ཆོས་དང་ཆོས་ཅན་གྱི་ཚོགས་དོན་དེ་བསྒྲུབ་བྱར་གཞན་དག་འདོད་དམ་ཅི། ཞེས་པ་སྟེ། རྩོད་སྒྲུབ་མཁན་པོས་འདོད་པར་མི་རིགས་པར་ཐལ། བསྒྲུབ་བྱའི་ཆོས་ཡིན་ན་བསྒྲུབ་བྱ་ཡིན་པས་ཁྱབ་པའི་ཕྱིར། ཡང་ན་སྒྲ་ལ་མི་རྟག་པ་ཉིད་སོགས་མཐོང་བ་དེ་རྩོད་སྒྲུབ་མཁན་པོ་ལ་སོགས་པ་གཞན་དག་བསྒྲུབ་བྱར་འདོད་དམ་ཅི་སྟེ་འདོད་པར་མི་རིགས་པར་ཐལ། བསྒྲུབ་བྱའི་ཆོས་ཡིན་ན་བསྒྲུབ་བྱ་ཡིན་དགོས་པའི་ཕྱིར་ཞེས་སྦྱོར་ཞེས་འཆད་མོད་སྔ་མ་ཉིད་འཐད་པར་སེམས་སོ། །གཉིས་པ་མུ་སྟེགས་པའི་དགག་པ་ལ་གསུམ་སྟེ་རིགས་པ་ཅན་པའི་ལུགས། བྱེ་བྲག་པའི་ལུགས། སེར་སྐྱ་པའི་ལུགས་དགག་པའོ། །དང་པོ་ལ་གཉིས་ཏེ། ཕྱོགས་སྔ་མ་བརྗོད། དེ་དགག་པའོ། །དང་པོ་ནི། རིགས་པ་ཅན་པ་རྣམས་ན་རེ། དཔེར་བརྗོད་པ་དང་ཆོས་མཐུན་པ་ལས་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་ཆོས་ནི་གཏན་ཚིགས་སོ། །ཞེས་པ་གཏན་ཚིགས་ཡང་དག་གི་མཚན་ཉིད། བསྒྲུབ་བྱ་དང་ཆོས་མཐུན་པ་ཉིད་ལས་བསྒྲུབ་བྱའི་ཆོས་ཡོད་པ་དེ་མཐུན་དཔེ་ཡང་དག་གི་མཚན་ཉིད་ཡིན་ཏེ། དཔེར་ན། སྒྲ་ཆོས་ཅན། མི་རྟག་སྟེ། སྐྱེ་ལྡན་ཡིན་པའི་ཕྱིར། བུམ་པ་བཞིན། དེ་བཞིན་དུ་སྒྲ་ཡང་སྐྱེ་ལྡན་ཡིན་ནོ། །དེའི་ཕྱིར་ན་སྒྲ་མི་རྟག་ཅེས་པ་ལྟ་བུའོ་ཞེས་ཟེར་རོ། །གཉིས་པ་ལ་བཞི་སྟེ། ཁས་བླངས་ནང་འགལ་བར་བསྟན་པ་དང་། རྗེས་དཔག་གི་རྒྱུ་ལ་བརྟག་ལ་དགག་པ་དང་། དམ་བཅའ་བརྗོད་པའི་ངག་ལ་སོགས་པ་ལ་སྒྲུབ་བྱེད་ཀྱི་མིང་བཏགས་ཡོད་དུ་འདོད་པ་དགག་པ་དང་། སྤྱིར་བཏང་དང་དམིགས་བསལ་གྱི་དོན་དགག་པའོ། །དང་པོ་ལ་གསུམ་སྟེ། དངོས་དང་འབྱུང་ཁུངས་ཀྱི་སྒྲ་མི་འཐད་པ་དང་། གནོད་བྱེད་ཀྱི་རིགས་པ་གཞན་བསྟན་པའོ། །དང་པོ་ནི། གལ་ཏེ་བསྒྲུབ་བྱ་ཕྱིར་རྒོལ་གྱིས་མ་གྲུབ་པའི་སྔར་རྩོད་གཞི་དང་མཐུན་དཔེ་བསྒྲུབ་བྱའི་ཆོས་སུ་ཆོས་མཐུན་པ་ལས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་དེ་གཏན་ཚིགས་ཡང་དག་གི་མཚན་ཉིད་ཡིན་ན། ཡན་ལག་གི་ཆ་ཤས་ལྔ་དང་ལྡན་པའི་ངག་ཆོས་ཅན། གཏན་ཚིགས་ཡང་དག་མིན་པར་ཐལ། བསྒྲུབ་བྱ་ཕྱིར་རྒོལ་གྱིས་མ་གྲུབ་པའི་སྔར་རྩོད་གཞི་དང་མཐུན་དཔེ་བསྒྲུབ་བྱའི་ཆོས་སུ་ཆོས་མཐུན་པ་ལས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གལ་ཏེ་བྱ་བ་གཅིག་ལ་འཇུག་པ་དེ་ནི་ཐ་དད་ཀྱང་ལྷན་ཅིག་ཏུ་བརྗོད་པར་རིགས་པའི་ཕྱིར་ཡན་ལག་ལྔ་ཀ་སྒྲུབ་བྱེད་ཀྱི་ཡན་ལག་ཡིན་ནོ་ཞེ་ན། མི་རིགས་ཏེ། དམ་བཅའ་བརྗོད་པ་སོགས་ནི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ཡན་ལག་ཏུ་མི་རིགས་པའི་ཕྱིར། དམ་བཅའ་བརྗོད་པ་སོགས་ཀྱིས་སྒྲུབ་བྱེད་ཀྱི་དོན་མ་བརྗོད་པའི་ཕྱིར་ཞེས་འགྲེལ་བཤད་མཁན་པོས་འདོད་ཀྱང་སྒྲུབ་བྱེད་སྔ་མ་ཉིད་འགྲིག་པར་སེམས་སོ། །གཉིས་པ་ནི། མཐུན་དཔེ་དང་ཆོས་མཐུན་པ་ཉིད་ལས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་གཏན་ཚིགས་ཡང་དག་གི་མཚན་ཉིད་དོ་ཞེས་ལྔ་པ་འབྱུང་ཁུངས་ཀྱི་སྒྲ་སྦྱར་བ་འཐད་པ་མ་ཡིན་པར་ཐལ། འབྱུང་ཁུངས་དང་འབྱུང་ཁུངས་ཅན་གང་རུང་ཡིན་ན་རྫས་ཐ་དད་ཡིན་དགོས་པའི་ཕྱིར་དང་། བསྒྲུབ་བྱ་དང་སྒྲུབ་བྱེད་གང་རུང་ཡིན་ན་རྫས་སུ་གྲུབ་པས་མ་ཁྱབ་པའི་ཕྱིར། བསལ་བ་དང་རྟགས་སྔ་མ་དངོས་འགལ་ལོ། །རང་ལུགས་སུ་ནགས་ནས་ཤིང་གཅོད་ཞེས་པ་ལྟ་བུ། ངོ་བོ་མི་ཐ་དད་པ་ལ། ལྔ་པའི་སྒྲ་སྦྱོར་ཡོད་ཀྱང་། རིགས་པ་ཅན་པས་སྒྲ་རྟག་པའི་དངོས་པོའི་དབང་གིས་འཇུག་པར་ཁས་བླངས་པས་གནོད་བྱེད་དུ་འགྱུར་བ་ཡིན་ནོ། །གསུམ་པ་ནི། ཆོས་མཐུན་པ་ལས་དཔེར་བརྗོད་ཀྱི་ངག་དང་ཤེས་འདོད་ལ་སོགས་པ་འབྱུང་བས་བརྒྱུད་ནས་རྗེས་དཔག་བསྐྱེད་པའི་ཕྱིར་གཏན་ཚིགས་ཡིན་ནོ་ཞེ་ན། ངག་ཅེས་ཆོས་མཐུན་པ་ལས་བསྒྲུབ་བྱ་དང་སྒྲུབ་བྱེད་ཁྱད་པར་ཅན་དུ་འགྱུར་བར་ཐལ། ངག་ཅེས་ཆོས་མཐུན་པ་ལས་དཔེར་བརྗོད་ཀྱི་ངག་དང་ཤེས་འདོད་ལ་སོགས་པ་འབྱུང་བའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གཉིས་པ་རྗེས་དཔག་གི་རྒྱུ་ལ་བརྟགས་ནས་དགག་པ་ལ་གསུམ་སྟེ། དངོས་དང་། དེའི་ལན་དགག་པ་དང་། དཔེར་བརྗོད་ཀྱི་ངག་སོགས་གཏན་ཚིགས་སུ་མི་འགྱུར་བའི་ལན་དགག་པའོ། །དང་པོ་ནི། བསྒྲུབ་བྱ་སྒྲུབ་པའི་ངག་ལས་ཤེས་འདོད་སོགས་འབྱུང་བ་མི་སྲིད་པའི་ཕྱིར་དེ་དག་སྒྲུབ་བྱེད་ཉིད་དུ་མི་རིགས་པས་སོ་ཞེ་ན། འོ་ན་ཁྱོད་ཀྱིས་གོང་དུ་དེ་བསྒྲུབ་ཀྱི་གཏན་ཚིགས་ཡིན་ཏེ། དེ་བསྒྲུབ་ཀྱི་རྗེས་དཔག་བསྐྱེད་པའི་ཕྱིར་ཞེས་པ་མི་འཐད་པར་ཐལ། དངོས་དང་བརྒྱུད་པ་གང་གིས་སྒོ་ནས་ཀྱང་མི་འཐད་པའི་ཕྱིར་རོ། །མ་གྲུབ་སྟེ། དེ་སྒྲུབ་ཀྱི་རྗེས་དཔག་དངོས་སུ་བསྐྱེད་པའི་ཕྱིར་ན་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་གོ་ཞེ་ན། མཐུན་དཔེའི་སྟེང་དུ་བྱས་མི་རྟག་གི་འབྲེལ་པ་དྲན་པའི་ཕྱིར་རྒོལ་གྱི་རྒྱུད་ཀྱི་བློ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་པར་ཐལ། སྒྲ་མི་རྟག་པར་བསྒྲུབ་པའི་རྗེས་དཔག་དངོས་སུ་བསྐྱེད་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །འགྲེལ་པར་ཁོ་ན་འདུག་ཀྱང་བརྟག་པར་བྱའོ། གལ་ཏེ་དེ་བརྒྱུད་ནས་བསྐྱེད་པའི་ཕྱིར་དེ་བསྒྲུབ་ཀྱི་གཏན་ཚིགས་ཡང་དག་ཡིན་ནོ་ཞེ་ན། སྒྲུབ་ངག་ཐོས་པའི་ཕྱིར་རྒོལ་གྱི་རྒྱུད་ཀྱི་ཉན་ཤེས་དེ་ཆོས་ཅན། དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཏུ་ཐལ། དེ་སྒྲུབ་ཀྱི་རྗེས་དཔག་བརྒྱུད་ནས་བསྐྱེད་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །དེས་ན་དེ་ལྟར་འདོད་པ་གཉིས་ཀའང་གཞན་དུ་མི་རིགས་པ་འཐོབ་པར་འགྱུར་བར་ཐལ། གཉིས་ཀ་ཉེས་པ་དང་བཅས་པའི་ཕྱིར་ཞེས་སྦྱོར་རོ། །གཉིས་པ་ནི། བརྒྱུད་ནས་བསྒྲུབ་བྱ་སྒྲུབ་པ་གཏན་ཚིགས་ཡིན་ཡང་ཉན་ཤེས་གཏན་ཚིགས་དེར་འགྱུར་བ་དེ་མ་ཡིན་ཏེ། མཐུ་དཔེ་དང་ཆོས་མཐུན་པ་བརྗོད་པ་ཐོས་པའི་ཉན་ཤེས་དེ་ནི་དེའི་ཚིག་ལས་བར་མ་ཆད་པར་འབྱུང་ཡང་ཆོས་མཐུན་པ་ལས་བར་མ་ཆད་པར་འབྱུང་བ་མ་ཡིན་པའི་ཕྱིར་ཞེ་ན། དཔེར་བརྗོད་པ་དང་ཆོས་མཐུན་པའང་གཏན་ཚིགས་སུ་འདོད་པ་འཐད་པ་མ་ཡིན་པར་ཐལ། དེ་ལའང་སྐྱོན་གཉིས་ཡོད་པའི་ཕྱིར་རོ། །མ་གྲུབ་ན་དེར་ཐལ། ཆོས་མཐུན་པ་ལས་དངོས་རྒྱུད་གང་ནས་ཀྱང་མི་འཐད་པའི་ཕྱིར། མ་གྲུབ་སྟེ། དེར་ཡང་རྗེས་དཔག་དངོས་སུ་བསྐྱེད་པའི་ཕྱིར་དེ་སྒྲུབ་ཀྱི་གཏན་ཚིགས་གོ་ཞེ་ན། ཆོས་མཐུན་པའི་ཤེས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། གསུམ་ཆར་རོ། །གལ་ཏེ་བརྒྱུད་ནས་རྗེས་དཔག་བསྐྱེད་པའི་ཕྱིར་གཏན་ཚིགས་གོ་ཞེ་ན། སྔར་བཞིན་དུ་ཆོས་མཐུན་པ་ཐོས་པའི་ཕྱིར་རྒོལ་བའི་རྒྱུད་ཀྱི་ཉན་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། གསུམ་ཆར་རོ། །ལུགས་འདི་ལ་མཐུན་ཕྱོགས་ཁས་ལེན་པ་ན་ཞེས་པའི་སྐབས་ཀྱི་རྣམ་འགྲེལ་ངེས་ཀྱི་རིགས་པའང་གནོད་བྱེད་དུ་བརྗོད་པར་ཤེས་པར་བྱའོ། །གལ་ཏེ་བསྒྲུབ་བྱ་སྟོན་པ་དམ་བཅའོ་ཞེས་པ་འདི་ལས་ནི་དཔེར་བརྗོད་དང་ཆོས་མཐུན་པ་ཉིད་ལས་གང་དམ་བཅའ་སྟོན་པ་ཁོ་ན་གཏན་ཚིགས་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེ་ན། དམ་བཅའ་བརྗོད་པ་སོགས་སྤངས་ནས་དམ་བཅའ་འདྲེན་པའི་དཔེ་དང་ཆོས་མཐུན་ཁོ་ན་གཏན་ཚིགས་སུ་འགྱུར་བ་མི་འཐད་པར་ཐལ། ཁྱོད་ཀྱི་ལྟར་ན་སྐབས་སུ་བབ་པའི་དམ་བཅའ་འདྲེན་པའི་གནས་སྐབས་ཀྱི་ཕྱོགས་ལ་ཡང་ཡན་ལག་ལྔ་ཀ་སྒྲུབ་བྱེད་ཡང་དག་ཏུ་འགྱུར་དགོས་ཀྱི་གཞན་མི་སྲིད་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གལ་ཏེ་གཞན་སྲིད་ཏུ་ཆུག་ནའང་། ཁྱོད་ལྟར་ན། ཆོས་མཐུན་པ་ལས་ལྟོས་པའི་དཔེར་བརྗོད་སོགས་ཡན་ལག་ཕྱི་མ་བསྟན་པ་རྣམས་ཀྱང་གཏན་ཚིགས་སུ་ཐལ། རྒྱུ་མཚན་མཚུངས་པའི་ཕྱིར། འདིའང་གསུམ་ཆར་རོ། །གསུམ་པ་ནི། སྒྲུབ་ངག་གི་ཡན་ལག་ཕྱི་མ་རྣམས་ནི་གཏན་ཚིགས་སུ་མི་འགྱུར་ཏེ། དཔེ་བརྗོད་པ་ལ་སོགས་པ་རང་རང་གི་མཚན་ཉིད་བསྟན་པས་གཏན་ཚིགས་ཡིན་པ་ལ་གནོད་པའི་ཕྱིར་ཞེ་ན། ལྷས་སྦྱིན་ལ་གསེར་གྱི་སྣོད་དམ། དངུལ་ལམ། མཁར་བའི་སྣོད་དུ་ཟས་བྱིན་ཅིག་ཅེས་པ་ལྟ་བུ་རྣམ་པར་བརྟགས་པ་ཡིན་ཡང་རུང་། ལྷས་སྦྱིན་ལ་མར་གསར་དང་། ཞོ་བྱིན་ཅིག་ཞེས་པ་ལྟ་བུ་བསྡུ་བའི་ཚིག་ཡིན་ཡང་རུང་སྒྲུབ་ངག་གི་ཡན་ལག་ལྔ་པོ་སོ་སོ་བ་དང་བསྡུས་པ་གང་ཡང་སྒྲུབ་བྱེད་ཡང་དག་ཏུ་འགྱུར་བ་སྲིད་པ་མ་ཡིན་པར་ཐལ། དམ་བཅའ་བརྗོད་པ་དང་། དཔེ་བརྗོད་པ་སོགས་རང་རང་གི་མཚན་ཉིད་བསྟན་པ་ཉིད་ཀྱིས་སྒྲུབ་བྱེད་ཡང་དག་ཡིན་པ་ལ་གནོད་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །དེའི་ཕྱིར་ཆོས་མཐུན་པའི་དཔེར་བརྗོད་པ་གཏན་ཚིགས་ཡང་དག་གི་མཚན་ཉིད་དོ་ཞེས་དྲུག་པར་སྟེ། དྲུག་པའི་སྒྲ་སྨོས་པས་གཞན་དག་སྒྲུབ་བྱེད་ཡིན་པ་གཅོད་པ་ཡིན་ནོ་ཞེ་ན། འདོད་པ་དེ་ལ་ཡང་སྐྱོན་མེད་པ་མ་ཡིན་པར་ཐལ། དེ་ལྟར་ན་བསྒྲུབ་བྱ་སྒྲུབ་པར་བྱེད་པ་གཏན་ཚིགས་ཡང་དག་གི་མཚན་ཉིད་ཡིན་ནོ་ཞེས་པའི་ཁྱད་པར་དོན་མེད་པར་འགྱུར་བའི་ཕྱིར། རྟགས་ཁས་བླངས་ཏེ། དྲུག་པའི་སྒྲས་བསྟན་པའི་དོན་ཡིན་ན་རྫས་ཐ་དད་ཡིན་པས་ཁྱབ་པར་ཁས་བླངས་པའི་ཕྱིར་རོ། །ཁྱབ་བསལ་ཡང་ཁས་བླངས་སོ། །གལ་ཏེ་སྔར་སྨོས་པའི་མཚན་ཉིད་ཀྱི་ངག་ཀུན་མཚན་ཉིད་དུ་མི་འདོད་དེ། གཞལ་བྱ་ལ་སོགས་པ་དཔེ་དང་ཆོས་མཐུན་པ་ཡོད་ཀྱང་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་བྱེད་མ་ཡིན་པའི་ཕྱིར་ཞེ་ན། གཞན་དཔེ་དང་ཆོས་མཐུན་པའི་བསྒྲུབ་བྱ་སྒྲུབ་པར་བྱེད་པ་གཏན་ཚིགས་ཡང་དག་གི་མཚན་ཉིད་དུ་མི་རིགས་པར་ཐལ། དེས་གཏན་ཚིགས་ཡང་དག་ཏུ་མཚོན་པར་མི་ནུས་པར་གཏན་ཚིགས་སུ་གང་འདོད་པ་དེ་དཔེ་བརྗོད་དང་ཆོས་མཐུན་པའི་མི་འཁྲུལ་བ་ཉིད་གཏན་ཚིགས་ཡང་དག་གི་མཚན་ཉིད་ཡིན་ཞེས་ཁྱད་པར་ཅན་དུ་གྱིས། ཞེས་པ་སྟེ་ཁྱད་པར་དུ་བྱེད་དགོས་པའི་ཕྱིར། གསུམ་ཆར་རོ། །གསུམ་པ་ནི། སྒྲུབ་བྱེད་ཀྱི་ངག་དམ་བཅའ་བརྗོད་པའི་ངག་སོགས་ལ་བཏགས་མིང་ཡིན་ནོ་ཞེ་ན། སྒྲུབ་བྱེད་ཀྱི་ངག་དེ་དམ་བཅའ་བརྗོད་པའི་ངག་སོགས་ལ་བཏགས་མིང་དུ་འཇུག་པ་མི་རིགས་པར་ཐལ། དེ་ལ་དགོས་པ་མེད་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། དགོས་པ་མེད་པ་སྟེ་མེད་ན་དངོས་མིང་ཉིད་ཀྱིས་སྒྲའི་དོན་ལས་འདས་པར་བཏགས་མིང་འཇུག་པར་འདོད་པ་རིགས་པ་མ་ཡིན་པས་ཁྱབ་པར་ཁས་བླངས་པའི་ཕྱིར། གལ་ཏེ་སེང་གེ་ཞེས་པའི་མིང་ཡང་བྲམ་ཟེའི་ཁྱེའུ་ལ་བཏགས་མིང་དུ་འཇུག་པར་མི་འཐད་པར་ཐལ། དེ་ལའང་དགོས་པ་མེད་པའི་ཕྱིར། ཞེ་ན། ཁྱབ་པ་ཁྱོད་ཀྱིས་ཁས་བླངས་པས་ཁྱོད་རང་ལ་སྐྱོན་བརྗོད་པར་སོང་མོད་ཀྱང་གཏན་ཚིགས་མ་གྲུབ་པའི་ལན་ཡང་འདེབས་པར་ནུས་ཏེ། དཔའ་བ་ཕུལ་དུ་བྱུང་བ་གོ་བ་ལ་སོགས་པའི་ཆད་དུ་བཏགས་པའི་ཕྱིར་རོ། །གལ་ཏེ་སྒྲུབ་བྱེད་སྟོན་པའི་ཚིག་དེ་དཔེ་དང་ཆོས་མཐུན་པ་སྟོན་པའི་ངག་ལ་དངོས་མིང་དང་གཞན་རྣམས་ལ་བཏགས་མིང་ངོ་ཞེ་ན། དེ་ཡང་མི་འཐད་པར་ཐལ། སྒྲུབ་ངག་གི་ཡན་ལག་ཐམས་ཅད་སྒྲུབ་བྱེད་ཀྱི་ཡན་ལག་གི་རྣམ་གྲངས་ཙམ་དུ་ཁས་བླངས་པས་གནོད་པའི་ཕྱིར་རོ། །བཞི་པ་སྤྱིར་བཏང་དང་དམིགས་བསལ་གྱི་དོན་དགག་པ་ལ་གཉིས་ཏེ། དངོས་དང་། གཏན་ཚིགས་ལྟར་སྣང་གཏན་ཚིགས་ཡང་དག་ཏུ་ཐལ་བའོ། །དང་པོ་ནི། གལ་ཏེ་སྒྲུབ་ངག་གི་ཡན་ལག་ཐམས་ཅད་གཏན་ཚིགས་ཡང་དག་ཏུ་མི་འགྱུར་ཏེ། དཔེ་དང་ཆོས་མཐུན་པ་གཏན་ཚིག་ཡང་དག་གི་མཚན་ཉིད་དོ་ཞེས་པ་སྤྱིར་བཏང་ནས་གཏན་ཚིགས་ལྟར་སྣང་བའི་མཚན་ཉིད་དམིགས་ཀྱིས་བསལ་བ་ཡིན་པའི་ཕྱིར་ཞེ་ན། དེ་ནི་ཤིན་ཏུ་མི་རིགས་པར་ཐལ། བྱས་པ་དང་བུམ་པ་ལྟ་བུ་སྤྱིའི་ནང་དུ་བྱེ་བྲག་འདུས་པ་ལ་བུམ་པ་དམིགས་ཀྱིས་བཀར་བའི་དོན་ནམ་སྤྱིར་བཏང་ཁས་བླངས་ན་དམིགས་བསལ་གྱིས་གནོད་པ་ལྟ་བུ་དམིགས་ཀྱིས་བསལ་བའི་རྗེས་སུ་སྤྱིའི་དོན་ཁས་བླངས་སུ་རུང་བ་ལྟ་བུ་གང་ཡང་མི་འཐད་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །དང་པོ་མ་གྲུབ་སྟེ། སྤྱིའི་ནང་དུ་བྱེ་བྲག་འདུས་པས་དམིགས་ཀྱིས་བཀར་བའི་མཚན་ཉིད་རྫོགས་པའི་ཕྱིར་ཞེ་ན། མིག་ཤེས་ཀྱི་བཟུང་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིག་ཡང་དག་ཏུ་ཐལ། དེ་སྒྲུབ་ཀྱི་དཔེར་བརྗོད་པ་དང་ཆོས་མཐུན་པ་ཡིན་པའི་ཕྱིར། གསུམ་ཆར་རོ། །གཉིས་པ་མ་གྲུབ་སྟེ། དམིགས་ཀྱིས་བསལ་བའི་དོན་དེ་བས་ལྷག་པ་མི་སྲིད་པའི་ཕྱིར་ཞེ་ན། མཚན་ཉིད་སྤྱིར་བཏང་བ་ལ་དམིགས་བསལ་གྱི་དོན་འཐད་པ་ཡོད་པ་སྲིད་པ་མ་ཡིན་པར་ཐལ། དཔེར་བརྗོད་དང་ཆོས་མཐུན་པ་ཙམ་གཏན་ཚིགས་ཡང་དག་གི་མཚན་ཉིད་དུ་ཁས་བླངས་པ་ལ་འཐད་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གཉིས་པ་ནི། ཁོ་བོས་ཁས་བླངས་པའི་ལྟར་སྣང་བའི་གཏན་ཚིགས་ལྔ་ཡིན་པས་སྟོང་ཞིང་དཔེ་དང་ཆོས་མཐུན་པ་ནི་གཏན་ཚིགས་ཡང་དག་གི་མཚན་ཉིད་དུ་ཁས་ལེན་པས་སྐྱོན་མེད་ཅེ་ན། དེའི་ལྟར་ན། སྒྲ་ཆོས་ཅན་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། སྒྲ་ཉིད་ཀྱི་སྤྱི་བཞིན་ཞེས་དཔེ་དང་ཆོས་མཐུན་པའང་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་ཡང་དག་པའི་གཏན་ཚིགས་ཉིད་དུ་འགྱུར་བར་ཐལ། རིགས་པ་ཅན་པས་འདོད་པའི་དེ་སྒྲུབ་ཀྱི་གཏན་ཚིགས་དེར་སྣང་གི་ལྔ་ཡིན་པས་སྟོང་ཞིང་ཆོས་གཞན་དཔེ་དང་ཆོས་མཐུན་པའི་ཕྱིར། དེས་འདོད་པའི་དེར་སྣང་ལྔ་ཡིན་པས་སྟོང་བ་མ་གྲུབ་ན། དེར་ཐལ། དེ་སྒྲུབ་ཀྱི་འཁྲུལ་པ་དང་བཅས་པ་དང་། འགལ་བ་དང་། སྐབས་དང་མཚུངས་པ་དང་། བསྒྲུབ་བྱ་དང་མཚུངས་པ་དང་། དུས་ལས་འདས་པའི་གཏན་ཚིགས་ལྟར་སྣང་ལྔ་ཡིན་པས་སྟོང་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །དེར་ཡང་མ་ཟད་སྒྲ་རྟག་ཏེ། བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཡིན་པའི་ཕྱིར། གློག་ལ་སོགས་པ་བཞིན་ཞེས་དཔེ་དང་ཆོས་མཐུན་པ་ཡང་ཆོས་ཅན། དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་མ་ཡིན་པར་ཐལ། རིགས་པ་ཅན་པས་འདོད་པའི་ལྟར་སྣང་བའི་གཏན་ཚིགས་ལྔ་ཡིན་པས་སྟོང་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གཉིས་པ་བྱེ་བྲག་པའི་ལུགས་དགག་པ་ལ་གཉིས་ཏེ། འདོད་པ་བརྗོད་པ། དེ་དགག་པའོ། །དང་པོ་ནི། བྱེ་བྲག་པ་རྣམས་ནི། བསྒྲུབ་བྱ་དེ་དང་ལྡན་པའི་ཆོས་གཏན་ཚིགས་སོ་ཞེས་པ་སྟེ་གཏན་ཚིགས་ཡང་དག་གི་མཚན་ཉིད་དུ་བརྗོད་པར་བྱེད་དོ། །བུ་དང་ལྡན་པ་ཞེས་བརྗོད་ན། ཕ་ཁོ་ན་གོ་བར་བྱེད་པ་ལྟར། བསྒྲུབ་བྱ་དང་ལྡན་པའི་ཆོས་ཞེས་པས། གཏན་ཚིགས་ཁོ་ན་གོ་བར་བྱེད་ཅེས་སོ། །གཉིས་པ་ལ་གཉིས་ཏེ། བསྒྲུབ་བྱ་དང་ལྡན་པའི་ཆོས་གཏན་ཚིགས་ཀྱི་མཚན་ཉིད་ཡིན་པ་དགག རྟག་དངོས་ཀྱི་ནམ་མཁའ་ཡོད་པར་སྒྲུབ་པའི་གཏན་ཚིགས་མི་སྲིད་པར་ཐལ་བའོ། །དང་པོ་ལ་གསུམ་སྟེ། བསྒྲུབ་བྱའི་སྤྱི་རྟགས་སུ་ཐལ་བ། ཡ་གྱལ་རྟགས་སུ་ཐལ་བ། གནོད་བྱེད་ཀྱི་རིགས་པ་གཞན་བསྟན་པའོ། །དང་པོ་ནི། བྱེ་བྲག་པའི་འདོད་པ་དེ་ལ་ཡང་བསྒྲུབ་བྱ་དེ་དང་ལྡན་པའི་ཆོས་གཏན་ཚིགས་ཡང་དག་གི་མཚན་ཉིད་དུ་མི་འཐད་པར་ཐལ། ཁྱོད་ལྟར་ན། བསྒྲུབ་བྱ་དེ་དང་ལྡན་པའི་ཆོས་ཡིན་པ་མི་རྙེད་པའི་ཕྱིར། མ་གྲུབ་སྟེ། སྒྲ་དང་མི་རྟག་པའི་ཚོགས་དོན་ཉིད་དེ་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་དེ་དང་ལྡན་པའི་ཆོས་ཡིན་པའི་ཕྱིར་ཞེ་ན། སྤྱི་སྒྲ་དང་མི་རྟག་པའི་ཚོགས་དོན་ཁོ་ན་ཉིད་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཡང་དག་པའི་གཏན་ཚིགས་སུ་ཐལ་བར་འགྱུར་བར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་དེ་དང་ལྡན་པའི་ཆོས་ཡིན་པའི་ཕྱིར། རྟགས་ཁྱབ་དངོས་འགལ་ཡིན་ནོ། །འདོད་ན། མི་འཐད་དེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཕྱིར་རྒོལ་གྱི་ཚད་མས་གྲུབ་ན་དེ་ཉིད་ཀྱི་དུས་ནས་དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡང་ཕྱིར་རྒོལ་གྱི་ཚད་མས་གྲུབ་ཟིན་པས་ཁྱབ་པས་གཏན་ཚིགས་ཡང་དག་གི་བྱེད་པ་འཇུག་པ་མེད་པའི་ཕྱིར། གལ་ཏེ་ཚོགས་པའི་ཆོས་རྟགས་སུ་བཀོད་པའི་ཕྱིར། དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཏུ་འགྱུར་རོ་ཞེ་ན། ཁྱོད་རང་གི་བསྟན་བཅོས་སུ་དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་དུ་བཤད་པའི་གོང་བུ་རྭ་ཅན་འདི་ཆོས་ཅན། རྟ་ཡིན་ཏེ། རྭ་ཅན་ཡིན་པའི་ཕྱིར་ཞེས་པ་འདིའང་། དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཏུ་འགྱུར་ཏེ། ཚོགས་པའི་ཆོས་རྟགས་སུ་བཀོད་པའི་ཕྱིར། གལ་ཏེ་ཆོས་ཅན་དང་ལྡན་པའི་ཆོས་དེ་གཏན་ཚིགས་ཡང་དག་གི་མཚན་ཉིད་ཡིན་པས་མཚན་གཞི་མེད་པའི་ཉེས་པ་མེད་དོ་ཅེ་ན། ཆོས་ཅན་དང་ལྡན་པའི་ཆོས་དེ་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་གི་མཚན་ཉིད་མ་ཡིན་པར་ཐལ། དེ་ཡང་ཉེས་པ་དང་བཅས་པའི་ཕྱིར་ཏེ་འདི་ལྟར། མི་རྟག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་ཐལ། སྒྲ་དང་ལྡན་པའི་ཆོས་ཡིན་པའི་ཕྱིར། འདོད་ན། མི་འཐད་དེ། ཁྱོད་སྔར་ངེས་ལ་མི་རྟག་པ་ཕྱིས་སུ་ངེས་པའི་རིམ་པ་མི་འཐད་པའི་ཕྱིར། གལ་ཏེ་ཆོས་དང་ཆོས་ཅན་བསྒྲུབ་བྱ་ཡིན་པའི་ཕྱིར་ན་མ་ངེས་སོ་ཞེ་ན། ཆོས་དང་ཆོས་ཅན་བསྒྲུབ་བྱ་མིན་པར་ཐལ། མི་རྟག་པ་ཕྱིར་རྒོལ་གྱི་ཚད་མས་གྲུབ་ཟིན་པས་སྒྲ་མི་རྟག་པར་བསྒྲུབ་པའི་བསྒྲུབ་བྱར་མི་རུང་བའི་ཕྱིར་དང་། སྒྲའང་དེའི་རིགས་པ་མཚུངས་པའི་ཕྱིར། འགྲེལ་པ་དང་འགྲེལ་བཤད་དང་། དེའི་རྗེས་སུ་འབྲང་བའི་སྐྱེ་བོ་རྣམས་ཀྱིས་བཤད་པ་བྱེད་པ་ནི་མི་འཐད་པར་མཐོང་སྟེ། གཞི་ལྡོག་དང་རང་ལྡོག་གི་རྣམ་གཞག་མ་ཕྱེ་ནས་ཕྱོགས་སྔ་མཁན་པོའི་འདོད་པ་ལ་གནོད་བྱེད་བརྗོད་པར་སྣང་བའི་ཕྱིར་དང་། རྒྱུ་མཚན་འོག་ནས་འཆད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ནི་ཁ་ཅིག་ན་རེ། གཞུང་འདི་རྣམས་ཀྱི་དོན་ལ། སྤྱིའི་ཆོས་དང་ལྡན་པའི་ཆོས་གཏན་ཚིགས་སུ་མི་འཐད་པས། ཁྱད་པར་ཤེས་འདོད་ཆོས་ཅན་བསྒྲུབ་བྱ་དང་དེ་དང་ལྡན་པའི་ཆོས་གཏན་ཚིགས་སུ་ཐོབ་པར་འགྱུར་ལ། དེ་ལྟར་ན། སྒྲ་རྟག་ཏེ་མཉན་བྱ་ཡིན་པའི་ཕྱིར་ཞེས་པ་ཡང་གཏན་ཚིགས་ཡང་དག་ཏུ་འགྱུར་ཏེ། ཆོས་དང་ལྡན་པའི་ཆོས་གཏན་ཚིགས་སུ་བཀོད་པའི་ཕྱིར། བསྒྲུབ་བྱའི་ཆོས་བསྒྲུབ་བྱ་དང་དེ་དང་ལྡན་པའི་ཆོས་གཏན་ཚིགས་ཡིན་ན། གཞན་གྱིའང་སྟེ་མི་རྟག་པ་དང་ལྡན་པའི་བུམ་པའི་ཆོས་གཏན་ཚིགས་སུ་འགྱུར་ལ། དེ་ལྟ་ན་མིག་གི་གཟུང་བྱ་ཡང་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། གཞན་ཡང་སྒྲ་རྟག་སྟེ། ལུས་ཅན་མ་ཡིན་པའི་ཕྱིར་ཞེས་པ་ལ་སོགས་པའི་མ་ངེས་པ་འཁྲུལ་པ་ཅན་དེ་དག་ཀྱང་གཏན་ཚིགས་སུ་ཐལ། བསྒྲུབ་བྱའི་ཆོས་དང་ལྡན་པའི་ཆོས་གཏན་ཚིགས་སུ་ཁས་བླངས་པའི་ཕྱིར་རོ་ཞེས་འཆད་དོ། །དེའི་ལྟར་ན་བྱས་པའི་སྤྱི་འམ། བྱས་པ་དང་ལྡན་པའི་ཆོས་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་སུ་མི་འཐད་པས། ཁྱད་པར་ཤེས་འདོད་ཆོས་ཅན་བསྒྲུབ་བྱ་དང་དེ་དང་ལྡན་པའི་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་སུ་ཐལ་བར་འགྱུར་ལ། དེ་ལྟར་ན། སྒྲ་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར་ཞེས་པ་ཡང་གཏན་ཚིགས་སུ་འགྱུར་ཏེ། ཆོས་དང་ལྡན་པའི་བྱས་པ་གཏན་ཚིགས་སུ་བཀོད་པའི་ཕྱིར། ཞེས་བརྗོད་ན་ལན་ཅི་ཡོད། ཁྱབ་པ་མ་ངེས་ཏེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་སུ་ཁས་བླངས་པ་ཙམ་ཡིན་གྱི་དེ་ཡིན་པས་ཁྱབ་པར་ཁས་མ་བླངས་པའི་ཕྱིར་ཞེ་ན། འོ་ན་སྔ་མ་ལའང་ཁྱབ་པ་མ་ངེས་པར་འགྱུར་ཏེ། ཆོས་དང་ལྡན་པའི་ཆོས་གཏན་ཚིགས་སུ་ཁས་བླངས་པ་ཙམ་ཡིན་གྱི་ཆོས་དང་ལྡན་པའི་ཆོས་ཡིན་ན་དེ་ཡིན་པས་ཁྱབ་པར་ཁས་མ་བླངས་པའི་ཕྱིར་ཞེས་བརྗོད་ན་མཚུངས་སོ། །གལ་ཏེ་སྒྲ་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་ཆོས་དང་ལྡན་པའི་བྱས་པ་གཏན་ཚིགས་སུ་བཀོད་པ་རྟགས་མ་གྲུབ་སྟེ། བྱས་པའི་གཞི་ལྡོག་གཏན་ཚིགས་སུ་བཀོད་ཀྱང་གོ་མི་ཆོད་ལ་བྱས་པའི་རང་ལྡོག་གཏན་ཚིགས་སུ་མ་བཀོད་པའི་ཕྱིར་ཞེས་སྨྲ་ན། འོ་ན་དེ་ལྟར་བཀོད་པའི་ཚེའང་ཆོས་དང་ལྡན་པའི་ཆོས་རྟགས་སུ་བཀོད་པ་རྟགས་མ་གྲུབ་སྟེ། ཆོས་དང་ལྡན་པའི་ཆོས་ཀྱི་གཞི་ལྡོག་གཏན་ཚིགས་སུ་བཀོད་ཀྱང་གོ་མི་ཆོད་ལ་ཆོས་དང་ལྡན་པའི་ཆོས་ཀྱི་རང་ལྡོག་རྟགས་སུ་མ་བཀོད་པའི་ཕྱིར་ཞེས་བརྗོད་ན་བསྐལ་པའི་བར་དུ་མཚུངས་པར་མཐོང་ངོ་། །ཡང་ཁྱད་པར་ཤེས་འདོད་ཆོས་ཅན་བསྒྲུབ་བྱ་དང་དེ་དང་ལྡན་པའི་བྱས་པ་གཏན་ཚིགས་ཡིན་ན་སྒྲ་དང་ལྡན་པའི་མཉན་བྱའི་བྱས་པའང་གཏན་ཚིགས་སུ་འགྱུར་ལ། དེ་ལྟར་ན་རྩོལ་བྱུང་ཡང་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་འགྱུར་ལ། གཞན་ཡང་། དུང་གི་སྒྲ་མི་རྟག་པ་ཡིན་ཏེ། མཉན་བྱ་ཡིན་པའི་ཕྱིར་ཞེས་པ་ལ་སོགས་པའི་འཁྲུལ་པ་ཅན་དེ་དག་ཀྱང་གཏན་ཚིགས་སུ་ཐལ། ཤེས་འདོད་ཆོས་ཅན་དང་ལྡན་པའི་བྱས་པ་གཏན་ཚིགས་སུ་ཁས་བླངས་པའི་ཕྱིར་ཞེས་བརྗོད་ན་ལན་ཅི་ཡོད། དེ་རྣམས་ཀྱི་ཁྱབ་པ་ཤིན་ཏུ་མ་ངེས་ཏེ། ཤེས་བྱ་མཚོན་བྱ་ཡིན་ན་མཚོན་བྱ་ཡིན་པས་ཁྱབ་པར་ཐལ། ཞེས་པ་ལྟ་བུ་གཞི་ལྡོག་དང་རང་ལྡོག་མ་ཕྱེད་པའི་སུན་འབྱིན་ལྟར་སྣང་འབའ་ཞིག་ཏུ་འདུག་པའི་ཕྱིར་ཞེ་ན། དེ་ནི་ཁྱོད་ལའང་མཚུངས་སོ། དེས་ན་ཉེས་པ་མི་མཚུངས་པའི་དོན་བཤད་ན་འདི་ལྟར་ཡིན་ཏེ། ཆོས་དང་ལྡན་པའི་ཆོས་གཏན་ཚིགས་ཡང་དག་གི་མཚན་ཉིད་ཡིན་ན། དེ་མི་འཐད་པར་ཐལ། སྤྱི་འམ་ཆོས་དང་ལྡན་པའི་ཆོས་གཏན་ཚིགས་ཡང་དག་གི་མཚན་ཉིད་དུ་མི་འཐད་པར་སྔར་བཤད་ཟིན་པའི་ཕྱིར་དང་། ཁྱད་པར་ཤེས་འདོད་ཆོས་ཅན་བསྒྲུབ་བྱ་དང་དེ་དང་ལྡན་པའི་ཆོས་གཏན་ཚིགས་ཡང་དག་གི་མཚན་ཉིད་དུའང་མི་འཐད་པའི་ཕྱིར་རོ། །ཁྱབ་བསལ་དངོས། རྟགས་ཕྱི་མ་མ་གྲུབ་སྟེ། ཁྱད་པར་ཤེས་འདོད་ཆོས་ཅན་བསྒྲུབ་བྱ་དང་དེ་དང་ལྡན་པའི་ཆོས་གཏན་ཚིགས་ཡང་དག་གི་མཚན་ཉིད་དུ་ཐོབ་པར་འགྱུར་བའི་ཕྱིར་ཞེ་ན། འོ་ན་མཉན་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་ཐལ། རྟག་པའི་ཆོས་དང་ལྡན་པའི་ཆོས་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །མ་གྲུབ་ན། དེར་ཐལ། ནམ་མཁའི་ཆོས་དང་ལྡན་པའི་ཆོས་ཡིན་པའི་ཕྱིར། ཁྱབ་བསལ་དངོས། མ་གྲུབ་ན། ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་ན་དེར་ཐལ། སྒྲའི་ཆོས་ཡིན་པའི་ཕྱིར། གསུམ་ཆར་རོ། །ཡང་བསྒྲུབ་བྱའི་ཆོས་བསྒྲུབ་བྱ་དང་བསྒྲུབ་བྱའི་ཆོས་དང་ལྡན་པའི་ཆོས་གཏན་ཚིགས་ཡང་དག་གི་མཚན་ཉིད་དུ་མི་འཐད་པར་ཐལ། མི་རྟག་པ་དང་ལྡན་པའི་ཆོས་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་གི་མཚན་ཉིད་དུ་མི་རིགས་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །མ་གྲུབ་ན། མིག་ཤེས་ཀྱི་གཟུང་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་ཐལ། མི་རྟག་པ་དང་ལྡན་པའི་ཆོས་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །མ་གྲུབ་ན། དེར་ཐལ། བུམ་པའི་ཆོས་ཡིན་པའི་ཕྱིར། གསུམ་ཆར་རོ། །གཞན་ཡང་། ལུས་ཅན་མ་ཡིན་པ་ཆོས་ཅན། སྒྲ་རྟག་པར་བསྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་ཐལ། རྟག་པ་དང་ལྡན་པའི་ཆོས་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །མ་གྲུབ་ན་དེར་ཐལ། ནམ་མཁའི་ཆོས་ཡིན་པའི་ཕྱིར། གསུམ་ཆར་རོ། །དེ་ལྟར་བཤད་པ་མཁས་མཆོག་གི་དགོངས་པའོ། །གཉིས་པ་གཞུང་གི་དོན་ནི། རྒྱས་པར་བཤད་ན་སྤྱི་དོན་གྱི་སྐབས་སུ་བཤད་པ་བཞིན་ཏུ་ཤེས་པར་བྱེད་དགོས་ལ་བསྡུ་ན་ནི་འདི་ལྟར་ཡིན། ཁྱད་པར་ཤེས་འདོད་ཆོས་ཅན་བསྒྲུབ་བྱ་དང་དེ་དང་ལྡན་པའི་ཆོས་གཏན་ཚིགས་ཡང་དག་གི་མཚན་ཉིད་དུ་ཐོབ་ན། མཉན་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་ཐལ། རྟག་པ་དང་ལྡན་པའི་ཆོས་ཡིན་པའི་ཕྱིར། ཡང་སྒྲ་ཆོས་ཅན། ཁྱོད་སྒྲ་རྟག་པར་སྒྲུབ་པའི་བསྒྲུབ་བྱ་མ་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཕྱིར་རྒོལ་གྱི་ཚད་མས་ངེས་པའི་ཚུལ་གྱིས་གྲུབ་ཟིན་པའི་ཕྱིར། གལ་ཏེ་བསྒྲུབ་བྱའི་ཆོས་བསྒྲུབ་བྱ་དང་དེ་དང་ལྡན་པའི་ཆོས་གཏན་ཚིགས་ཡང་དག་གི་མཚན་ཉིད་ཡིན་པས་ཉེས་པ་མེད་དོ་ཅེ་ན། གཞན་གྱིའང་སྟེ་མིག་ཤེས་ཀྱི་གཟུང་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་ཏུ་ཐལ། མི་རྟག་པ་དང་ལྡན་པའི་ཆོས་ཡིན་པའི་ཕྱིར། གསུམ་ཆར་རོ། །དེར་མ་ཟད། མ་ངེས་པ་སྟེ། ལུས་ཅན་མ་ཡིན་པ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་ཐལ། རྟག་པ་དང་ལྡན་པའི་ཆོས་ཡིན་པའི་ཕྱིར་རོ། །གསུམ་ཆར་རོ། །གཉིས་པ་ནི། རྟག་དངོས་ཀྱི་ནམ་མཁའ་དང་བདག་ལ་སོགས་པ་ཡོད་པ་ཉིད་དུ་སྒྲུབ་པའི་སྦྱོར་བ་ཡང་འགོད་པར་མི་བྱེད་པར་འགྱུར་བ་རིགས་པར་ཐལ། རྟག་དངོས་ཀྱི་ནམ་མཁའ་དང་བདག་ལ་སོགས་པ་དང་ལྡན་པའི་ཆོས་མི་སྲིད་པའི་ཕྱིར། ཁྱབ་པ་དངོས། མ་གྲུབ་ན་དེར་ཐལ། རྟག་དངོས་ཀྱི་ནམ་མཁའ་དང་བདག་ལ་སོགས་པ་མི་སྲིད་པའི་ཕྱིར། གསུམ་ཆར་རོ། །ཁ་ཅིག་སྐབས་འདིར་སྦྱོར་བ་འདིའི་ཤེས་འདོད་ཆོས་ཅན་མི་སྲིད་པའི་ཕྱིར་ཞེས་རྟགས་ཚད་གྲུབ་བྱེད་པ་དང་། གོང་འོག་གཞན་དུ་རྟག་རྫས་ཀྱི་སྤྱི་མེད་ཀྱང་དེ་བདེན་མེད་དུ་སྒྲུབ་པའི་ཤེས་འདོད་ཆོས་ཅན་གཞི་གྲུབ་པ་མི་འགལ་ལོ་ཞེས་སྨྲ་བ་ནང་འགལ་བ་ཁོ་ནའོ། །གསུམ་པ་སེར་སྐྱ་པའི་ལུགས་དགག་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །སེར་སྐྱ་པ་རྣམས་ན་རེ། དེའི་སྦྱོར་བ་ཉེ་བར་བཏགས་པའི་བྱེ་བྲག་གི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་རྣམ་པ་གཉིས་ཏེ། ཆ་ཤས་མེད་པའི་གཙོ་བོ་ཡོད་པར་སྒྲུབ་པའི་གཏན་ཚིགས་ལྔ་ལྟ་བུ་རང་ཕྱོགས་གཙོ་བོར་སྒྲུབ་པ་རྣམ་པར་ལྡན་པ་དང་། གཞན་གྱི་འདོད་པ་བཀག་པ་ཙམ་གྱིས་རང་ཕྱོགས་གྲུབ་པའི་མཚན་ཉིད་རྫོགས་པ་བསལ་ཏེ་འོངས་པའོ་ཞེས་པའོ། །དགོས་པ་ཅིའི་ཕྱིར་ན། བསྒྲུབ་བྱ་ཕྱིར་རྒོལ་གཞན་ལ་བསྟན་པར་བྱ་བའི་དོན་དུ་ཡིན་པའི་ཕྱིར་རོ། །ཞེས་ཟེར་རོ། །གཉིས་པ་ལ་གཉིས་ཏེ། སེར་སྐྱ་པས་བཏགས་པའི་རྣམ་པར་ལྡན་པའི་གཏན་ཚིགས་དགག་པ་དང་། དེས་བཏགས་པའི་བསལ་ཏེ་འོངས་པའི་གཏན་ཚིགས་དགག་པའོ། །དང་པོ་ལ་གཉིས་ཏེ། ཆ་ཤས་མེད་པའི་མཚན་ཉིད་ལྔ་ལྡན་གྱི་གཙོ་བོ་ཡོད་པ་བསྒྲུབ་བྱ་ཡིན་པ་དགག་པ་དང་། ཉེས་པ་དེ་ཆ་ཤས་མེད་པའི་སྐྱེས་བུ་ལའང་མཚུངས་པའོ། །དང་པོ་ལ་གཉིས་ཏེ། ཆ་ཤས་མེད་པའི་གཙོ་བོ་རྟག་དངོས་སུ་ཡོད་པ་བསྒྲུབ་བྱར་མི་འཐད་པ་དང་། གཙོ་བོ་ཞེས་པའི་སྒྲའི་བརྗོད་བྱ་ཡོད་པར་སྒྲུབ་ན་སངས་རྒྱས་པ་ལ་གྲུབ་ཟིན་བསྒྲུབ་པའོ། །དང་པོ་ལ་གསུམ་སྟེ། རྗེས་དཔག་གི་ཚད་མའི་གཞལ་བྱ་འགལ་བ་དང་། མཐུན་དཔེ་ལ་རྗེས་འགྲོ་མེད་པའི་ཉེས་པ་ཡོད་པ་དང་། ཁས་བླངས་ནང་འགལ་བར་བསྟན་པའོ། །དང་པོ་ནི། རྣམ་པར་ལྡན་པའི་སྒྲུབ་ངག་ནི། དམ་བཅའ་བརྗོད་པ་སོགས་ཡན་ལག་ལྔ་དང་ལྡན་པ་ཡིན་ལ། དེ་ཐམས་ཅད་ནི་གཏན་ཚིགས་ཉིད་མ་ཡིན་ཏེ། རྣམ་པར་ལྡན་པ་དང་བསལ་ཏེ་འོངས་པའི་ནང་དུ་འདུས་པའི་ཕྱིར་རོ། །དེའི་ནང་ནས་གཅིག་ཏུ་བསྡུས་ཏེ་བརྗོད་པ་ནི། ཆ་ཤས་མེད་པའི་གཙོ་བོ་རྟག་པའི་རྫས་སུ་གྱུར་པ་མཐོང་དུ་མི་རུང་བའི་རང་བཞིན་ཡོད་དེ་གསལ་བ་རྣམས་དང་རྗེས་སུ་འགྲོ་བ་མཐོང་བའི་ཕྱིར་རོ། །དེ་ཡང་དེ་ཙམ་ལྔ་ལ་བདེ་བའི་རིགས་གཅིག་པ་དང་། སྡུག་བསྔལ་དང་། བཏང་སྙོམས་ཀྱི་རིགས་གཅིག་མཐོང་བས། འབྲས་བུ་གཅིག་རྟགས་སུ་བཀོད་ནས། རང་རྒྱུ་གཅིག་སྔོན་དུ་སོང་བར་སྒྲུབ་པར་ཡིན་ལ། དེ་ཡང་རྟག་པའི་རྫས་ཡིན་པ། ཆ་ཤས་མེད་པའི་གཅིག་པུ་ཡིན་པ། མི་མཐོང་བའི་རང་བཞིན་ཡིན་པ་ལ་སོགས་པའི་གཙོ་བོ་མཚན་ཉིད་ལྔ་ལྡན་སྒྲུབ་པའོ། །གཙོ་བོ་དང་རྟག་པའི་རྫས་ཡིན་པ་སོགས་མཚན་ཉིད་ལྔ་ལྡན་གྱི་ཚོགས་དོན་དེ་རྟགས་ཡང་དག་གི་བསྒྲུབ་བྱར་མི་འཐད་པར་ཐལ། དེ་རྗེས་དཔག་གི་ཚད་མའི་ཡུལ་ཡིན་པ་ཚད་མས་མི་ཤེས་པའི་ཕྱིར། འགྲེལ་པ་རྗེས་འབྲང་དང་བཅས་པ་རྣམས་ནི། མཚན་ཉིད་ལྔ་ལྡན་གྱི་གཙོ་བོ་རང་མཚན་རྗེས་དཔག་ཚད་མའི་གཞལ་བྱར་མི་འཐད་པར་ཐལ། གྲངས་ཅན་དེ་ལྟར་འདོད་པ་རྗེས་དཔག་ཚད་མའི་གཟུང་ཡུལ་སྤྱི་མཚན་ཡིན་པ་མི་ཤེས་པས་ཀུན་ནས་བསླངས་བ་ཡིན་པའི་ཕྱིར་ཞེས་འཆད་མོད་རྩ་བའི་དགོངས་པ་སྔ་མ་ལྟར་ལེགས་པར་སེམས་སོ། །རྣམ་འགྲེལ་ངེས་སུ་ཡང་འདིའི་དོན་མང་དུ་བཤད་ཡོད་པས་དེ་ལས་ཤེས་པར་བྱའོ། །བསྒྲུབ་བྱའི་ཆོས་ཀྱང་སྟེ། རྟག་པའི་རྫས་སུ་ཡོད་པ་སོགས་ཀྱང་དེ་སྒྲུབ་ཀྱི་སྒྲུབ་བྱེད་དུ་འགྱུར་བར་ཐལ། གསལ་བ་རྣམས་དང་རྗེས་སུ་འགྲོ་བ་མཐོང་བ་དེ་དེ་སྒྲུབ་ཀྱི་སྒྲུབ་བྱེད་དུ་འགྱུར་བ་གང་ཞིག་རྟག་པའི་རྫས་སུ་ཡོད་པ་སོགས་ཀྱི་རང་བཞིན་དང་གསལ་བ་རྣམས་དང་རྗེས་སུ་འགྲོ་བ་མཐོང་བ་རང་བཞིན་གཅིག་ཡིན་པའི་ཕྱིར། རྟགས་སྔ་མ་དངོས། ཕྱི་མ་ཁས་བླངས་ཏེ། གཙོ་བོ་དེ་ཆ་ཤས་མེད་པ་དང་། ཀུན་གྱི་རང་བཞིན་དང་། དབྱེ་བ་གཏན་མེད་དུ་ཁས་བླངས་པའི་ཕྱིར་རོ། །སྒྲུབ་ངག་ཡིན་ན་དམ་བཅའ་བརྗོད་པ་སོགས་ཡན་ལག་ལྔ་ལྡན་ཡིན་པས་ཁྱབ་པ་མི་འཐད་པར་ཐལ། གཏམ་རྒྱུད་རྒྱས་པའི་ངག་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཏུ་འཐད་པ་མིན་ཞིང་ལྷག་ཆད་ནོར་འཁྲུལ་དང་བྲལ་བའི་སྒྲུབ་ངག་བསྡུས་པ་ཡང་ཁྱོད་ཀྱིས་བརྗོད་པ་མ་ཡིན་པའི་ཕྱིར། འདིར་རང་ལུགས་ལ་སྒྲུབ་པའི་ངག་ཡང་དག་ཡིན་ན་ཁྱོད་ཀྱི་ཁྱབ་པ་བརྗོད་དགོས་པར་སྟོན་པ་ནི་མ་ཡིན་ནོ། །འོ་ན་ཁོས་འདོད་པའི་གཏམ་རྒྱུད་རྒྱས་པ་དེ་གང་ཞེ་ན། གཙོ་བོ་ཡོད་དེ། གསལ་བ་རྣམས་དང་རྗེས་སུ་འགྲོ་བར་མཐོང་བའི་ཕྱིར། ནང་གི་ཁྱད་པར་འབྲས་བུ་དང་རྒྱུར་གྱུར་པ་རྣམས་ལ་རིགས་གཅིག་རྗེས་སུ་འགྲོ་བར་མཐོང་སྟེ། སྒྲ་སོགས་དེ་ཙམ་ལྔ་པོ་རྣམས་ནི་བདེ་སྡུག་རྨོངས་པ་གསུམ་གྱི་བཀོད་པའི་ཁྱད་པར་ཡིན་པའི་ཕྱིར། ཅིའི་ཕྱིར་ལྔ་པོ་རྣམས་ཀྱི་ཞེ་ན། ལྔ་པོ་རྣམས་ལ་འབྲས་བུ་གཅིག་ཡོད་པའི་ཕྱིར་རོ། །ཞེས་པའོ། །གཉིས་པ་མཐུན་དཔེ་ལ་རྗེས་འགྲོ་མེད་པ་ནི། འབྲས་བུས་རྒྱུ་དཔོག་པ་ལྷག་མ་དང་ལྡན་པ་ལས་དབང་ཤེས་ཀྱི་ཡུལ་ལས་འདས་པའི་དོན་རྟོགས་པར་བྱེད་ལ། ཡན་ལག་ལྔ་ལྡན་གྱི་ཚིག་དེ་ཉིད་གཏན་ཚིགས་ཡིན་ནོ་ཞེ་ན། གཙོ་བོ་དང་རྟག་པའི་རྫས་སོགས་མཚན་ཉིད་ལྔ་ལྡན་གྱི་ཚོགས་དོན་གཏན་ཚིགས་ཡང་དག་གི་བསྒྲུབ་བྱར་མི་འཐད་པར་ཐལ། ཤིང་གི་ཤུན་ལྤགས་ལ་སོགས་ལ་ཡོད་པའི་རིགས་གཅིག་དཔེར་ཁས་བླངས་ཀྱང་རྟག་པའི་རྫས་སོགས་མཚན་ཉིད་ལྔ་ལྡན་མཐུན་དཔེ་ལ་རྗེས་འགྲོ་དང་ལྡན་པ་མིན་པའི་ཕྱིར། འགྲེལ་པ་རྗེས་འབྲང་དང་བཅས་པ་དག མཚན་ཉིད་ལྔ་ལྡན་གྱི་གཙོ་བོ་ཡོད་པ་རྟགས་ཀྱི་བསྒྲུབ་བྱ་མིན་པར་ཐལ། གཙོ་བོ་དཔེ་ལ་རྗེས་འགྲོ་དང་ལྡན་པ་མིན་པའི་ཕྱིར་ཞེས་སྨྲ་བ་ནི་རྟགས་སྐོར་གྱི་རྣམ་གཞག་ལེགས་པར་མ་ཆགས་པ་ཡིན་ཏེ། མཚན་ཉིད་ལྔ་ལྡན་གྱི་གཙོ་བོ་བདེན་མེད་ཀྱང་རྟགས་ཀྱི་བསྒྲུབ་བྱ་མ་ཡིན་པར་ཐལ། གཙོ་བོ་དཔེ་ལ་རྗེས་འགྲོ་དང་ལྡན་པ་མིན་པའི་ཕྱིར། གསུམ་ཆར་རོ། །སྒྲ་མི་རྟག་པ་ཡང་རྟགས་ཀྱི་བསྒྲུབ་བྱ་མ་ཡིན་པར་ཐལ། སྒྲ་དཔེ་ལ་རྗེས་འགྲོ་དང་ལྡན་པ་མ་ཡིན་པའི་ཕྱིར། གསུམ་ཆར་རོ། །དེས་ན་ཕྱོགས་སྔ་མཁན་པོས་རྟགས་ཡང་དག་གི་བསྒྲུབ་བྱའི་ཆོས་ཡིན་ན་རང་གི་དེ་བསྒྲུབ་ཀྱི་མཐུན་དཔེ་ལ་རྗེས་སུ་འགྲོ་དགོས་པ་དང་། དེའི་ཤེས་འདོད་ཆོས་ཅན་ཡིན་ན་དེ་ལ་རྗེས་སུ་འགྲོ་མི་དགོས་པའི་ཁྱད་པར་མ་ཕྱེད་ནས་མཁས་མཆོག་གི་གཞུང་ལོག་པར་བཤད་པ་ཡིན་ནོ། །དེར་མ་ཟད། སྦྱོར་བའི་ངག་གིས་ཀྱང་རྟག་པའི་རྫས་སོགས་མཚན་ཉིད་ལྔ་ལྡན་གྱིས་ཁྱད་པར་དུ་བྱས་པའི་གཙོ་བོ་ཡོད་པར་ཉེ་བར་འཇལ་ཞིང་སྒྲུབ་པ་མི་རིགས་པར་ཐལ། ངག་གིས་དེ་འདྲའི་གཙོ་བོ་ཚད་མའི་ལམ་དུ་སྒྲུབ་པར་མི་ནུས་པའི་ཕྱིར་རོ། །གསུམ་པ་ཁས་བླངས་ནང་འགལ་བར་བསྟན་པ་ནི། ཤིང་ལ་སོགས་པ་ལ་འབྲས་བུ་རིགས་གཅིག་མཐོང་བའི་རྟགས་ཀྱིས་རྟག་པའི་རྫས་སོགས་མཚན་ཉིད་ལྔ་ལྡན་གྱི་གཙོ་བོ་སྔོན་དུ་སོང་བར་སྒྲུབ་པར་མི་ནུས་པར་ཐལ། དེ་ལྟར་ན་འབྲས་བུ་དུ་མ་མཐོང་བའི་རྟགས་ཀྱིས་རྒྱུ་གཅིག་ཁོ་ན་ཡོད་པ་དགག་པའི་ཆེད་དུ་རྒྱུ་དུ་མ་སྔོན་དུ་སོང་བར་སྒྲུབ་པའི་དམ་བཅའི་དོན་དང་འགལ་བར་འགྱུར་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། དངོས་དང་། དེའི་ལན་དགག་པའོ། །དང་པོ་ནི། འབྲས་བུ་རིགས་གཅིག་མཐོང་བའི་རྟགས་ཀྱིས་རང་གི་རྒྱུ་སྔོན་དུ་སོང་བར་སྒྲུབ་པ་ཡིན་གྱི་རྟག་པའི་རྫས་ཀྱིས་ཁྱད་པར་དུ་བྱས་པའི་རྒྱུ་གཅིག་ཁོ་ན་སྔོན་དུ་སོང་བར་སྒྲུབ་པ་མ་ཡིན་ཞེས་པ་དང་། གཙོ་བོ་ཞེས་པའི་སྒྲའི་བརྗོད་བྱ་ཡོད་པར་སྒྲུབ་པ་ཡིན་གྱི་རྟག་པའི་རྫས་སོགས་མཚན་ཉིད་ལྔ་ལྡན་གྱི་གཙོ་བོ་ཡོད་པར་མི་སྒྲུབ་པས་མཐུན་དཔེ་ལ་རྗེས་འགྲོ་མེད་པའི་སྐྱོན་མེད་ཅེ་ན། གཙོ་བོ་ཞེས་པའི་སྒྲའི་བརྗོད་བྱ་དང་ཡོད་ཙམ་གྱི་ཚོགས་དོན་དང་ཤིང་ལ་སོགས་པ་དང་རང་རྒྱུ་སྔོན་དུ་སོང་བའི་ཚོགས་དོན་ཆོས་ཅན། ཁྱོད་སངས་རྒྱས་པའི་ངོར་གཞན་དོན་གྱི་རྟགས་ཀྱི་བསྒྲུབ་བྱ་ཡང་དག་མ་ཡིན་པར་ཐལ། ཁྱོད་སངས་རྒྱས་པའི་ཚད་མས་རྩོད་པ་མེད་པར་གྲུབ་ཟིན་པའི་ཕྱིར། ཤིང་ལ་སོགས་པ་དང་། ཆ་ཤས་མེད་པའི་རིགས་ཀྱི་རྒྱུ་སྔོན་དུ་སོང་བའི་ཚོགས་དོན་ཡང་བསྒྲུབ་བྱ་ཡང་དག་མ་ཡིན་པར་ཐལ། ཤིང་ཤུན་ལ་སོགས་པ་བཞིན་དུ་རིགས་མི་མཐུན་པའི་ཐ་དད་པའི་གསལ་བ་རྣམས་ལ་ཆ་ཤས་མེད་པའི་རིགས་ཀྱི་རྒྱུ་དེ་རྗེས་སུ་འགྲོ་བ་མེད་པའི་ཕྱིར། གཉིས་པ་ནི། དེ་ཙམ་ལྔ་བདེ་བ་ལ་སོགས་པའི་བཀོད་པ་ཡིན་ལ་གསལ་བ་ཐམས་ཅད་ཆ་ཤས་མེད་པའི་གཙོ་བོ་དེའི་རིགས་ཅན་དུ་གྲུབ་སྟེ། དེ་ལ་བདེ་བ་ལ་སོགས་པའི་རིགས་རྗེས་སུ་འགྲོ་བའི་ཕྱིར་ཞེ་ན། ཐ་དད་པའི་གསལ་བ་རྣམས་ཆ་ཤས་མེད་པའི་གཙོ་བོ་ཞེས་པའི་རིགས་གཅིག་རྗེས་སུ་འགྲོ་བ་ཅན་མ་ཡིན་པར་ཐལ། དེ་ལྟར་ཚད་མ་གང་གིས་ཀྱང་མ་རྟོགས་པའི་ཕྱིར། ཁ་ཅིག་བསྒྲུབ་ཆོས། དེ་སྒྲུབ་པ་ལ་རྟགས་གང་བཀོད་ཀྱང་ལྟར་སྣང་གསུམ་པོ་གང་རུང་གཅིག་ལས་མ་འདས་པའི་ཕྱིར་རོ་ཞེས་འགོད་པར་བྱེད་དོ། །དེ་ནི་མི་འཐད་དེ། བདག་མེད་ཀྱང་བདག་མེད་དུ་མི་འགྲུབ་པར་ཐལ། དེ་སྒྲུབ་པ་ལ་རྟགས་གང་བཀོད་ཀྱང་ལྟར་སྣང་གསུམ་པོ་གང་རུང་གཅིག་ལས་མ་འདས་པའི་ཕྱིར་རོ། །ཞེས་བརྗོད་ན་མི་མཚུངས་སམ། །གཉིས་པ་ཉེས་པ་དེ་ཆ་ཤས་མེད་པའི་སྐྱེས་བུ་ལ་མཚུངས་པ་ལ་གསུམ་སྟེ། དགག་པ་དངོས་དང་། ཁས་བླངས་འགལ་བ་དང་། མ་ངེས་པར་བསྟན་པའོ། །དང་པོ་ནི། ཆ་ཤས་མེད་པའི་རིགས་གཅིག་གསལ་བ་རྣམས་ལ་རྗེས་སུ་འགྲོ་བར་མཐོང་སྟེ། གཞན་དུ་དེ་ཙམ་ལྔ་ལ་སྙིང་སྟོབས་ལ་སོགས་པ་འབྲས་བུ་གཅིག་པ་ཉིད་མཐོང་བའི་ཕྱིར་ཞེ་ན། འབྲས་བུ་རིགས་གཅིག་མཐོང་ན་ཆ་ཤས་མེད་པའི་རིགས་གཅིག་རྗེས་སུ་འགྲོ་བས་མ་ཁྱབ་པར་ཐལ། འཇིག་རྟེན་ན་རྐྱེན་གསུམ་ལ་ཆ་ཤས་མེད་པའི་རིགས་རྗེས་སུ་འགྲོ་བ་མེད་ཀྱང་རང་འབྲས་རྣམ་པར་ཤེས་པ་བྱེད་པར་ཚད་མས་མཐོང་བའི་ཕྱིར། གལ་ཏེ། རྒྱུ་ནི། གཉིས་ཏེ། ཉེར་ལེན་དང་། ལྷན་གཅིག་བྱེད་པའོ། །འབྲས་བུ་གཅིག་མཐོང་བས་རང་གི་རང་བཞིན་དུ་འགྱུར་བའི་རང་གི་ཉེར་ལེན་གཅིག་སྔོན་དུ་སོང་བར་བསྒྲུབ་པ་ཡིན་གྱི། ལྷན་ཅིག་བྱེད་རྐྱེན་གཅིག་ཁོ་ན་སྔོན་དུ་སོང་བར་མི་བསྒྲུབ་པས་སྐྱོན་མེད་དོ་ཞེ་ན། ཉེ་བར་ལེན་པ་ལའང་འབྲས་བུ་གཅིག་མཐོང་བའི་རྟགས་ཀྱིས་རང་གི་རང་བཞིན་དུ་གྱུར་པའི་རང་གི་ཉེར་ལེན་གཅིག་ཁོ་ན་སྒྲུབ་ནུས་པ་མ་ཡིན་པར་ཐལ། དེ་ལའང་བཤད་ཟིན་པའི་ཉེས་པ་དེར་འགྱུར་བའི་ཕྱིར། ཆ་ཤས་མེད་པའི་སྐྱེས་བུ་ལ་ཡང་ཡོན་ཏན་གསུམ་གྱི་རང་བཞིན་རྗེས་སུ་དཔོག་ནུས་པར་ཐལ། དེ་ལའང་རྣམ་པར་ཤེས་པ་དང་བ་དང་། མཐར་སྤྲོ་བ་ལ་སོགས་པའི་འབྲས་བུ་རིགས་གཅིག་མཐོང་བའི་ཕྱིར་གསུམ་ཆར་རོ། །དང་བ་དང་རྟོག་པ་ནི་སྐྱེས་བུའི་རང་བཞིན་མ་ཡིན་ཏེ། དེ་ནི་ཕྱི་རོལ་དེ་ཙམ་ལྔའི་རང་བཞིན་དང་གཅིག་ཡིན་པའི་ཕྱིར་ཞེ་ན། དང་བ་སོགས་དེ་ཕྱི་རོལ་དེ་ཙམ་ལྔའི་རང་བཞིན་དང་གཅིག་མ་ཡིན་པར་ཐལ། དེ་ནི་སྐྱེས་བུ་ལ་ཡང་མཐོང་ཞིང་། རྣ་བ་ལ་སོགས་པའི་འཇུག་པ་དང་ཐ་དད་མི་དད་པའམ། ཐ་དད་པར་འཛིན་ཀྱང་རུང་འབྲས་བུ་གཅིག་པས་རང་གི་རང་བཞིན་དུ་གྱུར་པའི་རང་གི་ཉེར་ལེན་གཅིག་ཏུ་འདོད་པ་གཉིས་ཀར་སྐྱོན་ཡོད་པའི་ཕྱིར། རྣམ་པར་ལྡན་པའི་གཏན་ཚིགས་ཚད་ལྡན་བཅུ་དྲུག་མཐོང་བ་སོགས་གཞན་བཞི་ལའང་། རྗེས་དཔག་གཞལ་བྱ་དང་འབྲེལ་པ་མེད་པའི་ཉེས་པ་བརྗོད་པར་བྱའོ། །ཞེས་འགྲེལ་བཤད་མཁན་པོས་བཤད་དོ། །གཉིས་པ་ནི། སྔར་བཤད་པ་རྣམས་ཀྱིས་ཆ་ཤས་མེད་པའི་གཙོ་བོ་རྟག་པའི་རྫས་སོགས་མཚན་ཉིད་ལྔ་ལྡན་དུ་ཡོད་པར་བསྒྲུབ་པའི་གཏན་ཚིགས་ཕྱོགས་ཆོས་མ་གྲུབ་པར་བསྟན་ནས་ད་འགལ་བའི་སྐྱོན་སྟོན་པ་ནི། མཐུན་དཔེ་ལ་རྗེས་སུ་འགྲོ་བ་ཁས་བླངས་ན་ཡང་། འབྲས་བུ་རིགས་གཅིག་མཐོང་བའི་རྟགས་ཀྱིས་རང་གི་རང་བཞིན་དུ་གྱུར་པའི་རང་གི་ཉེར་ལེན་གཅིག་ཁོ་ན་སྔོན་དུ་སོང་བར་སྒྲུབ་པ་མི་རིགས་པར་ཐལ། ཤིང་གི་ཤུན་ལྤགས་ལ་སོགས་པ་རང་གི་རང་བཞིན་མ་ཡིན་པའི་ཤིང་གི་ཉེར་ལེན་དང་རྒྱུ་དུ་མ་ལས་བྱུང་གི་རང་གི་རང་བཞིན་དུ་གྱུར་པའི་རང་གི་ཉེར་ལེན་གཅིག་ཁོ་ན་ལས་འབྱུང་བ་ཁེགས་པས་རྟགས་འགལ་བ་ཉིད་ཡིན་པའི་ཕྱིར་རོ། །གསུམ་པ་མ་ངེས་པར་བསྟན་པ་ནི། སྔར་བཤད་པའི་རྟགས་དེ་ཁྱབ་པ་མ་ངེས་པར་ཡང་འགྱུར་བར་ཐལ། ཤིང་ཤུན་དང་། ཁམ་ཕོར་ལ་སོགས་པས་ཁྱབ་པ་མ་ངེས་པའི་ཕྱིར་རོ། །ཐམས་ཅད་ཀྱི་དོན་བསྡུས་ན། དམ་བཅའི་ཚིག་དེས་ནི་བསྒྲུབ་བྱ་འཕངས་པར་ཁྱོད་ཀྱིས་འདོད་ཀྱང་། དམ་བཅའ་ཡང་དག་མ་ཡིན་པར་ཐལ། རྟག་པའི་རྫས་སོགས་མཚན་ཉིད་ལྔ་ལྡན་མཐུན་དཔེ་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར། གསུམ་ཆར་རོ། །འགྲེལ་བཤད་ཀྱི་འགྱུར་ལྟར་ན། དཔེ་ནི་བསྒྲུབ་བྱས་དམན་པ་ཞེས་འབྱུང་ཡང་། སྔར་བཤད་པའི་བསྒྲུབ་བྱའི་ཆོས་ཀྱིས་མཐུན་དཔེ་སྟོང་པའི་ཕྱིར་ཞེས་འཆད་པས་དོན་འདྲའོ་ཞེས་པ་ལ་ལ་འདོད་དོ། །ཆ་ཤས་ཀྱི་དབྱེ་བ་མེད་པ་ལ་སོགས་པའི་མཚན་ཉིད་ལྔ་ལྡན་གྱི་གཙོ་བོའི་རྗེས་སུ་འགྲོ་བའི་མཐུན་དཔེ་ཡང་དག་ཡོད་པ་མ་ཡིན་པར་ཐལ། མཐུན་དཔེ་ཡང་དག་ཡིན་ན་ཆ་ཤས་ཅན་ཡིན་དགོས་པའི་ཕྱིར་རོ། །དེ་བཞིན་དུ་ཚད་དང་ལྡན་པ་དང་། རྒྱུ་དང་འབྲས་བུའི་དངོས་པོ་དང་། ནུས་པ་འཇུག་པ་དང་། སྣ་ཚོགས་པའི་ངོ་བོའི་གཏན་ཚིགས་ལྷག་མ་བཞིས་ཀྱང་། དངོས་སུ་གཙོ་བོ་ཆ་ཤས་མེད་པ་སོགས་མཚན་ཉིད་ལྔ་ལྡན་དུ་ཡོད་པར་སྒྲུབ་ན། ཚད་མའི་ཡུལ་མི་ཤེས་པའི་ཕྱིར། ཞེས་སོགས་སྔར་བཤད་པའི་རིགས་པས་དགག་པར་ཤེས་པར་བྱའོ། །གཉིས་པ་ལ་གསུམ་སྟེ། གཞན་དགག་པ་ཙམ་གྱིས་རང་ལུགས་སྒྲུབ་པ་མི་འཐད། གཞན་ལུགས་འགོག་པའི་རྟགས་ཀྱི་གྲངས་ངེས་མི་འཐད། རང་ལུགས་སྒྲུབ་པ་གཞན་ལུགས་མཐའ་དག་བཀག་ལ་ལྟོས་དགོས་ན་ཐུག་པ་མེད་པའོ། །དང་པོ་ནི། གཞན་ཕྱོགས་བཀག་པ་ཙམ་གྱིས་རང་ཕྱོགས་འགྲུབ་པའི་མཚན་ཉིད་རྫོགས་པ་མིན་པར་ཐལ། ལུས་ཅན་མ་ཡིན་པའི་ཕྱིར་སྒྲ་རྟག་གོ་ཞེས་པ་ཁྱབ་པ་མ་ངེས་ཞེས་ཁྱོད་ཀྱིས་བརྗོད་པ་ཙམ་གྱིས་གཞན་ལུགས་མ་གྲུབ་པར་བྱས་ཀྱང་སྒྲ་རྟག་པ་ཡིན་པ་བཀག་ན་སྒྲ་མི་རྟག་པར་གྲུབ་པས་མ་ཁྱབ་པའི་ཕྱིར། གལ་ཏེ་ཁྱབ་ན། རི་བོང་གི་རྭ་མི་རྟག་པར་ཐལ། དེ་རྟག་པ་ཡིན་པ་བཀག་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །གཞུང་འདིས་རྟག་པ་མི་རྟག་པ་དང་དངོས་འགལ་དུ་བཤད་པ་བཀག་པ་ཡིན་ནོ། །གཞན་ལུགས་བཀག་པ་ཙམ་གྱིས་བསྒྲུབ་བྱའི་མཚན་ཉིད་རྫོགས་པ་མ་ཡིན་པར་ཐལ། ཆར་བབས་པའི་འབྲས་བུ་རྟོགས་པའི་ཆེད་དུ་གངས་ཞུ་བ་ལ་སོགས་པ་སོ་སོར་བཀག་ནས་རང་གི་ངོ་བོའི་ཁྱད་པར་ཆུ་ཀླུང་གང་བ་ལས་བསྒྲུབ་བྱར་འགྱུར་བ་ཡིན་པའི་ཕྱིར། གཞན་དག་རྟགས་འདི་དང་སྔ་མ་གཉིས་ལ། ཐལ་ཆོས་རིམ་བཞིན་དུ། གཞན་ཕྱོགས་བཀག་ཙམ་གྱིས་རང་ཕྱོགས་འགྲུབ་པ་མིན་པར་ཐལ་ཞེས་དང་། གཞན་ལུགས་བཀག་ཙམ་བསྒྲུབ་བྱར་མི་འགྱུར་བར་ཐལ་ཞེས་འགོད་པ་ནི་ཅུང་འཐད་པར་མ་མཐོང་སྟེ། ཚད་མ་ཙམ་གྱིས་བུམ་པ་བྱས་པར་སྒྲུབ་པའི་ཁྱབ་པ་འགྲུབ་པ་མིན་པར་ཐལ། བུམ་པ་བྱས་པར་སྒྲུབ་པའི་ཁྱབ་པས་སྟོང་པའི་ཚད་མ་དེ་ཚད་མ་ཡིན་ཡང་དེའི་ཁྱབ་པ་འགྲུབ་པ་མ་ཡིན་པའི་ཕྱིར། འདོད་ན། བུམ་པ་བྱས་པར་སྒྲུབ་པའི་ཁྱབ་པ་ཆོས་ཅན། ཁྱོད་ཡོད་ན་ཁྱོད་ཚད་མ་ཙམ་གྱིས་ཁྱོད་གྲུབ་དགོས་ཚད་མ་ཙམ་གྱིས་ཁྱོད་འགྲུབ་པ་མིན་པའི་ཕྱིར། རྒྱས་པར་ནི་རིགས་པའི་རྣམ་གཞག་གཞན་དུ་ཤེས་པར་བྱའོ། །གཉིས་པ་ནི། གཞན་ཕྱོགས་འགོག་པའི་གཏན་ཚིགས་དེ་དཔེ་དང་འགལ་བ་དང་། ཁས་བླངས་འགལ་བ་གཉིས་སུ་གྲངས་ངེས་པ་མ་ཡིན་པར་ཐལ། ཕྱོགས་ཆོས་ཀྱི་ཡན་ལག་མ་ཚང་བའི་སྐྱོན་བསྟན་པ་སོགས་ཀྱང་གཞན་ཕྱོགས་ལ་གནོད་བྱེད་ཡིན་ཀྱང་གཉིས་པོ་དེར་མ་འདུས་པའི་ཕྱིར། ཁ་ཅིག་གཞུང་འདི་ལ་སྦྱོར་བ་འདི་ལྟར་བཀོད་ནས་གྲངས་ངེས་ཀྱི་ཁྱབ་པ་མི་འཛིན་ཞེས་འདོད་པ་ནི་འགལ་བ་ཁོ་ནའོ། །གྲངས་ཅན་པས་བཀོད་པའི་སྦྱོར་བ་གཉིས་ཀྱང་རིགས་པ་མ་ཡིན་པར་ཐལ། དེ་གཉིས་ཀྱི་ཁྱབ་པ་མ་ངེས་ཤིང་། དེས་བཏགས་པའི་བསྒྲུབ་བྱའི་ཆོས་མཐུན་དཔེ་ལ་རྗེས་འགྲོ་མེད་པའི་ཕྱིར། སྦྱོར་བ་གཉིས་གང་ཞེ་ན། གསལ་བ་རྣམས་ཆོས་ཅན། རྗེས་སུ་འགྲོ་བ་མེད་པའི་ཐ་དད་འབའ་ཞིག་ཏུ་ཐལ། ཆ་ཤས་མེད་པའི་གཙོ་བོ་གཅིག་སྔོན་དུ་མ་སོང་བར་སྔར་རང་རྒྱུའི་དུས་ན་མེད་པར་གསར་དུ་སྐྱེ་བའི་ཕྱིར་ཞེས་དང་། ཆ་ཤས་མེད་པའི་སྤྱི་གཅིག་སྔོན་དུ་སོང་སྟེ། གསལ་བ་རྣམས་ལ་ཕན་ཚུན་གཅིག་རྗེས་སུ་འགྲོ་བ་མ་མཐོང་བའི་ཕྱིར་ཞེས་པའོ། །ཡང་ཆོས་སྔར་རང་རྒྱུའི་དུས་སུ་མེད་པར་གསར་དུ་སྐྱེ་ན་ཐ་དད་འབའ་ཞིག་ཏུ་ཐལ་བ་གཞན་ཕྱོགས་བཀག་པའི་རྗེས་ཐོགས་ལ་ནི་བཟློག་པ་ལ་རྫས་ཐ་མི་དད་རྣམས་ཀྱི་སྔོན་དུ་སོང་བ་མཐའ་གཅིག་ཏུ་ངེས་པའི་ཕྱིར། ཤིང་ལ་སོགས་པ་ཆོས་ཅན། ཆ་ཤས་མེད་པའི་གཙོ་བོ་གཅིག་སྔོན་དུ་སོང་བ་མ་ཡིན་པར་ཐལ། རང་གི་རང་བཞིན་དུ་གྱུར་པའི་རང་རྒྱུ་གཅིག་ཁོ་ན་ལས་སྐྱེ་བ་བསལ་བ་ལ་གནོད་བྱེད་དུ་བཀོད་པའི་གྲངས་ཅན་གྱི་གཏན་ཚིགས་འདི་མི་རིགས་པའི་ཕྱིར། གལ་ཏེ། ཁྱད་པར་ཚད་ཕྱིར་རྗེས་འགྲོའི་ཕྱིར། །ཞེས་སོགས་རྣམ་པར་ལྡན་པའི་གཏན་ཚིགས་ལྔ་བཀོད་པ་བཞིན་དུ་བསལ་ཏེ་འོངས་པ་ལའང་མཚུངས་པས་ཁྱོད་ཀྱིས་བཤད་པའི་ཉེས་པ་མེད་དོ་ཞེ་ན། རྣམ་པར་ལྡན་པའི་གཏན་ཚིགས་ལྔ་བཀོད་པ་བཞིན་དུ་བསལ་སྟེ་འོངས་པའི་གཏན་ཚིགས་ལྔ་ཉིད་སྦྱར་བར་བྱ་བ་མིན་པར་ཐལ། བསལ་སྟེ་འོངས་པའི་མཚན་ཉིད་རྫོགས་ན་རང་ཕྱོགས་འགྲུབ་པའི་མཚན་ཉིད་རྫོགས་པས་མ་ཁྱབ་རྣམ་པར་ལྡན་པའི་མཚན་ཉིད་རྫོགས་ན་རང་ཕྱོགས་འགྲུབ་པའི་མཚན་ཉིད་རྫོགས་པས་ཁྱབ་པའི་ཕྱིར། གསུམ་ཆར་རོ། །གསུམ་པ་ནི། གལ་ཏེ་རྒོལ་བ་རེ་རེ་ནས་མུ་འདུས་པ་བཀག་པ་ལས་རྗེས་ཐོགས་མར་བསལ་ཏེ་འོངས་པའི་མཚན་ཉིད་རྫོགས་པར་འདོད་ན། བསལ་ཏེ་འོངས་པ་རྣམས་སུ་ཐུག་ལ་མེད་པར་འགྱུར་བའི་ཕྱིར་ཏེ། གཞན་གྱིས་རྒོལ་བའི་ལན་ལ་མཐའ་མེད་པ་ཉིད་ཡིན་པའི་ཕྱིར། གསུམ་ཆར་རོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ལ་གཉིས་ཏེ། རྩོད་སྒྲུབ་མཁན་པོའི་ལུགས་དགག་པ་དང་། མུ་སྟེགས་པའི་འདོད་ལུགས་དགག་པའོ། །དང་པོ་ལ་གསུམ་ཏེ། མ་གྲུབ་པ་དང་མ་ངེས་པའི་མཚན་ཉིད་དང་དབྱེ་བ་མཐའ་མ་ཆོད་པའི་ཉེས་པ་ཆགས་པ་དང་། འགལ་བའི་རྟགས་ཀྱི་དབྱེ་བ་མི་འཐད་པ་དང་། བརྗོད་དགོས་པ་མ་བརྗོད་པའི་ཉེས་པའོ། །དང་པོ་ནི། རྩོད་པ་སྒྲུབ་པ་ནས་ནི། མ་གྲུབ་པ་དང་། མ་ངེས་པ་དང་། འགལ་བའི་དོན་ནི་གཏན་ཚིགས་ལྟར་སྣང་བའོ། །མ་གྲུབ་པ་ནི། དཔེར་ན་མིག་གི་གཟུང་བྱ་ཡིན་པའི་ཕྱིར། སྒྲ་མི་རྟག་གོ་ཞེས་པ་དང་། མ་ངེས་པ་ནི། ལུས་ཅན་མ་ཡིན་པའི་ཕྱིར། རྟག་གོ་ཞེས་པ་དང་། འགལ་བ་ནི་གཉིས་ཏེ། བྱེ་བྲག་པ་རྣམས་ཀྱིས་སྤྱི་དབང་པོས་བཟུང་བྱ་ཡིན་པའི་ཕྱིར་རྟག་གོ་ཞེས་པ་དང་། གྲངས་ཅན་པས་རྒྱུ་ལ་འབྲས་བུ་ཡོད་དེ། ཡོད་པ་སྐྱེ་བའི་ཕྱིར་ཞེས་པ་ལྟ་བུའོ་ཞེས་ཟེར་རོ། །ཕྱི་མ་འདི་འགྲེལ་པའི་ཚིག་རིས་ལ་འདི་ལྟར་ཡོད་ཀྱང་ཞོ་ཆོས་ཅན། རང་རྒྱུ་འོ་མའི་རང་བཞིན་དུ་ཡོད་དེ། དེ་དུས་ནས་ཡོད་ཅིང་དེ་ལས་སྐྱེ་བའི་ཕྱིར་ཞེས་པའོ། །འདི་དགག་པ་ནི། མ་གྲུབ་པའི་རྟགས་ཀྱི་དཔེར་བརྗོད་གཅིག་བརྗོད་པ་མི་འཐད་པར་ཐལ། དེ་བརྗོད་ན། ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་པ་ལ་སོགས་པ་མ་གྲུབ་པའི་རྟགས་ཀྱི་དབྱེ་བ་དུ་མ་ཚིག་ཟིན་ཏུ་བརྗོད་དགོས་པར་ཁས་བླངས་པ་ལ་ཁྱོད་ཀྱིས་དེ་ལྟར་བརྗོད་པ་མ་ཡིན་པའི་ཕྱིར་དང་། དེ་བརྗོད་ན་མ་གྲུབ་པའི་རྟགས་ཀྱི་མཚན་ཉིད་ཀྱང་ཚིག་ཟིན་དུ་བརྗོད་དགོས་པར་ཁྱོད་ཀྱིས་ཁས་བླངས་པ་ལ་དེ་ལྟར་ཡང་ཁྱོད་ཀྱིས་བརྗོད་པ་མ་ཡིན་པའི་ཕྱིར། །མ་ངེས་པའི་རྟགས་ཀྱི་དཔེར་བརྗོད་གཅིག་ཙམ་བརྗོད་པ་མི་འཐད་པར་ཐལ། དེ་བརྗོད་ན་འཁྲུལ་པ་ཅན་མ་ངེས་པ་ལ་ཡང་མཚན་ཉིད་ཚིག་ཟིན་དུ་བརྗོད་དགོས་པར་ཁྱོད་ཀྱིས་ཁས་བླངས་པ་ལ་དེ་ལྟར་ཁྱོད་ཀྱིས་བརྗོད་པ་མ་ཡིན་པའི་ཕྱིར་དང་། དེ་བརྗོད་ན་མ་ངེས་པའི་རྟགས་དེ་ནི་ཐུན་མོང་མིན་པ་ཡང་ཡོད་ལ། འགལ་བ་ལ་མི་འཁྲུལ་བ་ཅན་ཡང་ཡོད་པ་དེ་རྣམས་ཚིག་ཟིན་དུ་བརྗོད་དགོས་པར་ཁྱོད་ཀྱིས་ཁས་བླངས་ཤིང་དེ་ལྟར་ཁྱོད་ཀྱིས་མ་བརྗོད་པའི་ཕྱིར། འདི་ལྟར་རྩོད་སྒྲུབ་མཁན་པོ་ལ་ཁས་བླངས་ནང་འགལ་བརྗོད་པ་མཁས་པའི་དགོངས་པ་ཡིན་གྱི། གཞན་དག་གིས་བཤད་པ་བྱེད་པ་ལྟར་ན་ནི་རང་ཉིད་ལའང་མཚུངས་ཏེ། འདི་ལྟར་མ་གྲུབ་པའི་དཔེ་བརྗོད་པ་ཙམ་ལ་དགོས་ནུས་གང་ཡང་མེད་པར་ཐལ། མ་གྲུབ་པའི་དབྱེ་བ་ཆོས་ཅན་གྱི་ཕྱོགས་གཅིག་མ་གྲུབ་པ་སོགས་དུ་མ་ཡོད་པ་དང་། མ་གྲུབ་པའི་མཚན་ཉིད་བརྗོད་རིགས་པ་བརྗོད་པ་མ་ཡིན་པའི་ཕྱིར་ཞེས་སོགས་ཀྱི་གནོད་པ་བརྗོད་པ་ལྟར་ན་ནི། གོང་དུ་འགལ་བ་ལ་མི་འཁྲུལ་བའི་གཏན་ཚིགས་ཀྱི་དཔེར་བརྗོད་ཙམ་བཤད་ཅིང་དེའི་དབྱེ་བ་དང་མཚན་ཉིད་མ་བརྗོད་པར་ཁྱོད་ཀྱིས་ཁས་བླངས་ཤིང་མྱོང་བས་གྲུབ་པས། དེའི་དཔེ་བརྗོད་པ་ཙམ་དགོས་ནུས་གང་ཡང་མེད་པར་ཐལ། དེའི་དབྱེ་བ་དང་མཚན་ཉིད་བརྗོད་རིགས་པ་བརྗོད་པ་མ་ཡིན་པའི་ཕྱིར་ཞེས་བརྗོད་ན་ཐལ་བའི་རྡུལ་བཞིན་དུ་མ་སོང་ངམ། གཞན་ཡང་དཔེར་བརྗོད་ཙམ་བརྗོད་ནས་དབྱེ་བ་དང་མཚན་ཉིད་མ་བརྗོད་པ་དུ་མ་ཞིག་སྣང་བས་ཕྱོགས་སྔ་མཁན་པོའི་སུན་འབྱིན་ལྟར་སྣང་དུ་ཤེས་པར་བྱའོ། །གཉིས་པ་ནི། འགལ་བ་གཅིག་ནི་སྟེ། སྤྱི་ཆོས་ཅན། རྟག་སྟེ། དབང་མངོན་གྱི་བཟུང་བྱ་ཡིན་པའི་ཕྱིར་ཞེས་པ་འདི་དེ་སྒྲུབ་ཀྱི་འགལ་རྟགས་སུ་མི་འཐད་པར་ཐལ། མཚུངས་པ་རུ་སྟེ། དེ་བློ་ལ་ལྟོས་ནས་རྟག་པ་དང་མི་རྟག་པ་གཉིས་ཀ་ལ་མཐོང་བས་མ་ངེས་པ་ཡིན་པའི་ཕྱིར་ཞེས་འགྲེལ་པ་དང་འགྲེལ་བཤད་ལས་འབྱུང་ངོ་། །རྩ་བའི་དགོངས་པ་ནི་ཆོས་ཅན། དེ་སྒྲུབ་ཀྱི་འགལ་བའི་གཏན་ཚིགས་མ་ཡིན་པར་ཐལ། སྔར་བཤད་པའི་མ་གྲུབ་པའི་རྟགས་དང་མཚུངས་པ་རུ་སྟེ་ཕྱོགས་ཀྱི་ཆོས་སུ་མ་གྲུབ་པའི་ཕྱིར་རོ། །ཞེས་སྦྱར་རོ། །གཅིག་ནི་སྟེ། ཕྱི་མའི་དཔེར་བརྗོད་ཀྱང་དེ་སྒྲུབ་ཀྱི་འགལ་བའི་རྟགས་སུ་མི་འཐད་པར་ཐལ། དེ་ནི་སྨྲས་ཚོད་ལ་དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། གལ་ཏེ་འབྲས་བུ་ནི། རང་རྒྱུ་དང་ངོ་བོ་གཅིག་ཡིན་ཏེ། སྐྱེ་བ་ཡིན་པའི་ཕྱིར་ཞེས་འགོད་པས་མ་གྲུབ་པའི་རྟགས་སུ་མི་འགྱུར་རོ་ཞེ་ན། དེ་དེ་སྒྲུབ་ཀྱི་འགལ་བའི་རྟགས་སུ་མི་འཐད་པར་ཐལ། དེ་དེ་སྒྲུབ་ཀྱི་ཐུན་མོང་མིན་པའི་མ་ངེས་པའི་རྟགས་སུ་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། སྔར་བཤད་པ་དེ་དག་ནི་དེ་སྒྲུབ་ཀྱི་འགལ་རྟགས་སུ་མི་རིགས་པར་ཐལ། དེས་དེ་སྒྲུབ་ཀྱི་བཟློག་ཕྱོགས་བསྒྲུབ་པར་མི་ནུས་པའི་ཕྱིར། གསུམ་ཆར་རོ། །ཡང་སྔར་གྱི་དེ་གཉིས་དེ་སྒྲུབ་ཀྱི་འགལ་རྟགས་ཀྱི་དཔེར་བརྗོད་དུ་སྟོན་པ་མི་འཐད་པར་ཐལ། དེ་ལྟར་ཡིན་ན་བསྒྲུབ་བྱ་ལས་བཟློག་པ་ཡི་ནི་རྒྱུ་མཚན་དང་། ཞེ་འདོད་ལ་གནོད་བྱེད་ཀྱི་དབྱེ་བ་དང་། མཚན་ཉིད་ཚིག་ཟིན་དུ་བརྗོད་དགོས་པར་ཁྱོད་ཀྱིས་ཁས་བླངས་པ་ལ། དེ་ལྟར་ཡང་ཁྱོད་ཀྱིས་མ་བརྗོད་པའི་ཕྱིར། །གསུམ་ཆར་རོ། །འདི་ལྟར་འཆད་པ་རྩ་བའི་དགོངས་པའོ། །གཉིས་པ་ལ་གཉིས་ཏེ། རིགས་པ་ཅན་པའི་ལུགས་དགག བྱེ་བྲག་པའི་ལུགས་དགག་པའོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། རིགས་པ་ཅན་པ་རྣམས་ཀྱི་ལྟར་ན། འཁྲུལ་པ་དང་བཅས་པ་དང་། འགལ་བ་དང་། སྐབས་དང་མཚུངས་པ་དང་། བསྒྲུབ་བྱ་དང་མཚུངས་པ་དང་། དུས་ལས་འདས་པ་རྣམས་ནི་གཏན་ཚིགས་ལྟར་སྣང་བའོ་ཞེས་ཟེར་རོ། །དེ་ལ་འཁྲུལ་པ་དང་བཅས་པ་ནི་མ་ངེས་པའི་དོན་ཏེ། དེ་ཤེས་འདོད་ཆོས་ཅན་ལས་གཞན་ལ་འཇུག་ཅིང་ཤེས་འདོད་ཆོས་ཅན་ཁོ་ན་ལ་མི་འཇུག་པ་དེ་མ་ངེས་པའི་རྟགས་ཀྱི་མཚན་ཉིད་ཡིན་ནོ་ཞེས་སྨྲ་བ་ཡིན་ནོ། །གཉིས་པ་ནི། བྱས་པ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་སུ་ཐལ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལས་གཞན་ལ་འཇུག་ཅིང་དེ་ཁོ་ན་ལ་མི་འཇུག་པའི་ཕྱིར་ཞེས་སྟོན་པ་ནི་ཁྱད་པར་ཡོད་མིན་ཞེས་པའོ། །གསུམ་ཆར་ཁས་བླངས་སོ། །གཞན་ཡང་། བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་འཇུག་གམ། མི་འཇུག མི་འཇུག་ན་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཏུ་མི་འགྱུར་རོ། །འཇུག་ན་བྱས་པ་ཆོས་ཅན། སྒྲ་མི་རྟག་པར་གྲུབ་པའི་མ་ངེས་པའི་གཏན་ཚིགས་སུ་ཐལ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལས་གཞན་ལ་འཇུག་ཅིང་དེ་ཁོ་ན་ལ་མི་འཇུག་པའི་ཕྱིར། རྟགས་ཕྱི་མ་མ་གྲུབ་ན་ཁས་བླངས་མོད། ཁས་བླངས་གསལ་བར་སྟོན་ན། དེ་སྒྲུབ་ཀྱི་མཐུན་དཔེ་ལ་མི་འཇུག་པར་ཐལ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ཁོ་ན་ལ་འཇུག་པའི་ཕྱིར། གསུམ་ཆར་རོ། །གལ་ཏེ་བསྒྲུབ་བྱའི་རིགས་ཁོ་ན་ལ་འཇུག་པ་གཏན་ཚིགས་ཡང་དག་གི་མཚན་ཉིད་དང་། དེ་ལས་གཞན་ལ་འཇུག་པ་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད་ཡིན་པས་སྐྱོན་མེད་ཅེ་ན། དེ་ལའང་སྔར་བཤད་པའི་རིགས་པས་གནོད་པའི་ཕྱིར་ན་མི་འཐད་དོ། །གལ་ཏེ་བསྒྲུབ་བྱའི་ཆོས་ལས་གཞན་ལ་འཇུག་པ་མ་ངེས་པའི་རྟགས་ཀྱི་མཚན་ཉིད་ཡིན་ནོ་ཞེ་ན། མི་འཐད་དེ། དེ་ལའང་སྔར་བཤད་པའི་རིགས་པས་གནོད་པའི་ཕྱིར། གལ་ཏེ་སྔར་ལུང་ཁས་བླངས་ནས་ཕྱིས་དེའི་དོན་དང་འགལ་བ་ཁས་བླངས་པ་ནི་གྲུབ་མཐའ་དང་འགལ་བའི་མཚན་ཉིད་ཡིན་ལ། གྲུབ་པའི་མཐའ་དང་འགལ་བ་ཡིན་ན་འགལ་བའི་རྟགས་ཡིན་པས་ཁྱབ་སྟེ། དཔེར་ན་བྱེ་བྲག་པས་རྫས་རྣམས་ནི། རྫས་ཅན་རྩོམ་པར་བྱེད་པ་ཡིན་ལ། རྡུལ་ཕྲན་ཀྱིས་ཀྱང་ཡན་ལག་ཅན་གྱི་རྫས་རྩོམ་པ་དང་ལུས་ཅན་དུ་ཁས་བླངས་ནས་ཕྱིས་རྡུལ་ཕྲན་ཆོས་ཅན། རྫས་རྩོམ་པར་བྱེད་པ་མ་ཡིན་ཏེ། ལུས་ཅན་མ་ཡིན་པའི་ཕྱིར་ཞེས་པ་བཞིན་ནོ་ཞེ་ན། དེ་ཆོས་ཅན། དེ་སྒྲུབ་ཀྱི་འགལ་བའི་རྟགས་གཞན་ཀྱང་ཡིན་པ་མི་རིགས་པར་ཐལ། དེ་སྒྲུབ་ཀྱི་མ་གྲུབ་པའི་རྟགས་ཡིན་པའི་ཕྱིར་དང་། དེ་སྒྲུབ་ཀྱི་དམ་བཅའ་དང་འགལ་བའི་སྐྱོན་ལས་གཞན་དུ་མེད་པ་སྟེ། དེའི་སྐྱོན་ཡིན་པའི་ཕྱིར་ཞེས་འགྲེལ་བར་བཤད་དོ། །གལ་ཏེ་གྲངས་ཅན་གྱིས། གཙོ་བ་ནི་རྒྱུ་མིན་ཏེ། སེམས་པ་ཅན་མ་ཡིན་པའི་ཕྱིར་ཞེས་བཀོད་པ་ལྟ་བུ་ཕྱོགས་ཆོས་གྲུབ་ན་མ་ངེས་པའི་རྟགས་ཡིན་ནོ་ཞེ་ན། དེ་མི་འཐད་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་ན་དེ་སྒྲུབ་ཀྱི་བཟློག་པ་སྒྲུབ་པའི་འགལ་བ་དེ་ཉིད་དེ་འགལ་བའི་རྟགས་ཡིན་པའི་ཕྱིར། གསུམ་ཆར་རོ། །གང་ལས་སྐབས་སུ་བབ་པ་དེ་གཏན་ལ་ཕབ་པ་བསྟན་པའི་ཕྱིར། ཉེ་བར་དགོད་པ་ནི། སྐབས་དང་མཚུངས་པ་ཞེས་བྱ་བའི་གཏན་ཚིགས་ལྟར་སྣང་གཞན་ཡིན་ཏེ། དཔེར་ན། བདག་ནི་མི་རྟག་ཏེ། ལུས་ལས་གཞན་ཡིན་པའི་ཕྱིར་ཞེས་པའོ། །འགྲེལ་པའི་ཚིག་ཟིན་ལ་ནི། རྟག་སྟེ། ལུས་ལས་གཞན་མ་ཡིན་པའི་ཕྱིར་ཞེས་པ་སྣང་ངོ་། །ཁ་ཅིག་ནི་སྒྲ་རྟག་སྟེ། རྟག་པའི་ཆོས་ཉེ་བར་མ་དམིགས་པའི་ཕྱིར་ཞེས་པ་ནི། སྐབས་དང་མཚུངས་པ་སྟེ། རྟག་པ་དང་མི་རྟག་པའི་ཆོས་མ་དམིགས་པ་ཁོ་ན་གཏན་ཚིགས་སུ་སྟོན་པའོ། །དེ་ཡང་གཏན་ཚིགས་ལྟར་སྣང་བའི་ནང་ནས་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བའོ། །ཞེས་ཟེར་རོ། །འགྲེལ་པའི་ཚིག་ཟིན་དུ་བཀོད་པ་ཆོས་ཅན། དེ་སྒྲུབ་ཀྱི་མ་གྲུབ་པ་ཞེས་བྱ་བའི་གཏན་ཚིགས་ལྟར་སྣང་དུ་འགྱུར་བ་མི་འཐད་པར་ཐལ། དེ་སྒྲུབ་ཀྱི་ཁྱབ་པ་མ་ངེས་པར་འགྱུར་བའི་ཕྱིར། གསུམ་ཆར་རོ། །གལ་ཏེ་སྒྲ་རྟག་སྟེ། རྟག་པའི་ཆོས་སུ་མ་དམིགས་པ་མཉན་བྱ་ཡིན་པའི་ཕྱིར་ཞེས་བཀོད་ན་ནི། དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་སུ་འགྱུར་བ་མིན་པར་ཐལ། དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པར་འགྱུར་བའི་ཕྱིར། གསུམ་ཆར་ཁས་བླངས་སོ། །ཚད་གྲུབ་དུ་བྱས་ནས་ཕྱོགས་ཆོས་འགྲུབ་པ་ནི་ཤིན་ཏུ་མི་འཐད་དེ། སྒྲ་རྟག་སྟེ་ཤེས་བྱ་མ་ཡིན་པའི་མཉན་བྱ་ཡིན་པའི་ཕྱིར་ཞེས་བཀོད་ནས་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པར་ཁས་བླངས་ན་སྐྱོན་ཅི་ཡོད། མི་འཐད་དེ། སྒྲ་དེ་ཤེས་བྱ་མ་ཡིན་པའི་མཉན་བྱར་མི་འཐད་པའི་ཕྱིར་ཞེ་ན། འོ་ན་སྔ་མ་ཡང་མི་འཐད་པར་འགྱུར་ཏེ། སྒྲ་དེ་རྟག་པའི་ཆོས་སུ་མ་དམིགས་པའི་མཉན་བྱར་མི་གྲུབ་པའི་ཕྱིར་ཞེས་བརྗོད་ན་ལན་ཅི་ཡོད། རྟགས་མ་གྲུབ་ཅེ་ན། སྔ་མ་ཡང་མ་གྲུབ་བོ། །དེར་ཐལ། ཡོད་ན་ཤེས་བྱ་ཡིན་དགོས་པའི་ཕྱིར་ཞེ་ན། འོ་ན་ཕྱི་མ་འང་དེར་ཐལ། ཡོད་ན་རྟག་པའི་ཆོས་ཡིན་དགོས་པའི་ཕྱིར་ཞེས་བརྗོད་ན་མི་མཚུངས་སམ་ལེགས་པར་སོམས་ཤིག འོ་ན་བུམ་པ་ཆོས་ཅན། རྟག་པའི་ཆོས་ཡིན་པར་ཐལ། ཡོད་པའི་ཕྱིར་ཞེ་ན། ཤིན་ཏུ་འདོད་པ་ཁོ་ནའོ། །བསྒྲུབ་བྱ་དང་ཁྱད་པར་མེད་པས་བསྒྲུབ་བྱ་སྒྲུབ་པ་ནི་བསྒྲུབ་བྱ་དང་མཚུངས་པ་ཞེས་བྱ་བའི་མ་གྲུབ་པའི་གཏན་ཚིགས་གཞན་ཡིན་ཏེ། སྒྲ་རྟག་སྟེ། རེག་བྱ་ཅན་མ་ཡིན་པའི་ཕྱིར། བློ་བཞིན་ཞེས་པ་ལྟ་བུའོ་ཞེས་ཟེར་རོ། །ཁྱོད་ལྟར་ན་དེ་ཡང་དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཐལ། ཁྱོད་ལྟར་ན་དེ་ཡང་དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་པའི་ཕྱིར། གཏན་ཚིགས་བརྗོད་པའི་དུས་ལས་འདས་ནས་ཕྱིས་གཏན་ཚིགས་བརྗོད་པ་ནི། དུས་ལས་འདས་པ་ཞེས་པའི་གཏན་ཚིགས་ལྟར་སྣང་བ་གཞན་ཡིན་ཏེ། དཔེར་ན། སྒྲ་ནི་མི་རྟག་སྟེ། བུམ་པ་བཞིན་ཞེས་བརྗོད་ནས། ཕྱིས་བྱས་པའི་ཕྱིར་ཞེས་བརྗོད་པ་ལྟ་བུའོ་ཞེ་ན། སྔར་གྱི་སྒྲ་ནི་མི་རྟག་སྟེ་ཞེས་བརྗོད་པ་ན། དེ་ནི་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ལྟར་སྣང་གཞན་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་གཏན་ཚིགས་མ་ཚང་བ་དེ་སྒྲུབ་ཀྱི་དམ་བཅའ་བརྗོད་པ་ཙམ་ཡིན་པའི་ཕྱིར། གསུམ་ཆར་རོ། །ཕྱིས་ངེས་པར་བྱ་བའི་དོན་དུ་བྱས་པ་བཀོད་ན། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ལྟར་སྣང་མ་ཡིན་ཏེ། བསྒྲུབ་བྱ་གྲུབ་པ་སྟེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར། གཉིས་པ་ནི། བྱེ་བྲག་པའི་ལྟར་ན། གཏན་ཚིགས་ལྟར་སྣང་བ་ནི་གསུམ་དུ་ངེས་ཏེ། མ་གྲུབ་པ་དང་། མ་བསྟན་པ་དང་། ཡོད་མེད་དང་ཡིན་མིན་ཐེ་ཚོམ་ཟ་བའོ། །དེ་ལ་རྟགས་དང་རྟགས་ཅན་གྱི་འབྲེལ་བ་མ་གྲུབ་པ་ནི། མ་གྲུབ་པའི་ལྟར་ནང་གི་མཚན་ཉིད་ཡིན་ཏེ། དཔེར་ན་མེ་དུའི་འབྲེལ་པ་ཡོད་ཀྱང་ཕྱིར་རྒོལ་ངོར་མ་གྲུབ་པ་དེ་ལ། དུ་བ་སྨོས་པ་ནི་མ་བསྟན་པ་ཞེས་བྱ་བའི་གཏན་ཚིགས་ལྟར་སྣང་བ་ཡིན་པའོ། །ཐེ་ཚོམ་ཟ་བ་ནི་དཔེར་ན་རྭ་ཅན་རིག་གོ་ཞེས་བརྗོད་པ་ན། ཅི་ཞིག་འདིར་ཤེས་པར་བྱེད་ཅེ་ན། རྭ་ཅན་ཡིན་པའི་རྟགས་ལས་བ་གླང་ངོ་ཞེས་སྨྲ་ན་ནི། སྨྲ་བར་བྱ་བ་ཐེ་ཚོམ་དུ་སྨྲ་བའོ། །ཅིའི་ཕྱིར་ཞེ་ན་མ་ཧེ་ལ་སོགས་པ་རྣམས་ལ་ཡང་རྭ་ཡོད་ཅེས་པའོ་ཞེ་ན། རྟགས་དང་རྟགས་ཅན་གྱི་འབྲེལ་པ་མ་གྲུབ་པ་དེ་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བའི་མཚན་ཉིད་མ་ཡིན་པར་ཐལ། དེ་ཐུན་མོང་མ་ཡིན་པར་འཇོག་པར་མི་ནུས་པའི་ཕྱིར་རོ། །མ་གྲུབ་སྟེ་མེད་པའམ་ནི་སྟེ། དེ་ལྟར་སྒྲུབ་པའི་མཐུན་པའི་དཔེ་ཡང་དག་མེད་པ་དང་ཁྱབ་པ་མ་གྲུབ་པ་ཡིན་ན་དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིག་ལྟར་སྣང་ཡིན་པས་ཁྱབ་པའི་ཕྱིར་ཞེ་ན། གཞལ་བྱ་ཆོས་ཅན། ཁྱོད་སྒྲ་རྟག་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་ཡིན་པར་ཐལ། ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་མཐུན་དཔེ་ཡང་དག་མེད་པ་དང་། དེ་ལྟར་སྒྲུབ་པའི་ཁྱབ་པ་མ་གྲུབ་པའི་ཕྱིར། གལ་ཏེ་མཐུན་ཕྱོགས་ལ་གཏན་མེད་པའི་ཕྱིར། མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ་ཞེ་ན། ཁྱོད་ཀྱིས་བཤད་པའི་རྟགས་དེ་ཆོས་ཅན། དེ་སྒྲུབ་ཀྱི་འགལ་བའི་གཏན་ཚིགས་སུ་འགྱུར་བར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་གཏན་མེད་པའི་ཕྱིར། གསུམ་ཆར་རོ། །ཡང་ན། བྱས་པ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་གཏན་མེད་ཡིན་པའི་ཕྱིར། ཁྱབ་རྟགས་ཁས་བླངས་སོ། །འདོད་ན། མི་འཐད་པར་ཐལ། དེ་སྒྲུབ་ཀྱི་གཏན་ཚིགས་འགལ་བར་འགྱུར་བའི་ཕྱིར། གསུམ་ཆར་རོ། །ཡང་རྭ་ཅན་ཆོས་ཅན། ཁྱོད་རང་ཕྱོགས་ཆོས་སོང་བའི་གཞིར་རྟ་དཔོག་པའི་ཐེ་ཚོམ་ཅན་གྱི་གཏན་ཚིགས་མ་ཡིན་པར་ཐལ། དེ་རྟ་ལས་བཟློག་པ་རྟ་མ་ཡིན་པ་སྒྲུབ་པའི་ཚུལ་གསུམ་ཡིན་པའི་ཕྱིར། ཡང་རྭ་ཅན་གྱི་གོང་བུ་འདི་ནི་ཆོས་ཅན། བ་གླང་ཡི་ཏེ། རྭ་ཅན་ཡིན་པའི་ཕྱིར། ཞེས་པ་འདི་ནི་ཆོས་ཅན། གཏན་ཚིགས་ལྟར་སྣང་བ་མ་ཚང་བ་བརྗོད་པ་ཡིན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པ་ཡིན་པས་དེ་ལྟར་བཤད་པའི་ཕྱིར། དེས་ན་བྱེ་བྲག་པའི་གཏན་ཚིགས་ལྟར་སྣང་བའི་གྲངས་ངེས་དེ་ནི་ཤིན་ཏུ་མི་འཐད་དེ། དེ་ནི་མ་ཚང་བ་དང་བཅས་པའི་ཉེས་པ་དང་བཅས་པའི་ཁོ་ན་ཡིན་པའི་ཕྱིར། གནས་གསུམ་གཞལ་བྱའི་གནས་ལུགས་དོན། །རང་གིས་ལེགས་པར་རྟོགས་པའི་ཚུལ། །གཞན་ལ་སྟོན་པ་སྒྲུབ་པའི་ངག །གཞན་དོན་རྗེས་དཔག་ལེགས་པར་བཤད། །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །གཉིས་པ་ལེའུ་མཚན་བསྟན་པ་ནི། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་བརྟག་པའི་ལེའུའི་རྒྱན་སྟེ་གསུམ་པའོ།།༄༅།།གཉིས་པ་དཔེ་དང་དཔེ་ལྟར་སྣང་བཤད་པ་ལ་གཉིས་ཏེ། ལེའུའི་གཞུང་བཤད་པ་དང་། ལེའུའི་མཚན་བསྟན་པའོ། །དང་པོ་ལ་གཉིས་ཏེ། རང་གི་ལུགས་བཞག་པ་དང་། གཞན་གྱི་ལུགས་དགག་པའོ། །དང་པོ་ལ་གཉིས་ཏེ། དཔེ་ཡང་དག་དང་། དཔེ་ལྟར་སྣང་བཤད་པའོ། །དང་པོ་ལ་གསུམ་སྟེ། དངོས་དང་། གཞན་དོན་རྗེས་དཔག་གི་བརྗོད་བྱའི་ཁྱད་པར་དང་། དཔེ་སྒྲུབ་བྱེད་རང་རྒྱུད་པ་ཡིན་པ་དགག་པའོ། །དང་པོ་ལ་གསུམ་སྟེ། ཁྱབ་པ་དཔེས་སྟོན་པ་དང་། དཔེ་གང་གིས་ཁྱབ་པ་གང་སྟོན་པ་དང་། སྦྱོར་བའི་དབྱེ་བ་དཔེར་བརྗོད་པའོ། །དང་པོ་ནི། རྟོག་གེ་བའི་བསྟན་བཅོས་གཞན་འགའ་ཞིག་ལས་ཕྱོགས་ཆོས་ཙམ་སྟོན་པའི་ངག་དེ་དེ་སྒྲུབ་ཀྱི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་ཏུ་འདོད་པ་དགག་པའི་ཆེད་དུ་ཁྱབ་པ་དཔེས་ངེས་པར་སྟོན་དགོས་པའི་ཚུལ་བརྗོད་པར་བྱའོ། །རྟགས་ཡང་དག་ཡིན་ན་ཚུལ་གསུམ་ཡིན་དགོས་ཞེས་བརྗོད་པ་ལས་ཕྱོགས་ཆོས་བརྗོད་པ་ཙམ་གྱིས་ཆོས་མཐུན་སྦྱོར་གྱི་ངག་ཡང་དག་གི་མཚན་ཉིད་བརྗོད་པ་མ་ཡིན་པར་ཐལ། ཆོས་མཐུན་སྦྱོར་རམ། མི་མཐུན་སྦྱོར་གྱི་ངག་ཡིན་ན། ཕྱོགས་ཀྱི་ཆོས་སུ་ལེགས་པར་གནས་པའི་ལྷག་མ་ཁྱབ་པའི་ཚུལ་གཉིས་སུ་གྲགས་པ་མཐུན་དཔེ་འམ། མི་མཐུན་དཔེ་ཡིས་ངེས་པར་རབ་ཏུ་སྟོན་པར་བྱེད་དགོས་པའི་ཕྱིར་རོ། །འདི་རྣམས་ཀྱང་ཆོས་མཐུན་སྦྱོར་གྱི་ངག་གི་དབང་དུ་བྱས་པ་ཡིན་གྱི་སྒྲུབ་ངག་ཙམ་གྱི་དབང་དུ་བྱེད་པ་ནི་མ་ཡིན་ནོ། །གཉིས་པ་ནི། ཤེས་འདོད་ཆོས་ཅན་དང་གང་ཆོས་མཐུན་པ་དང་ཅིག་ཤོས་ཆོས་མི་མཐུན་པ་དང་བཅས་པ་ཉིད་རང་གི་དཔེ་གཉིས་ལ་རབ་ཏུ་བསྟན་པར་བྱ་སྟེ། ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྟགས་བསྒྲུབ་བྱའི་ཆོས་ཀྱི་རྗེས་སུ་འགྲོ་བའི་ཁྱབ་པ་མཐུན་དཔེ་ཡང་དག་གིས་དངོས་སུ་སྟོན་ཅིང་ལྡོག་ཁྱབ་ཤུགས་ལ་སྟོན་ལ། བསྒྲུབ་བྱའི་ཆོས་མེད་ན་རྟགས་མེད་པ་ཉིད་ཀྱི་ལྡོག་ཁྱབ་མི་མཐུན་དཔེ་ཡང་དག་གིས་དངོས་སུ་སྟོན་ཅིང་རྗེས་འགྲོ་ཤུགས་ལ་སྟོན་པའི་ཕྱིར། འདིའི་དོན་ཡང་། ལྡོག་ཁྱབ་དང་འཚོགས་པའི་རྗེས་འགྲོའི་ཁྱབ་པ་ཡིན་ན་རང་གི་མཐུན་དཔེ་ཡང་དག་གི་སྟེང་དུ་གྲུབ་པས་ཁྱབ་པར་སྟོན་པ་ཡིན་གྱི་རྗེས་འགྲོ་ཙམ་ཡིན་ན་དེས་ཁྱབ་པར་སྟོན་པ་ནི་མ་ཡིན་ནོ། །མི་མཐུན་ཕྱོགས་ཡོད་པ་ཡང་ཡིན་ལྡོག་ཁྱབ་ཀྱང་ཡིན་པའི་གཞི་མཐུན་ཡིན་ན་མི་མཐུན་དཔེ་ཡོད་པས་ཁྱབ་པར་སྟོན་པ་ཡིན་གྱི་ལྡོག་ཁྱབ་ཡིན་ན་མི་མཐུན་དཔེ་ཡོད་དགོས་པར་སྟོན་པ་ནི་མ་ཡིན་ནོ། །དཔེ་གཉིས་ཀྱིས་ཁྱབ་པ་གཉིས་སྟོན་ཚུལ་ཇི་ལྟར་ཡིན་ཞེ་ན། དཔེ་གཉིས་ཀྱིས་ཁྱབ་པ་གཉིས་དངོས་སུ་སྟོན་པའི་ཚུལ་མི་འདྲ་བར་གནས་ཏེ། མཐུན་དཔེར་བཀོད་པའི་བུམ་པས་བྱས་ན་མི་རྟག་པས་ཁྱབ་པ་མ་ཡིན་དགག་གི་དགག་པའི་ཚུལ་གྱིས་དངོས་སུ་སྟོན་ལ། དེ་བཞིན་དུ་འདུས་མ་བྱས་ཀྱི་ནམ་མཁས་མཚན་ཉིད་མེད་པ་ཡང་སྟེ། མི་རྟག་པ་མ་ཡིན་ན་བྱས་པ་མ་ཡིན་པས་ཁྱབ་པ་མེད་པར་དགག་པའི་ཚུལ་གྱིས་དངོས་སུ་སྟོན་པའི་ཕྱིར། འདི་ལྟར་བཤད་ན་རྣམ་འགྲེལ་ལས། འདི་ནི་དངོས་ལ་དངོས་པོའི་ཆ། །ཁས་བླངས་མེད་པར་དགག་པ་ཉིད། །སྒྲུབ་བྱེད་སྔ་མ་དག་གིས་ནི། །མ་ཡིན་སྒྲུབ་པར་བྱེད་ཕྱིར་རོ། །ཞེས་གསུངས་པ་དང་ཡང་མཐུན་ལ། རྗེ་བཙུན་ཆ་པ་ལ་སོགས་པ་མཁས་པའི་སྐྱེ་བོ་རྣམས་ཀྱིས་ཀྱང་། མ་ཡིན་དགག་གི་དགག་པ་ཡིན་ན་སྒྲུབ་པ་ཡིན་པས་ཁྱབ་ཅེས་གསུངས་པ་དང་ཡང་མཐུན་པ་ཡིན་ནོ། །ཁ་ཅིག་གཞུང་འདི་དང་རྣམ་པར་འགྲེལ་པའི་གཞུང་གི་དོན་དུ་བསམ་ནས་ཆོས་སྔར་མཐུན་དཔེ་བུམ་པས་བྱས་པ་མ་ཡིན་པ་ལས་ལོག་པ་ལ་མི་རྟག་པ་མ་ཡིན་པ་ལས་ལོག་པས་ཁྱབ་མ་ཡིན་དགག་གི་དགག་པའི་ཚུལ་གྱིས་དངོས་སུ་སྟོན་ལ། འདུས་མ་བྱས་ཀྱི་ནམ་མཁས་མཚན་ཉིད་མེད་པ་ཡང་སྟེ་མི་རྟག་པ་མེད་པ་ལ་བྱས་པ་མེད་པ་མེད་པར་དགག་པའི་ཚུལ་གྱིས་དངོས་སུ་སྟོན་པའི་ཕྱིར་དང་། བྱས་པས་སྒྲའི་སྟེང་དུ་མི་རྟག་པ་དངོས་སུ་སྒྲུབ་པའི་ཆ་སྒྲུབ་ཀྱང་ཤུགས་ལ་མི་རྟག་པ་མ་ཡིན་པ་ལས་ལོག་པ་མ་ཡིན་པར་དགག་པའི་ཆ་ཡང་སྒྲུབ་པའི་ཕྱིར་རོ། །དེས་ན་དགག་བྱ་ཚིག་གིས་ཟིན་པར་དངོས་སུ་བཅད་ནས་ཆོས་གཞན་འཕངས་པ་མེད་པ་དེ་མེད་པར་དགག་པའི་མཚན་ཉིད་ཡིན་ཅིང་། དགག་བྱ་ཚིག་གིས་ཟིན་པར་དངོས་སུ་བཅད་ནས་ཆོས་གཞན་འཕངས་པ་དེ་མ་ཡིན་པར་དགག་པའི་མཚན་ཉིད་དེ། དེ་ཡང་ཆོས་གཞན་དངོས་སུ་འཕེན་པ་དང་། ཤུགས་ལ་འཕེན་པ་དང་། དངོས་ཤུགས་གཉིས་ཀ་ལ་འཕེན་པ་དང་། སྐབས་སྟོབས་ཀྱིས་འཕེན་པ་སྟེ་བཞིའོ་ཞེས་ཟེར་རོ། །བདག་ཉིད་ཆེན་པོ་ལོ་ཙྪ་བས་ཀྱང་འདི་དང་ཆ་མཐུན་དུ་གསུངས་ལ། ས་སྐྱ་པཎ་ཆེན་གྱིས་ཀྱང་ཕལ་ཆེར་འདི་དང་ཆ་མཐུན་ནོ་ཞེས་ཁོ་བོས་ཚད་མ་རིགས་པའི་གཏེར་གྱི་རྒྱན་དུ་བཤད་མོད་གཞུང་གི་འཕྲོས་དོན་དང་འགྲིག་པར་མ་མཐོང་ལ། ལེགས་མི་ལེགས་ཀྱི་དགག་སྒྲུབ་ནི་འོག་གཞན་སེལ་བ་འཆད་པའི་སྐབས་སུ་བྱེད་དོ། གསུམ་པ་སྦྱོར་བའི་དབྱེ་བ་དཔེར་བརྗོད་པ་ལ་གཉིས་ཏེ། སྒྲུབ་ངག་གིས་རྟགས་ཆོས་ཕན་ཚུན་དུ་ཁྱབ་པ་ངེས་པར་བསྟན་བྱ་མ་ཡིན་པ་དང་། དེ་ལྟར་བསྟན་དགོས་པར་འདོད་པ་ལ་གནོད་བྱེད་བརྗོད་པའོ། །དང་པོ་ནི། གལ་ཏེ་སྒྲུབ་ངག་གིས་མི་རྟག་པས་བྱས་པ་ལ་ཁྱབ་པ་སྟོན་པ་དེ་ལྟར་བྱས་པས་ཀྱང་མི་རྟག་པ་ལ་ཁྱབ་པ་དང་། མ་བྱས་པས་རྟག་པ་ལ་ཁྱབ་པ་སྟོན་པ་དང་། ཚུལ་དེས་མཚོན་ནས་རྟགས་ཡང་དག་ཐམས་ཅད་ལ་རྟགས་ཀྱི་གཞི་ལྡོག་དེས་བསྒྲུབ་བྱའི་ཆོས་ཀྱི་གཞི་ལྡོག་ལ་ཁྱབ་པར་སྟོན་དགོས་ཏེ། འབྲེལ་པའི་གཞི་ནི་གཉིས་ལ་གནས་པའི་ཕྱིར་ཞེས་སྨྲ་ན། རྟགས་ཡང་དག་གི་རྟགས་དང་ཆོས་གཉིས་ཕན་ཚུན་རྩོད་གཞིའི་སྟེང་དུ་གོ་བྱེད་དུ་མཚུངས་ཤིང་རྗེས་སུ་འགྲོ་བས་མ་ཁྱབ་པར་ཐལ། དེ་ལྟར་ན་རྟག་པ་རང་ཕྱོགས་ཆོས་སུ་སོང་བའི་གཞིར་མ་བྱས་པའི་གོ་བྱེད་ཡིན་པ་བཞིན་དུ་མ་བྱས་པ་ལས་གཞི་འགར་སྒྲུབ་པའི་འདོད་པ་ཡོད་པ་མིན་པའི་རྟག་པའི་གོ་བྱེད་དུ་རྗེས་སུ་བརྗོད་དགོས་ན་དེ་མི་འཐད་པའི་ཕྱིར་ཞེས་པའམ། ཡང་དེ་ལྟར་ཡིན་ན་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་གོ་བྱེད་ཡིན་པ་བཞིན་དུ་འཇིག་པའི་རྟགས་ལས་འདིར་འབྲས་ཉིད་དུ་སྟེ་སྒྲ་བྱས་པར་སྒྲུབ་པའི་ཚུལ་འདི་ནི་རྗེས་སུ་བརྗོད་བྱས་ན་སྟེ་བརྗོད་དགོས་པ་ལས་དེ་མི་འཐད་པའི་ཕྱིར། །དེ་ལྟར་ཡིན་ན་རྩོལ་བ་ལས་བྱུང་བ་དུང་གི་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་པ་བཞིན་དུ་མི་རྟག་པ་དུང་གི་སྒྲ་རྩོལ་བ་ལས་བྱུང་བར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་དགོས་པ་ལས་དེ་མི་འཐད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་འཐད་ན། མི་རྟག་པ་ཡིན་ན་རྩོལ་བ་ལས་བྱུང་བས་ཁྱབ་པར་འགྱུར་ཏེ། འགོད་ཚུལ་ཡིན་འགོད་ཡིན་པ་གང་ཞིག་མི་རྟག་པ་དེ་དུང་གི་སྒྲ་རྩོལ་བ་ལས་བྱུང་བར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར། འདོད་ན། གློག་ལ་སོགས་པ་ཆོས་ཅན། རྩོལ་བ་ལས་བྱུང་བར་ཐལ། མི་རྟག་པ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པར་ཐལ། ཡོད་པ་གང་ཞིག་མི་རྟག་པ་མ་ཡིན་པའི་ཕྱིར། དེས་ན། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་ཞེས་རྟགས་ཆོས་མ་ཡིན་པར་དགག་པའི་ཚུལ་གྱིས་བསྟན་པར་བྱ་ལ། ཡང་གང་མི་རྟག་པ་མ་ཡིན་ན་བྱས་པ་མ་ཡིན་པས་ཁྱབ། དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་བཞིན། སྒྲ་ནི་བྱས་ཞེས་མི་རྟག་པ་མ་ཡིན་པ་ལ་བྱས་པ་མ་ཡིན་པས་ཁྱབ་པ་མེད་པར་དགག་པའི་ཚུལ་གྱིས་བསྟན་པར་བྱ་བ་ཡིན་གྱི་དེ་ལྟར་མིན་ན་ཉེས་པ་དུ་མའི་གནས་སུ་འགྱུར་རོ། །ཁ་ཅིག་འགྲེལ་པའི་ཚིག་སོར་བཞག་ཏུ་བྱས་ནས། མི་རྟག་པ་མེད་པ་ལ་བྱས་པ་མེད་པས་ཁྱབ། དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་བཞིན། །སྒྲ་ནི་བྱས་ཞེས་རྟགས་ལ་ཆོས་ཀྱིས་ཁྱབ་པ་མེད་པར་དགག་པའི་ཚུལ་གྱིས་བསྟན་པར་བྱའོ། །ཞེས་ཟེར་བ་ནི་ཤིན་ཏུ་མི་འཐད་དེ། མི་རྟག་པ་མེད་པ་རྟགས་ཡང་དག་ཏུ་མི་འཐད་པའི་ཕྱིར་དང་། བྱས་པ་མེད་པ་རྟགས་ཡང་དག་གི་བསྒྲུབ་བྱའི་ཆོས་སུ་མི་འཐད་པའི་ཕྱིར། །མ་གྲུབ་ན། དེར་ཐལ། དེ་ཡིན་པ་མེད་པའི་ཕྱིར། མ་གྲུབ་ན་གང་ཡིན་སྟོན་ཅིག སྔར་ནས་འདུས་མ་བྱས་ཀྱི་ནམ་མཁའ་དེ་མི་རྟག་པ་མེད་པ་ཡིན་པར་ཁས་བླངས་ཚར་རོ་ཞེ་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། གཞི་གྲུབ་ན་མི་རྟག་པ་མེད་པས་ཁྱབ་པར་ཐལ། མི་རྟག་པ་མེད་པ་ཡིན་པའི་ཕྱིར། ཁྱབ་ནི་རྩ་བའི་གྲུབ་མཐར་ཁས་བླངས་སོ། །མཁས་མཆོག་གཙང་ནག་པ་ལ་སོགས་པ་དག་སྐབས་འགའ་ཞིག་ཏུ་མི་རྟག་པ་ཡང་སྒྲ་བྱས་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་འགྱུར་རོ་ཞེས་གསུངས་པ་ནི་གཞུང་འདི་དང་། འོག་རྗེས་འགྲོ་ཕྱིན་ཅི་ལོག་ཏུ་སྟོན་པའི་གཞུང་གིས་བཀག་པ་ཡིན་ནོ། །འོན་ཀྱང་དཔྱད་པའི་གཞི་སྣང་བས་མཁས་མཆོག་ལ་སྡང་ཞུགས་ཀྱིས་མ་སྨོད་ཅིག གཉིས་པ་ནི། གལ་ཏེ་ཁྱབ་པའི་ཚུལ་དེ་ལྟར་མི་སྟོན་པར་རེ་རེས་བརྗོད་པ་སྟེ། དཔེ་དང་རྩོད་གཞི་ཆོས་མཐུན་པ་ཙམ་རྟགས་ཡང་དག་མཚན་ཉིད་དུ་བརྗོད་ན། ཐུན་མོང་དང་ནི་སྟེ་གཞལ་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། དེ་སྒྲུབ་ཀྱི་དཔེ་དང་རྩོད་གཞི་ཆོས་མཐུན་པ་ཡིན་པའི་ཕྱིར། གལ་ཏེ་ཕྱོགས་ཆོས་གང་ཞིག་རང་ཕྱོགས་ཆོས་ཅན་དུ་སོང་བའི་ཕྱིར་རྒོལ་གྱི་ཚད་མས་དཔེ་དང་རྩོད་གཞི་ཆོས་མཐུན་མ་མཐོང་བ་རྟགས་ཡང་དག་གི་མཚན་ཉིད་དུ་བརྗོད་པས་སྐྱོན་མེད་དོ་ཞེ་ན། ཁྱད་པར་ཉིད་དེ་མཉན་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག་རང་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་ཕྱིར་རྒོལ་གྱི་ཚད་མས་དེ་སྒྲུབ་བྱེད་ཀྱི་དཔེ་དང་རྩོད་གཞི་ཆོས་མཐུན་མ་མཐོང་བ་ཡིན་པའི་ཕྱིར། གལ་ཏེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་སྒྲུབ་ཚུལ་དང་མཐུན་པར་ཡོད་པ་དང་། མི་མཐུན་ཕྱོགས་ལ་དེ་ལྟར་མེད་པ་གཉིས་ཀ་མ་བརྗོད་པར། ཕྱོགས་ཆོས་གང་ཞིག་མ་ངེས་པའི་རྟགས་མ་ཡིན་པ་རྟགས་ཡང་དག་གི་མཚན་ཉིད་དུ་བརྗོད་ན་ནི། འགལ་བའང་སྟེ་བྱས་པ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་སྒྲུབ་བྱེད་ཡང་དག་ཉིད་དུ་འགྱུར་བར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག་དེ་སྒྲུབ་ཀྱི་མ་ངེས་པའི་རྟགས་མ་ཡིན་པའི་ཕྱིར། དེས་ན། ཁྱབ་པ་གཉིས་ཀ་སྟོན་པའི་དཔེར་བརྗོད་པ་གཉིས་སུ་ཤེས་པར་བྱའོ། །ཞེས་སྦྱོར་རོ། །གལ་ཏེ་ཁྱབ་པ་གཉིས་ཀ་སྟོན་པ་མི་འཐད་དེ། རྣམ་འགྲེལ་ངེས་སུ་སྒྲུབ་ངག་གིས་ཁྱབ་པ་གཉིས་ལས་གང་རུང་གཅིག་བརྗོད་པས་ཆོག་པར་བཤད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། འདིར་གཉིས་ཀ་བརྗོད་དགོས་པར་བཤད་པ་ནི་ཁྱབ་འབྲེལ་མི་ཤེས་ཤིང་བརྗེད་པའི་གང་ཟག་སོ་སོའི་དབང་དུ་བྱས་པ་ཡིན་ལ། རྣམ་འགྲེལ་ངེས་སུ་གཉིས་ཀ་དངོས་སུ་བརྗོད་མི་དགོས་པར་བཤད་པ་ནི་ཁྱབ་འབྲེལ་ཤེས་ལ་མ་བརྗེད་པར་ཡོད་པའི་གང་ཟག་གཅིག་གི་དབང་དུ་བྱས་པའི་ཕྱིར་རོ། །འགྲེལ་པར་ཡང་རྣམ་འགྲེལ་ངེས་དང་མཐུན་པར་བཤད་དོ། །གཉིས་པ་གཞན་དོན་རྗེས་དཔག་གི་བརྗོད་བྱའི་ཁྱད་པར་བཤད་པ་ལ་གཉིས་ཏེ་སྤྱི་དོན་དང་། གཞུང་གི་དོན་ནོ། །དང་པོ་ནི། ཁ་ཅིག་ན་རེ། གཞུང་རྩ་བ་འདི་དང་འགྲེལ་པར་འདི་ལྟར་ཕྱོགས་ཀྱི་ཆོས་ཉིད་བསྟན་པའི་དོན་དུ་གཏན་ཚིགས་ཀྱི་ཚིག་ཡིན་ནོ། །དེ་རྗེས་སུ་དཔག་པར་བྱ་བ་དང་། མེད་ན་མི་འབྱུང་བ་ཉིད་དུ་བསྟན་པའི་དོན་དུ་དཔེའི་ཚིག་ཡིན་ནོ། །རྗེས་སུ་དཔག་པར་བྱ་བ་བསྟན་པའི་དོན་དུ་ཕྱོགས་ཀྱི་ཚིག་བརྗོད་དོ། །འདི་རྗེས་སུ་དཔོག་པར་བྱེད་པའི་ཡན་ལག་གཞན་ནི་ཡོད་པ་མ་ཡིན་ནོ། །དེས་ན་གཞན་གྱི་ཤེས་པར་འདོད་པ་ལ་སོགས་པའི་ཡན་ལག་ཉེ་བར་སྦྱོར་བ་དང་མཇུག་བསྡུ་བ་དག་ནི་འདིར་བསལ་བ་ཡིན་ནོ་ཞེས་འབྱུང་བ་ལ་བརྟེན་ནས་སློབ་དཔོན་ཕྱོགས་ཀྱི་གླང་པོས་སྒྲུབ་ངག་གི་ཡན་ལག་ལྔའི་ནང་ནས་ཕྱོགས་ཆོས་དང་། ཁྱབ་པ་དང་། བསྒྲུབ་བྱ་དང་གསུམ་བརྗོད་པའི་ཚིག་སྒྲུབ་ངག་ཏུ་བཞེད་ལ། ཉེར་སྦྱོར་དང་། མཇུག་བསྡུ་བ་གཉིས་ནི་སྒྲུབ་པའི་ངག་ཡིན་པ་མི་བཞེད་པས། དབང་ཕྱུག་སྡེ་དང་ཡང་མི་མཐུན་ལ། ཆོས་ཀྱི་གྲགས་པ་དང་མི་མཐུན་པ་ཡིན་ནོ། །ཞེས་པའི་རྣམ་པར་རྟོག་པ་དུ་མ་ཞིག་སྨྲ་ཞིང་འགྲེལ་པ་འདི་སློབ་དཔོན་འདིས་མཛད་པ་ཡིན་ནོ་ཞེས་སྨྲའོ། །ཤིན་ཏུ་མི་འཐད་དེ། དཔལ་ལྡན་ཕྱོགས་ཀྱི་གླང་པོ་དང་སྨྲ་བའི་དབང་པོ་ཆོས་ཀྱི་གྲགས་པ་གཉིས་དང་དབང་ཕྱུག་སྡེ་དགོངས་པ་མི་མཐུན་པར་ཀུན་ལ་གྲགས་ཀྱང་མཁས་མཆོག་དམ་པ་གཉིས་ནི་དགོངས་པ་མཐུན་པའི་ཕྱིར་དང་། དེ་ལ་དཔག་བྱར་བསྟན་པ་ནི། །ཞེས་སོགས་ཀྱི་སྐབས་སུ་བཀག་ཟིན་པའི་ཕྱིར་དང་། དེའི་འགྲེལ་པར་ཕྱོགས་ཚིག་སྒྲུབ་པའི་ངག་གི་ཡན་ལག་ཡིན་པ་བཀག་པས་འཁོར་གསུམ་དངོས་འགལ་དུ་ཁས་བླངས་པའི་ཕྱིར་དང་། འགྲེལ་པ་འདི་རང་འགྲེལ་ཡིན་ན་ཁྱོད་རང་ཉིད་ལ་གནོད་བྱེད་དུ་འགྱུར་བར་ཁས་བླངས་དགོས་པའི་ཕྱིར་དང་། འགྲེལ་པ་འདི་ལ་ནང་འགལ་ཡོད་པས་རང་འགྲེལ་དུ་ཆེས་མི་འཐད་པའི་ཕྱིར་དང་། མཁས་མཆོག་དག་གིས་མཛད་པའི་སྡེ་བདུན་དང་མདོ་དང་བཅས་པའི་ཚད་མའི་བསྟན་བཅོས་རྣམས་སུ་བསྒྲུབ་བྱ་བརྗོད་པའི་ཚིག་སྒྲུབ་ངག་གི་ཡན་ལག་ཡིན་པ་ལ་སྒྲུབ་བྱེད་བཀོད་པ་གཏན་ནས་མེད་ཅིང་གནོད་བྱེད་ནི་དངོས་སུ་ཚིག་ཟིན་ལ་བརྗོད་པར་སྣང་བའི་ཕྱིར་རོ། འོ་ན་གཞུང་འདིར་བསྒྲུབ་བྱ་བརྗོད་པ་སྒྲུབ་ངག་གི་ཡན་ལག་ཡིན་པར་བཤད་པ་དང་། དེ་ལ་དཔག་བྱར་བསྟན་པ་ནི། ཞེས་སོགས་ཀྱི་སྐབས་སུ་བསྒྲུབ་བྱ་བརྗོད་པའི་ཚིག་སྒྲུབ་ངག་གི་ཡན་ལག་མ་ཡིན་པར་བཤད་པ་གཉིས་འགལ་བ་ཁོ་ནར་འགྱུར་ན་དེ་ནི་མཁས་མཆོག་གི་དགོངས་པར་ཇི་ལྟར་འཐད་ཅེ་ན། དེ་ལྟར་ན། ཚུལ་རེ་རེ་དང་གཉིས་གཉིས་པ། །ཞེས་པའི་སྐབས་སུ་རྗེས་སུ་འགྲོ་ལྡོག་གཉིས་འཁྲུལ་པར་བཤད་པ་དང་བསྒྲུབ་བྱའི་རྗེས་སུ་འགྲོ་བའི་རྟགས། ཞེས་པའི་སྐབས་སུ་རྗེས་སུ་འགྲོ་ལྡོག་གཉིས་མི་འཁྲུལ་བར་བཤད་པ་གཉིས་འགལ་བ་ཁོ་ནར་འགྱུར་ན་དེ་ནི་མཁས་མཆོག་གི་དགོངས་པར་ཇི་ལྟར་འཐད་ཅེས་བརྗོད་ན་ལན་ཅི་ཡོད། དེའི་སྐྱོན་མེད་དེ། རྗེས་སུ་འགྲོ་ལྡོག་གཉིས་འཁྲུལ་པར་བཤད་པ་ནི་རིགས་པ་ཅན་པ་ལ་སོགས་པའི་འདོད་པ་དང་བསྟུན་ནས་བཞག་པ་ཡིན་གྱི་དངོས་སྟོབས་ལས་བཞག་པ་མ་ཡིན་པའི་ཕྱིར་དང་། དེ་གཉིས་མི་འཁྲུལ་བར་བཤད་པ་ནི་དངོས་པོའི་སྟོབས་ལས་བཤད་པ་ཡིན་པའི་ཕྱིར་ཞེ་ན། འོ་ན་ཁྱོད་ཀྱིས་བཤད་པའི་སྐྱོན་མེད་པར་ཐལ། ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཡིན་པར་བཤད་པ་ནི། ཕྱོགས་དང་སྒྲུབ་བྱེད་གཅིག་ཏུ་འདོད་པའི་གང་ཟག་གི་འདོད་པ་དང་བསྟུན་ནས་བཞག་པ་ཡིན་གྱི་དངོས་པའི་སྟོབས་ལས་བཞག་པ་མ་ཡིན་པའི་ཕྱིར་དང་། དེ་མ་ཡིན་པར་བཤད་པ་ནི་དངོས་པོའི་སྟོབས་ལས་བཤད་པ་ཡིན་པའི་ཕྱིར་ཞེས་བརྗོད་ན་བསྐལ་པའི་བར་དུ་མཚུངས་པར་མཐོང་ངོ་། །ཡང་ན་བསྒྲུབ་བྱ་བརྗོད་པར་བཤད་པ་ནི་གལ་ཏེ་སྟོན་ན་ཡང་ཚུལ་གསུམ་དང་བསྒྲུབ་བྱ་སྟོན་པར་བྱའི་ཉེར་གཏོད་སོགས་སྒྲུབ་ངག་གིས་སྟོན་པར་མི་རིགས་ཞེས་བརྟག་པ་མཐའ་བཟུང་དུ་བྱེད་པའམ། ཡང་ན་བསྒྲུབ་བྱ་གོ་བར་བྱེད་པ་ལ་ཚུལ་གསུམ་དགོས་ཀྱི་གཞན་ཉེར་གཏོད་སོགས་བསྟན་མི་དགོས་པ་དང་། བསྒྲུབ་བྱ་ཤུགས་ལ་བསྟན་པའི་དོན་ཡིན་གྱི་དངོས་སུ་ནི་མ་ཡིན་ཏེ། གོང་དུ་བཀག་ཟིན་པའི་ཕྱིར་རོ། །ཡང་ན་བསྒྲུབ་བྱའི་ཆོས་བརྗོད་དགོས་པ་ལ་ཚིགས་སུ་བཅད་པ་སྦྱར་བདེ་བའི་ངོར་བསྒྲུབ་བྱ་བརྗོད་པ་ཞེས་བཤད་པའི་ཕྱིར་རམ། ཡང་ན་ཕྱིར་རྒོལ་གྱིས་བསྒྲུབ་བྱ་བརྗོད་པ་ལ་ཉེར་མཁོ་ཡོད་པས་བསྒྲུབ་བྱ་བརྗོད་པ་ཞེས་བཤད་ལ། ཉེར་གཏོད་སོགས་བརྗོད་པ་ལ་ཉེར་མཁོ་མེད་པས་གཞན་རྣམས་སྤངས་པར་བྱ་ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། སྒྲ་མི་རྟག་པར་སྒྲུབ་པའི་ཆོས་མཐུན་སྦྱོར་གྱི་སྒྲུབ་པའི་ངག་གིས་དེ་སྒྲུབ་ཀྱི་ཉེར་གཏོད་སོགས་ཚིག་ཟིན་དུ་དངོས་སུ་བརྗོད་པར་མི་རིགས་པར་ཐལ། རྒོལ་བ་རང་གིས་ཚུལ་གསུམ་པའི་རྟགས་ལས་ལྐོག་གྱུར་གྱི་དོན་རྟོགས་པ་བཞིན་དུ་ཕྱིར་རྒོལ་གཞན་ལ་ལྐོག་གྱུར་རྟོགས་པའི་ངེས་པ་བསྐྱེད་པར་འདོད་པ་ཡིས་ཕྱོགས་ཆོས་ཉིད་དང་འབྲེལ་པ་དང་། བསྒྲུབ་བྱ་བརྗོད་པ་ལས་ཉེར་གཏོད་སོགས་གཞན་རྣམས་དེ་སྒྲུབ་ཀྱི་སྒྲུབ་ངག་གིས་བརྗོད་པ་སྤང་བར་བྱ་བ་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། དཔེ་སྒྲུབ་བྱེད་ལ་སོགས་པ་མ་ཡིན་པའི་དོན་རྒྱས་པར་བཤད་པ་དང་། ཕྱོགས་ཆོས་ཙམ་གྱིས་གཏན་ཚིགས་ཡང་དག་མཚན་ཉིད་རྫོགས་པར་འདོད་པ་ལ་གནོད་བྱེད་བསྟན་པའོ། །དང་པོ་ལ་གསུམ་སྟེ། དཔེ་སྒྲུབ་བྱེད་ལ་སོགས་པ་མ་ཡིན་པའི་རྒྱུ་མཚན་དང་། ཁྱབ་པ་སྟོན་པ་ལས་དོན་གཞན་པའི་སྒྲུབ་བྱེད་ཡིན་ན་འཇིག་རྟེན་པའི་དཔེ་དང་མཚུངས་པས་རྟགས་ཆོས་དང་འབྲེལ་མེད་དུ་ཐལ་བ་དང་། དཔེ་ཉེར་འཇལ་ཙམ་དུ་འདོད་ན་གནོད་བྱེད་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཁྱབ་པ་བསྟན་པའི་ནང་དུ་འདུས་པས་སྒྲུབ་བྱེད་ལ་སོགས་པ་མ་ཡིན་པ་དང་། ཕྱོགས་ཆོས་སུ་གཏོགས་ན་དེ་ལས་ལོགས་སུ་འཐད་པའོ། །དང་པོ་ནི། ཁ་ཅིག་ན་རེ། ཉེར་འཇལ་བཞིན་དུ་དཔེའི་ཚིག་ཀྱང་ལོགས་སུ་བསྟན་པ་མི་འཐད་པར་འགྱུར་ཏེ། མཚུངས་པའི་ཕྱིར་ཞེ་ན། དཔེ་གཉིས་ནི་རྟགས་ཡང་དག་གི་མཚན་ཉིད་སྟོན་པ་ལས་ལོགས་པ་རུ་སྒྲུབ་བྱེད་ཡང་དག་ཏུ་བརྗོད་པར་བྱ་བ་མ་ཡིན་ཏེ། དཔེ་ཡང་དག་གིས་གཏན་ཚིགས་ཡང་དག་གི་མཚན་ཉིད་ཀྱི་ཕྱོགས་གཅིག་ཁྱབ་པའི་དོན་སྟོན་པའི་ཕྱིར། དཔེ་ཡང་དག་ཆོས་ཅན། ཉེར་འཇལ་བཞིན་དུ་སྒྲུབ་བྱེད་ཀྱི་ཡན་ལག་ཏུ་དོན་མེད་མིན་པར་ཐལ། ཁྱབ་པ་སྟོན་པ་ལ་ངེས་པར་དགོས་པའི་ཕྱིར། ཁྱབ་བསལ་ཁས་བླངས་སོ། །གཉིས་པ་ནི། གལ་ཏེ་ཕྱོགས་ཆོས་སུ་གཏོགས་པ་ཡིན་ན་དཔེ་ནི་དེ་ལས་སྒྲུབ་བྱེད་ཀྱི་ཡན་ལག་ལོགས་ཤིག་ཉིད་དུ་གྱིས་ཏེ་ལོགས་སུ་འཐད་པར་ཐལ། དཔེ་ནི་ཕྱོགས་སུ་གཏོགས་པའི་ཕྱིར། ཁྱབ་སྟེ། ཕྱོགས་ཆོས་ཡིན་ན་རྟགས་ཆོས་ཀྱི་འབྲེལ་པ་སྟོན་ཅིང་བསྒྲུབ་པའི་ཕྱིར་དུ། ཆོས་མཐུན་པ་དང་མི་མཐུན་པའི་དཔེར་བརྗོད་གཉིས་ལས་ལོགས་སུ་བཤད་དགོས་པའི་ཕྱིར་ནའོ། །གཉིས་པ་ནི། དཔེ་ནི་ཁྱབ་པར་སྟོན་པ་ལས་དོན་གཞན་པའི་སྒྲུབ་བྱེད་ལ་སོགས་པར་འདོད་པ་ཡིན་ན། དེ་ནི་མི་འཐད་པར་ཐལ། དེ་ལྟར་འཐད་ན་འཇིག་རྟེན་པ་དང་མཚུངས་པར་བུམ་པ་ཡང་བྱས་པ་དང་འབྲེལ་མེད་དུ་འགྱུར་དགོས་པ་ལས་དེར་མི་འགྱུར་བའི་ཕྱིར། སྔ་མ་མ་གྲུབ་ན། དེར་ཐལ། འཇིག་རྟེན་པ་དེ་དག་གིས་ནི་དཔེ་བརྗོད་ལ་སྒྲ་བུམ་པ་བཞིན་དུ་བྱས་པ་ཡིན་ནོ་ཞེས་དཔེ་དོན་ཆོས་མཐུན་པའི་འབའ་ཞིག་བརྗོད་པར་བྱེད་པ་ཙམ་ཡིན་གྱི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ཚུལ་མ་བསྟན་པའི་ཕྱིར་རོ། །གསུམ་པ་དཔེ་ཉེར་འཇལ་ཙམ་མཚན་ཉིད་དུ་འདོད་ན་གནོད་བྱེད་བསྟན་པ་ལ་གསུམ་སྟེ། དཔེས་ཁྱབ་པ་མི་སྟོན་ན་ཉེར་འཇལ་ཙམ་དུ་ཐལ་བ་དང་། ཉེར་འཇལ་གྱི་ཆོས་མི་མཐུན་པས་རྗེས་ཁྱབ་སྟོན་པ་མི་འཐད་པ་དང་། ཐུག་པ་མེད་པའི་ཉེས་པའོ། །དང་པོ་ནི། དཔེས་ཁྱབ་པ་མི་སྟོན་པ་དེ་ལྟར་ན། བུམ་པས་བྱས་ན་མི་རྟག་པས་ཁྱབ་པ་མི་སྟོན་པར་བྱས་མི་རྟག་ལྷན་ཅིག་ཏུ་ཡོད་པ་ཙམ་སྟོན་པའི་ཉེར་འཇལ་ཙམ་པོར་འགྱུར་ལ། བུམ་པ་དཔེར་བཀོད་ཀྱང་བསྒྲུབ་བྱ་སྒྲུབ་བྱེད་དེ་བྱས་མི་རྟག་གཉིས་ཀྱི་འབྲེལ་པ་སྟོན་པ་སྤངས་ནས་ཏེ་སྤངས་ཤིང་བུམ་པ་བཞིན་དུ་བྱས་པའི་ཕྱིར་མི་རྟག་གོ་ཞེས་པ་ཙམ་ཞིག་སྟོན་པའི་ཕྱིར། གསུམ་ཆར་རོ། །གཉིས་པ་ནི། ནམ་མཁའ་བཞིན་དུ་རྟག་པ་ནི་མ་བྱས་པའོ། །ཞེས་ཆོས་མི་མཐུན་སྦྱོར་དང་བཅས་པས་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིག་ཡང་དག་གི་དོན་དངོས་སུ་སྟོན་པར་བྱེད་དོ་ཞེ་ན། སྒྲ་མི་རྟག་པར་སྒྲུབ་པའི་ཉེར་འཇལ་གྱི་ཆོས་མི་མཐུན་པས་ཀྱང་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་གི་དོན་དངོས་སུ་སྟོན་ནུས་པ་མ་ཡིན་པར་ཐལ། དེ་ལ་ཡང་དེ་སྒྲུབ་ཀྱི་ཉེར་མཇལ་གྱི་ལྡོག་པ་རྟག་པ་ནམ་མཁའ་ལ་སོགས་སྒྲ་བྱས་པའི་མཐུན་དཔེར་རུང་བ་མ་ཡིན་པར་གོ་བའི་ཆེད་དུ་རྟག་པ་དང་མ་བྱས་པ་ལྷན་ཅིག་ཏུ་ཡོད་པ་ཙམ་གྱི་འབྲེལ་པ་སྟོན་ནུས་པའི་ཕྱིར། གསུམ་ཆར་རོ། །མ་གྲུབ་སྟེ། དེས་རྟགས་ཆོས་ཀྱི་དངོས་འབྲེལ་དངོས་སུ་སྟོན་པའི་ཕྱིར་ཞེ་ན། སྒྲ་མི་རྟག་པར་སྒྲུབ་པའི་ཉེར་འཇལ་གྱི་ཆོས་མི་མཐུན་པའི་སྦྱོར་བ་དེས་དེ་སྒྲུབ་ཀྱི་རྟགས་ཆོས་ཀྱི་དངོས་འབྲེལ་དངོས་སུ་སྟོན་པ་མ་ཡིན་པར་ཐལ། དེས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་རྟག་པ་དང་མ་བྱས་པ་སྟབས་གཅིག་ཏུ་ནམ་མཁའི་སྟེང་དུ་གནས་པ་ཙམ་སྟོན་པའི་ཕྱིར། གསུམ་ཆར་རོ། །གསུམ་པ་ནི། ཁྱོད་ཀྱི་འདོད་པ་ལྟར་ན་སྒྲ་མི་རྟག་པར་བསྒྲུབ་པའི་དཔེ་དེ་ཐུག་པ་མེད་པར་འགྱུར་བར་ཐལ། དེའི་ལྟར་ན་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་སྟོན་པ་དང་མི་སྟོན་པ་གཉིས་ཀ་ལྟར་གང་ཁས་བླངས་ཀྱང་དེ་སྒྲུབ་ཀྱི་དཔེ་དེ་ཐུག་པ་མེད་པར་འགྱུར་དགོས་པའི་ཕྱིར། །རྟགས་མ་གྲུབ་ན། རྟགས་ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་ན། ཁྱོད་ཀྱི་འདོད་པ་ལྟར་ན་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་སྟོན་པར་ཁས་བླངས་ཀྱང་དེ་སྒྲུབ་བྱེད་དཔེ་དེ་ཐུག་མེད་དུ་ཁས་བླངས་པར་ཐལ། དེ་སྒྲུབ་ཀྱི་ཉེར་འཇལ་གྱི་ཆོས་མཐུན་པ་ཙམ་སྟོན་པའམ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལས་ལྡོག་པ་སྒྲ་ནི་ནམ་མཁའ་བཞིན་དུ་རྟག་པ་མ་ཡིན་ནོ་ཞེས་རྣམ་པར་བརྗོད་པ་ན་བུམ་པ་བྱས་པའི་ཕྱིར་མི་རྟག་པ་བཞིན་དུ་སྒྲ་ཡང་ངོ་ཞེས་བསྒྲུབ་བྱ་སྒྲུབ་པའི་གཏན་ཚིགས་སམ་སྟེ་གཏན་ཚིགས་དང་བཅས་པ་དཔེར་སྟོན་པའམ་བུམ་པ་མི་རྟག་པ་བཞིན་དུ་སྒྲ་ཡང་མི་རྟག ནམ་མཁའ་བཞིན་རྟག་པ་མ་ཡིན་ནོ་ཞེས་དེའི་ཁྱད་པར་བསྒྲུབ་བྱ་དང་བཅས་ཏེ་དཔེར་སྟོན་པ་ཡིན་ཡང་རུང་དཔེར་དང་མཚུངས་པར་སྟོན་པའི་ཚུལ་དེ་ལྟར་འགྱུར་དགོས་པའི་ཕྱིར། གསུམ་ཆར་རོ། །ཡང་། ཚུལ་གསུམ་མི་སྟོན་པར་ཁས་བླངས་ཀྱང་དེ་ལྟར་ཁས་བླངས་དགོས་པར་ཐལ། ཚུལ་གསུམ་མི་སྟོན་པར་དཔེ་བུམ་པ་ཙམ་གྱིས་སྒྲ་མི་རྟག་པར་སྟོན་པར་བྱེད་པ་བཞིན་དུ་བུམ་པ་མི་རྟག་པར་ཡང་དཔེ་ཙམ་གྱིས་ཉེར་བར་འཇལ་བར་བྱེད་དགོས། དཔེ་དེ་ཡང་དཔེ་དོན་གཞན་གྱིས་མི་རྟག་པར་སྟོན་དགོས་པས་མཐའ་ཡས་པའི་ཕྱིར་རོ། །གསུམ་ཆར་རོ། །གཉིས་པ་ནི། གལ་ཏེ་དཔེ་ནི་གཏན་ཚིགས་ལས་ལོགས་ཤིག་ཏུ་སྒྲུབ་བྱེད་ཡང་དག་ཏུ་མི་འགྱུར་ཏེ། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཀྱི་ཆོས་ཉིད་ཙམ་གྱིས་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་གི་མཚན་ཉིད་རྫོགས་པ་ཡིན་པའི་ཕྱིར་ཞེ་ན། འཁྲུལ་པ་ཅན་ངག་སྨྲ་བ་ཆོས་ཅན། ངག་སྨྲའི་མི་ཆགས་ལྡན་དུ་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་འགྱུར་བར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པའི་ཕྱིར། སྐྱོན་མེད་དེ། སྒྲ་དང་མི་རྟག་པར་ཆོས་མཐུན་ཡོད་པ་ཙམ་གྱིས་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་གི་མཚན་ཉིད་རྫོགས་པའི་ཕྱིར་ཞེ་ན། གཞལ་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་པར་ཐལ། སྒྲ་དང་མི་རྟག་པར་ཆོས་མཐུན་ཙམ་ཡོད་པའི་ཕྱིར། གསུམ་ཆར་རོ། །དེའི་སྐྱོན་ཡང་མེད་དེ། རྩོད་གཞི་དང་ཆོས་མི་མཐུན་པ་ཙམ་གྱིས་དེ་སྒྲུབ་ཀྱི་གཏན་ཚིག་ཡང་དག་གི་མཚན་ཉིད་རྫོགས་ཡིན་པའི་ཕྱིར་ཞེ་ན། མཉན་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་གཏན་ཚིག་ཡང་དག་ཏུ་ཐལ། སྒྲ་དང་རྟག་པར་ཆོས་མི་མཐུན་པའི་ཕྱིར། གལ་ཏེ་དེ་གཉིས་གང་རུང་རེ་རེ་གཏན་ཚིགས་ཡང་དག་གི་མཚན་ཉིད་དུ་བརྗོད་ན་སྔར་བཤད་པའི་སྐྱོན་ཡོད་པ་བདེན་ཀྱང་། དཔེ་དང་རྩོད་གཞི་ཆོས་མཐུན་པ་དང་། ཆོས་མི་མཐུན་པའི་དཔེར་ཡོད་པ་གཉིས་ཀ་གཏན་ཚིགས་ཡང་དག་གི་མཚན་ཉིད་དུ་བརྗོད་པ་ལ་འཁྲུལ་པ་ཅན་མ་ངེས་པ་ལ་ཁྱབ་ཆེས་པར་མི་འགྱུར་རོ་ཞེས་ཟེར་ན། དེས་ཀྱང་གཏན་ཚིགས་ཡང་དག་གི་མཚན་ཉིད་རྫོགས་པ་མ་ཡིན་པར་ཐལ། མཚན་ཉིད་དེ་ནི་ཕྱོགས་ཆོས་ཅན་དགུའི་ནང་ནས་དང་པོ་གསུམ་གྱི་ཐ་མ་དང་། ཕྱི་མ་གསུམ་གྱི་ཐ་མ་དངོས་ཀྱི་མ་ངེས་པའི་གཏན་ཚིགས་གཉིས་ལ་འགོད་ཚུལ་དང་མཐུན་པར་སྲིད་དོ་སྟེ་སྲིད་པའི་ཕྱིར། ཇི་ལྟར་སྲིད་ན། དང་པོ་གསུམ་གྱི་ཐ་མ་ནི། དུང་གི་སྒྲ་ཆོས་ཅན། རྩོལ་བ་ལས་བྱུང་སྟེ། མི་རྟག་པའི་ཕྱིར་ཞེས་བཀོད་པ་ན། མི་རྟག་པ་ཆོས་ཅན། དུང་གི་སྒྲ་རྩོལ་བ་ལས་བྱུང་བར་བསྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་དཔེ་དང་རྩོད་གཞི་ཆོས་མཐུན་པ་དང་། ཆོས་མི་མཐུན་པའི་དཔེ་ཡོད་པ་ཡིན་པའི་ཕྱིར། ཁྱབ་བསལ་ཁས་བླངས་སོ། །རྟགས་མ་གྲུབ་ན་ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་ན་དེར་ཐལ། རྫ་བུམ་ལ་སོགས་པ་དུང་གི་སྒྲ་དང་རྩོལ་བྱུང་དུ་ཆོས་མཐུན་པ་དང་། ནམ་མཁའ་ལ་སོགས་པ་དུང་གི་སྒྲ་དང་རྩོལ་བྱུང་དུ་ཆོས་མི་མཐུན་པའི་དཔེ་ཡོད་པའི་ཕྱིར། གསུམ་ཆར་རོ། །ཕྱི་མ་གསུམ་གྱི་ཐ་མ་ནི། སྒྲ་ཆོས་ཅན། རྟག་སྟེ། རེག་བྱ་ཅན་མ་ཡིན་པའི་ཕྱིར། ཞེས་བཀོད་ན། དེ་ཆོས་ཅན། དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་ཐལ། ནམ་མཁའ་དང་ཆོས་མཐུན་པའི་དཔེ་དང་བུམ་སོགས་དང་ཆོས་མི་མཐུན་པའི་དཔེ་ཡོད་པའི་ཕྱིར། འགྲེལ་བཤད་མཁན་པོས་བཤད་པ་ཕྱི་མ་འདི་བཤད་པ་ཡིན་ནོ། །འདི་ནི་ཕྱོགས་སྔ་དང་འགྲིགས་པར་མ་མཐོང་སྟེ། ཕྱོགས་སྔ་མཁན་པོས་དཔེ་དང་རྩོད་གཞི་ཆོས་མཐུན་པ་དང་རྩོད་གཞི་དང་། མི་མཐུན་ཕྱོགས་ཆོས་མི་མཐུན་པ་གཏན་ཚིགས་ཡང་དག་གི་མཚན་ཉིད་དུ་ཁས་བླངས་པས་ནམ་མཁའ་དང་ཆོས་མཐུན་པའི་དཔེ་དང་། བུམ་པ་དང་ཆོས་མི་མཐུན་པའི་དཔེ་ཡོད་པའི་ཕྱིར་ཞེས་རྟགས་སུ་བརྗོད་པ་འབྲེལ་མེད་དུ་འགྱུར་བའི་ཕྱིར་རོ། །དེས་ན་སྒྲ་རྟག་པར་ཁས་ལེན་པའི་གང་ཟག་གི་འདོད་པ་དང་བསྟུན་ནས་ཁས་བླངས་ནང་འགལ་བརྗོད་པར་མཐོང་སྟེ། རེག་བྱ་ཅན་མ་ཡིན་པ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་པར་ཐལ། སྒྲ་དང་རྟག་པར་ཆོས་མཐུན་པའི་དཔེ་ནམ་མཁའ་དང་སྒྲ་དང་རྟག་པར་ཆོས་མི་མཐུན་པའི་དཔེ་བུམ་པ་སོགས་ཡོད་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །དེ་ལྟར་བཤད་པ་རྩ་བའི་དགོངས་པ་ཡིན་པར་ཐེ་ཚོམ་མི་ཟའོ། །དཔེ་བསྟན་ཏོ་ཞེས་པ་ནི་འགྲེལ་པའི་ཚིག་གོ །དེའི་དོན་བཤད་ན་ནི། དཔེར་བཟུང་བ་གང་ཞིག་སྒྲ་དང་བློ་དང་དོན་གྱི་སྐྱོན་གསུམ་གང་ཡིན་པ་སྔར་ལྟར་བྲལ་ཞིང་རྟགས་ཀྱི་ཁྱབ་པ་དངོས་སུ་ངེས་པའི་གཞིར་རྒོལ་བས་བཟུང་བ་དེ་དཔེ་ཡང་དག་གི་མཚན་ཉིད་དུ་བསྟན་ཏོ་ཞེས་སྦྱོར་རོ། །དཔེ་ཡང་དག་གང་ཞིག་དངོས་འབྲེལ་དངོས་སུ་ངེས་པའི་ལྟོས་གཞིར་གྱུར་པ་དེ་མཐུན་དཔེ་ཡང་དག་གི་མཚན་ཉིད། དཔེ་གང་ཞིག་བཟློག་འབྲེལ་དངོས་སུ་ངེས་པའི་ལྟོས་གཞིར་གྱུར་པ་དེ་མི་མཐུན་པའི་དཔེ་ཡང་དག་གི་མཚན་ཉིད་དོ་ཞེས་སྦྱོར་རོ། །གཞན་དག་ནི་འབྲེལ་བའི་རང་ལྡོག་དངོས་སུ་ངེས་པའི་ལྟོས་གཞི་དང་། འབྲེལ་བའི་དོན་ལྡོག་དངོས་སུ་ངེས་པའི་ལྟོས་གཞིར་གྱུར་པའོ་ཞེས་སྨྲའོ། །གཉིས་པ་དཔེ་ལྟར་སྣང་བཤད་པ་ལ་གཉིས་ཏེ། དཔེ་ལྟར་སྣང་ངོས་བཟུང་བ་དང་། དེ་དཔེ་ལྟར་སྣང་དུ་གྱུར་པའི་རྒྱུ་མཚན་ནོ། །དང་པོ་ནི། དོན་སྐྱོན་ཞུགས་པའི་དཔེ་ལྟར་སྣང་བ་ཆོས་ཅན། གསུམ་ཡོད་ཅེས་བརྗོད་དུ་རུང་སྟེ། གཏན་ཚིགས་དང་སྒྲུབ་བྱའི་ཆོས་དང་། རྟག་ཆོས་གཉིས་ཀའི་གཞི་ལྡོག་སྒྲུབ་འགོད་དང་མཐུན་པར་རྗེས་སུ་འགྲོ་བ་མེད་པའི་དཔེ་ལྟར་སྣང་གསུམ་ཡོད་པའི་ཕྱིར། དེ་གསུམ་གྱི་མཚན་གཞི་གང་ཞེ་ན། རིམ་བཞིན་དུ། སྒྲ་རྟག་སྟེ། རེག་བྱ་ཅན་མ་ཡིན་པའི་ཕྱིར། དཔེར་ན་རྡུལ་ཕྲན་བཞིན་དང་། སེམས་པའི་ལས་བཞིན་དང་། བུམ་པ་བཞིན་ཞེས་པ་བཀོད་པ་ལྟ་བུའོ། །གལ་ཏེ་རྡུལ་ཕྲན་རྟག་པས་བསྒྲུབ་ཚུལ་ལྟར་སྟོང་པ་མ་ཡིན་ནམ་ཅིའི་ཕྱིར་འདི་བསྒྲུབ་བྱའི་ཆོས་ཀྱིས་སྟོང་བའི་དཔེར་མི་འཇོག་ཅེ་ན། དངོས་སྟོབས་ལ་དེ་ལྟར་ཡིན་པ་བདེན་མོད་ཀྱང་འདིར་ནི་རྡུལ་ཕྲན་རྟག་པར་འདོད་པའི་བྱེ་བྲག་པའི་འདོད་པ་དང་བསྟུན་ནས་བཞག་པའི་ཕྱིར་སྐྱོན་མེད་མོད་སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་སྒྲུབ་ཚུལ་ལྟར་མེད་པའི་ལྡོག་ཁྱབ་བསྟན་པར་མ་བྱས་ཤིང་ལྡོག་ཁྱབ་ཡིན་པ་ལྟར་མ་གྲུབ་པའི་དཔེ་ལྟར་སྣང་ཆོས་ཅན། གསུམ་ཡོད་ཅེས་བརྗོད་དུ་རུང་སྟེ། དེ་སྒྲུབ་ཀྱི་བསྒྲུབ་ཚུལ་ལྟར་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་གཞི་ལྡོག་ལྡོག་པ་མེད་པ་དང་། རྟགས་ཀྱི་གཞི་ལྡོག་ལྡོག་པ་མེད་པ་དང་། དེ་གཉིས་ཀའི་གཞི་ལྡོག་ལྡོག་པ་མེད་པའི་དཔེ་ལྟར་སྣང་གསུམ་ཡོད་པའི་ཕྱིར། དེ་གསུམ་གྱི་མཚན་གཞི་གང་ཞེ་ན། རིམ་བཞིན་དུ་སྦྱར་བར་བྱ་སྟེ། སྒྲ་མི་རྟག་སྟེ། རེག་བྱ་ཅན་མ་ཡིན་པའི་ཕྱིར། དཔེར་ན། རྡུལ་ཕྲན་དང་སེམས་པའི་ལས་དང་། ནམ་མཁའ་བཞིན་ཞེས་བཀོད་པ་ལྟ་བུའོ། །གལ་ཏེ་རྡུལ་ཕྲན་རྟག་པས་བསྒྲུབ་ཚུལ་ལྟར་སྟོང་བ་མ་ཡིན་ནམ་ཇི་ལྟར་ན་དེ་བསྒྲུབ་བྱའི་ཆོས་ཀྱི་གཞི་ལྡོག་གིས་མི་སྟོང་བར་བརྗོད་ཅེ་ན། དངོས་གནས་ལ་དེ་ལྟར་སྒྲུབ་ན་བདེན་ཀྱང་རྡུལ་ཕྲན་རྟག་པར་འདོད་པའི་གྲུབ་མཐའ་ལྟར་བརྗོད་པས་ཉེས་པ་མེད་དོ། །འདི་ནི་རྣམ་པར་ངེས་པའི་ལུགས་ལྟར་བཤད་པའོ། །འགྲེལ་པའི་ཚིག་ཟིན་ལྟར་ན། མི་མཐུན་ཕྱོགས་ལ་མེད་པའི་ལྡོག་ཁྱབ་བསྟན་པར་མ་བྱས་ཤིང་ལྡོག་ཁྱབ་མ་གྲུབ་པའི་དཔེ་ལྟར་སྣང་གསུམ་ཡོད་དེ། སྒྲ་མི་རྟག་སྟེ། རེག་བྱ་ཅན་མ་ཡིན་པའི་ཕྱིར། དཔེར་ན་སེམས་པའི་ལས་དང་། རྡུལ་ཕྲ་རབ་དང་། ནམ་མཁའ་བཞིན་ཞེས་དཔེར་བཟུང་བའི་ཚེ་བསྒྲུབ་བྱའི་མི་མཐུན་ཕྱོགས་ལས་ལྡོག་པ་མ་གྲུབ་པའི་དཔེ་ལྟར་སྣང་གསུམ་ཡོད་པའི་ཕྱིར་རོ་ཞེས་འབྱུང་ངོ་། །རྗེས་སུ་འགྲོ་ལྡོག་ཕྱིན་ཅི་ལོག་ཏུ་བསྟན་པ་དཔེ་ལྟར་སྣང་ཆོས་ཅན། རྣམ་པ་གཉིས་ཡོད་དེ། གང་མི་རྟག་པ་ན་རྩོལ་བྱུང་ཡིན་པས་ཁྱབ་བུམ་པ་བཞིན་ཞེས་པའི་ཆོས་མཐུན་གྱི་དཔེ་ལྟར་སྣང་དང་། གང་རྩོལ་བྱུང་མ་ཡིན་ན་རྟག་པས་ཁྱབ། དཔེར་ན་ནམ་མཁའ་བཞིན་ཞེས་ལྡོག་པ་ཕྱིན་ཅི་ལོག་ཏུ་བསྟན་པའི་དཔེ་ལྟར་སྣང་དང་གཉིས་ཡོད་པའི་ཕྱིར། དེ་རྣམས་ཆོས་ཅན། དེ་སྒྲུབ་ཀྱི་དཔེ་ལྟར་སྣང་ཡིན་ཏེ། དེ་སྒྲུབ་ཀྱི་དཔེར་བཀོད་པ་གང་ཞིག་རྗེས་སུ་འགྲོ་བ་དང་། ལྡོག་པའི་ཁྱབ་པ་ཕྱིན་ཅི་ལོག་ཏུ་བསྟན་པའི་ཕྱིར། དཔེ་ལྟར་སྣང་དེ་དག་དང་གཞན་ཡང་། གང་ངག་སྨྲ་བ་ཡིན་ན་འདོད་ཆགས་དང་ལྡན་པས་ཁྱབ་སྟེ། ངག་སྨྲ་བའི་ལམ་པོ་ཆེའི་མི་བཞིན་ཞེས་པའི་དཔེ་དེ་ནི་ཆོས་ཅན། དེ་སྒྲུབ་ཀྱི་དཔེ་ལྟར་སྣང་ཡིན་ཏེ། དེ་སྒྲུབ་ཀྱི་དཔེར་བཀོད་པ་གང་ཞིག་དེ་སྒྲུབ་ཀྱི་རྗེས་འགྲོའི་ཁྱབ་པ་མེད་པ་ཡོད་པ་ལྟར་སྟོན་པ་ཡིན་པའི་ཕྱིར་རོ། །དཔེ་ལྟར་སྣང་བཅོ་བརྒྱད་ནི། ཚད་མ་རྣམ་པར་ངེས་པ་དང་རིགས་པའི་ཐིག་པའི་ནང་དུ་བཤད་པ་བཞིན་དུ་ཤེས་པར་བྱའོ། །འདིར་ཡང་རྟགས་འགོད་ཚུལ་ལྟར་རྗེས་འགྲོ་མེད་པ་དང་། སོགས་པས་བསྡུས་པ་བསྒྲུབ་བྱའི་ཆོས་དང་། རྟགས་ཆོས་གཉིས་ཀའི་གཞི་ལྡོག་འགོད་ཚུལ་ལྟར་རྗེས་འགྲོ་མེད་པའི་དཔེར་བཀོད་པ་ཆོས་ཅན། དེ་སྒྲུབ་ཀྱི་དཔེ་ཡང་དག་ཏུ་མེད་དེ། དཔེའི་མཚན་ཉིད་ཀྱི་གཞི་ལྡོག་དང་མི་ལྡན་པའི་ཕྱིར་རོ། །རྗེས་འགྲོ་ཕྱིན་ཅི་ལོག་ཏུ་བསྟན་པ་དང་། ལ་སོགས་པས་བསྡུས་པ་རྗེས་འགྲོ་མེད་པ་དང་། ཡོད་ཀྱང་མ་བསྟན་པ་དང་། དཔེ་ཉེར་འཇལ་སོགས་ཆོས་ཅན། འབྲེལ་པ་སྟོན་པ་ཅན་མ་ཡིན་པའི་དཔེ་ལྟར་སྣང་ཡིན་ཏེ། རྟགས་ཀྱི་དཔེར་བཀོད་པ་གང་ཞིག་རང་གི་དངོས་ཤུགས་གང་ལ་ཡང་རྟགས་ཆོས་ཀྱི་འབྲེལ་པ་མ་བསྟན་པའི་ཕྱིར། ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་གཞན་གྱི་ལུགས་དགག་པ་ལ་གཉིས་ཏེ། རྩོད་སྒྲུབ་མཁན་པོའི་ལུགས་དགག་པ་དང་། གཞན་སྡེའི་ལུགས་དགག་པའོ། །དང་པོ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། རྩོད་པ་སྒྲུབ་པ་ནས་ནི། རྟགས་ཆོས་དེ་དག་ཕན་ཚུན་མེད་ན་མི་འབྱུང་བའི་འབྲེལ་པ་ངེས་པར་བསྟན་པ་ནི་དཔེའི་མཚན་ཉིད་དུ་འདོད་དེ། དཔེར་ན་བུམ་པ་བཞིན་ནོ། །འབྲེལ་པ་ཇི་ལྟ་བུ་སྟོན་ན། གང་རྩོལ་བ་ལས་བྱུང་བ་མི་རྟག་པའོ། །ཞེས་པ་ལྟ་བུའོ། །ཞེས་པ་འདི་འདི་ནི་ཁྱབ་པ་དངོས་ཤུགས་སུ་མ་བསྟན་ཡང་ངེས་པར་སྟོན་ནུས་པའི་བུམ་པ་ལྟ་བུ་དཔེ་ཡང་དག་ཏུ་འདོད་པའོ། །གཉིས་པ་ལ་གཉིས་ཏེ། དཔེ་ཡང་དག་ཏུ་འདོད་པ་དགག་པ་དང་། རྟགས་ཆོས་མ་གྲུབ་པ་སོགས་དཔེའི་སྐྱོན་ཡིན་པ་དགག་པའོ། །དང་པོ་ལ་བཞི་སྟེ། རྟགས་ཆོས་ཐུན་མོང་གི་འབྲེལ་པ་དཔེས་སྟོན་པ་དགག་པ་དང་། ཆོས་མཐུན་བསྟན་པ་ཙམ་གྱིས་གཏན་ཚིགས་ཀྱི་མི་འཁྲུལ་བའི་མཚན་ཉིད་རྫོགས་པ་མི་འཐད་པ་དང་། དེ་ཙམ་གྱིས་ཁྱབ་པ་ཤུགས་ལ་སྟོན་པའི་མཚན་ཉིད་རྫོགས་པ་མི་འཐད་པ་དང་། དགག་པ་གཞན་བསྟན་པའོ། །དང་པོ་ནི། རྟགས་ཆོས་དེ་དག་གི་ཐུན་མོང་གི་འབྲེལ་པ་སྟོན་པར་འགྱུར་བ་དེ་དཔེ་ཡང་དག་གི་མཚན་ཉིད་ཡིན་ནོ་ཞེས་བརྗོད་པར་མི་བྱ་བར་ཐལ། དུ་བ་མེ་ལ་འབྲེལ་པ་བཞིན་དུ་མེ་དུ་བ་ལ་འབྲེལ་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཕན་ཚུན་བསྒྲུབ་བྱ་ཉིད་མིན་ཕྱིར། །ཞེས་པ་སྟེ། དུ་བ་ཡོད་ན་མེ་ཡོད་པས་ཁྱབ་པ་བཞིན་དུ་མེ་ཡོད་ན་དུ་བ་ཡོད་པས་ཁྱབ་པ་མ་ཡིན་པའི་ཕྱིར། འགྲེལ་བཤད་ཀྱི་འགྱུར་ལས། ཕན་ཚུན་བསྒྲུབ་བྱ་ཉིད་མ་འགྱུར། །ཞེས་འབྱུང་ངོ་། །གཉིས་པ་ནི། རྟགས་ཆོས་གཉིས་ལྡན་གྱི་ཆོས་མཐུན་ཙམ་གྱིས་རྟགས་ཀྱི་མི་འཁྲུལ་བའི་མཚན་ཉིད་རྫོགས་པ་མ་ཡིན་པར་ཐལ། དེ་ཙམ་གྱིས་རྟགས་ཆོས་ལྷན་ཅིག་ཏུ་རྒྱུ་བ་སྟོན་པ་ཡིན་ཡང་མེད་ན་མི་འབྱུང་བའི་འབྲེལ་པ་ཡང་མ་ཡིན་པའི་ཕྱིར། ཁྱབ་བསལ་ཁས་བླངས་སོ། །གསུམ་པ་ནི། རྩོལ་བ་ལས་བྱུང་བ་དེ་མི་རྟག་གོ་ཞེས་བརྗོད་པའི་དོན་གྱིས་རྗེས་འགྲོ་ལས་གཞན་ཡང་རྟག་པ་ལ་མེད་པའི་ལྡོག་པའི་ཁྱབ་པའི་མཚན་ཉིད་བརྗོད་པ་ཡིན་ནོ་ཞེ་ན། གཏན་ཚིགས་དང་མི་མཐུན་ཕྱོགས་ཀྱི་མེད་ན་མི་འབྱུང་བའི་འབྲེལ་པ་དེ་བརྗོད་པར་མི་བྱ་ཞིང་བརྗོད་པ་དོན་མེད་པར་ཐལ། རྟགས་ཆོས་ལྷན་ཅིག་ཏུ་རྒྱུ་བ་ཙམ་གྱིས་ལྡོག་ཁྱབ་དང་བསྒྲུབ་བྱ་ཤུགས་ལ་གོ་བའི་མཚན་ཉིད་རྫོགས་པའི་ཕྱིར། གསུམ་ཆར་རོ། །ཆོས་མི་མཐུན་པའི་སྦྱོར་བ་བསྟན་པའི་དོན་དུ་སྨོས་པའི་ཕྱིར་སྐྱོན་མེད་ཅེ་ན། ཁྱོད་ཀྱིས་བཏགས་པའི་ཆོས་མི་མཐུན་པའི་སྦྱོར་བ་སྨོས་པ་དགོས་པ་མེད་པར་ཐལ། དགོས་པ་ཡོད་ན་དེས་སྐབས་ཀྱི་བསྒྲུབ་བྱ་སྟོན་ཅིང་དེ་ལ་བརྟེན་ནས་རྟོགས་ནུས་དགོས་ན་དེ་ལྟར་ཡང་མི་ནུས་པའི་ཕྱིར། རྟགས་སྔ་མ་ཁས་བླངས་ཏེ། ཕྱོགས་ཆོས་དང་རྟགས་ཆོས་མེད་ན་མི་འབྱུང་བའི་འབྲེལ་པ་དེ་མི་མཐུན་ཕྱོགས་ཀྱིས་ཏེ་མི་མཐུན་སྦྱོར་གྱི་སྒྲུབ་པའི་ངག་གིས་བསྟན་པ་ལ་དགོས་པ་ཡོད་པས་ཡིན་ན་དེས་བསྒྲུབ་བྱ་ཤུགས་ལ་མ་བསྟན་ཅིང་མ་གཟུང་བ་འགའ་ཡང་ཡོད་པ་མིན་པས་ཁྱབ་པར་ཁས་བླངས་པའི་ཕྱིར། །བཞི་པ་ནི། གལ་ཏེ་རྟག་པ་རྩོལ་བ་ལས་བྱུང་བ་མ་ཡིན་ནོ་ཞེས་པའི་སྒྲུབ་པའི་ངག་གིས་བསྒྲུབ་བྱ་ཚིག་གིས་ཟིན་པར་སྟོན་པར་བྱེད་པ་མ་ཡིན་ནམ་ཞེ་ན། ཁྱོད་ལྟར་ན། རྩོལ་བྱུང་དང་མི་རྟག་པ་ཕན་ཚུན་འབྲེལ་པར་བསྟན་པར་ཁས་བླངས་པས། དེ་སྒྲུབ་ཀྱི་ཆོས་མི་མཐུན་པའི་སྦྱོར་ངག་གིས་རྩོལ་བྱུང་གིས་དུང་གི་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་རྟགས་ཤིང་འགྲུབ་པའི་ནུས་པ་ཅུང་ཟད་ཀྱང་མེད་པར་ཐལ། དེས་དམ་མ་བཅས་པའི་གཞི་གཞན་གྱི་མ་བྱས་པ་དེ་ཡིས་རྟག་པར་སྒྲུབ་པའི་ཕྱིར་རོ། །རྩོལ་བྱུང་དུང་གི་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་པ་བཞིན་དུ་མི་རྟག་པ་ཡང་དུང་གི་སྒྲ་རྩོལ་བྱུང་ཡིན་པར་སྒྲུབ་ནུས་པར་མཚུངས་པའི་ཕྱིར་ཞེ་ན། མི་འཐད་དེ། དེ་ལྟར་སྒྲུབ་པ་བསྟན་པ་ཉིད་ཀྱིས་ཀྱང་མི་འདོད་པའི་དོན་གློག་ལ་སོགས་པ་རྟག་པའམ་རྩོལ་བྱུང་དུ་ཁས་ལེན་དགོས་པ་ཐོབ་པའི་སྐྱོན་ཡོད་པའི་ཕྱིར་རོ། །འདིའི་དོན་ནི་སྔར་ཡང་ནས་ཡང་དུ་བཤད་ཟིན་ཏོ། །གཉིས་པ་ནི། སྒྲ་རྟག་སྟེ། རེག་བྱ་ཅན་མ་ཡིན་པའི་ཕྱིར། དཔེར་ན་བློ་བཞིན་ཞེས་པ་བསྒྲུབ་བྱའི་ཆོས་ཀྱི་གཞི་ལྡོག་བསྒྲུབ་ཚུལ་ལྟར་མ་གྲུབ་པ་དང་། བུམ་པ་བཞིན་དུ་རྟགས་ཆོས་གཉིས་ཀའི་གཞི་ལྡོག་སྒྲུབ་ཚུལ་ལྟར་མ་གྲུབ་པ་དཔེ་ལྟར་སྣང་གི་མཚན་ཉིད་ཡིན་ཏེ། འབྲེལ་པ་ཙམ་བརྗོད་པས་ནི་དཔེ་ཡང་དག་གི་མཚན་ཉིད་རྫོགས་པ་ཡིན་ནོ་ཞེ་ན། རྟགས་ཆོས་གཅིག་པ་ཉིད་དམ་གཉིས་ཀ་སྒྲུབ་ཚུལ་ལྟར་མ་གྲུབ་པ་ནི་དཔེ་ཡི་སྐྱོན་གྱི་མཚན་ཉིད་རྫོགས་པ་མ་ཡིན་པར་ཐལ། དེ་ལྟར་མ་ཡིན་ཞེས། གཏན་ཚིགས་བསྒྲུབ་བྱ་གཉིས་ཀ་མེད། །ཅེས་པའི་སྐབས་སུ་བསྟན་ཟིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། རིགས་པ་ཅན་པའི་ལུགས་དགག་པ་དང་། བྱེ་བྲག་པའི་ལུགས་དགག་པའོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། རིགས་པ་ཅན་པ་རྣམས་ན་རེ། བསྒྲུབ་པར་བྱ་བའི་ཆོས་དང་ཆོས་མཐུན་པ་ལས་ཆོས་དེ་རྟོགས་པའི་དཔེ་དེ་མཐུན་པའི་དཔེའི་མཚན་ཉིད་དུ་བརྗོད་པར་བྱའོ། །དེ་ལ་བསྒྲུབ་བྱ་ནི་ཆོས་ཅན་སྒྲ་ལྟ་བུའོ། །དེ་དང་ཆོས་མཐུན་པ་ནི། གཏན་ཚིགས་བྱས་པ་ལྟ་བུ་དང་། དེའི་ཆོས་ནི་བསྒྲུབ་བྱའི་ཆོས་མི་རྟག་པ་ལ་སོགས་པའོ། །དེ་རྟོགས་ཤིང་གོ་བར་བྱེད་པ་ནི་མཐུན་དཔེ་ཞེས་སྦྱོར་རོ། །རྩོད་གཞི་དང་ཆོས་མཐུན་པ་དེ་ལས་བཟློག་པ་ཆོས་མི་མཐུན་པ་ལས་ཆོས་དེ་རྟོགས་པའི་དཔེ་དེ། ཕྱིན་ཅི་ལོག་པའོ་སྟེ། མི་མཐུན་དཔེའི་མཚན་ཉིད་ཡིན་ཏེ། དེ་ཡང་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། དཔེར་ན་བུམ་པ་བཞིན། བུམ་པ་བྱས་པ་དེ་བཞིན་དུ་སྒྲ་ཡང་བྱས། དེའི་ཕྱིར་ན་སྒྲ་མི་རྟག་ཅེས་པའོ། །བསྡུ་ན་སྒྲ་བྱས་པའི་ཕྱིར། མི་རྟག་པ་བུམ་པ་བཞིན་ཞེས་པ་ཆོས་མཐུན་པ་དང་། ནམ་མཁའ་བཞིན་དུ་རྟག་པ་མ་བྱས་པ་ཆོས་མི་མཐུན་པའོ། །ཞེས་ཟེར་རོ། །གཉིས་པ་ལ་གཉིས་ཏེ། དཔེ་ཡང་དག་གཉིས་མི་འཐད་པ་དང་། དཔེར་བརྗོད་ཀྱི་སྦྱོར་བ་གཉིས་མི་འཐད་པའོ། །དང་པོ་ལ་གསུམ་སྟེ། གོ་བྱེད་ཀྱི་ཡན་ལག་ཏུ་མི་འཐད་པ་དང་། སྦྱོར་བ་གཉིས་ཀ་སྨོས་པ་དཔེ་དོན་མེད་པ་དང་། གནོད་བྱེད་གཞན་བསྟན་པའོ། །དང་པོ་ནི། དེ་ལ་ཞེས་པ། ཕྱོགས་སྔའི་གཞུང་འགྲེལ་ཚིག་གོ །རྩོད་སྒྲུབ་ལ་སྐྱོན་ཡོད་པར་མ་ཟད་དེ་ལ་ཡང་ཡོད་ཅེས་འགྲེལ་བཤད་ཀྱི་ཚིག་གོ །ཁྱོད་ཀྱིས་བཏགས་པའི་དཔེ་དེ་ཆོས་ཅན། དེ་སྒྲུབ་ཀྱི་དཔེ་ཡང་དག་ཏུ་མི་འཐད་པར་ཐལ། གོ་བྱེད་ཀྱི་ཡན་ལག་ཏུ་ཚད་མས་མཐོང་བ་མ་ཡིན་པའི་ཕྱིར། གསུམ་ཆར་རོ། །གཉིས་པ་ནི། སྒྲ་དེ་མི་རྟག་པའི་ཆོས་དང་ལྡན་པ་རྟོགས་པའི་དོན་དུ་དཔེ་གཉིས་ཀ་སྨོས་པ་དོན་མེད་དུ་འགྱུར་བར་ཐལ། སྒྲུབ་ངག་གཉིས་པོ་དེ་དཔེས་སྒྲ་ལ་ཟློག་པའི་ཆོས་རྟག་པ་ཐོབ་པར་འགྱུར་གྱི་མི་རྟག་པ་ཐོབ་པར་མི་འགྱུར་བའི་ཕྱིར། གསུམ་ཆར་རོ། །གསུམ་པ་ནི། ཁྱོད་ཀྱིས་བཏགས་པའི་དཔེ་གཉིས་ཆོས་ཅན། སྒྲུབ་པའི་ངག་ཡང་དག་གིས་དངོས་སུ་ཚིག་གིས་ཟིན་པར་བསྟན་པའི་སྒྲུབ་བྱེད་ཀྱི་ཡན་ལག་མ་ཡིན་པར་ཐལ། བསྒྲུབ་བྱ་གོ་བར་བྱེད་པའི་ཡན་ལག་མ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། རྣམ་གྲངས་ཏེ། སྒྲུབ་ངག་གི་དངོས་སུ་ཚིག་གིས་ཟིན་པར་བསྟན་པའི་སྒྲུབ་བྱེད་ཀྱི་ཡན་ལག་ཡིན་ན་བསྒྲུབ་བྱ་གོ་བྱེད་ཀྱི་ཡན་ལག་ཡིན་པས་ཁྱབ་པར་ཁས་བླངས་པའི་ཕྱིར། །ཁྱོད་ལྟར་ན་བུམ་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་དཔེར་མི་འཐད་པར་ཐལ། ཁྱོད་ལྟར་ན་བུམ་པ་མི་རྟག་པ་ཡང་དཔེ་དོན་གཞན་ལས་གྲུབ་དགོས་ལ། དེ་ཡང་དཔེ་དོན་གཞན་ལས་གྲུབ་དགོས་པར་ཁས་བླངས་པས་དཔེ་ཐུག་མེད་དུ་འགྱུར་དགོས་པའི་ཕྱིར། གསུམ་ཆར་རོ། །རིགས་པ་ཅན་པའི་སློབ་མ་ཁ་ཅིག་ན་རེ། དཔེ་གང་ལ་བརྟེན་ནས་བསྒྲུབ་བྱའི་ཆོས་རྟོགས་པ་དེ་དཔེའི་མཚན་ཉིད་ཡིན་ནོ་ཞེ་ན། མི་འཐད་པར་ཐལ། དེ་ལྟར་ན་བསྒྲུབ་བྱའི་ཆོས་དང་ཆོས་མཐུན་པ་དང་། མི་མཐུན་པ་སྦྱར་བར་མི་བྱ་དགོས་པའི་ཕྱིར། ཁྱབ་བསལ་ཁས་བླངས་སོ། །མ་གྲུབ་ན། དེར་ཐལ། དེ་ལྟར་ན་དཔེ་ངེས་པའི་ཚེ་བསྒྲུབ་བྱ་ཕྱིར་རྒོལ་གྱི་བློ་ངོར་བསྟན་ཟིན་པས་གོ་བྱེད་ཡང་དག་ཏུ་མི་འཐད་པའི་ཕྱིར་རོ། །གསུམ་ཆར་རོ། །གཉིས་པ་དཔེར་བརྗོད་ཀྱི་སྦྱོར་བ་མི་འཐད་པ་ལ་གཉིས་ཏེ། ཉེར་སྦྱོར་གྱི་ཡན་ལག་སོགས་མི་འཐད་པ་དང་། དེའི་ལན་དགག་པའོ། །དང་པོ་ནི། གལ་ཏེ་གཞི་གང་ལ་ཆོས་གང་གི་དཔེར་བརྗོད་ཀྱི་བསྒྲུབ་བྱའི་ཆོས་དང་ཆོས་མཐུན་སྦྱར་བར་མི་བྱ་ཞེ་ན། སྒྲ་ལ་མི་རྟག་པ་གོ་བར་བྱེད་པ་བུམ་པ་ལ་སོགས་པ་བཞིན་དུ་ཆོས་མཐུན་པ་ཉིད་ཀྱིས་བསྒྲུབ་བྱ་གོ་བར་བྱེད་པ་དང་། ནམ་མཁའ་ལ་སོགས་པ་བཞིན་དུ། ཆོས་མི་མཐུན་པ་བརྗོད་པ་ཉིད་ཀྱིས་དཔེར་བརྗོད་པ་ལ་ལྟོས་ན་ནི་བུམ་པ་བྱས་པ་དེ་བཞིན་དུ་སྒྲ་ཡང་དེ་བཞིན་ནོ་ཞེས་ཕྱོགས་ཆོས་བསྟན་པའི་རྗེས་ཐོགས་སུ་རྩོད་གཞི་ལ་རྟགས་ཉེ་བར་སྦྱོར་བ་དང་། བསྒྲུབ་བྱ་ལ་ཡང་བུམ་པ་མི་རྟག་པ་དེ་བཞིན་དུ་སྒྲ་ཡང་མི་རྟག་གོ་ཞེས་འཇུག་བསྡུས་ཉེ་བར་སྦྱོར་བ་རིགས་པ་མ་ཡིན་པར་ཐལ། དེ་ལ་སྒྲུབ་ངག་དག་གི་ཡན་ལག་ཆད་པ་དང་། ལྷག་པ་སོགས་ཉེས་པ་དུ་མ་ཡོད་པའི་ཕྱིར་རོ། །དོན་ནི། དེ་འདྲའི་ངག་ཆོས་ཅན། ཆོས་མཐུན་སྦྱོར་གྱི་ངག་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཁྱབ་པ་མ་བརྗོད་པའི་ཕྱིར་དང་། དེ་སྒྲུབ་ཀྱི་བསྒྲུབ་བྱ་ཚིག་གིས་ཟིན་པར་བརྗོད་པའི་ཕྱིར་དང་། དེ་ལན་གཉིས་སུ་ཁྱད་མེད་དུ་ཚིག་ཟིན་དུ་བརྗོད་པས་ཟློས་པའི་ཕྱིར་ཞེས་པའོ། །གཉིས་པ་ནི། ཆོས་མི་མཐུན་པའི་དཔེས་ཀྱང་ནམ་མཁའ་ལ་སོགས་པ་ལྟ་བུར་མ་བྱས་པ་མིན་ནོ་ཞེས། མ་བྱས་པ་རྣམ་པར་བཅད་པའི་བྱས་པ་ཙམ་ཚིག་གིས་ཟིན་པར་སྟོན་པའི་ཕྱིར་ན་ལྷག་པའི་སྐྱོན་མེད་དོ་ཞེ་ན། ནམ་མཁའ་ལ་སོགས་པས་བྱས་པ་ཚིག་གིས་ཟིན་པར་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་སྟོན་པ་དེ་ལ་དགོས་པ་མེད་པར་ཐལ། སྒྲ་མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པའི་ངག་གིས་སྤྱི་ཉིད་སྟེ་བྱས་པ་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཉིད་དུ་ཚིག་གིས་ཟིན་པར་བརྗོད་ཟིན་པའི་ཕྱིར། །གསུམ་ཆར་རོ། །བྱས་པའི་སྤྱི་ཉིད་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་རང་རྒྱུད་དུ་སྒྲུབ་པ་ནི་མི་འཐད་དེ་བྱས་པའི་སྤྱི་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། མི་རྟག་པར་ཐལ། བྱས་པའི་སྤྱི་ཡིན་པའི་ཕྱིར། མ་གྲུབ་ན། དེས་ན་བྱེ་བྲག་སྤྱི་ཆོས་ཐ། །དད་ཕྱིར་རྟགས་དང་རྟགས་ཅན་ཡིན། །ཞེས་པའི་གཞུང་མ་ཐོས་པར་འགྱུར་རོ། གལ་ཏེ་སྒྲ་བུམ་པ་ལྟར་བྱས་པའི་སྤྱི་ཡིན་གྱི། སྣམ་བུ་ལ་སོགས་པ་ལྟར་མ་ཡིན་ནོ། ཞེས་དཔེ་བྱེ་བྲག་པ་ལ་རྟགས་ཉེ་བར་སྦྱོར་བའི་དོན་ཡིན་ནོ་ཞེ་ན། འོ་ན་སྒྲ་བུམ་པ་ལྟར་བྱས་པ་ཡིན་ནོ་ཞེས་དཔེར་བརྗོད་པ་མི་རིགས་པར་ཐལ། སྒྲ་བུམ་པ་ལྟར་བྱས་པས་མི་འགྲུབ་པའི་ཕྱིར། ཁྱབ་བསལ་ཁས་བླངས་སོ། །མ་གྲུབ་ན་ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་ན། དེར་ཐལ། བྱས་པའི་བྱེ་བྲག་རང་རང་གི་རྟེན་ལ་རྗེས་སུ་འབྲང་བས། རྫའི་བུམ་པ་རང་རྒྱུར་གྱུར་པའི་འཇིམ་པ་ལས་འབྱུང་ཞིང་རང་རྒྱུར་གྱུར་པའི་ལྕེ་རྐན་ལས་མི་འབྱུང་བའི་ཕྱིར་དང་། རིག་བྱེད་ཀྱི་སྒྲ་རང་རྒྱུར་གྱུར་པའི་ལྕེ་རྐན་ལས་བྱུང་ཞིང་རང་རྒྱུར་གྱུར་པའི་འཇིམ་པ་ལས་མི་འབྱུང་བའི་ཕྱིར། གསུམ་ཆར་རོ། །རྫ་བུམ་འཇིམ་པ་ལས་བྱུང་ཞེས་ཞིབ་ཆ་འདོན་ནས་སྒྲ་ལྕེ་རྐན་ལས་འབྱུང་ཞེས་པའི་རྟགས་ཚད་གྲུབ་ཏུ་བྱེད་པ་ནི་མི་འཐད་ཏེ། དེ་གཉིས་མཚུངས་པའི་ཕྱིར་རོ། །འདི་རྣམས་ཀྱི་རྟགས་དང་ཁྱབ་བསལ་ཁས་བླངས་སུ་བཏང་ནས་རང་གིས་ཁས་ལེན་པ་ནི་མུན་སྦྲུལ་གྱི་བཤད་པ་ཡིན་ཏེ། སྒྲ་ཆོས་ཅན། བུམ་པ་ལྟར་མེད་ངེས་སུ་ཐལ། བུམ་པ་ལྟར་བྱས་པའང་མ་ཡིན་བུམ་པ་ལྟར་མ་བྱས་པ་ཡང་མ་ཡིན་པའི་ཕྱིར། རྟགས་སྔ་མ་དངོས་འགལ། ཕྱི་མ་མ་གྲུབ་ན། ཆོས་ཅན། བུམ་པ་ལྟར་རྟག་པར་ཐལ། བུམ་པ་ལྟར་ཡོད་པ་གང་ཞིག་བུམ་པ་ལྟར་མ་བྱས་པའི་ཕྱིར། གཞན་ཡང་སྒྲ་བུམ་པ་ལྟར་བྱས་པ་ཡིན་པར་ཐལ། སྒྲ་བུམ་པ་བཞིན་དུ་བྱས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྒྲ་བུམ་པ་བཞིན་དུ་རང་གི་རྒྱུ་ལས་སྐྱེས་པའི་ཕྱིར་ཏེ། སྒྲ་བུམ་གཉིས་དངོས་པོར་མཚུངས་པའི་ཕྱིར་རོ། །རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ། །གལ་ཏེ་ཆོས་མི་མཐུན་པའི་སྦྱོར་བ་བྱས་པ་དང་རྟག་པ་ལྷན་གཅིག་ཏུ་རྒྱུ་བ་དགག་པའི་དོན་དུ་སྨོས་པ་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་པར་ཐལ། ཆོས་མཐུན་པའི་སྦྱོར་བ་བརྗོད་པས་ཀྱང་བྱས་པའི་གཉེན་པོའི་ཕྱོགས་མ་བྱས་པ་དང་ལྷན་ཅིག་སྤྱོད་པའི་རྟག་པ་དང་ལྷན་ཅིག་རྒྱུ་བ་དང་ལྡན་པ་མིན་པར་གོ་བའི་ཕྱིར་རོ། །གསུམ་ཆར་ཁས་བླངས་སོ། །གཞན་ཡང་། སྒྲ་མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། རྟག་པ་ནམ་མཁའ་ལ་སོགས་པ་མཉན་བྱ་མ་ཡིན་པར་མཐོང་སྟེ། སྒྲ་ནི་མཉན་བྱ་ཡིན་ནོ་ཞེས་བརྗོད་པ་ན། ཁྱད་པར་སྒོ་ནས་ཀྱང་སྟེ་མཉན་བྱ་ཡང་སྒྲ་མི་རྟག་པ་དེར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་འགྱུར་བར་ཐལ། རྟག་པ་ནམ་མཁའ་ལ་སོགས་པ་ལ་མཉན་བྱ་མེད་པས་མཉན་བྱ་མ་ཡིན་པ་དང་ལྷན་ཅིག་སྤྱོད་པའི་རྟག་པ་སྒྲ་ལ་ཁེགས་པའི་ཕྱིར། །འཁོར་གསུམ་ཁས་བླངས་སོ། །འགྲེལ་བཤད་མཁན་པོས་སྔར་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་བཤད་ལ། འདིར་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་མ་ཡིན་པར་བཤད་པར་སྣང་བས་དངོས་འགལ་ཁས་བླངས་པར་མཐོང་ངོ་། སྤང་འགྱུར་ལ་ནི། །ཁྱད་པར་གྱིས་ཀྱང་དེ་རྟོགས་འགྱུར། །ཞེས་སྣང་ངོ་། །གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། བྱེ་བྲག་པ་རྣམས་ན་རེ། སྦྱོར་ངག་དང་། དམ་བཅའ་དང་། དེའི་དོན་གཉིས་ཀ་གཞི་གང་དུ་རབ་ཏུ་གྲུབ་པའི་གཞི་དེ་ནི་དཔེའོ། །ཞེས་པ་སྟེ་དཔེའི་མཚན་ཉིད་ཡིན་ནོ་ཞེས་ཟེར་རོ། །བྱས་པས་སྒྲ་མི་རྟག་པར་སྒྲུབ་པ་ལ་བུམ་པ་དཔེར་བཀོད་པ་ལ་ཡང་དེ་ལྟར་འདོད་དོ། །གཉིས་པ་ལ་གསུམ་ཏེ། ཁས་བླངས་འགལ་བ་དང་། ཁྱབ་པ་མི་སྟོན་པའི་དཔེ་དེ་དཔེ་ལྟར་སྣང་དུ་བསྟན་པ་དང་། དཔེ་དེ་སྒྲུབ་བྱེད་རང་རྒྱུད་པ་ཡིན་ན་བསྒྲུབ་བྱ་འགྲུབ་པ་ལ་མི་ཕན་པའོ། །དང་པོ་ནི། འདུས་མ་བྱས་ཀྱི་ནམ་མཁའ་དུས་ཐམས་ཅད་དུ་དཔེར་བརྗོད་པའི་སྦྱོར་བ་འགོད་དགོས་པར་ཐལ། གཏན་ཚིགས་ཀྱི་ངག་དཔེ་ལ་རྗེས་འགྲོ་བྱེད་དགོས་པ་གང་ཞིག གཏན་ཚིགས་ཀྱི་ངག་དང་དཔེ་དེ་དག་ནམ་མཁའ་ལ་འདུ་འབྲེལ་གྲུབ་པའི་རྟག་པའི་རྫས་དེའི་ཡོན་ཏན་ཡིན་པའི་ཕྱིར། །གསུམ་ཆར་རོ། །བུམ་པ་དམ་བཅའི་ངག་རྗེས་སུ་འགྲོ་བའི་མཐུན་དཔེ་ཡང་དག་ཏུ་མི་འཐད་པར་ཐལ། དམ་བཅའི་ངག་གི་ཕྱོགས་གཅིག་ཉིད་ཀྱང་བུམ་པ་ལ་རྗེས་སུ་འགྲོ་བ་མིན་པའི་ཕྱིར། ཁྱབ་བསལ་ཁས་བླངས་སོ། །རྟགས་ཀྱང་ཁས་བླངས་ཏེ། སྒྲ་རྟག་པའི་རྫས་ནམ་མཁའི་ཡོན་ཏན་དུ་ཁས་བླངས་པའི་ཕྱིར་རོ། །གཉིས་པ་ནི། ཁྱོད་ཀྱིས་ཁས་བླངས་པའི་དཔེ་དེ་ནི་ཆོས་ཅན། མཐུན་དཔེའི་གཟུགས་བརྙན་ཙམ་ཡིན་པར་ཐལ། །དཔེར་བཀོད་ཅིང་རྗེས་འགྲོའི་ཁྱབ་པ་བརྗོད་པ་མི་སྲིད་པའི་ཕྱིར། གསུམ་ཆར་རོ། །གསུམ་པ་ནི། དཔེ་ནི་གཏན་ཚིགས་ཀྱི་དོན་ལས་དོན་གཞན་པའི་སྒྲུབ་བྱེད་རང་རྒྱུད་པ་ཡིན་ཡང་སྟེ་ཡིན་ན་དཔེ་ཆོས་ཅན། ལྐོག་གྱུར་གོ་བ་ལ་དོན་མེད་དུ་འགྱུར་པར་ཐལ། དེ་གོ་བའི་ཆེད་དུ་བཀོད་ཀྱང་དེ་གོ་བར་མི་ནུས་ཅིང་དེ་གོ་བའི་ཡན་ལག་ཙམ་ཡང་མ་ཡིན་པའི་ཕྱིར། དེ་གོ་མི་ནུས་པ་མ་གྲུབ་ན། ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་ན། དཔེ་དེས་ལྐོག་གྱུར་གོ་བར་མི་ནུས་པར་ཐལ། དེ་གཏན་ཚིགས་ཀྱི་དོན་ལས་འབྲེལ་མེད་དོན་གཞན་དུ་ཁས་བླངས་པས་དཔེ་ཉེ་བར་སྦྱོར་བའི་དོན་ནི་ལྐོག་གྱུར་གོ་བའི་ཆེད་དུ་བཀོད་པ་ཡིན་ན་ལྐོག་གྱུར་གྱི་སྒྲུབ་བྱེད་དུ་དགོས་པ་མེད་པས་ཁྱབ་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །དེ་ལྟར་ཡང་། དཔེར་བརྗོད་པ་དང་ཆོས་མཐུན་ཉིད། །འབའ་ཞིག་དེ་རྣམས་ཀྱིས་བརྗོད་བྱ། །བསྒྲུབ་བྱ་སྒྲུབ་བྱེད་གཉིས་བརྗོད་མིན། །དཔེ་ལྟར་དཔེ་ཉིད་ཙམ་ཡིན་ནོ། །ཞེས་སྔར་ཇི་སྐད་བཤད་པ་བཞིན་ནོ་ཞེས་འགྲེལ་པ་དང་། འགྲེལ་བཤད་ལས་བཤད་དོ། །ལྐོག་གྱུར་སྒྲུབ་བྱེད་ཡན་ལག་ནི། འབྲེལ་པའི་རྩ་བ་དག་ལ་གནས། །འབྲེལ་པ་གཏན་ལ་འབེབས་པའི་གཞི། །དཔེ་ཉིད་ཡིན་པས་ལེགས་པར་བཤད། །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །གཉིས་པ་ལེའུའི་མཚན་བསྟན་པ་ནི། ཚད་མ་ཀུན་ལས་བཏུས་པ་ལས་དཔེ་དང་དཔེ་ལྟར་སྣང་བརྟག་པའི་ལེའུའི་རྒྱན་ཏེ་བཞི་པའོ།།༄༅།།གཉིས་པ་གཉིས་ཀའི་རྟེན་སྒྲ་དང་རྟོག་པའི་འཇུག་ཚུལ་གཞན་སེལ་བ་བཤད་པ་ལ་གཉིས་ཏེ། ལེའུའི་གཞུང་བཤད་པ་དང་། ལེའུའི་མཚན་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང་གཞུང་གི་དོན་ནོ། །དང་པོ་ནི། ཁ་ཅིག་ན་རེ། ཚད་མའི་དེ་ཁོ་ན་ཉིད་བསྡུས་པར། འདིར་ནི་སེལ་བ་རྣམ་གཉིས་ཏེ། །མ་ཡིན་པ་དང་མེད་པའོ། །མ་ཡིན་པ་ཡང་རྣམ་གཉིས་ཏེ། །བློ་དང་དོན་གྱི་དབྱེ་བས་སོ། །ཞེས་བཤད་པ་དང་། སློབ་དཔོན་ཤཱཀྱ་བློས། གཞན་སེལ་བ་ནི་རྣམ་པ་གསུམ་ཡིན་ཏེ། རེ་ཤིག་གཅིག་ནི་འདི་ལ་གཞན་དང་གཞན་སེལ་བར་བྱེད་པའི་ཕྱིར་རང་གི་མཚན་ཉིད་བཟློག་པ་ཁོ་ན་ཡིན་ནོ། །གཉིས་པ་ནི། གཞན་གྱི་གཅོད་པའི་ཕྱིར་གཞན་རྣམ་པར་གཅོད་པ་ཙམ་ཡིན་ཞིང་གང་སྔོན་གྱི་སློབ་དཔོན་དག་གིས་ཐམས་ཅད་ལ་ཁྱད་པར་མེད་པར་རྣམ་པར་བཞག་པ་ཡིན་ཏེ། ཐམས་ཅད་ལ་དགག་པ་ཙམ་ལ་ཁྱད་པར་མེད་པའི་ཕྱིར་རོ། །གསུམ་པ་ནི། འདིས་གཞན་སེལ་བར་བྱེད་པའི་ཕྱིར། རྣམ་པར་རྟོག་པའི་བློ་ལ་སྣང་བ་ཡིན་ཏེ། གང་བསྟན་བཅོས་མཛད་པས་སྒྲའི་བརྗོད་པར་བྱ་བ་ཉིད་དུ་བཞེད་པ་ཞེས་བྱ་བ་འདི་ཡིན་ནོ་ཞེས་བཤད་པ་ལ་བརྟེན་ནས་དགག་བྱ་ཚིག་གིས་ཟིན་པར་བཅད་པའི་སྒོ་ནས་ཚད་མས་རྟོགས་པར་བྱ་བ་དེ། གཞན་སེལ་བའི་མཚན་ཉིད། དེ་ལ་དོན་གྱི་གཞན་སེལ་ནི། ཤིང་མ་ཡིན་ལས་ལོག་པ་ལྟ་བུ་སྟེ། གཞན་བསལ་བར་བྱ་བའི་གཞི་ཡིན་པས་གཞན་སེལ་བ་ཞེས་བྱ་སྟེ། དེ་ལ་ཡང་རང་མཚན་གྱིས་ཁྱབ་པ་ཡིན་ཏེ། རྟོག་ངོའི་ལྡོག་པ་འབའ་ཞིག་ལ་མི་བྱའོ། །མེད་དགག་གི་གཞན་སེལ་ནི། ཤིང་ལ་ཤིང་མ་ཡིན་མེད་པ་སྟེ། ཤིང་འཛིན་རྟོག་པ་དང་། ཤིང་ཞེས་བརྗོད་པ་སྒྲའི་རིམ་པ་བཞིན། ཤུགས་རྟོགས་དང་། ཤུགས་བསྟན་ནོ། །བློའི་གཞན་སེལ་བ་ནི། བློ་ངོར་འདིས་གཞན་སེལ་བར་བྱེད་པས་ན་གཞན་སེལ་བ་སྟེ། ཤིང་འཛིན་རྟོག་པ་ལ་ཤིང་མ་ཡིན་པས་ལོག་པར་སྣང་བའོ། །དེ་གསུམ་ལའང་ལས་དང་། བྱ་བ་དང་། བྱེད་པའི་ཁྱད་པར་ཡོད་ཀྱང་། ཤིང་གསལ་རྣམས་ལ་རྗེས་སུ་འགྲོ་བའི་སྤྱི་ཡིན་པས་ཁྱད་པར་མེད་དོ། །ཤ་པ་ཡང་ཤིང་མ་ཡིན་མེད་པ་ཡིན་པར་ཐལ་བ་ནི་འདོད་པ་ཁོ་ནའོ། །འོ་ན་གང་ལས་སྐྱེ་བའི་གཞི་དེ་ཡང་མེད་པར་ཐལ་ལོ་ཞེ་ན། མ་ངེས་པར་ཤིན་ཏུ་གསལ་ལོ། །ཡང་ཆོས་ཉིད། དོན་དམ་གྱི་བདེན་པ་དང་། བུམ་མེད་ཀྱི་ས་ཕྱོགས་ལ་སོགས་པ་ནི་དགག་པ་ཡིན་ནོ་ཞེས་ཟེར་རོ། །ལོ་ཙྪ་བ་ཆེན་པོས་ཀྱང་བཞེད་པ་ཁ་ཅིག་ཏུ་སྣང་ངོ་དེ་ནི་འཐད་པར་དཀའ་སྟེ། གཞུང་དེ་ཙམ་གྱིས་དེ་གསུམ་གཞན་སེལ་གྱི་དབྱེ་བར་མི་གྲུབ་པའི་ཕྱིར་དང་། ཆོས་ཉིད་ལ་སོགས་པ་ནི་དགག་པར་མི་འཐད་པའི་ཕྱིར་དང་། ཤ་པ་ཡང་ཤིང་མ་ཡིན་མེད་པ་ཡིན་པར་ཚངས་པ་དང་བརྒྱ་བྱིན་མ་གཏོགས་རིགས་པ་སྨྲ་བ་སུས་ཀྱང་མི་གྲུབ་པའི་ཕྱིར་ཏེ། འདི་ལྟར། དང་པོ་མ་གྲུབ་ན། རང་དོན་རྗེས་དཔག་དང་གཞན་དོན་གྱི་རྗེས་དཔག་གཉིས་ཀ་ཡང་རྗེས་དཔག་གི་དབྱེ་བར་འགྱུར་ཏེ། འདིར་ཡང་རྗེས་དཔག་རྣམ་གཉིས་ཞེས་པ་དང་། རྣམ་ངེས་སུ་ཡང་རྗེས་སུ་དཔག་པ་ནི་རྣམ་པ་གཉིས་ཏེ། རང་གི་དོན་དང་གཞན་གྱི་དོན་ནོ། །ཞེས་བརྗོད་ན་ལན་ཅི་ཡོད། དེའི་སྐྱོན་མེད་དེ། གཞུང་དེ་ནི་རྗེས་དཔག་ཅེས་པའི་སྒྲ་འཇུག་པའི་རྒྱུ་མཚན་དང་དགོས་པ་ཡང་དག་ཡོད་པ་དབྱེར་གཞིར་བྱས་ནས་རང་དོན་དང་གཞན་དོན་གྱི་རྗེས་དཔག་གཉིས་སུ་དབྱེ་བ་ཡིན་གྱི་རྗེས་དཔག་མཚན་ཉིད་པ་དབྱེར་གཞིར་བྱས་ནས་རང་དོན་དང་གཞན་དོན་གྱི་རྗེས་དཔག་གཉིས་སུ་དབྱེ་བ་མ་ཡིན་པའི་ཕྱིར་ཞེ་ན། །འོ་ན་སྔ་མའང་གཞན་སེལ་དབྱེ་གཞིར་བྱས་ནས་དོན་གྱི་སེལ་བ་སོགས་གསུམ་དུ་དབྱེ་བའི་སྐྱོན་ཡང་མེད་པར་འགྱུར་ཏེ། འདིར་ནི་སེལ་བ་རྣམ་གཉིས་ཏེ། །ཞེས་སོགས་ཀྱི་གཞུང་གི་དོན་ནི་གཞན་སེལ་ཞེས་པའི་སྒྲ་འཇུག་པའི་རྒྱུ་མཚན་དང་དགོས་པ་ཡང་དག་ཡོད་པ་དབྱེ་གཞིར་བྱས་ནས་དོན་གྱི་གཞན་སེལ་དང་། བློའི་གཞན་སེལ་དང་། མེད་དགག་གི་གཞན་སེལ་གསུམ་དུ་དབྱེ་བ་ཡིན་གྱི་གཞན་སེལ་མཚན་ཉིད་པ་དབྱེ་གཞིར་བྱས་ནས་དོན་གྱི་གཞན་སེལ་སོགས་གསུམ་དུ་དབྱེ་བ་མ་ཡིན་པའི་ཕྱིར། ཞེས་བརྗོད་ན་བསྐལ་པའི་བར་དུ་མཚུངས་སོ། །གལ་ཏེ་རྗེས་དཔག་དབྱེ་གཞིར་བྱས་ནས་རང་དོན་དང་གཞན་དོན་གྱི་རྗེས་དཔག་གཉིས་སུ་དབྱེ་བ་ནི་འདོད་པ་ཡིན་ནོ་ཞེ་ན། འོ་ན་སྒྲ་འཛིན་པའི་དབང་མངོན་དབྱེ་གཞིར་བྱས་ནས་སྒྲ་འཛིན་པའི་དབང་མངོན་གྱི་ཚད་མ་དང་། སྒྲ་འཛིན་པའི་དབང་མངོན་གཉིས་སུ་དབྱེ་བ་ཁས་བླངས་ན་སྐྱོན་ཅི་ཡོད། དེ་ནི་ཤིན་ཏུ་མི་རིགས་ཏེ། སྒྲ་འཛིན་པའི་དབང་མངོན་དང་། སྒྲ་འཛིན་པའི་དབང་མངོན་གྱི་ཚད་མ་ལ་ཁྱབ་ཆེ་ཆུང་མེད་པས་དེ་གཉིས་དབྱེ་གཞི་དང་དབྱེ་བའི་ཡ་གྱལ་དུ་མི་འཐད་པའི་ཕྱིར་དང་། སྒྲ་འཛིན་པའི་དབང་མངོན་མཉན་བྱའི་འབྲས་བུ་ཡིན་པས་དབྱེ་གཞི་དང་དབྱེ་བའི་ཡ་གྱལ་དུ་ཤིན་ཏུ་མི་འཐད་པའི་ཕྱིར་ཞེ་ན། འོ་ན་རྗེས་དཔག་དབྱེ་གཞིར་བྱས་ནས་རང་དོན་གྱི་རྗེས་དཔག་དང་གཞན་དོན་གྱི་རྗེས་དཔག་གཉིས་སུ་དབྱེ་བར་མི་འཐད་པར་འགྱུར་ཏེ། རྗེས་དཔག་དང་རང་དོན་གྱི་རྗེས་དཔག་ལ་ཁྱབ་ཆེ་ཆུང་མེད་པས་དབྱེ་གཞི་དང་དབྱེ་བའི་ཡ་གྱལ་དུ་མི་འཐད་པའི་ཕྱིར་དང་། རྗེས་དཔག་ནི་གཞན་དོན་གྱི་རྗེས་དཔག་གི་འབྲས་བུ་ཡིན་པས་དབྱེ་གཞི་དང་དབྱེ་བའི་ཡ་གྱལ་དུ་ཆེས་ཤིན་ཏུ་མི་འཐད་པའི་ཕྱིར། ཞེས་བརྗོད་ན་བསྐལ་པའི་ཐེར་འབུམ་གྱི་བར་དུ་མཚུངས་པ་ཡིན་ནོ། །དེས་ན་དོན་གྱི་གཞན་སེལ་དང་བློའི་གཞན་སེལ་གང་རུང་ཡིན་ན་གཞན་སེལ་ཡིན་པས་མ་ཁྱབ་པར་སེམས་སོ། །གཞན་སེལ་ཡིན་ན་མེད་དགག་གི་གཞན་སེལ་ཡིན་པས་ཁྱབ་སྟེ། དགག་པ་ཡིན་ན་མེད་དགག་ཡིན་པས་ཁྱབ་པའི་ཕྱིར་དང་། ཡོངས་སུ་གྲུབ་པ་ཡིན་ན་འགྱུར་མེད་ཀྱི་ཡོངས་སུ་གྲུབ་པ་ཡིན་པས་ཁྱབ་པའི་ཕྱིར་རོ། །རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ། །གཉིས་པ་མ་གྲུབ་ན། དེར་ཐལ། ཆོས་ཉིད་སོགས་དགག་པར་ཚངས་པ་དང་བརྒྱ་བྱིན་མ་གཏོགས་རིགས་པ་སྨྲ་བ་སུས་ཀྱང་མི་འགྲུབ་པའི་ཕྱིར། མ་གྲུབ་སྟེ། ཆོས་ཉིད་དགག་པར་ཐལ། ཆོས་ཉིད་བློ་ཡུལ་དུ་འཆར་བ་ལ་དགག་བྱ་བདེན་པ་བཀག་ཙམ་བློ་ཡུལ་དུ་འཆར་བ་ལ་ལྟོས་དགོས་པ་གང་ཞིག དགག་བྱ་བདེན་པ་བཀག་ཙམ་དེ་དགག་པ་ཡིན་པའི་ཕྱིར་ཞེ་ན། འོ་ན་མི་རྟག་པའང་དགག་པ་ཡིན་པར་ཐལ། མི་རྟག་པ་ཡུལ་དུ་འཆར་བ་ལ་རང་གྲུབ་དུས་ཀྱི་དུས་གཉིས་པར་མི་སྡོད་པ་བློ་ཡུལ་དུ་འཆར་བ་ལ་ལྟོས་དགོས་པ་གང་ཞིག་རང་གྲུབ་དུས་ཀྱི་དུས་གཉིས་པར་མི་སྡོད་པ་དེ་དགག་པ་ཡིན་པའི་ཕྱིར་ཞེས་བརྗོད་ན་མི་མཚུངས་སམ་ལེགས་པར་སོམས་ཤིག གཞན་ཡང་བུམ་མེད་ཀྱི་ལྡོག་པ་དེ་དགག་པ་ཡིན་ནམ། མ་ཡིན། ཡིན་ན། བྱས་པའང་དགག་པར་ཁས་བླངས་ན་སྐྱོན་ཅི་ཡོད། བྱས་པ་ཆོས་ཅན། དགག་པ་མ་ཡིན་པར་ཐལ། དགག་བྱ་ཚིག་གིས་ཟིན་པར་བཅད་ནས། ཚད་མས་རྟོགས་པར་བྱ་བ་མ་ཡིན་ཕྱིར་ཞེ་ན། འོ་ན་བུམ་མེད་ཀྱི་ལྡོག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཞེས་བྱའོ། །མ་གྲུབ་སྟེ། དགག་བྱ་བུམ་མེད་ཀྱི་ལྡོག་པ་མ་ཡིན་པ་ཚིག་གིས་ཟིན་པར་བཅད་ནས་ཚད་མས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཞེ་ན། འོ་ན་བྱས་པ་ཆོས་ཅན། དེར་ཐལ། དགག་བྱ་བྱས་པ་མ་ཡིན་པ་ཚིག་གིས་ཟིན་པར་བཅད་ནས་ཚད་མས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཞེས་བརྗོད་ན་མཚུངས་སོ། །མ་གྲུབ་ན། སྔ་མ་ལའང་མཚུངས་སོ། །གཞན་ཡང་དེ་དགག་པ་ཡིན་ན་མེ་མེད་ཀྱི་རྒྱ་མཚོ་དུ་མེད་དུ་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལ་སོགས་པ་དུ་མ་ཞིག་དགག་པར་འགྱུར་རོ་ཞེས་བརྗོད་པར་བྱའོ། །གལ་ཏེ་བུམ་མེད་ཀྱི་ལྡོག་པ་དེ་དགག་པ་མ་ཡིན་ནོ་ཞེ་ན། དེ་དགག་པ་ཡིན་པར་ཐལ། བུམ་མེད་ཀྱི་ལྡོག་པ་བློ་ཡུལ་དུ་འཆར་བ་ལ་དགག་བྱ་བུམ་པ་བཀག་ཙམ་བློའི་ཡུལ་དུ་འཆར་དགོས་པ་གང་ཞིག་དགག་བྱ་བུམ་པ་བཀག་ཙམ་དེ་དགག་པ་ཡིན་པའི་ཕྱིར་ཞེས་བརྗོད་ན་མཚུངས་སོ། །དེས་ན་ཆོས་ཉིད་ཀྱི་རང་ལྡོག་སྒྲུབ་པ་ཡིན་པ་དང་། དེའི་གཞི་ལྡོག་བདེན་མེད་དགག་པ་ཡིན་ཞེས་སྨྲ་བར་བྱེད་དགོས་ཏེ། རིགས་པ་སྨྲ་བའི་དམ་པ་རྣམས་ནི་གཞི་ལྡོག་དང་རང་ལྡོག་གི་རྣམ་གཞག་ལ་ཤིན་ཏུ་མཁས་དགོས་པའི་ཕྱིར། །ཚུལ་འདི་བཞིན་དུ་དོན་དམ་གྱི་བདེན་པ་དང་། མེ་མེད་ཀྱི་རྒྱ་མཚོ་དུ་མེད་དུ་བསྒྲུབ་པའི་བསྒྲུབ་བྱའི་ཆོས་ལ་སོགས་པ་རྒྱ་ཆེ་བ་ལ་སྦྱར་བར་ཤེས་པར་བྱའོ། །ཚུལ་འདི་རྗེ་བཙུན་ཆ་པ་ལ་སོགས་པའི། །དམ་པ་རྣམས་ཀྱི་དགོངས་པ་དེ་ཉིད་ཡིན། །འདི་ལས་གཞན་སྨྲ་ལོག་པའི་ལམ་ཡིན་པས། །ཐར་པ་འདོད་པས་ཚུལ་འདི་བརྟགས་པར་གྱིས། །གསུམ་པ་མ་གྲུབ་ན། ཤ་པ་དེ་ཤིང་མ་ཡིན་མེད་པ་ཡིན་ན། ཤ་པ་དེ་མཚན་ཉིད་མེད་པ་ཡིན་པར་དམ་བཅས་ན་སྐྱོན་ཅི་ཡོད། ཤ་པ་ཆོས་ཅན། གཞི་གྲུབ་ན་མཚན་ཉིད་མེད་པས་ཁྱབ་པར་ཐལ། མཚན་ཉིད་མེད་པ་ཡིན་པའི་ཕྱིར་དང་། གཞན་ཡང་ཤ་པ་ཆོས་ཅན། མཚན་ཉིད་མེད་པ་མི་འཐད་པར་ཐལ། མཚན་ཉིད་ཀྱི་དགག་གཞི་མི་སྲིད་པའི་ཕྱིར་ཏེ། གཞི་གྲུབ་ན་མཚན་ཉིད་ཡོད་དགོས་པའི་ཕྱིར་དང་། ཡང་ཆོས་ཅན། མཚན་ཉིད་མེད་པ་མ་ཡིན་པར་ཐལ། མཚན་ཉིད་དང་ངོ་བོ་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་དེ་གཉིས་ཀྱི་ངོ་བོ་གཞི་གྲུབ་པ་གང་ཞིག་མཚན་ཉིད་དང་ངོ་བོ་ཐ་དད་མ་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེར་ཐལ། དེ་དང་རྫས་ཐ་དད་མ་ཡིན་པའི་ཕྱིར་ཞེས་སྨྲ་ན་ཉེས་པ་དེ་ནི་ཁྱོད་ཀྱི་ལུགས་ལ་མཐོང་སྟེ། འདི་ལྟར། ཤ་པ་ཆོས་ཅན། གཞི་གྲུབ་ན་ཤིང་མ་ཡིན་མེད་པས་ཁྱབ་པར་ཐལ། ཤིང་མ་ཡིན་མེད་པའི་ཕྱིར་དང་། གཞན་ཡང་ཆོས་ཅན། ཤིང་མ་ཡིན་མེད་པ་མི་འཐད་པར་ཐལ། ཤིང་མ་ཡིན་གྱི་དགག་གཞི་མི་སྲིད་པའི་ཕྱིར་ཏེ། གཞི་གྲུབ་ན་ཤིང་མ་ཡིན་ཡོད་དགོས་པའི་ཕྱིར་དང་། ཡང་ཆོས་ཅན། ཤིང་མ་ཡིན་མེད་པ་མ་ཡིན་པར་ཐལ། ཤིང་མ་ཡིན་པ་དང་ངོ་བོ་གཅིག་ཡིན་པའི་ཕྱིར། མ་གྲུབ་ན་དེར་ཐལ། ཁྱོད་དེ་གཉིས་ཀྱི་ངོ་བོ་གཞི་གྲུབ་པ་གང་ཞིག་དེ་དང་ངོ་བོ་ཐ་དད་མ་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེར་ཐལ། དེ་དང་རྫས་ཐ་དད་མ་ཡིན་པའི་ཕྱིར། ཞེས་བརྗོད་ན་མི་མཚུངས་སམ། གལ་ཏེ་ཤ་པ་ཆོས་ཅན། ཤིང་མ་ཡིན་མེད་པར་ཐལ། ཤིང་མ་ཡིན་པ་མ་ཡིན་པའི་ཕྱིར་ཞེས་སྨྲ་ན། བུམ་པ་ཆོས་ཅན། མཚན་ཉིད་མེད་པ་ཡིན་པར་ཐལ། མཚན་ཉིད་མ་ཡིན་པའི་ཕྱིར་དང་། ཡང་ཤེས་བྱ་ཆོས་ཅན། བྱས་པ་མེད་པར་ཐལ། བྱས་པ་མ་ཡིན་པའི་ཕྱིར་ཞེས་སོགས་བློའི་ཡུལ་ལས་འདས་པའི་སྐྱོན་ཡོད་དོ། །གལ་ཏེ་ཤ་པ་དེ་ཤིང་མ་ཡིན་མེད་པ་མ་ཡིན་ན་བྱས་པ་དེ་མི་རྟག་པ་མ་ཡིན་པས་སྟོང་པ་མ་ཡིན་པར་འགྱུར་རོ། །དེ་འདོད་ན། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་མ་གྲུབ་པར་འགྱུར་ཏེ། བྱས་པ་དེ་མི་རྟག་པ་མ་ཡིན་པས་སྟོང་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། གང་དེ་སྒྲུབ་ཀྱི་ལྡོག་ཁྱབ་ཡིན་ན་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པས་ཁྱབ་པའི་ཕྱིར། མ་གྲུབ་ན། རྟགས་ཀྱི་རྗེས་འགྲོ་མཚན་ཉིད་མི་སྲིད་པར་ཐལ། རྟགས་ཀྱི་ལྡོག་ཁྱབ་གྱི་མཚན་ཉིད་མི་སྲིད་པའི་ཕྱིར། རྟགས་ཁས་བླངས་སོ་ཞེ་ན། དེ་ནི་གཞུང་གི་ཚིག་རིས་ཙམ་ལ་བལྟས་ནས་བཤད་པ་བྱས་པ་ཙམ་ཡིན་གྱི་རིགས་པའི་ལམ་ལ་བལྟས་ནས་བཤད་པ་མ་ཡིན་ཏེ། འདིར་དགག་པ་འབའ་ཞིག་པར་ཞེན་པར་བྱ་བ་དེ། བདེན་སྟོང་མེད་དགག་ཏུ་སྒྲུབ་པའི་མི་མཐུན་ཕྱོགས་ཀྱིས་སྟོང་པ་ཡིན་ནམ་མ་ཡིན། ཡིན་ན་བུམ་པ་ཤེས་བྱས་སྟོང་པ་ཡིན་པར་ཁས་བླངས་ན་སྐྱོན་ཅི་ཡོད། མི་འཐད་དེ། བུམ་པ་ཤེས་བྱ་ཡིན་པའི་ཕྱིར་ཞེ་ན། འོ་ན་དགག་པ་འབའ་ཞིག་པར་ཞེན་པར་བྱ་བ་དེ་བདེན་སྟོང་མེད་དགག་ཏུ་སྒྲུབ་པའི་མི་མཐུན་ཕྱོགས་ཀྱིས་སྟོང་པ་མ་ཡིན་པར་ཐལ། དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཡིན་པའི་ཕྱིར་ཞེས་བརྗོད་ན་ཅི་ཟེར། མ་གྲུབ་ན། སྔ་མའང་མ་གྲུབ་བོ། །འོ་ན་བུམ་པ་ཤེས་བྱ་མ་ཡིན་པ་ཡིན་པར་ཐལ། དེ་ཤེས་བྱ་མ་ཡིན་པའི་ཕྱིར་ཞེ་ན། དགག་པ་འབའ་ཞིག་པར་ཞེན་པར་བྱ་བ་དེ་བདེན་སྟོང་མེད་དགག་ཏུ་སྒྲུབ་པའི་མཐུན་ཕྱོགས་སུ་ཐལ། དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་མ་ཡིན་པའི་ཕྱིར་ཞེས་བརྗོད་ན་མཚུངས་སོ། །གལ་ཏེ་མི་སྟོང་ན་དགག་པ་འབའ་ཞིག་པར་ཞེན་པར་བྱ་བས་བདེན་སྟོང་མེད་དགག་ཏུ་སྒྲུབ་པའི་ལྡོག་ཁྱབ་མ་གྲུབ་པར་ཐལ། དེ་མེད་དགག་མ་ཡིན་པས་སྟོང་བ་མ་ཡན་པའི་ཕྱིར། མ་ཁྱབ་ན་ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་ན། ཁྱབ་པར་ཐལ། གང་དེ་སྒྲུབ་ཀྱི་ལྡོག་ཁྱབ་ཡིན་ན་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པས་ཁྱབ་པའི་ཕྱིར་ཞེས་བརྗོད་ན་མི་མཚུངས་སམ། མ་གྲུབ་ནའང་ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་ན། དེ་སྒྲུབ་ཀྱི་རྟགས་ཀྱི་རྗེས་འགྲོའི་ཚིག་མི་སྲིད་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཀྱི་ལྡོག་ཁྱབ་ཀྱི་མཚན་ཉིད་མི་སྲིད་པའི་ཕྱིར་ཞེས་བརྗོད་ན་བསྐལ་བ་ཐེར་འབུམ་གྱི་བར་དུ་མཚུངས་པར་མཐོང་ངོ་། །གཞན་ཡང་། བཏགས་ཡོད་ཆོས་གསུམ་ཚང་བས་བུམ་པ་མཚོན་བྱར་སྒྲུབ་བ་དང་། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་གྱིས་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་སྒྲུབ་པའི་ཚུལ་ལ་སོགས་པ་རྒྱ་ཆེར་ཤེས་པར་བྱའོ། །དེ་ནས་རང་གི་ལུགས་ལ་གཞན་སེལ་གྱི་མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། རང་གི་དགག་བྱ་ཚིག་གིས་ཟིན་པར་དངོས་སུ་བཅད་པའི་སྒོ་ནས་རང་འཇལ་གྱི་ཚད་མས་རྟོགས་པར་བྱ་བ་གང་ཞིག་སྒྲུབ་པའི་རྣམ་པར་རྟོགས་བྱ་མ་ཡིན་པ་དེ། གཞན་སེལ་གྱི་མཚན་ཉིད། དབྱེ་ན། དགག་བྱ་ཤེས་བྱ་ལ་ཡོད་པའི་གཞན་སེལ་དང་། དགག་བྱ་ཤེས་བྱ་ལ་མེད་པའི་གཏན་སེལ་གཉིས་སོ། །དང་པོ་ནི། བུམ་པ་མ་ཡིན་པ་ལྟ་བུའོ། །གཉིས་པ་ནི། བདག་མེད་ལྟ་བུའོ། །བློའི་གཞན་སེལ་དང་། དོན་གྱི་གཞན་སེལ་གྱི་ངོས་འཛིན་ནི་གཞན་དུ་ཤེས་པར་བྱའོ། །གཞན་སེལ་གྱི་མིང་གིས་བསྟན་ཀྱང་། གཞན་སེལ་བཏགས་པ་བར་ཤེས་པར་བྱེད་དགོས་ཏེ། གཞན་དོན་གྱི་རྗེས་དཔག་དང་། ཕྱིན་ཅི་མ་ལོག་པའི་ཡོངས་སུ་གྲུབ་པ་བཞིན་ནོ། །རྒྱས་པར་ཤེས་པར་འདོད་ན་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་དང་། བྲམ་ཟེ་ཆེན་པོའི་སེལ་བ་བརྟག་པ་དང་། སློབ་དཔོན་ཆོས་མཆོག་གིས་མཛད་པའི་སེལ་བ་བརྟག་པ་དང་། ཚད་མ་རིགས་པའི་གཏེར་རྣམས་སུ་ཤེས་པར་མཛོད་ཅིག གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། སྒྲ་ལས་བྱུང་བའི་ཚད་མ་ཕུང་གསུམ་ཡིན་པ་དགག་པ་དང་། ཚད་མ་ཕུང་གསུམ་གཞན་དགག་པ་ཡང་ཚུལ་དེ་ལ་བརྟེན་ནས་ཤེས་པར་བྱ་བར་བསྟན་པའོ། །དང་པོ་ལ་གཉིས་ཏེ། རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་སེལ་འཇུག་ཏུ་སྒྲུབ་པ་དང་། གཞན་སེལ་མི་འཐད་པ་སྤང་པའོ། །དང་པོ་ལ་གསུམ་སྟེ། སྒྲ་བྱུང་གི་ཚད་མ་ཡིན་ན་ཕུང་གསུམ་དུ་མི་འཐད་པར་བསྟན་པའི་སྒོ་ནས་སེལ་བས་འཇུག་པ་མདོར་བསྟན་པ་དང་། རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་སྒྲུབ་པ་རང་དབང་བས་འཇུག་པ་བཀག་ནས་སེལ་བས་འཇུག་པ་རྒྱས་པར་བསྟན་པ་དང་། སེལ་བས་འཇུག་པ་བསྡུས་ཏེ་བསྟན་པའོ། །དང་པོ་ནི། སྔར་ཚད་མ་གཉིས་སུ་ངེས་པར་བཤད་ཟིན་པ་དེ་ལ། སེར་སྐྱ་པ་ན་རེ། དེ་ནི་མི་འཐད་དེ། སྒྲ་བྱུང་གི་ཚད་མ་དེ་ཚད་མ་ཕུང་གསུམ་ཡིན་པའི་ཕྱིར་དང་། དེ་ཡང་སྒྲུབ་པ་རང་དབང་བའི་སྒོ་ནས་འཇུག་པའི་ཕྱིར་ཞེས་ཟེར་རོ། །འོ་ན་སྒྲ་ལས་བྱུང་བའི་ཚད་མ་ཡིན་པ་ཡོད་ན་དེའི་མཚན་གཞི་གཅིག་སྟོན་དགོས་ཏེ། ཡོད་ན་ཚད་མས་གཞལ་བྱ་ཡིན་དགོས་པའི་ཕྱིར། འདོད་དེ། རང་གི་གཟུང་དོན་སྒྲ་ལས་བྱུང་བའི་ཚད་མ་དེ། སྒྲ་ལས་བྱུང་བའི་ཕུང་གསུམ་གྱི་ཚད་མ་ཡིན་པའི་ཕྱིར་ཞེ་ན། མི་འཐད་པར་ཐལ། དེ་ནི་མངོན་སུམ་གྱི་ཚད་མ་ཡིན་པའི་ཕྱིར། གལ་ཏེ་བུམ་པ་ཡོད་ཅེས་པའི་སྒྲ་ལས་རྒྱལ་པོའི་ཁབ་ན་བུམ་པ་ཡོད་པར་རྟོགས་པའི་བློ་དེ་སྒྲ་ལས་བྱུང་བའི་ཕུང་གསུམ་གྱི་ཚད་མ་ཡིན་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། དེ་ནི་ཤིན་ཏུ་མི་འཐད་དེ། བུམ་པ་ཡོད་ཅེས་པའི་སྒྲ་དེ་བུམ་པ་དང་འབྲེལ་པ་མེད་པའི་ཕྱིར་དང་། ཡོད་སྲིད་ནའང་རྟགས་དེའི་ཕྱོགས་ཆོས་མེད་པའི་ཕྱིར། དེའི་སྐྱོན་མེད་དེ། ཁྱད་པར་ལྔ་བྲལ་གྱི་ངག་སྨྲ་བའི་རྟགས་ལས་རང་སྨྲ་བ་པོ་ལ་བརྗོད་འདོད་ཡོད་པར་རྟོགས་པའི་ཚད་མ་དེ་སྒྲ་ལས་བྱུང་བའི་ཕུང་གསུམ་གྱི་ཚད་མ་ཡིན་པའི་ཕྱིར་ཞེ་ན། གནས་སྐབས་ལྔ་བྲལ་གྱི་ངག་གི་སྒྲ་ལས་བྱུང་བ་གནས་སྐབས་ལྔ་བྲལ་གྱི་ངག་སྨྲ་བ་པོའི་རྒྱུད་ལ་བརྗོད་འདོད་ཡོད་པར་རྟོགས་ཅིང་ཞེན་པའི་ཚད་མ་ཆོས་ཅན། མངོན་རྗེས་གཉིས་སུ་མ་འདུས་པའི་ཕུང་གསུམ་གྱི་ཚད་མ་མ་ཡིན་པར་ཐལ། རྗེས་དཔག་ལས་ཚད་མ་གཞན་མིན་ཞིང་དེའི་ནང་དུ་འདུས་པའི་ཕྱིར། དེ་ཆོས་ཅན། རང་གི་གཞལ་བྱ་ལ་སྒྲུབ་པ་རང་དབང་བའི་སྒོ་ནས་འཇུག་པ་ཡང་མ་ཡིན་པར་ཐལ། འདི་ལྟར་རང་གིས་གཞལ་བར་བྱ་བའི་དོན་ལ་དེ་མ་ཡིན་རྣམ་པར་གཅོད་པ་གཞན་སེལ་གྱི་སྒོ་ནས་རང་གི་འཇུག་ཡུལ་སྟོན་པར་བྱེད་པའི་ཕྱིར། དཔེར་ན་བྱས་སོགས་ཀྱི་རྟགས་ལས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་བཞིན་ནོ། །སྔར་བཤད་ཟིན་ཡང་འདིར་བསྟན་པའི་དགོས་པ་ནི། སྒྲ་བྱུང་སྒྲུབ་པ་རང་དབང་བས་འཇུག་པའི་ཕུང་གསུམ་གྱི་ཚད་མ་ཉིད་དུ་འདོད་པ་དགག་པའི་ཆེད་དུ་ཡིན་ནོ། །གཉིས་པ་ལ་བཞི་སྟེ། རིགས་ཀྱི་སྒྲ་སྤྱི་དོན་གཞན་དོན་དམ་པར་བརྗོད་པའི་སྒོ་ནས་སྒྲུབ་པ་རང་དབང་བས་འཇུག་པར་འདོད་པ་དགག་པ་དང་། རིགས་ལྡན་གསལ་བ་སོ་སོ་འཕྲོད་པ་འདུ་བའི་འབྲེལ་པ་དོན་དམ་པར་བརྗོད་པའི་སྒོ་ནས་གྲུབ་པ་རང་དབང་བས་འཇུག་པར་འདོད་པ་དགག་པ་དང་། རིགས་དོན་གཞན་གྱིས་ཁྱད་པར་དུ་བྱས་པའི་གསལ་བ་དོན་དམ་པར་བརྗོད་པའི་སྒོ་ནས་སྒྲུབ་པ་རང་དབང་བས་འཇུག་པར་འདོད་པ་དགག་པ་དང་། སྤྱི་དོན་གཞན་དང་ལྡན་པའི་གསལ་བ་དོན་དམ་པར་བརྗོད་པ་དགག་པའོ། །དང་པོ་ནི། ཤིང་ཞེས་པའི་སྒྲས་ཤིང་གསལ་རྣམས་ལ་རྗེས་སུ་འགྲོ་བའི་ཤིང་ཉིད་ཅེས་པའི་སྤྱི་རྫས་གཞན་དོན་དམ་པར་བརྗོད་པའི་སྒོ་ནས་ཤིང་གསལ་རྣམས་གོ་བར་མི་འགྱུར་ཏེ། ཁྱོད་ཤིང་གི་གསལ་བ་མཐའ་དག་ལ་འབྲེལ་པ་ཡོད་པ་མ་ཡིན་པའི་ཕྱིར་བསལ་བ་དངོས། ཁྱབ་པ་ཡང་ཁས་བླངས་ཏེ། རྗོད་བྱེད་ཀྱི་སྒྲས་དོན་དེ་བརྗོད་ཅིང་གོ་བར་བྱེད་ན་རྗོད་བྱེད་ཀྱི་སྒྲ་དེ་དོན་དེ་ལ་འབྲེལ་པས་ཁྱབ་པར་ཁས་བླངས་པའི་ཕྱིར། དེས་ན་སྒྲ་རང་གི་ངོ་བོ་ཙམ་ཞིག་རྟོགས་པར་ཟད་དོ། །རྟགས་མ་གྲུབ་སྟེ། ཤིང་ཞེས་པའི་སྒྲའི་རྟགས་ལས་ཤིང་ལ་སོགས་པའི་རྟག་པའི་རྫས་གོ་ཞིང་སྒྲུབ་པར་ནུས་པའི་ཕྱིར་ཞེ་ན། མི་འཐད་པར་ཐལ། ཤིང་ཞེས་པའི་སྒྲ་དེ་ཤིང་ལ་སོགས་པའི་རྟག་པའི་རྫས་དེ་དག་ལ་འཁྲུལ་བའི་ཕྱིར། མ་གྲུབ་ན། དེར་ཐལ། ཤིང་ཞེས་པའི་སྒྲ་དེ་ཡོན་ཏན་དང་ལས་ལ་སོགས་པ་ལ་ཡང་འཇུག་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གཉིས་པ་ལ་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། དོན་བསྡུ་པའོ། །དང་པོ་ནི། སྔར་བཤད་པ་དེ་ལ་བྱེ་བྲག་པ་ཁ་ཅིག་ན་རེ། ཤིང་ཞེས་པའི་སྒྲ་ལས་ཤིང་སོགས་རྟག་པའི་རྫས་མི་གོ་བའི་སྐྱོན་མེད་དེ། ཁོ་བོ་ཅག་ལྟར་ན་གསལ་བ་མཐའ་ཡས་ཀྱང་ཆ་ཤས་མེད་པའི་སྤྱི་རྟག་དངོས་གཅིག་གསལ་བ་སོ་སོ་ལ་འཕྲོད་འདུས་རྫོགས་པར་འབྲེལ་ཞིང་རྟེན་གསལ་བ་གཅིག་ཉེ་བ་ན། ཆ་ཤས་མེད་པའི་རིགས་དང་འབྲེལ་པ་ཁྱད་པར་མེད་པར་གོ་བས་འབྲེལ་པ་ཅན་གཞན་རྣམས་ཀྱང་དེ་ལྟར་གོ་བར་འགྱུར་བའི་ཕྱིར་ཞེ་ན། ཤིང་ཉིད་ཅེས་པའི་སྒྲས་ཆ་ཤས་མེད་པའི་རིགས་དོན་གཞན་དང་འཕྲོད་འདུའི་འབྲེལ་པ་དོན་གཞན་དོན་དམ་པར་བརྗོད་པའི་སྒོ་ནས་ཤིང་གསལ་མ་ལུས་པ་གོ་བ་མ་ཡིན་པར་ཐལ། དེ་ལྟར་ན་རིགས་སམ་ལྡན་པའི་འབྲེལ་པ་རྫས་གཞན་བརྗོད་པའི་སྒྲ་ཐ་དད་པའི་ཤིང་གསལ་རྣམས་ཀྱི་དོན་ལ་དུས་གཅིག་ཏུ་སོ་སོར་བརྗོད་པར་བྱེད་དགོས་པ་ལས་དེ་ལྟར་རྗོད་བྱེད་མིན་པའི་ཕྱིར། གསུམ་ཆར་རོ། །གཉིས་པ་ལ་གཉིས་ཏེ། ཆ་ཤས་མེད་པའི་རིགས་དང་རྫས་གཞན་པའི་འཕྲོ་འདུའི་འབྲེལ་པ་མི་འཐད་པའི་རྒྱུ་མཚན་མདོར་བསྟན་པ་དང་། དེ་རྗོད་བྱེད་ཀྱི་སྒྲས་བརྗོད་པའི་སྒོ་ནས་འཕྲོ་འདུའི་འབྲེལ་པ་ཅན་བརྗོད་པ་མི་འཐད་པའོ། །དང་པོ་ནི། ཁྱོད་ཀྱིས་སྔར་བཤད་པའི་སྐྱོན་མེད་དེ། ཤིང་གསལ་དང་ཤིང་ཉིད་ཅེས་པའི་ཆ་ཤས་མེད་པའི་རིགས་དང་། འབྲེལ་པ་རྣམས་དོན་དམ་པར་དོན་གཞན་ཡིན་པའི་ཕྱིར་ཞེ་ན། ཡང་བརྗོད་པ། ཞེས་པ་ནི་འགྲེལ་པའི་ཚིག་གོ །ཁྱོད་ཀྱིས་བྱས་པའི་སྐྱོན་སྤོང་དེ་ཡང་མི་འཐད་པར་ཐལ། དེ་ལྟར་འཐད་ན་ཤ་པ་ལ་ཤིང་ངོ་ཞེས་པའི་གཞི་དང་མཐུན་པ་ཡི་ཤ་པ་པའི་རྫས་དང་ཤིང་གི་སྤྱི་སྒྲ་དག་དངོས་མིང་དུ་མི་འཇུག་པ་ལས་དེ་ལྟར་འཇུག་པར་རབ་ཏུ་གྲུབ་པར་ཁས་བླངས་པའི་ཕྱིར་དང་། དེ་བཞིན་དུ་དེ་ལྟར་འཐད་ན། ཤ་པའི་སྔོན་པོ་ལ་སོགས་པའི་ཡོན་ཏན་དང་ཤིང་ལ་སོགས་པའི་ཡོན་ཏན་ཅན་བརྗོད་པའི་ཤིང་གི་སྔོན་པོ་ཞེས་པའི་རྣམ་དབྱེ་དྲུག་པ་ཡོད་པའི་སྒྲས་ཐ་དད་དུ་བསྟན་པ་ལྟར་རྫས་ཐ་དད་དུ་ཚད་མས་ངེས་དགོས་པ་ལས་དེ་ལྟར་ཚད་མས་མ་ངེས་པའི་ཕྱིར། གསུམ་ཆར་རོ། །གཞན་ཡང་རྫས་ཡོད་དོ། །ཡོན་ཏན་ཡོད་དོ། །ལས་ཡོད་དོ་ཞེས་བརྗོད་པའི་ཡོད་པ་ཉིད་དང་། ཆོས་གསུམ་གཞི་མཐུན་དུ་མེད་པར་ཐལ། དེ་རྣམས་རྫས་གཞན་གང་ཞིག་དེ་རྣམས་ལ་དེ་བྱུང་གི་འབྲེལ་པ་མེད་པའི་ཕྱིར། རྟགས་གཉིས་ཆར་ཁས་བླངས་སོ། །འདོད་ན། དེ་གསུམ་གཏན་མེད་དུ་ཐལ། དེ་གསུམ་ཡིན་པ་ཡོད་པ་གང་ཞིག་དེ་གསུམ་ཡོད་པ་དང་གཞི་མཐུན་ཁེགས་པའི་ཕྱིར། གསུམ་ཆར་རོ། །ཞེས་བྱ་བ་ནི་བསྡུས་པའི་ཚིགས་སུ་བཅད་པའོ། །འདི་ལ། དོན་གཞན་ཡིན་ན་གཞི་མཐུན་མེད། །དེ་ལྟར་ཡིན་ན་གཏན་མེད་འགྱུར། །ཞེས་རྩ་བར་ཡོང་རྒྱུར་འདུག་པ་ལ། །འགྱུར་དང་རྒྱ་དཔེ་ལ་ཆད་པ་འདྲ་སྙམ་མོ། །གཉིས་པ་ནི། གལ་ཏེ་སྤྱི་སྒྲས་སྤྱི་གསལ་བ་ལ་འཕྲོད་པ་འདུ་བའི་འབྲེལ་པ་དོན་དམ་པར་རང་དབང་དུ་བརྗོད་པར་བྱེད་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། དེ་མི་འཐད་པར་ཐལ། འབྲེལ་པ་བརྗོད་པ་དང་། བློའི་ཡུལ་དུ་འཆར་བ་ནི་འདིར་འབྲེལ་པ་ཅན་གྱི་ཆོས་བློའི་ཡུལ་དུ་ཤར་བ་ཉིད་ཀྱིས་འཕངས་པར་བརྗོད་པ་སྟེ་དེ་ལ་ངེས་པར་ལྟོས་པའི་ཕྱིར། དེ་ལྟར་འབྲེལ་པའི་དངོས་པོ་དོན་དམ་པར་རང་དབང་དུ་བརྗོད་པ་ཉིད་ཀྱིས་སྦྱོར་བར་མི་བྱ་སྟེ། དེ་འབྲེལ་པ་ཅན་གྱི་དངོས་པོ་བརྗོད་པར་བྱས་ནས་བརྗོད་ཀྱི་སྟེ་དེ་བརྗོད་པ་ལས་ལྟོས་ནས་བརྗོད་དགོས་པའི་ཕྱིར། ཞེས་བསྡུས་ཏེ་བསྟན་པའོ། །སྤང་ལོས་བསྒྱུར་བའི་འགྲེལ་བཤད་ལས་དངོས་པོའང་གཞན་གྱིས་སྦྱར་བར་བྱ། །ཞེས་འབྱུང་བ་ནི་འབྲེལ་པ་བརྗོད་པ་འབྲེལ་པ་ཅན་ལ་ལྟོས་ནས་ངེས་དགོས་ཞེས་པའོ། །གསུམ་པ་དོན་བསྡུ་བ་ནི་ཤིང་གསལ་འདིའི་རིགས་ཀྱི་སྒྲ་ཡིས་ནི་ཆོས་ཅན། ཆ་ཤས་མེད་པའི་རིགས་དོན་གཞན་དང་འབྲེལ་པ་རྟག་པའི་དངོས་པོ་དོན་དམ་པར་བརྗོད་པར་བྱ་བ་ཉིད་མི་འཐད་པར་ཐལ། དེ་ལྟར་ན་གཞི་མཐུན་དང་དངོས་མིང་མི་འཐད་པ་ལ་སོགས་པའི་ཉེས་པར་འགྱུར་བའི་ཕྱིར། །གསུམ་པ་རིགས་དོན་གཞན་གྱིས་ཁྱད་པར་དུ་བྱས་པའི་གསལ་བ་དོན་དམ་པར་བརྗོད་པའི་སྒོ་ནས་སྒྲུབ་པ་རང་དབང་བས་འཇུག་པར་འདོད་པ་དགག་པ་ལ་གསུམ་སྟེ། དགག་པ་དངོས་དང་། དེ་ལྟར་ན་དངོས་མིང་དང་བཏགས་མིང་མི་འཐད་པ་དང་། གནོད་བྱེད་ཀྱི་རིགས་པ་བསྟན་པའོ། །དང་པོ་ནི། ཁ་ཅིག་ན་རེ་སྤྱིའི་སྒྲས་གསལ་བ་འབའ་ཞིག་བརྗོད་པ་མ་ཡིན་གྱི་ཆ་ཤས་མེད་པའི་སྤྱི་དོན་གཞན་བརྗོད་པའི་སྒོ་ནས་གསལ་བ་ལ་སྒྲ་བློ་འཇུག་ཅིང་སྤྱི་ལ་ཡང་ཁྱད་པར་མེད་པས་གང་མདུན་ན་ཉེ་བ་དེ་འཁྲུལ་མེད་དུ་གོ་བའི་ཕྱིར། གཞི་མཐུན་མི་སྲིད་པ་ལ་སོགས་པའི་ཉེས་པ་མེད་དོ་ཞེ་ན། ཤིང་གསལ་རྣམས་ལ་ཆ་ཤས་མེད་པའི་ཤིང་གི་སྤྱི་དོན་གཞན་དེ་དང་ལྡན་པའི་སྒོ་ནས་ཤིང་ཉིད་ཅེས་པའི་སྤྱི་སྒྲ་འཇུག་པ་མིན་པར་ཐལ། དེ་ལྟར་ཡིན་ན་ཤིང་གསལ་རྣམས་ལ་ཤིང་གི་སྤྱི་སྒྲ་རང་དབང་སྟེ་དངོས་མིང་དུ་འཇུག་མི་དགོས་པ་ལས། ཡོད་པར་ཁས་བླངས་པའི་ཕྱིར། གལ་ཏེ་དངོས་མིང་དུ་ཁས་མི་ལེན་པས། ཉེས་པ་མེད་དོ་ཞེ་ན། བྲམ་ཟེའི་ཁྱེའུ་ལ་ཡང་སེང་གྷེ་ཞེས་པ་ལྟར་ཤིང་གསལ་རྣམས་ལ་ཤིང་གི་མིང་དེ་ཉེ་བར་བཏགས་པའི་བཏགས་མིང་དུ་འཇུག་པར་ཐལ། དེ་དེའི་མིང་དུ་འཇུག་པ་གང་ཞིག དེ་དེའི་དངོས་མིང་དུ་མི་འཇུག་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །འདོད་ན། ཤིང་ཉིད་ཅེས་པའི་སྤྱི་སྒྲ་ཆོས་ཅན། ཤིང་གསལ་ལ་འཁྲུལ་མེད་དུ་འཇུག་པ་དང་ཤིང་དང་ཤིང་གསལ་གཉིས་གཞི་མཐུན་དུ་བརྗོད་པ་མི་སྲིད་པར་ཐལ། ཤིང་གི་གསལ་བ་ལས་རྫས་ཐ་དད་པའི་ཆ་ཤས་མེད་པའི་རིགས་དོན་གཞན་བརྗོད་པའི་སྒོ་ནས་ཤིང་གསལ་ལ་བཏགས་མིང་དུ་འཇུག་པ་འཐད་པའི་ཕྱིར། །ཁྱབ་པ་ཁས་བླངས་ཏེ། དེ་དེ་ལ་བཏགས་མིང་དུ་འཇུག་པ་ཡིན་ན་རྒྱལ་པོས་བསྐོས་པའི་མི་ལ་མི་དེ་ནི་ང་རང་ངོ་ཞེས་འབངས་ལ་རྒྱལ་པོར་བཏགས་པ་བཞིན་དུ་བྲན་དང་རྒྱལ་པོ་ལ་བློ་མཚུངས་པར་མི་སྐྱེ་བར་བློ་ཡི་ཚུལ་ཐ་དད་ཁོ་ནར་སྐྱེ་བ་ལྟར་དངོས་བཏགས་ཀྱི་མིང་འཇུག་པའི་དོན་དེ་གཉིས་ཀྱང་བློའི་ཚུལ་མི་མཚུངས་པར་སྐྱེ་བས་ཁྱབ་པར་ཁས་བླངས་པའི་ཕྱིར། །གཉིས་པ་ནི། གལ་ཏེ་སྤྱི་གསལ་དོན་དམ་པར་རྫས་གཞན་ཡིན་ཡང་། ཤིང་གསལ་འདི་ནི་ཤིང་ངོ་སྙམ་པའི་བློ་མཚུངས་པར་སྐྱེ་བ་མི་འགལ་བའི་ཕྱིར་སྔར་བཤད་པའི་ཉེས་པ་མེད་དོ་ཞེ་ན། མི་འཐད་དེ། དེ་གཉིས་དོན་དམ་པར་རྫས་ཐ་དད་ཡིན་དེ་འདྲའི་བློ་སྐྱེ་བ་མི་འཐད་པའི་ཕྱིར། མ་གྲུབ་སྟེ། དེ་ནི་དབང་མངོན་དང་གཅིག་ཡིན་པའི་ཕྱིར་ཞེ་ན། མི་འཐད་པར་ཐལ། དབང་མངོན་གྱིས་སྤྱི་རྫས་གཞན་གཟུང་ཡུལ་དུ་བྱེད་པ་མི་སྲིད་པའི་ཕྱིར། གལ་ཏེ་དེ་འདྲའི་བློ་དེ་རྟོག་པ་དང་གཅིག་ཡིན་པས་དེའི་སྐྱོན་མེད་ཅེ་ན། དེ་ཡང་མི་འཐད་པར་ཐལ། ཤིང་གི་སྤྱི་འཛིན་གྱི་རྟོག་པས་ཤིང་གསལ་དུ་མ་ལ་ཆ་ཤས་མེད་པའི་ཤིང་སྤྱི་དོན་གཞན་ཁྱད་གཞི་དང་ཁྱད་ཆོས་སུ་སྦྱར་ནས་མི་འཛིན་པའི་ཕྱིར། མ་གྲུབ་ན་ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་ན། དེར་ཐལ། གསལ་བ་དང་ཆ་ཤས་མེད་པའི་སྤྱི་དོན་གཞན་ཁྱད་གཞི་དང་ཁྱད་ཆོས་སུ་སྦྱར་ནས་འཛིན་ན་མེ་ཏོག་ཀུན་ད་དང་། ཀུ་མུ་ཏ་དང་། དུང་སོགས་ཀྱི་དཀར་པོའོ་ཞེས་རིམ་གྱིས་འཛིན་དགོས་པ་བཞིན་དུ་ཁྱད་གཞི་དང་ཁྱད་ཆོས་རིམ་གྱིས་བརྗོད་པར་བྱེད་ཅིང་འཛིན་པ་ནི་ཡིན་དགོས་པར་ཁས་བླངས་པ་གང་ཞིག་ཤིང་གསལ་དུ་མ་ལ་ཤིང་ངོ་སྙམ་པའི་རྟོག་པས་ཤིང་གསལ་དུ་མ་དང་ཤིང་གཉིས་གཅིག་ཆར་དུ་སྦྱོར་བར་བྱེད་པར་མཐོང་བའི་ཕྱིར། གལ་ཏེ་ཤིང་གི་སྤྱིས་ཤིང་གསལ་རྣམས་ལ་དུས་གཅིག་ཏུ་ཕན་བཏགས་པ་ལ་ལྟོས་ནས་དུས་ཅིག་ཅར་དུ་སྤྱི་བློའི་ཡུལ་དུ་འགྱུར་བ་ཡིན་ཏེ། དཔེར་ན་ཤེལ་དང་མཚོན་རྫས་གཞན་ཡིན་ཡང་མཚོན་གྱི་དབང་གིས་ཤེལ་ལ་སྔོན་པོའི་བློ་སྐྱེ་བ་བཞིན། དེས་ན་དོན་གཞན་ཡིན་ན་དུ་མ་ལ་གཅིག་ཏུ་འཛིན་པའི་བློ་མི་སྐྱེ་བར་ཐལ་བ་མ་ངེས་སོ་ཞེ་ན། ཤིང་གསལ་རྣམས་ལ་ཤིང་ངོ་སྙམ་པའི་བློ་སྐྱེ་ན་ཤིང་སྤྱིས་ཤིང་གི་གསལ་བ་རྣམས་ལ་ཕན་བཏགས་པ་ལ་ལྟོས་དགོས་པ་མ་ཡིན་པར་ཐལ། དེ་ལྟར་ཡིན་ན་རྫས་བ་གླང་གི་དངོས་པོ་ལ་བ་གླང་སྔོན་པོའོ་སྙམ་པའི་བློ་སྐྱེ་བ་ཡིན་ན་རྫས་ལ་ཡོན་ཏན་གྱིས། ཕན་བཏགས་པ་ལ་ལྟོས་དགོས་པ་ལས་དེས་དེ་ལ་ཕན་བཏགས་པ་མེད་པར་ཡང་རྫས་བ་གླང་ལ་བ་གླང་སྔོན་པོའོ་སྙམ་པའི་བློ་སྐྱེ་ཞིང་འཇུག་པར་འགྱུར་བའི་ཕྱིར། རྩ་བའི་དགོངས་པ་ནི་འདི་ཁོ་ན་ལྟར་ཡིན་ནོ། །འགྲེལ་པར་ནི། དཔེ་དེ་ཡང་འཐད་པ་མ་ཡིན་པར་ཐལ། མཚོན་གྱིས་ཁ་བསྒྱུར་བའི་ཤེལ་སྔོན་པོ་ལ་བརྡ་ལ་བྱང་མ་བྱང་ཀུན་གྱིས་སྔོན་པོའི་བློ་འཁྲུལ་མེད་དུ་སྐྱེ་བ་མ་མཐོང་བའི་ཕྱིར་ཞེས་གསུངས་སོ། །དེ་ནི་མི་འཐད་པར་མཐོང་སྟེ། འདི་ལྟར་བུམ་པའང་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་དཔེར་མི་འཐད་པར་ཐལ། བུམ་པ་ལ་དེ་རྟག་པར་འདོད་པའི་གྲངས་ཅན་ཀུན་གྱིས་བྱས་པའོ་སྙམ་པའི་བློ་འཁྲུལ་མེད་དུ་སྐྱེ་མི་རྟག་པའི་བློ་སྐྱེ་བ་ལ་མ་མཐོང་བའི་ཕྱིར་ཞེས་བརྗོད་ན་བསྐལ་པའི་བར་དུ་མཚུངས་པར་མཐོང་ངོ་། །རྟགས་མ་གྲུབ་སྟེ། ཕྱིས་བུམ་པ་མི་རྟག་པར་རྟགས་ཀྱིས་སྒྲུབ་པ་ན་མི་རྟག་པའི་བློ་སྐྱེ་བའི་ཕྱིར་ཞེ་ན། འོ་ན་ཁྱོད་ཀྱིས་བཀོད་པའི་རྟགས་ཀྱང་མ་གྲུབ་པར་ཐལ། ཕྱིས་བརྡ་བྱང་བ་ན་མཚོན་དང་ཤེལ་ལ་དོན་གཞན་གྱི་བློ་སྐྱེ་བའི་ཕྱིར་ཞེས་མཚུངས་སོ། །རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ། །གསུམ་པ་གནོད་བྱེད་ཀྱི་རིགས་པ་གཞན་བསྟན་པ་ལ་གསུམ་སྟེ། མཐོང་རྟོག་ཐམས་ཅད་འཁྲུལ་ཤེས་སུ་ཐལ་བ་དང་། བུམ་སོགས་རྫས་འཛིན་པ་ཡོན་ཏན་དོན་གཞན་གྱིས་ཕན་བཏགས་པས་ཁྱད་པར་དུ་བྱས་ནས་འཛིན་པ་འགལ་བ་དང་། བུམ་པ་སྔོན་པོ་ལ་སོགས་པའི་ཡོན་ཏན་ཅན་ལ་སྔོན་པོ་ལ་སོགས་པའི་ཡོན་ཏན་དོན་གཞན་གྱི་སྒོ་ནས་སྒྲ་བློ་འཇུག་པར་འདོད་པ་ལ་ཆ་ཤས་མེད་པའི་སྤྱི་དོན་གཞན་ལ་བརྗོད་པའི་སྐྱོན་མཚུངས་པར་བསྟན་པའོ། །དང་པོ་ནི། བུམ་པ་ལྟ་བུའི་རྫས་ཡོན་ཏན་དོན་གཞན་གྱིས་ཕན་བཏགས་པ་ལ་ལྟོས་ནས་རྫས་བུམ་པ་སྔོན་པོ་ལ་སོགས་པའི་ངོ་བོར་རྟོག་པ་ཡིན་གྱི་རྫས་རང་ཉིད་ཀྱིས་གཞན་ལ་ལྟོས་མེད་དུ་ཁྱད་པར་ཅན་དུ་འགྱུར་བ་མ་ཡིན་ནོ་ཞེ་ན། ཐམས་ཅད་དེ། བུམ་པ་སྔོན་པོ་མཐོང་བའི་དབང་མངོན་ཆོས་ཅན། རང་གི་སྣང་ཡུལ་ལ་ལོག་པའི་ཤེས་པར་ཐལ་བར་འགྱུར་ཏེ། འདྲེས་པའི་ཚུལ་ནས་ཏེ། བུམ་པ་སྔོན་པོའི་ངོ་བོ་མ་ཡིན་པ་གང་ཞིག་དེ་དེའི་ངོ་བོར་འཛིན་པའི་བློ་ཡིན་པའི་ཕྱིར། གསུམ་ཆར་རོ། །བུམ་པ་ལ་སྔོན་པོར་རྟོག་པའི་བློ་ཆོས་ཅན། རང་གི་ཞེན་ཡུལ་ལ་ལོག་ཤེས་སུ་ཐལ། དེ་མ་ཡིན་ལ་དེར་ཞེན་པའི་བློ་ཡིན་པའི་ཕྱིར། གསུམ་ཆར་རོ། །གཉིས་པ་ནི། ཆ་ཤས་མེད་པའི་བུམ་པ་ལ་སོགས་པའི་རྫས་བཟུང་དོན་དུ་བྱས་ནས་འཛིན་པ་ཡོན་ཏན་དོན་གཞན་གྱིས་ཕན་བཏགས་པས་ཁྱད་པར་དུ་བྱས་ནས་འཛིན་པའི་ཕྱིར། ཉེས་པ་མེད་དོ་ཞེ་ན། དེ་མི་འཐད་པར་ཐལ། དེ་ལྟར་འཐད་ན་ལྟ་བ་པོ་དུ་མས་བུམ་པ་ཁྲ་བོ་ལྟ་བུ་གཅིག་ལ་བལྟ་བའི་ཚེ་དུ་མ་སྤངས་པའི་ཡོན་ཏན་གང་རུང་རེ་རེ་ཁོ་ནས་ཆ་ཤས་མེད་པའི་བུམ་པའི་རྫས་ལ་ཕན་བཏགས་པས་ཁྱད་པར་དུ་བྱས་ནས་བཟུང་དོན་དུ་འཛིན་པ་དང་། ཐམས་ཅད་ཀྱི་ཕྱོགས་གཅིག་གིས་དེ་ལྟར་དང་། ཡོན་ཏན་གཞན་ཐམས་ཅད་ཀྱིས་ཆ་ཤས་མེད་པའི་རྫས་ཐམས་ཅད་ལ་ཕན་བཏགས་པས་ཁྱད་པར་དུ་བྱས་ནས་བཟུང་དོན་དུ་འཛིན་པ་གསུམ་པོ་གང་རུང་གཅིག་འཐད་དགོས་པར་ཁས་བླངས་པ་གང་ཞིག་དེ་གསུམ་གང་ཡང་མི་འཐད་པའི་ཕྱིར། དང་པོ་མ་གྲུབ་ན་དེར་ཐལ། སྤྱི་དང་། ཡོན་ཏན་དང་། བྱ་བ་ལ་སོགས་པ་མང་པོ་འཛིན་པ་ཉིད་དང་ནི། བལྟ་བ་པོ་དུ་མས་དོན་དུ་མ་ཅིག་ཅར་འཛིན་པ་རྣམས་ལ་ཡང་དུ་མ་སྤངས་པའི་རྫས་དང་ཡོན་ཏན་གཅིག་གིས་གཅིག་ལ་ཕན་ཚུན་འདོགས་པ་ནི་འགལ་བར་འགྱུར་བའི་ཕྱིར། མ་གྲུབ་ན། དེར་ཐལ། རྟག་པའི་དངོས་པོར་ཁས་བླངས་པས། ཡོན་ཏན་གཅིག་གིས་རྫས་གཅིག་ལ་ཕན་འདོགས་པར་ཁས་ལེན་ན། ཡོན་ཏན་ཐམས་ཅད་ཀྱིས་རྫས་ཐམས་ཅད་ལ་ཕན་འདོགས་པར་ཁས་ལེན་དགོས་པའི་ཕྱིར། གཉིས་པ་མ་གྲུབ་ན། ཡོན་ཏན་ཐམས་ཅད་ཀྱིས་རྫས་ལ་ཕན་བཏགས་པ་སྤངས་ནས་ཡོན་ཏན་ཐམས་ཅད་ཀྱི་ཕྱོགས་གཅིག་རྐྱང་པས་རྫས་ལ་ཕན་བཏགས་པས་ཁྱད་པར་དུ་བྱས་ནས་བཟུང་དོན་དུ་འཛིན་པ་མ་ཡིན་པར་ཐལ། དེ་ལྟར་འཐད་ན་ཁྲ་འཛིན་གྱི་དབང་མངོན་གྱིས་གཟི་ཡི་ཁྲ་བོ་ཐམས་ཅད་དུས་གཅིག་ཆར་དུ་མཐོང་བ་མིན་དགོས་པ་ལས་དེས་དེ་མཐོང་བའི་ཕྱིར། གལ་ཏེ་རྟགས་ཀྱི་ཟུར་གསུམ་པ་མ་གྲུབ་སྟེ། ཡོན་ཏན་ཐམས་ཅད་ཀྱིས་ཆ་ཤས་མེད་པའི་རྫས་ཐམས་ཅད་ལ་ཕན་བཏགས་པས་ཁྱད་པར་དུ་བྱས་ནས་ཆ་ཤས་མེད་པའི་སྤྱི་དོན་གཞན་ཀུན་བཟུང་དོན་དུ་འཛིན་པ་ཡིན་པའི་ཕྱིར། ཞེ་ན། དེ་ནི་མི་རིགས་པར་ཐལ། དེ་ལྟར་འཐད་ན་ཁྲ་འཛིན་དབང་མངོན་གྱིས་གཟིའི་ཁྲ་བོའི་ཆ་ཤས་ཀུན་འདྲེས་པར་མཐོང་བར་འགྱུར་དགོས་པ་ལས་དེ་ལྟར་མཐོང་བ་མ་ཡིན་པའི་ཕྱིར་རོ། །ཞ་མའི་འགྱུར་ལས་འདི་མ་བྱུང་ཡང་། འགྲེལ་བཤད་ཀྱི་འགྱུར་ལས། ཀུན་གྱིས་ཡིན་ན་འདྲེས་མཐོང་འགྱུར་ཞེས་པ་ལྟར་བཀོད་པ་ལྟར་ཡིན་ནོ། །གསུམ་པ་ནི། ཆ་ཤས་མེད་པའི་བུམ་པ་ལ་སོགས་པའི་ཡོན་ཏན་ཅན་རྣམས་ལ་སྔོན་པོ་ལ་སོགས་པའི་ཡོན་ཏན་དོན་གཞན་མཐོང་བའི་སྒོ་ནས་བློ་སྐྱེ་བའི་ཕྱིར་སྐྱོན་མེད་ཅེ་ན་དེ་མི་འཐད་པར་ཐལ། དེ་ལྟར་འདོད་པ་དེ་དག་ཐམས་ཅད་རྣམས་ལའང་ཆ་ཤས་མེད་པའི་སྤྱི་རྫས་གཞན་དེ་དང་ལྡན་པའི་སྒོ་ནས་གསལ་བ་ལ་བློ་སྐྱེ་བར་འདོད་པ་ལ་བརྗོད་པའི་སྐྱོན་རང་དབང་མེད་ཕྱིར། དེ་ལྡན་མིན་ཞེས་པ་དེ་མཚུངས་པའི་ཕྱིར། གལ་ཏེ་རྫས་ཉིད་ཅེས་པའི་སྒྲ་དེ་རྫས་ཉིད་ལ་དངོས་མིང་དང་དེ་ལ་དོན་དམ་པར་འདུ་འབྲེལ་གྲུབ་པའི་གསལ་བ་རྣམས་ལ་བཏགས་མིང་དུ་འཇུག་གོ་ཞེ་ན། དེ་མི་འཐད་པར་ཐལ། ཆ་ཤས་མེད་པའི་རྫས་ཉིད་ལ་སོགས་པའི་རིགས་དོན་གཞན་རང་གི་ངོ་བོ་འམ། དེ་ལྡན་གྱི་ངོ་བོར་རྒྱུ་མཚན་གང་ལས་ཀྱང་དོན་དམ་པར་འདུ་འབྲེལ་གྲུབ་པའི་སྒོ་ནས་སྦྱོར་བར་མི་བྱེད་པའི་ཕྱིར། གསུམ་ཆར་རོ། །བཞི་པ་ལ་བཞི་སྟེ། སྤྱི་སྒྲས་ཆ་ཤས་མེད་པའི་སྤྱི་ལྡན་གྱི་གསལ་བ་དོན་དམ་པར་བརྗོད་པ་བཀག་ཟིན་པ་དང་། ཆ་ཤས་མེད་པའི་སྤྱི་དང་འཕྲོ་འདུའི་འབྲེལ་པ་དོན་དམ་པར་བརྗོད་པའི་སྒོ་ནས་གསལ་བ་ལ་འཇུག་པ་བཀག་ཟིན་པ་དང་། ཆ་ཤས་མེད་པའི་སྤྱིའི་དོན་ལ་བརྟགས་ནས་དགག་པ་དང་། སྤྱི་སྒྲས་སྤྱི་ཉི་ཚེ་བ་གོ་བའི་སྒོ་ནས་གསལ་བ་དོན་གྱིས་འཕངས་པ་དགག་པའོ། །དང་པོ་ནི། གལ་ཏེ་ཤིང་ཉིད་ཅེས་པའི་སྒྲས་ཆ་ཤས་མེད་པའི་དོན་གཞན་པའི་སྤྱི་དེ་དང་ལྡན་པའི་ཐ་དད་པའི་ཤིང་གི་གསལ་བ་ཉིད་དོན་དམ་པར་བརྗོད་པས་སྐྱོན་མེད་ཅེ་ན། མི་འཐད་པར་ཐལ། ཐ་དད་རྣམས་ཀྱི་རིགས་སྒྲ་མིན། །ཞེས་པ་དེར་བསལ་ཟིན་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་ཤིང་ཉིད་ཅེས་པའི་སྒྲས་ཆ་ཤས་མེད་པའི་དོན་གཞན་པའི་སྤྱི་དང་། འཕྲོད་འདུ་འབྲེལ་པ་རྟག་དངོས་སུ་དོན་དམ་པར་བརྗོད་པའི་སྒོ་ནས་གསལ་བ་བརྗོད་པའི་ཕྱིར་སྐྱོན་མེད་དོ་ཅེ་ན། དེའང་མི་རིགས་པར་ཐལ། དེ་ལྡན་ཙམ་ཡང་སྟེ། ཆ་ཤས་མེད་པའི་དོན་གཞན་པའི་སྤྱི་དང་། འཕྲོ་འདུའི་འབྲེལ་པའམ་སྟེ་དོན་དམ་པར་བརྗོད་པའི་སྒོ་ནས་གསལ་བ་བརྗོད་པ་ཡོད་པ་མིན་ཞེས། རིགས་སམ་ལྡན་སྒྲས་ཐད་ཀྱི། དོན་ལ་སོ་སོར་རྗོད་བྱེད་མིན། ཞེས་པ་དེར་དགག་པ་རྣམ་པར་བཤད་ཟིན་པའི་ཕྱིར་རོ། །གསུམ་པ་ནི། ཆ་ཤས་མེད་པའི་སྤྱི་ཡོད་དེ། དེ་ལ་སྒྲ་བློ་འཇུག་པ་ཡོད་པའི་ཕྱིར་ཞེ་ན། དེ་ལ་ཁྱབ་པ་མ་ངེས་པའི་སྐྱོན་ཡོད་མོད་ཀྱང་རེ་ཤིག་བཏང་སྙོམས་དུ་མཛད་དེ། བརྟགས་ནས་དགག་པ་མཛད་པ་ནི། ཆ་ཤས་མེད་པའི་དོན་གཞན་པའི་སྤྱི་མེད་པར་ཐལ། དེ་ཡོད་པ་ཡིན་ན་དེ་འདྲའི་སྤྱི་དེ་མི་འཐད་པར་ཐལ། སྤྱི་དེ་བུམ་སྣམ་གཉིས་ཀ་ལ་རྗེས་སུ་འགྲོ་བ་གང་ཞིག སྣམ་བུ་ལ་རྗེས་སུ་འགྲོ་བའི་ཆ་དེ་བུམ་པ་ལ་རྗེས་སུ་མི་འགྲོ། བུམ་པ་ལ་སོགས་ཀྱི་གསལ་བ་སྤྱི་དེ་དང་ལྡན་ཞིང་རྗེས་སུ་འགྲོ་བའི་དོན་ཡོད་པ་ཉིད་ཀྱི་ཆ་དེ་སྣམ་བུ་སོགས་ལ་རྗེས་སུ་འཇུག་པ་མིན་པའི་ཕྱིར་ནའོ། །དེས་ན། སྤྱི་ཆོས་ཅན། རྟོག་པས་བཏགས་པའི་སྒྲ་དོན་འབའ་ཞིག་པ་དང་མཚུངས་པར་ཐལ། དེ་དང་ཐ་དད་ཀྱང་ཡིན་རྟོག་པའི་སྣང་ཡུལ་ཡང་ཡིན་པའི་གཞི་མཐུན་གང་ཞིག་རྫས་གཅིག་དང་རྫས་ཐ་དད་གང་རུང་མ་ཡིན་པའི་ཕྱིར། འདི་རྣམས་གསུམ་ཆར་རོ། །གལ་ཏེ་དེ་འདྲའི་སྤྱི་ཡོད་དེ། གསལ་བ་དུ་མ་ལ་སྤྱི་སྒྲ་འཇུག་པ་ཆ་ཤས་མེད་པའི་དོན་གཞན་པའི་སྤྱི་ལ་ལྟོས་པའི་ཕྱིར་ཞེ་ན། དེ་ཡང་མི་རིགས་པར་ཐལ། གསལ་བ་དུ་མ་ལ་སྤྱི་སྒྲ་འཇུག་པ་དེ་ཡང་ཆ་ཤས་མེད་པའི་དོན་གཞན་པའི་སྤྱིའི་སྟོབས་ཀྱིས་འཇུག་པ་རྒྱུ་མཚན་མེད་པར་འདོད་དགོས་པའི་ཕྱིར། བཞི་པ་ལ་གཉིས་ཏེ། དངོས་དང་། རྗོད་བྱེད་ཀྱི་སྒྲ་སེལ་འཇུག་ཏུ་ཁས་ལེན་པར་རིགས་པའོ། །དང་པོ་ནི། གལ་ཏེ་ཡོད་པ་ཉིད་ཅེས་པའི་སྤྱི་སྒྲ་ལས། བུམ་པ་ཉིད་ལ་སོགས་པའི་སྤྱི་ཉི་ཚེ་བ་དོན་དམ་པར་གོ་བར་བྱེད་ཅིང་དེ་ལས་ཤུགས་ཀྱིས་བུམ་པ་གོ་བར་འགྱུར་བ་ཡིན་ཏེ། སྤྱི་སྒྲས་གསལ་བ་ཐུན་མོང་མིན་པར་གོ་བར་བྱེད་དགོས་པའི་ཕྱིར་ཞེ་ན། ཡོད་པ་ཉིད་ཅེས་པའི་སྤྱི་སྒྲའི་དབང་གིས་ཉི་ཚེ་བའི་སྤྱི་དང་། གསལ་བ་དོན་དམ་པར་འཁྲུལ་མེད་དུ་གོ་བ་དེ་མ་ཡིན་པར་ཐལ། གཡུའི་ཁ་དོག་ལྟ་བུ་གཅིག་ལ་སྔོན་པོ་ཞེས་བརྗོད་པ་ན་ཆེས་ཤིན་ཏུ་སྔོ་བ་སོགས་ཡིན་ནམ་སྙམ་དུ་དོགས་པ་སྐྱེ་བར་ཁྱོད་འདོད་པ་བཞིན་དུ་ཡོད་པ་ཉིད་ཅེས་པའི་སྤྱི་སྒྲ་ལས་བུམ་སོགས་ཉི་ཚེ་བའི་སྤྱི་མཐའ་གཅིག་ཏུ་ངེས་མི་ནུས་པར་དེ་ལ་ཐེ་ཚོམ་དུ་འགྱུར་བའི་ཕྱིར། གསུམ་ཆར་རོ། །སྤྱི་ཁས་བླངས་ཀྱང་། ཡོད་པ་ཉིད་ཀྱི་སྤྱི་སྒྲ་བརྗོད་པའི་སྒོ་ནས་ཉི་ཚེ་བའི་སྤྱི་དང་དེ་ལས་ཁྱད་པར་དོན་དམ་པར་གོ་བ་དེ་འཐད་པ་མིན་པར་ཐལ། དེ་ལྟར་གོ་ན་རིགས་ལ་རིགས་གཉིས་ཡོད་དགོས་པར་ཁས་བླངས་དགོས་པ་ལ། རིགས་ལ་རིགས་གཉིས་པ་མེད་པས་སྟེ་དེ་མེད་པར་ཁས་བླངས་པའི་ཕྱིར། གསུམ་ཆར་རོ། །རིགས་མཐུན་དང་རིགས་མི་མཐུན་ཀུན་ལ་འཇུག་པའི་སྤྱི་སྒྲས་ཁྱད་པར་ཉི་ཚེ་བའི་སྤྱི་དོན་གྱིས་འཕངས་པའང་མི་རིགས་པར་ཐལ། ཚོན་པོའི་ལྷ་སྦྱིན་ཉིན་པར་མི་ཟ་ཞེས་བརྗོད་པ་ན་མཚན་མོ་ཟ་བ་ཤུགས་ལ་ངེས་པ་བཞིན་དུ་མ་ཡིན་པར་སྤྱི་ཉི་ཚེ་བ་ལས་འབྲེལ་པ་མ་ངེས་པའོ་ཞེས་པ་སྟེ་མ་ངེས་པས་དེའི་སྒོ་ནས་ཁྱད་པར་ལ་ཐེ་ཚོམ་འདྲེན་པའི་ཕྱིར། གསུམ་ཆར་རོ། །འདི་ལྟར་ཁོ་ལ་ཁས་བླངས་ནང་འགལ་བརྗོད་པ་ཡིན་གྱི་ཚད་གྲུབ་ཏུ་བྱེད་པ་རྩ་བའི་དགོངས་པ་མ་ཡིན་ཏེ། འདིར་སྤྱི་སྒྲས་ཁྱད་པར་གོ་བ་བཀག་ནས་གོང་། རང་དབང་མེད་ཕྱིར་དེ་ལྡན་མིན། ཞེས་སོགས་ཀྱི་སྐབས་སུ་སྤྱི་སྒྲས་ཁྱད་པར་གོ་བར་ཁྱོད་ཀྱིས་བཤད་པས་འཁོར་གསུམ་དངོས་འགལ་ཁས་བླངས་པ་ཡིན་པའི་ཕྱིར་རོ། །ཁོ་བོ་ལ་ནི་ཉེས་པ་དེ་དང་འདྲ་མི་འཇུག་སྟེ། སྤྱི་སྒྲས་ཁྱད་པར་གོ་བར་ཙམ་ནི་མི་འགོག་ལ་ཡོད་པ་ཉིད་ཅེས་པའི་སྤྱི་སྒྲ་ནི་བུམ་སོགས་ལ་དངོས་མིང་དུ་འཇུག་པ་ནི་སྐབས་གང་དུ་ཡང་འགོག་པའི་ཕྱིར། གཉིས་པ་རྗོད་བྱེད་ཀྱི་སྒྲ་སེལ་འཇུག་ཏུ་ཁས་ལེན་པར་རིགས་པ་ནི། གཏན་ཚིགས་ཏུ་མ་ཟད་སྒྲ་ལའང་། རྗོད་བྱེད་ཀྱི་སྒྲ་ཆོས་ཅན། དེ་མ་ཡིན་རྣམ་པར་བཅད་པའི་གཞན་སེལ་བརྗོད་པར་བྱས་སོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རང་གི་བརྗོད་བྱའི་དོན་བརྗོད་པ་ཡིན་ཡང་དེ་སྒྲུབ་པ་རང་དབང་བའི་སྒོ་ནས་འཇུག་པ་བཀག་པས་དེ་ལྟར་བཤད་པ་དེས་ན་སྟེ་དེའི་ཕྱིར། གསུམ་པ་ནི། གལ་ཏེ་རྗོད་བྱེད་ཀྱི་སྒྲ་ནི་སྒྲུབ་པ་རང་དབང་བའི་སྒོ་ནས་འཇུག་སྟེ། དེས་རང་གི་བརྗོད་བྱའི་ཆ་ཤས་གཅིག་བརྗོད་པ་ན་དེའི་ཆ་ཤས་ཐམས་ཅད་དོན་དམ་པར་བརྗོད་པའི་ཕྱིར་ཞེ་ན། ཡང་བརྗོད་པ་ཞེས་པ་ནི་འགྲེལ་པའི་ཚིག་གོ །ཤིང་ལ་ལྡོག་པ་ཐ་དད་ཀྱི་སྒྲས་ཀུན་རྫོབ་ཏུ་བརྗོད་པར་བྱ་བ་མང་དུ་ཡོད་པ་བདེན་ཀྱང་། ཤིང་ཞེས་པའི་བརྗོད་པའི་སྒྲ་ཡིས་ཆོས་ཅན། ཤིང་གི་ལྡོག་པའི་ཆ་ཤས་ཀྱི་རྣམ་པ་མ་ལུས་པ་ཀུན་ཏུ་དོན་དམ་པར་བརྗོད་ཅིང་རྟོགས་པ་མ་ཡིན་པར་ཐལ། རང་དང་བརྗོད་བྱ་རྗོད་བྱེད་དུ་རྗེས་སུ་འབྲེལ་བའི་དོན་ཤིང་མ་ཡིན་གཅིག་པུ་རྣམ་པར་གཅོད་པ་གོ་བར་བྱེད་པའི་ཆ་ཤས་ཐམས་ཅད་དོན་དམ་པར་གོ་བར་བྱེད་མི་ནུས་པའི་ཕྱིར། ཁྱབ་སྟེ། ཤིང་མིན་གཅིག་པུ་རྣམ་པར་གཅོད་པ་གོ་བར་བྱེད་པ་དེ་ནི་ཤིང་ཞེས་པའི་ངག་གི་འབྲས་བུ་སྟེ་དེའི་དགོས་པ་གཙོ་བོ་ཡིན་པའི་ཕྱིར། ཤིང་ཞེས་པའི་སྒྲས་སྒྲའི་ཡོན་ཏན་མ་ལུས་པ་ཉིད་སོགས་ཀྱི་དོན་དམ་པར་རྗོད་བྱེད་དུ་འཐད་པ་མ་ཡིན་པར་ཐལ། ཤིང་ཞེས་པའི་སྒྲས་ཀྱང་ཤིང་གི་ལྡོག་ཆོས་གང་དུ་མ་ཡི་དོན་ལ་དོན་དམ་པར་རྗོད་བྱེད་དུ་འཇུག་པ་མ་ཡིན་གྱི་དོན་གང་ལ་བརྡ་སྦྱར་བར་བྱ་བ་དེ་ཉིད་ལ་སྟེ་དེ་ཁོ་ན་བརྗོད་བྱར་སྟོན་པའི་ཕྱིར། རྗོད་བྱེད་སྒྲ་དང་རྟོག་པ་སེལ་བས་འཇུག་པའི་དོན་བསྡུས་པའོ་ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །གཉིས་པ་གཞན་སེལ་མི་འཐད་པ་སྤང་པ་ལ་བཞི་སྟེ། སེལ་བ་སྨྲ་བ་ལ་གཞི་མཐུན་སོགས་མི་འཐད་པ་སྤང་པ། སྤྱི་དང་གཞི་མཐུན་སོགས་ཁས་ལེན་པ་ལ་གཞན་སེལ་ཁས་ལེན་དགོས་པ་དང་། གྲངས་ཅན་གྱི་ལུགས་དགག་པ་དང་། སྒྲ་རྟོག་རིམ་ཅན་དུ་འཇུག་པའི་རྒྱུ་མཚན་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། གཞན་གྱི་ལུགས་སྤྱིར་དགག རྟག་དངོས་ཀྱི་ཁྱད་གཞི་ཁྱད་ཆོས་བྱེ་བྲག་ཏུ་དགག་པའོ། །དང་པོ་ལ་གཉིས་ཏེ། སེལ་བ་སྨྲ་བ་ལ་གཞི་མཐུན་དང་བྱ་བྱེད་འཐད་པ་དང་། སྒྲ་རྟོག་སྒྲུབ་པ་རང་དབང་བས་འཇུག་པར་འདོད་པ་དེ་མི་འཐད་པའོ། །དང་པོ་ལ་གསུམ་སྟེ། ཁྱད་པར་བྱ་བྱེད་འཐད་པ་དང་། དེས་ན་གཞི་མཐུན་པ་དང་། དེའི་ལན་དགག་པའོ། །དང་པོ་ནི། བྱེ་བྲག་པ་ན་རེ། སེལ་བ་སྨྲ་བ་ལ་ཨུཏྤལ་སྔོན་པོ་ཞེས་པའི་གཞི་མཐུན་དང་། ཁྱད་པར་བྱ་བྱེད་མི་རུང་བར་འགྱུར་ཏེ། དེ་ལ་བུམ་པ་དང་སྣམ་བུ་བརྗོད་པའི་སྒྲ་བཞིན་དུ། སྔོན་པོ་དང་ཨུཏྤལ་ལ་བརྗོད་པའི་སྒྲ་དག་ཀྱང་། བསལ་བྱ་སོ་སོ་ཁོ་ནར་ངེས་པའི་ཕྱིར། ཁོ་བོ་ལྟར་ན་གཞི་མཐུན་དང་། ཁྱད་པར་བྱ་བྱེད་མི་འཐད་པའི་སྐྱོན་མེད་དེ། སྔོན་པོའི་སྒྲས་ཆ་ཤས་སྤངས་པའི་ཡོན་ཏན་དོན་གཞན་དང་། ཨུཏྤལའི་སྒྲས་ཆ་ཤས་མེད་པའི་དོན་གཞན་པའི་སྤྱི་དོན་དམ་པར་བརྗོད་པས་དེ་གཉིས་ཆ་ཤས་མེད་པའི་རྫས་གཅིག་ལ་འཕྲོད་པ་འདུ་བའི་ཕྱིར། དེས་ན་ཆོས་གསུམ་རྫས་ཐ་དད་ཡིན་ཡང་བ་གླང་ལ་རྭ་གཡས་གཡོན་འདུ་བ་བཞིན་དུ་གཞི་མཐུན་དུ་འཐད་པ་ཡིན་ནོ་ཞེ་ན། གཞན་སེལ་སྨྲ་བའི་ལུགས་ལ་གཞི་མཐུན་མི་འཐད་པའི་སྐྱོན་མེད་པར་ཐལ། སྔོན་པོ་ཞེས་པའི་སྒྲ་དང་། ཨུཏྤལ་ཞེས་པའི་སྒྲ་རང་རང་གི་བརྗོད་བྱའི་དོན་ཐ་དད་བརྗོད་པ་ན་གང་གི་སྔོན་པོ་སྙམ་པ་དང་། ཨུཏྤལ་ཁ་མདོག་གང་ཡིན་སྙམ་དུ་དོན་ཇི་ལྟ་བ་བཞིན་དུ་རྟོགས་པ་ལ་རྨོངས་ནས་ཐེ་ཚོམ་དུ་འགྱུར་བ་དག་གི་ཐེ་ཚོམ་བཅད་པའི་དོན་དུ་བསལ་བྱ་སོ་སོར་སེལ་བས་དེ་མ་ཡིན་ལས་ཐ་དད་པ་ཨུཏྤལ་སྔོན་པོ་ཞེས་དོན་མེ་ཏོག་གི་གོང་བུ་གཅིག་ཕྱེ་ནས་སྟོན་པ་འཐད་པའི་ཕྱིར། ཡང་ལུགས་དེ་ལ་ཁྱད་པར་བྱེད་པ་དང་ཁྱད་པར་བྱ་བའང་མི་འཐད་པའི་སྐྱོན་མེད་པར་ཐལ། ཨུཏྤལ་སྔོན་པོ་ཞེས་བརྗོད་པའི་ཚེ་མེ་ཏོག་གི་དངོས་པོ་གཅིག་ལ་ཐ་དད་པའི་འབྲས་བུ་མེད་པར་འབྲས་བུ་གཅིག་གོ་བ་འཐད་པའི་ཕྱིར། གཉིས་པ་ནི། གལ་ཏེ་ཨུཏྤལ་སྔོན་པོ་ཞེས་པའི་སྒྲ་དེ་གཞི་མཐུན་བརྗོད་པའི་སྒྲར་མི་འཐད་དེ། དེས་སྔོན་པོ་སྤངས་པའི་ཨུཏྤལ་རྐྱང་པ་བརྗོད་པའི་ཕྱིར་དང་། ཨུཏྤལ་སྤངས་པའི་སྔོན་པོ་རྐྱང་པ་བརྗོད་པའི་ཕྱིར་ཞེ་ན། ཨུཏྤལ་སྔོན་པོ་ཞེས་པའི་སྒྲ་དེ་ནི་ཆོས་ཅན། ཨུཏྤལ་སྤངས་པའི་སྔོན་པོ་རྐྱང་པའང་བརྗོད་པ་མིན་པར་ཐལ། ཨུཏྤལའང་བརྗོད་པའི་ཕྱིར། སྔོན་པོ་སྤངས་པའི་ཨུཏྤལ་རྐྱང་པའང་བརྗོད་པ་མ་ཡིན་པར་ཐལ། སྔོན་པོ་ཡང་བརྗོད་པའི་ཕྱིར། དེས་ན་སྒྲ་དེས་གཞི་མཐུན་བརྗོད་པར་འཐད་དེ། དེས་ཨུཏྤལ་དང་སྔོན་པོ་གཞི་མཐུན་པའི་བསྡུས་པ་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ཞེས་སྦྱར་བར་བྱའོ། །རང་ལུགས་ལ་གཞི་མཐུན་འཐད་པ་ནི། ཨུཏྤལའི་སྔོན་པོ་ཡང་ཡིན། ཨུཏྤལ་ཡང་ཡིན་པའི་ལྡོག་པ་ཐ་དད་པ་གཉིས་ལ་གཞི་མཐུན་ཁས་ལེན་པ་ཡིན་ལ། ཁོའི་ལུགས་ལ་དེ་མི་འཐད་པ་ནི། ཁོས་ཚོམ་བུ་བཀོད་པ་བཞིན་དུ་གཞི་མཐུན་པ་དང་། མཐུན་ཆོས་རྟ་བོང་བཞིན་དུ་འབྲེལ་མེད་ཀྱི་རྫས་ཐ་དད་དུ་འདོད་པ་ཡིན་ནོ། །ཨུཏྤལ་སྔོན་པོ་ཞེས་པའི་སྒྲས་ཨུཏྤལ་དང་སྔོན་པོ་གཉིས་ཀ་བརྗོད་ཀྱང་ཨུཏྤལའི་སྒྲས་སྔོན་པོ་བརྗོད་པ་དང་སྔོན་པོ་ཞེས་བརྗོད་པའི་སྒྲས་ཨུཏྤལ་བརྗོད་པ་མི་འཐད་པར་ཐལ། ཁ་དོག་སྔོན་པོའི་མིང་ནཱི་ལ་ཞེས་པ་བཞིན་དུ་ཚོགས་པའི་སྒྲས་སྔོན་པོ་སྟོན་ཡང་ཡ་གྱལ་ནཱི་དང་ལ་རེ་རེ་བའི་སྒྲས་སྔོན་པོ་སྟོན་པའི་དོན་དུ་མེད་པ་ལྟར་འདིར་ཡང་མཚུངས་པར་འགྱུར་བའི་ཕྱིར། ནཱི་ལ་ཞེས་པ་སྔོན་པོའི་སྐད་དོད་དོ། །གསུམ་པ་དེའི་ལན་དགག་པ་ནི། གལ་ཏེ་ཁ་མདོག་གི་དོན་སྟོན་པའི་ནཱི་ལ་ཞེས་པ་ནི། ནཱི་དང་ལ་སོ་སོར་དོན་ཅུང་ཟད་ཀྱང་སྟོན་པ་མིན་ནའང་ཚིག་གཉིས་བསྡོམས་པ་ལས་དེའི་བརྗོད་བྱ་སྔོན་པོ་སྟོན་པ་བཞིན་དུ་སྔོན་པོ་དང་ཨུཏྤལ་བརྗོད་པའི་སྒྲས་ཀྱང་དོན་སོ་སོར་མི་སྟོན་ཡང་ཨུཏྤལ་སྔོན་པོ་ཞེས་བརྗོད་པའི་ཚེ་ཡ་གྱལ་རེ་རེས་ཀྱང་དོན་རྫོགས་པར་སྟོན་པས་སྒྲུབ་པ་རང་དབང་བས་འཇུག་པའོ་ཞེ་ན། དེ་ལ་ཡང་སྔོན་པོ་ཞེས་པའི་སྒྲས་ཀྱང་དོན་རྫོགས་པར་སྟོན་པ་མ་ཡིན་པར་ཐལ། དེས་ཡན་གར་བའི་སྔོན་པོ་དེ་བརྗོད་ཅིང་ཚད་མས་རྟོགས་པ་ཡིན་པའི་ཕྱིར། ཨུཏྤལ་ཞེས་པའི་སྒྲ་ལའང་སྦྱར་རོ། །འཁོར་གསུམ་ཁས་བླངས་སོ། གཉིས་པ་སྒྲ་རྟོག་སྒྲུབ་པ་རང་དབང་བས་འཇུག་པ་མི་འཐད་པ་ལ་གཉིས་ཏེ། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ཨུཏྤལ་སྔོན་པོའི་ཡན་ལག་ཅན་དང་ཡན་ལག་རྫས་གཅིག་དང་རྫས་ཐ་དད་བརྟག་ལ་དགག་པ་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ཡན་ལག་ཅན་མེ་ཏོག་གི་རྫས་དང་། ཡན་ལག་སྔོན་པོ་དང་། ཨུཏྤལ་གསུམ་ལྡོག་པ་ཐ་དད་མེད་པའི་རྫས་ཡིན་ཞེ་ན། དེ་ཡིན་ན་དེ་གསུམ་རྫས་གཅིག་ཡིན་ནམ། རྫས་ཐ་དད་ཡིན། དང་པོ་ལྟར་ན། འདུས་ལ་སྟེ། ཡན་ལག་ཅན་ཆོས་ཅན། གཅིག་ཉིད་ཡོད་མ་ཡིན་ཞེས་པ་སྟེ། དུ་མ་ཅན་དུ་ཐལ། ཡན་ལག་དུ་མ་དང་རྫས་གཅིག་ཡིན་པ་གང་ཞིག་ལྡོག་པ་ཐ་དད་མེད་པའི་ཕྱིར། རྟགས་བསལ་ཁས། ཡན་ལག་ཅན་དང་ཡན་ལག་གཉིས་ཆོས་ཅན། ཕན་ཚུན་གཅིག་པར་ཐལ་བར་འགྱུར་བར་ཐལ། རྫས་གཅིག་ཅིང་ལྡོག་པ་ཐ་དད་མེད་པའི་ཕྱིར། གལ་ཏེ་འདུས་པ་ཡན་ལག་ཅན་དུ་མར་ཐལ་བར་འགྱུར་བར་འདོད་དེ། ཡན་ལག་དུ་མ་དང་ཐ་དད་མེད་པའི་ཕྱིར་ཞེ་ན། དེ་ལྟར་འདོད་པ་མི་འཐད་པར་ཐལ། ཆ་ཤས་མེད་པའི་གཅིག་ཏུ་ཁས་བླངས་པས་གནོད་པའི་ཕྱིར། ཞེས་བརྗོད་ན་རྩ་བའི་དགོངས་པ་ཡིན་གྱི་འགྲེལ་པ་དང་། དེའི་རྗེས་འབྲང་དག འདུས་པ་ཡན་ལག་ཅན་ཆོས་ཅན། དུ་མར་ཐལ་བར་འགྱུར་བར་ཐལ། ཡན་ལག་རྣམས་དང་གཅིག་ཡིན་པའི་ཕྱིར་ཞེས་སྨྲ་བ་འཐད་པར་མི་སེམས་ཏེ། འདུས་ལ་གཅིག་ཉིད་ཡོད་མ་ཡིན། ཞེས་པའི་ཐལ་བ་དང་ཁྱད་པར་མི་སྣང་བའི་ཕྱིར་དང་། འདིར་དེ་མ་ཐག་ཏུ་ཐལ་འགྱུར་ཁྱད་མེད་གཉིས་བཀོད་པ་ལ་དགོས་པ་མེད་པ་ཡིན་པའི་ཕྱིར། འོན་ཀྱང་ཤེས་རབ་དང་ལྡན་པ་རྣམས་ཀྱིས་དཔྱད་པར་མཛོད་ཅིག དེ་གསུམ་རྫས་ཐ་དད་ཡིན་ནོ་ཞེ་ན། མི་འཐད་པར་ཐལ། སྔར་བཀག་ཅིང་ད་རུང་ཡང་འགོག་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཆ་ཤས་མེད་པའི་རྫས་གཅིག་པའི་ཕྱོགས་འགག་པ་དང་། ཆ་ཤས་མེད་པའི་རྫས་ཐ་དད་པའི་ཕྱོགས་དགག་པའོ། །དང་པོ་ནི། ཨུཏྤལ་སྔོན་པོ་བརྗོད་པའི་སྒྲ་དེ་གཞི་མཐུན་བརྗོད་པའི་སྒྲ་མ་ཡིན་པར་ཐལ། སྔོན་པོའི་སྒྲས་ཡོན་ཏན་དོན་གཞན་དང་། ཨུཏྤལའི་སྒྲས་སྤྱི་དོན་གཞན་ཁོ་ན་བརྗོད་ཀྱི་སྒྲ་དེ་གཉིས་ཀྱིས་ཚོགས་པ་བརྗོད་པ་མི་སྲིད་པའི་ཕྱིར། ཁྱབ་སྟེ། རྗོད་བྱེད་ཀྱི་སྒྲ་དག་ཡིན་ན་རང་གི་བརྗོད་བྱའི་དོན་སྤང་བ་མ་ཡིན་པས་ཁྱབ་པའི་ཕྱིར། གལ་ཏེ་སྔོན་པོའི་སྒྲས་རིགས་དོན་གཞན་ཁོ་ན་དོན་དམ་པར་བརྗོད་པས་སྐྱོན་མེད་ཅེ་ན། དེ་ལྟར་རིགས་པ་མ་ཡིན་པར་ཐལ། དེ་ལ་སྔར་ནས་ཉེས་པ་བརྗོད་ཟིན་པའི་ཕྱིར། གལ་ཏེ་སྔོན་པོའི་སྒྲས་ཨུཏྤལ་མ་ཡིན་པ་སེལ་བར་བྱེད་པའི་ཕྱིར། སྐྱོན་མེད་ཞེ་ན། སྔོན་པོའི་སྒྲས་གཞན་ཨུཏྤལ་མ་ཡིན་པ་སེལ་བ་མིན་པར་ཐལ། སྔོན་པོ་ཞེས་བརྗོད་པའི་ཚེ་གང་ལ་ཟེར་སྙམ་དུ་ཐེ་ཚོམ་ཟ་བའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གལ་ཏེ་ཡ་གྱལ་གཉིས་དང་ཚོགས་པ་བརྗོད་པའི་སྒྲ་གསུམ་གྱིས་ཆ་ཤས་མེད་པའི་དོན་གཅིག་ཁོ་ན་བརྗོད་པའི་ཕྱིར་སྐྱོན་མེད་ཅེ་ན། འོ་ན་སྒྲ་དེ་གསུམ་སྒྲ་རྣམ་གྲངས་བར་འགྱུར་བར་ཐལ། སྒྲ་དེ་གསུམ་ཆ་ཤས་མེད་པའི་དོན་གཅིག་ཁོ་ན་བརྗོད་པའི་སྒྲ་རྫས་ཐ་དད་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། ཆ་ཤས་མེད་པའི་དོན་གཅིག་ཁོ་ན་བརྗོད་པའི་སྒྲ་རྫས་ཐ་དད་ཡིན་ན་དོན་ལ་སྒྲ་རྣམ་གྲངས་པར་འགྱུར་བར་ཁས་བླངས་པའི་ཕྱིར། འདོད་ན་མི་འཐད་པར་ཐལ། ཨུཏྤལའི་སྒྲས་ཀྱང་སྔོན་པོ་མི་བརྗོད། སྔོན་པོའི་སྒྲས་ཀྱང་ཨུཏྤལ་མི་བརྗོད་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། གཞི་མཐུན་མི་འཐད་པ་དང་། ཡོན་ཏན་དང་རིགས་དོན་གཞན་དོན་གཅིག་ལ་འདུ་བ་མི་འཐད་པ་དང་། དེ་ལ་གནོད་བྱེད་གཞན་བརྗོད་པའོ། །དང་པོ་ནི། གལ་ཏེ་སྔོན་པོ་དང་། ཨུཏྤལ་གཉིས་རྫས་ཐ་དད་ཡིན་ནོ་ཞེ་ན། སྔོན་པོ་དང་ཨུཏྤལ་གཉིས་ཀ་ཆོས་ཅན། བྱ་བྱེད་གཞི་མཐུན་མེད་པར་ཐལ། ཐ་དད་ན་ཡང་སྟེ། རྫས་ཐ་དད་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། གལ་ཏེ་དོན་གྱི་རྫས་ཏེ་ཨུཏྤལའི་རིགས་དང་། སྔོན་པོའི་ཡོན་ཏན་དག་དོན་རྫས་གཅིག་ལ་གཞི་མཐུན་པ་ལས་འཕྲོད་པ་འདུ་བའི་ཚུལ་གྱིས་འཇུག་གོ་ཞེ་ན། གཉིས་པ་ནི། ཨུཏྤལའི་རྫས་ལ་སྤྱི་དང་བྱེ་བྲག་གཉིས་གཞི་མཐུན་དུ་ཡོད་པ་མ་ཡིན་པར་ཐལ། རྫས་དང་རིགས་དང་ཡོན་ཏན་གསུམ་རྫས་ཐ་དད་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། རིགས་དང་ཡོན་ཏན་དེ་དང་ལྡན་པ་གཉིས་ཀྱང་གཞི་མཐུན་དུ་ཡོད་པ་མ་ཡིན་པར་ཐལ། དེ་གཉིས་རྫས་ཐ་དད་ཡིན་པའི་ཕྱིར་རོ། །གསུམ་ཆར་རོ། །གལ་ཏེ་སྔོན་པོ་དང་ཨུཏྤལའི་སྒྲ་གཉིས་ཀྱིས་ཨུཏྤལ་སྔོན་པོ་སྒྲུབ་པ་རང་དབང་བའི་ཚུལ་གྱིས་བརྗོད་པ་ཡིན་པའི་ཕྱིར་སྐྱོན་མེད་ཅེ་ན། སྔར་ཉེས་པ་བརྗོད་པ་དེ་བཞིན་དུ་དེ་ཡང་མི་འཐད་པར་ཐལ། ཨུཏྤལ་ཞེས་པའི་སྒྲས་རིགས་དོན་གཞན་དང་ནི་སྔོན་པོ་ཞེས་བརྗོད་པའི་སྒྲས་ཡོན་ཏན་དོན་གཞན་ཙམ་ཞིག་བརྗོད་པར་འགྱུར་བའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གསུམ་པ་ལ་གཉིས་ཏེ། སྔོན་པོ་དང་ཨུཏྤལ་ཡང་རྫས་གཅིག་དང་རྫས་ཐ་དད་ཀྱི་ཉེས་པ་མཚུངས་པ་དང་། དེའི་ལན་དགག་པའོ། །དང་པོ་ནི། གལ་ཏེ་རིགས་དང་ཡོན་ཏན་གྱི་སྒྲས་རིགས་དང་ཡོན་ཏན་དེ་དང་ལྡན་པ་སྒྲུབ་པ་རང་དབང་བའི་ཚུལ་གྱིས་བརྗོད་པའི་ཕྱིར་ཉེས་པ་མེད་དོ་ཅེ་ན། རིགས་དང་ཡོན་ཏན་གྱི་སྒྲས་གཞི་མཐུན་དང་དོན་ཕན་ཚུན་རྫོགས་པར་བརྗོད་པ་མི་འཐད་པར་ཐལ། རིགས་དང་ཡོན་ཏན་དེ་དང་ལྡན་པ་སྒྲུབ་པ་རང་དབང་བའི་ཚུལ་གྱིས་བརྗོད་པ་ཉིད་ལ་ནི་རིགས་དང་ཡོན་ཏན་གཉིས་མཚུངས་པ་སྟེ་རྫས་གཅིག་དང་། མི་མཚུངས་པ་སྟེ་རྫས་ཐ་དད་བརྟགས་ནའང་གཞི་མཐུན་དང་དོན་ཕན་ཚུན་རྫོགས་པ་མི་སྲིད་པའི་ཉེས་པར་ཐལ་བར་འགྱུར་བའི་ཕྱིར་རོ། གཉིས་པ་ལ་གསུམ་སྟེ། འདོད་པ་བརྗོད། དེ་དགག དེ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། གལ་ཏེ་དེ་གཉིས་གཞི་མཐུན་དུ་མཚུངས་པའི་ཕྱིར། གཞི་མཐུན་མི་སྲིད་པའི་ཉེས་པ་བརྗོད་པར་བྱེད་པ་འཇུག་པར་མི་འདོད་ཅེ་ན། འགྲེལ་བཤད་ཀྱི་འགྱུར་ལྟར་ན། གཞི་ཐ་དད་པ་འགོག་པར་མི་བྱེད་ཀྱི། གཞི་ཐ་མི་དད་པ་སྒྲུབ་པར་བྱེད་ཅེས་བཤད་དོ། །གཉིས་པ་ནི། སྔོན་པོ་མ་ཡིན་པ་དང་ཨུཏྤལ་མ་ཡིན་པ་ལས་ལྡོག་པ་གཉིས་དང་ལྡན་པའི་སྒོ་ནས་གཞི་མཐུན་དུ་འགྱུར་བ་མི་སྲིད་པར་འབྲེལ་མེད་རྫས་ཐ་དད་གཉིས་དོན་གཅིག་ལ་འདུ་བས་གཞི་མཐུན་གྱི་མཚན་ཉིད་རྫོགས་པ་མ་ཡིན་པར་ཐལ། དེ་ལྟར་ཡིན་ན་བ་བླང་དང་རྟ་ལ་སོགས་པ་ལའང་གཞི་མཐུན་དང་དེ་གཉིས་བརྗོད་པའི་སྒྲ་གཞི་མཐུན་བརྗོད་པར་མཚུངས་པར་འགྱུར་དགོས་པ་ལས་དེར་མི་འགྱུར་བའི་ཕྱིར། གསུམ་པ་དེ་ལ་རྩོད་པ་སྤང་པ་ལ་གཉིས་ཏེ། རྩོད་པ་དང་། དེ་དགག་པའོ། །དང་པོ་ནི། མི་མཚུངས་ཏེ། བ་གླང་དང་རྟ་ལ་དབྱིབས་མི་འདྲ་བའི་ཁྱད་པར་གྱིས་སྤྱི་མི་འདྲ་བ་གསལ་བར་བྱེད་པས། གཞི་མཐུན་དུ་མི་འགྱུར་བའི་ཕྱིར་དང་། ཨུཏྤལ་སྔོན་པོ་དེ་ལྟ་བུས་བྱེ་བྲག་ཏུ་མ་བྱས་ཤིང་རྟེན་གཅིག་ལ་འབྲེལ་མེད་རྫས་ཐ་དད་པའི་ཆོས་གཉིས་འཕྲོད་པ་འདུས་བས་གཞི་མཐུན་དུ་འགྱུར་བའི་ཕྱིར་ཞེ་ན། གཉིས་པ་ལ་གསུམ་སྟེ། དགག་པ་དངོས། ཡོན་ཏན་དང་རྫས་སྤྱི་གསལ་བྱེད་དུ་མི་འགྱུར་བ་དང་། གསལ་བྱ་གསལ་བྱེད་ཕན་ཚུན་བརྟེན་པར་ཐལ་བའོ། །དང་པོ་ནི། གསེར་བུམ་གཅིག་ལ་ཡང་དབྱིབས་མི་འདྲ་བ་དུ་མར་བྱས་པ་འདུས་ཤིང་འདྲེས་པར་འགྱུར་བར་ཐལ། གསེར་བུམ་ཉིད་དང་། ཡོད་པ་ཉིད་དང་། རྫས་ཉིད་ལ་སོགས་པའི་སྤྱི་མི་འདྲ་བ་དུ་མའི་གསལ་བྱེད་ཡིན་པའི་ཕྱིར། རྟགས་ཁྱབ་ཁས་བླངས་སོ། །འདོད་ན་མི་འཐད་ཏེ། སྣང་རུང་མ་དམིགས་པས་ཁེགས་པའི་ཕྱིར། དཔང་འགྱུར་ལ་ནི། རྣམ་པ་དུ་མ་འདྲེས་པར་འགྱུར་ཞེས་འབྱུང་ངོ་། གཞན་ཡང་། བ་གླང་དང་། རྟའི་དབྱིབས་མཚུངས་པ་དང་། དབྱིབས་མི་མཚུངས་པ་གཉིས་ཀར་འགྱུར་བར་ཐལ། དེ་གཉིས་ཡོད་པ་ཉིད་ལ་སོགས་པ་སྤྱི་འདྲ་བའི་གསལ་བྱེད་དང་བ་གླང་དང་རྟ་ཉིད་ཀྱི་སྤྱི་མི་འདྲ་བ་དུ་མའི་གསལ་བྱེད་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གཞི་མཐུན་དུ་འདོད་པ་ཨུཏྤལ་སྔོན་པོ་ལའང་གཞི་མཐུན་མེད་པར་ཐལ། སྔོན་པོ་ཉིད་དང་ཨུཏྤལ་ཉིད་ལ་སོགས་པའི་སྤྱི་མི་འདྲ་བ་དུ་མའི་གསལ་བྱེད་ཡིན་པའི་ཕྱིར། གསུམ་ཆར་རོ། །གཉིས་པ་ནི། ཡོན་ཏན་དང་རྫས་དག་སྤྱིའི་གསལ་བྱེད་དུ་མི་འགྱུར་བར་ཐལ། དབྱིབས་ཁོ་ན་སྤྱིའི་གསལ་བྱེད་ཡིན་པའི་ཕྱིར། གསུམ་ཆར་རོ། །གལ་ཏེ་བ་གླང་དང་རྟ་ཞེས་པའི་སྒྲ་དག་ནི་ཆ་ཤས་མེད་པའི་སྤྱི་རྫས་ཐ་དད་པའི་དབང་གིས་འཇུག་པ་ཡིན་པའི་ཕྱིར། དེ་གཉིས་སྤྱི་མི་འདྲ་བའི་གསལ་བྱེད་ཡིན་ནོ་ཞེ་ན། སྒྲ་གཉིས་པོ་འདི་ལ་ཆ་ཤས་མེད་པའི་སྤྱི་རྫས་ཐ་དད་པའི་དབང་གིས་འཇུག་པ་ཅི་ཞིག་བརྗོད་པར་བྱ་བ་མི་འཐད་པར་ཐལ། སྒྲ་དེ་གཉིས་འདོད་པ་རང་དགའ་བའི་དབང་གིས་རང་གི་བརྗོད་བྱའི་རྗོད་བྱེད་དུ་འཇུག་པའི་ཕྱིར་རོ། །དོན་འདི་ནི། འགྲེལ་པར་འདི་ལ་ཅི་ཞིག་ཅེས་བརྗོད་པར་བྱའོ་ཞེས་སྣང་ལ། འགྲེལ་བཤད་ཀྱི་འགྱུར་ལྟར་ན་ནི། ཁྱད་པར་ཅི་ཞིག་བརྗོད་པ་ཡིན་ཞེས་འབྱུང་ངོ་། ད་ལྟའི་ཊཱིཀ་བྱེད་པ་རྣམས་ཀྱིས་ནི་གཞུང་འདི་བསྒྱུར་ནས་འདུག་གོ །གལ་ཏེ་སྤྱི་དང་གཞི་མཐུན་རྗོད་བྱེད་ཐ་དད་པ་ལས་ཐ་དད་ཡིན་གྱི་དངོས་པོ་རང་གི་ངོ་བོའི་སྒོ་ནས་ཐ་དད་པ་མ་ཡིན་ནོ་ཞེ་ན། ངེད་ཀྱི་ལུགས་འཐད་སྲིད་ཀྱང་ཁྱོད་ཀྱི་ལུགས་ལ་མི་འཐད་པར་ཐལ། ཁྱོད་ཀྱིས་སྤྱི་དང་གཞི་མཐུན་རྫས་ཐ་དད་དུ་ཁས་བླངས་པས་དེ་གཉིས་རང་ལས་ཐ་དད་པའི་ཁྱད་པར་མེད་པར་སྒྲ་ཙམ་ཐ་དད་པ་དེའི་རང་བཞིན་དུ་ཁས་ལེན་པ་མི་འཐད་པའི་ཕྱིར། གསུམ་པ་གསལ་བྱ་གསལ་བྱེད་ཕན་ཚུན་བརྟེན་པར་ཐལ་བ་ནི། བྱེ་བྲག་པ་རྣམས་ན་རེ། བྱེ་བྲག་དང་རྫས་རྣམས་ནི་སྤྱིའི་གསལ་བྱེད་ཡིན་ཏེ། མགོ་བོ་དང་། རྒྱབ་དང་། གསུས་པ་དང་ལག་པ་རྣམས་ནི། རང་རྟེན་ལུས་ཀྱི་དབྱིབས་ཀྱིས་གསལ་བར་བྱེད་པ་བཞིན་ནོ། །སྤྱི་ནི་ཆ་ཤས་མེད་པའི་རྟག་པའི་དངོས་པོ་ཡིན་ཞེས་ཟེར་རོ། །རྫས་དང་སྤྱི་གསལ་བྱེད་དང་གསལ་བར་བྱ་བ་ཐ་དད་ལ་རྟོགས་པ་ཕན་ཚུན་བརྟེན་པ་ཐོབ་པར་འགྱུར་བར་ཐལ། རྫས་ཀྱི་རང་བཞིན་ཅི་ཞེ་ན་སྤྱིའི་གསལ་བྱེད་དོ་ཞེས་དང་སྤྱིའི་རང་བཞིན་ཇི་ལྟར་ཞེ་ན་རྫས་ཀྱི་གསལ་བྱའོ། །ཞེས་སྟོན་དགོས་པ་བཞིན་དུ་སྤྱི་ཆ་ཤས་མེད་པའི་རྟག་པའི་དངོས་པོ་ཡིན་པའི་ཕྱིར། གསུམ་ཆར་རོ། །ཡང་སྤྱི་ཆོས་ཅན། རང་བཞིན་དུ་མ་ཅན་དུ་ཐལ། གཅིག་གི་རང་བཞིན་དུ་ཁས་བླངས་ཀྱང་ཕན་ཚུན་གསལ་བ་མང་པོར་འགྱུར་ཞེས་པ་སྟེ། རང་གི་གསལ་བ་དུ་མ་དང་འབྲེལ་བའི་ཕྱིར་དང་། རང་གསལ་བ་དུ་མས་གསལ་དགོས་པའི་ཕྱིར་རོ། །ཡང་། བུམ་པ་ཆོས་ཅན། དུ་མ་ཅན་དུ་ཐལ། སྤྱི་དུ་མའི་གསལ་བྱེད་ཡིན་པའི་ཕྱིར། རྟགས་བསལ་ཁས་བླངས་སོ། །དུ་མར་ཐལ། དུ་མས་གསལ་དགོས་པ་ཡིན་པའི་ཕྱིར་དང་། དེའི་གསལ་བྱེད་ཡིན་པའི་ཕྱིར་ཞེས་འགོད་པ་ནི་མི་འཐད་དེ། ཁྱབ་པ་མ་ངེས་པའི་ཕྱིར་རོ། །གཉིས་པ་དོན་བསྡུས་པ་ནི། ཡང་བརྗོད་པ་ཞེས་པ་ནི་འགྲེལ་ཚིག་གོ །རྫས་གཅིག་དང་ཡོད་པ་ཉིད་ཀྱི་སྤྱི་ཡང་ཆོས་ཅན། དུ་མ་ཅན་ཉིད་དུ་ཐལ་བར་འགྱུར་བར་ཐལ། གསལ་བ་མང་པོ་དང་འབྲེལ་བའི་ཕྱིར། མ་གྲུབ་ན་ཁས་བླངས་མེད་ཁས་བླངས་གསལ་བར་སྟོན་པ་ནི། སྤྱི་དེ་གསལ་བ་དུ་མ་དང་འབྲེལ་བར་ཐལ། མི་ལ་སོགས་པའི་ཡོན་ཏན་ཏེ་ཁྱད་པར་གྱི་ཆོས་དུ་མ་དང་ནུས་པ་རྫས་ཐ་དད་དུ་མ་ཡོད་པའི་དབང་གིས་རྗོད་བྱེད་ཀྱི་དབྱེ་བས་རང་ལ་འཕྲོད་འདུ་འབྲེལ་བའི་སྤྱི་དུ་མའི་གསལ་བྱེད་ཡིན་པས་ཐ་དད་དུ་རབ་ཏུ་བརྟགས་ཤིང་བཞག་པའི་ཕྱིར། ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་གཉིས་ཏེ། རང་གཞན་ལ་ཁྱད་གཞི་ཁྱད་ཆོས་དང་གཞི་མཐུན་འཐད་མི་འཐད་ཀྱི་ཁྱད་པར་དང་། སྤྱི་སྒྲས་ཁྱད་པར་མི་སྤོང་བའི་རྒྱུ་མཚན་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས་ཏེ། གཞན་གྱི་ལུགས་ལ་མི་འཐད་པ་དང་། རང་གི་ལུགས་ལ་འཐད་པའོ། །དང་པོ་ནི། མུ་སྟེགས་པའི་ལུགས་ལ་ཨུཏྤལ་སྔོན་པོ་ཞེས་སྔོན་པོ་དེ་ཨུཏྤལ་ལས་ཁྱད་པར་དུ་བྱས་ནས་སྟོན་པའི་ཁྱད་པར་བྱེད་ཆོས་དང་ཁྱད་པར་དུ་བྱ་བ་ཉིད་མི་འཐད་པར་ཐལ། རྗོད་བྱེད་ཀྱི་སྒྲ་ཡིན་ན་རྟག་པའི་དངོས་པོའི་དབང་གིས་འཇུག་པར་ཁས་བླངས་གང་ཞིག་དེ་རྟག་པའི་དངོས་པོའི་དབང་གིས་རང་དབང་དུ་འཇུག་པ་མིན་པར་སྔར། རང་དབང་མེད་ཕྱིར་དེ་ལྡན་མིན། །ཞེས་པར་བརྗོད་ཟིན་པའི་ཕྱིར། གཉིས་པ་ནི། རྗོད་བྱེད་ཀྱི་སྒྲ་སེལ་འཇུག་ལས་གཞན་སྒྲུབ་འཇུག་ཉིད་དུ་འཐད་པ་མིན་པར་ཐལ། དེ་ལ་སྒྲོ་འདོགས་ཐམས་ཅད་ཅིག་ཅར་དུ་ཆོད་པའམ་ཡང་ན་ཅུང་ཟད་ཀྱང་མི་ཆོད་པར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར། ངོ་བོ་གཅིག་ཅིང་ལྡོག་པ་གཉིས་ཚོགས་པའི་གཞི་མཐུན་འཐད་དེ། ཤིང་ཞེས་པའི་སྤྱི་སྒྲ་དང་ནི་ཤ་པ་སོགས་ཤིང་གསལ་ཐ་དད་བརྗོད་པའི་སྒྲ་དང་ཤིང་དང་ལྗོན་པ་ཞེས་རྣམ་གྲངས་པའི་སྒྲ་རྣམས་རང་རྒྱུ་བརྗོད་འདོད་ཀྱིས་བསྐུལ་ཞིང་བཞག་པའི་ཐ་སྙད་ཀྱི་ཡན་ལག་ཡིན་ཅིང་དེ་སྤྱི་རྫས་གཞན་གྱིས་དབང་གིས་འཇུག་པ་མ་ཡིན་པའི་ཕྱིར། ཨུཏྤལ་སྔོན་པོ་ཞེས་པའི་ཚོགས་པ་བརྗོད་པ་ཡང་དེ་བཞིན་དུ་ལྡོག་པ་གཉིས་དང་ལྡན་པའི་གཞི་མཐུན་གྱི་དོན་གཞན་བརྗོད་པར་བྱེད་པའི་རྒྱུ་མཚན་ཡོད་དེ། འགལ་མེད་ཕྱིར་ན་སྟེ། སྔོན་པོ་ཞེས་པའི་སྒྲ་དང་། ཨུཏྤལ་ཞེས་པའི་སྒྲ་གཉིས་ཀྱིས་སོ་སོའི་བརྗོད་བྱ་རང་རང་གི་བརྗོད་བྱར་མི་སྤོང་ཞིང་མི་བསྒྲུབ་པར་ཆོས་ཅན་མེ་ཏོག་གཅིག་ལ་གཞི་མཐུན་དུ་འདུ་བར་རུང་བར་གནས་པ་དེ་ལྟར་བཤད་པའི་ཕྱིར། གཉིས་པ་སྤྱི་སྒྲས་ཁྱད་པར་མི་སྤོང་བའི་ཚུལ་བསྡུས་ཏེ་བསྟན་པ་ལ་གསུམ་སྟེ། སྤྱི་སྒྲས་ཁྱད་པར་མི་སྤོང་བའི་ཚུལ་དང་། དེ་ལ་རྩོད་པ་སྤང་བ་དང་། སྤྱི་དང་ཁྱད་པར་ཁྱད་གཞི་ཁྱད་ཆོས་སུ་འགྱུར་བའི་དོགས་པ་གཅོད་ཚུལ་མི་མཚུངས་པའོ། །དང་པོ་ནི། ཡང་བརྗོད་པ་ཞེས་པ་ནི་འགྲེལ་ཚིག་གོ །གལ་ཏེ་སྤྱི་སྒྲས་ཁྱད་པར་བརྗོད་བྱར་སྤོང་བས་མི་སྤོང་བ་མ་གྲུབ་བོ་ཞེ་ན། ཤིང་ཞེས་པའི་སྤྱི་སྒྲ་ཡིས་ཤིང་རང་དང་ཐ་དད་པའི་ཤིང་གསལ་རང་གི་བརྗོད་བྱར་སྤངས་པ་མ་ཡིན་པར་ཐལ། ཤིང་ཡོད་དོ་ཞེས་བརྗོད་པ་ན་སྣམ་བུ་སོགས་ཀྱི་ཁྱད་པར་ལ་དོགས་པ་མི་སྐྱེ་བར་ཤ་པའམ་འོན་ཏེ་གཞན་ཡིན་སྙམ་དུ་ཤིང་གི་ཁྱད་པར་དེ་ཙམ་ཤེས་པར་འདོད་པའི་ཕྱིར་རོ། །ཁྱད་པར་བརྗོད་པའི་སྒྲ་ལའང་སྦྱར་བར་བྱའོ། །ཤིང་དང་ཤ་པ་གཉིས་ངོ་བོ་གཅིག་ཀྱང་གཞི་མཐུན་དུ་འཐད་པར་ཐལ། ཤ་པས་ཁྱད་པར་དུ་བྱས་ནས་མ་བཟུང་ན་ནི་ཤིང་ཞེས་པའི་སྒྲ་འདི་དག་ཤིང་གི་ཁྱད་པར་གྱི་དོན་གཅིག་ལ་རང་འབྲས་ཐེ་ཚོམ་བསྐྱེད་པར་མཚུངས་ཤིང་ཁྱད་པར་དུ་བྱས་ན་ནི་ཤ་པའི་དོན་གཅིག་ལ་གཞི་མཐུན་དུ་འགྱུར་བའི་ཕྱིར། གཉིས་པ་ནི། གལ་ཏེ་སྤྱི་སྒྲས་ཁྱད་པར་རང་གི་བརྗོད་བྱར་མི་སྤང་ན་ཁྱད་པར་གྱི་སྒྲས་ཀྱང་སྤྱི་རང་གི་བརྗོད་བྱར་མི་སྤོང་བར་འགྱུར་རོ་ཞེ་ན། ཤ་པ་ལ་སོགས་པའི་ཤིང་གསལ་རྣམས་ལ་ཡོད་པ་དང་། ཤིང་ལ་སོགས་པའི་སྤྱི་དུ་མ་ཡོད་པ་ཡིན་དུ་ཟིན་ཀྱང་ཐ་དད་པའི་ཤིང་གསལ་རྣམས་ཀྱི་སྒྲས་སྤྱི་རང་གི་བརྗོད་བྱར་ཁས་ལེན་པ་སྟེ་རང་གི་བརྗོད་བྱར་མི་སྤོང་བར་ཐལ། ཤ་པ་ནི་ཤིང་ལ་རིགས་དང་རིགས་ཅན་གྱི་ཚུལ་གྱིས་མི་འཁྲུལ་བའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གསུམ་པ་ནི། ཤིང་དང་ཤ་པ་གཉིས་ཀྱང་དོགས་པ་སྐྱེ་ཚུལ་དང་དོགས་པ་གཅོད་ཚུལ་མཚུངས་སོ་ཞེ་ན། སྤྱི་དང་གསལ་བའི་ཁྱད་པར་བྱེད་ཆོས་དང་ཁྱད་པར་དུ་བྱ་བ་དེ་དག་ཉིད་ཀྱིས་དོགས་པ་སྐྱེ་ཚུལ་དང་དོགས་པ་གཅོད་ཚུལ་མཚུངས་པ་མིན་པར་ཐལ། ཤིང་ཡོད་དོ་ཞེས་བརྗོད་པ་ན་གང་སྙམ་དུ་ཐེ་ཚོམ་སྐྱེ་ཞིང་ཤིང་ཤ་པའོ་ཞེས་ཤ་པས་ཁྱད་པར་དུ་བྱས་ནས་བརྗོད་པ་ན་དོགས་པ་གཅོད་ཅིང་ཤིང་ཤ་པ་ཡོད་དོ་ཞེས་བརྗོད་པ་ན་ཤིང་ཡོད་མེད་ཐེ་ཚོམ་མི་སྐྱེ་བས་ཤིང་གིས་ཁྱད་པར་དུ་བྱས་ནས་བསྟན་མི་དགོས་པའི་ཕྱིར། འཁོར་གསུམ་ཁས་བླངས་སོ། ཁྱབ་པ་ཚད་གྲུབ་ཏུ་བྱས་ན་ཤིང་ཡོད་ཅེས་བརྗོད་པ་ན་གང་སྙམ་དུ་དོགས་པ་སྐྱེ་ཞིང་ཞེས་པ་སོགས་སྒྲུབ་བྱེད་བཀོད་པ་ལྟར་ཤ་པ་ལ་ཡང་མཚུངས་པར་མཐོང་སྟེ། ཤ་པ་ཞེས་བརྗོད་པ་ནའང་གང་སྙམ་དུ་དོགས་པ་སྐྱེ་ཞིང་ཤར་ཕྱོགས་ཀྱི་ཤ་པའོ་ཞེས་ཤར་ཕྱོགས་ཀྱིས་ཁྱད་པར་དུ་བྱས་ནས་བརྗོད་པ་ན་དོགས་པ་གཅོད་ཅིང་། ཤར་ཕྱོགས་ཀྱི་ཤ་པ་ཡོད་དོ་ཞེས་བརྗོད་པ་ན་ཤ་པ་ཡོད་མེད་ཐེ་ཚོམ་མི་སྐྱེ་བས། ཤར་ཕྱོགས་ཀྱིས་ཁྱད་པར་དུ་བྱས་ནས་བསྟན་མི་དགོས་པའི་ཕྱིར་ཞེས་བརྗོད་ན་མཚུངས་པར་མཐོང་ངོ་། གཞི་མཐུན་དང་ཁྱད་གཞི་ཁྱད་ཆོས་གཞན་སེལ་སྨྲ་བ་ལ་འཐད་ཅིང་། བྱེ་བྲག་པའི་ལུགས་ལ་མི་འཐད་པས་བསྡུས་ཏེ་བསྟན་པ་ཡིན་ནོ། ཞེས་བྱ་བ་བསྡུ་བའི་ཚིགས་སུ་དག་གོ །གཉིས་པ་ལ་བཞི་སྟེ། རྗོད་བྱེད་ཀྱི་སྒྲའི་དོན་ཀྱི་ཁྱད་པར་གྱི་འཇུག་ཚུལ་བཤད་པ་དང་། རྗོད་བྱེད་ཀྱི་སྒྲའི་སེལ་འཇུག་བཤད་པ་དང་། སྒྲ་རྟོག་རིམ་ཅན་དུ་འཇུག་པའི་སྒྲའི་འཇུག་ཚུལ་བསྡུས་ཏེ་བསྟན་པ་དང་། འཇུག་ཚུལ་ལ་མ་ཁྱབ་པ་སྤང་བའོ། །དང་པོ་ལ་གསུམ་སྟེ། སྤྱི་དང་ཁྱད་པར་རྣམ་བཅད་གཅོད་ཚུལ་དང་། གཞི་མཐུན་བརྗོད་པའི་སྒྲས་ཁྱད་པར་བརྗོད་བྱར་མི་སྤང་བའི་རྒྱུ་མཚན་དང་། རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ཏེ། རིགས་མཐུན་གྱི་ཁྱད་པར་གྱི་སྒྲས་རིགས་མཐུན་གཞན་སེལ་བ་དང་། རིགས་མི་མཐུན་གྱི་ཁྱད་པར་དངོས་སུ་མི་སེལ་བའི་ཚུལ་ལོ། དང་པོ་ནི། གལ་ཏེ་རྒྱུ་མཚན་གང་གིས་རྗོད་བྱེད་ཐ་དད་པ་རྣམས་ཀྱིས་སྒྲའི་དོན་གཞན་སེལ་བར་བྱེད་པ་ཡིན་ཞེ་ན། ཐ་དད་པའི་ཤིང་གསལ་སེང་ལྡེང་མ་ཡིན་པའི་ཤ་པ་ཞེས་བརྗོད་པའི་སྒྲ་ཆོས་ཅན། སེང་ལྡེང་རང་གི་ཚིག་ཟིན་གྱི་བརྗོད་བྱ་ཡིན་པ་སེལ་བར་བྱེད་ཅེས་པའི་རྒྱུ་མཚན་ཡོད་དོ། །ཤ་པ་དང་སེང་ལྡེང་ཤིང་ལ་ལྟོས་པའི་རིགས་མཐུན་ཡིན་ཡང་ཤ་པ་དང་སེང་ལྡེང་ལ་སོགས་པའི་ཤིང་གསལ་ཐ་དད་གཞན་རྣམས་འགལ་བས་དེ་ལྟར་བཤད་པའི་ཕྱིར། རིགས་པ་མི་ཤེས་པའི་བླུན་པོ་དག་འདིར་ཤིང་གསལ་རྣམས་འགལ་བའི་ཕྱིར་ཞེས་པའི་རྟགས་ཚད་གྲུབ་དུ་བྱས་ནས་ཚད་མ་རིགས་པའི་གཏེར་གྱི་དགོངས་པ་དང་འདི་གཉིས་དགོངས་པ་གཅིག་ཏུ་འཆད་པ་དང་། རིགས་པའི་གཏེར་གྱི་དགོངས་པར་མེ་དུ་དང་། ཤ་པ་དང་སེང་ལྡེང་ལ་སོགས་པ་མི་གསལ་བ་ཡིན་ནོ་ཞེས་སྨྲ་བ་ནི་ངོ་ཚ་བ་དང་ཁྲེལ་མེད་པའི་སྤྱི་ཉིད་གཟུང་ནས་བསྟན་པའི་ཞབས་འདྲེན་བསྒྲུབས་པ་ཡིན་ནོ། །གཉིས་པ་ནི། གལ་ཏེ་སེང་ལྡེང་ལ་སོགས་པ་ཤིང་ཤ་པ་ཞེས་པའི་སྒྲས་སྤྱི་གཞན་པ་ལས་གྱུར་པའི་ཐ་དད་པའི་ཁྱད་པར་རྫ་བུམ་དང་། སྤྱི་བུམ་པ་ལས་གྱུར་པ་དག་ཀྱང་། རང་གི་བརྗོད་བྱར་དངོས་སུ་ཚིག་ཟིན་དུ་སེལ་བར་འགྱུར་ཏེ། མཚུངས་པའི་ཕྱིར་ཞེ་ན། གལ་ཏེ་སྤྱི་གཞན་པ་ལས་འགྱུར་བའི་ཁྱད་པར་རྫ་བུམ་ལ་སོགས་པའི་དོན་རྣམས་ཀྱི་ཁྱད་པར་རྫ་བུམ་རང་དང་སྤྱི་བུམ་པ་ལས་གྱུར་པ་དག་བརྗོད་བྱར་དངོས་སུ་མི་སེལ་ཡང་། སེང་ལྡེང་ལས་ལོག་པའི་ཤིང་ཤ་པ་ཞེས་བརྗོད་པའི་སྒྲས་དོན་གྱི་འགལ་བ་སེང་ལྡེང་རང་གི་དངོས་ཀྱི་ཚིག་ཟིན་གྱི་བརྗོད་བྱར་སེལ་བར་བྱེད་པ་ཡིན་ཏེ། ཤིང་གི་སྒྲས་ཤིང་མ་ཡིན་པ་རང་གི་བརྗོད་བྱ་ཡིན་པ་དངོས་སུ་བསལ་ཞིང་རང་གི་ཁྱད་པར་དུ་བྱས་ནས་ཤ་པ་དང་ལྷན་ཅིག་ཏུ་བརྗོད་པའི་ཕྱིར་རོ། །གལ་ཏེ་ཤིང་ཤ་པའི་སྒྲ་ཁོ་ནས་བུམ་པ་སོགས་དངོས་སུ་སེལ་བ་མ་ཡིན་ནམ་ཞེ་ན། བུམ་པ་དེ་ཤིང་ཤ་པ་ཞེས་པའི་སྒྲ་དེའི་དངོས་སུ་བསལ་བྱ་མིན་པར་ཐལ། དེ་ལྟར་ཡིན་ན་ཤིང་ཞེས་པའི་སྤྱི་སྒྲ་དང་ཤིང་ཤ་པ་ཞེས་པའི་སྒྲ་གཉིས་ནི་རྣམ་གཅོད་གཅོད་ཚུལ་མཚུངས་པར་འགྱུར་དགོས་ནའང་། དེ་མཚུངས་པ་ཉིད་མ་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །རྟགས་ཕྱི་མ་མ་གྲུབ་ན། ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་པ་ན། དེར་ཐལ། དེ་མཚུངས་ན་ཤིང་ཞེས་པའི་སྒྲ་དེ་ཡིས་པ་ལ་ཤ་ལ་སོགས་པའི་ཁྱད་པར་གཞན་རྣམས་ནི་སེལ་བར་འགྱུར་བ་མ་ཡིན་པ་དེ་བཞིན་དུ་ཤིང་ཤ་པའི་སྒྲས་ཀྱང་པ་ལ་ཤ་མི་སེལ་བར་འགྱུར་དགོས་ན་དེ་མི་འཐད་པའི་ཕྱིར། ཤིང་ཞེས་པའི་སྒྲ་དང་། ཤིང་ཤ་པ་ཞེས་པའི་སྒྲ་གཉིས་ལ་རྣམ་བཅད་མང་ཉུང་གི་ཁྱད་པར་ཡོད་དེ། ཤིང་ཞེས་པའི་སྒྲས་ཤིང་མ་ཡིན་སེལ། ཤིང་ཤ་པ་ཞེས་པའི་སྒྲས་ཤ་པ་མ་ཡིན་པ་དང་ཤུགས་པ་ལ་སོགས་པ་སེལ་བའི་ཕྱིར། ཞེས་འགྲེལ་པ་དང་འགྲེལ་བཤད་ཀྱི་རྗེས་སུ་འབྲང་ནས། ཐ་དད་གཞན་རྣམས་དང་། ཞེས་པ་ནས་འདིའི་བར་ཀུན་ལས་བཏུས་པའི་ཊཱིཀ་བྱེད་པ་རྣམས་འཆད་དོ། །འདི་རྣམས་ཁས་བླངས་ནང་འགལ་སྟོན་པའི་གཞུང་དུ་བྱས་ནས་དེ་ལྟར་བརྗོད་ན་འཐད་སྲིད་ཀྱང་རང་ལུགས་སུ་ཚད་གྲུབ་ཏུ་བྱེད་ན་འཐད་པར་མི་སེམས་ཏེ། རང་ཉིད་ལ་ཡང་མཚུངས་པར་མཐོང་བའི་ཕྱིར་ཏེ། འདི་ལྟར། ཤིང་ཤ་པ་ཞེས་པའི་སྒྲས་སྤྱི་གཞན་པ་ལས་འགྱུར་བའི་ཁྱད་པར་རྫ་བུམ་ཡང་སེལ་བར་ཐལ། དེ་འདྲའི་རྫ་བུམ་དང་ཤིང་ཤ་པ་ལ་སོགས་པའི་ཁྱད་པར་རྣམས་འགལ་བའི་ཕྱིར་ཞེས་བརྗོད་ན་འཁོར་གསུམ་ཁས་བླངས་སོ། །ཡང་པ་ལ་ཤ་དེ་ཤིང་ཤ་པ་ཞེས་པའི་སྒྲ་དེའི་དངོས་སུ་བསལ་བྱ་མ་ཡིན་པར་ཐལ། དེ་ལྟར་ཡིན་ན་ཤིང་ཤ་པ་ཞེས་པའི་སྤྱི་སྒྲ་དང་ཤིང་ཞེས་པའི་སྤྱི་སྒྲ་གཉིས་ནི་རྣམ་བཅད་གཅོད་ཚུལ་མཚུངས་དགོས་ན་དེ་མཚུངས་པ་ཉིད་མ་ཡིན་པའི་ཕྱིར། ཞེས་སོགས་འདོན་པ་བསྒྱུར་ན་མཚུངས་པའི་ཕྱིར་རོ། །གཞན་ཡང་ཤིང་ཞེས་པའི་སྒྲ་དང་ཤིང་ཤ་པ་ཞེས་པའི་སྒྲ་གཉིས་ལ་རྣམ་བཅད་མང་ཉུང་གི་ཁྱད་པར་ཡོད་པ་ནི་ཚངས་པ་དང་བརྒྱ་བྱིན་གྱིས་ཀྱང་མི་གྲུབ་སྟེ། རིགས་པའི་ལམ་ཐམས་ཅད་དུ་མཚུངས་པའི་ཕྱིར། གལ་ཏེ་མཚུངས་པ་མ་གྲུབ་སྟེ། ཤིང་སྒྲ་ལས་ཤིང་ཤ་པ་ཞེས་པའི་སྒྲ་རྣམ་བཅད་གཅོད་ཚུལ་མང་བའི་ཕྱིར་ཏེ། ཤིང་སྒྲས་པ་ལ་ཤ་དང་ཤུགས་པ་སོགས་མི་སེལ་ལ། ཤིང་ཤ་པ་ཞེས་པའི་སྒྲས་པ་ལ་ཤ་དང་ཤུགས་པ་སོགས་སེལ་བའི་ཕྱིར་ཞེ་ན། འོ་ན་ཤིང་ཤ་པ་ཞེས་པའི་སྒྲ་ལས་ཤིང་ཞེས་པའི་སྒྲ་རྣམ་བཅད་གཅོད་ཚུལ་མང་བར་ཐལ། ཤ་པའི་སྒྲས་ཡལ་ག་ལོ་འདབ་དང་ལྡན་པའི་ཁྱབ་བྱེད་མ་ཡིན་པ་དང་། ཤ་པའི་ཁྱབ་བྱེད་མ་ཡིན་པ་མི་སེལ་ལ། ཤིང་ཞེས་པའི་སྒྲས་དེ་གཉིས་སེལ་བའི་ཕྱིར་ཞེས་བརྗོད་ན་ཅི་ཟེར། རྟགས་སྔ་མ་མ་གྲུབ་བོ་ཞེ་ན། ཁྱོད་ཀྱི་རྟགས་སྔ་ཕྱིའང་མ་གྲུབ་ཅེས་བྱའོ། །དེར་ཐལ། ཤིང་དང་པ་ལ་ཤ་མི་འགལ་བའི་ཕྱིར། ཤ་པའི་སྒྲས་པ་ལ་ཤ་དང་ཤུགས་པ་ལ་སོགས་སེལ་བར་ཐལ། ཤ་པ་དེ་པ་ལ་ཤ་དང་། ཤུགས་པ་མ་ཡིན་པའི་ཕྱིར་ཞེ་ན། འོ་ན་ཤིང་ཅེས་པའི་སྒྲས་ཀྱང་ཡལ་ག་ལོ་འདབ་དང་ལྡན་པའི་ཁྱབ་བྱེད་མ་ཡིན་པ་དང་ཤ་པའི་ཁྱབ་བྱེད་མ་ཡིན་པ་སེལ་བར་ཐལ། ཤིང་དེ་ཡལ་ག་ལོ་འདབ་དང་ལྡན་པའི་ཁྱབ་བྱེད་མ་ཡིན་པ་དང་ཤ་པའི་ཁྱབ་བྱེད་མ་ཡིན་པ་མ་ཡིན་པའི་ཕྱིར་ཞེས་བརྗོད་ན་མི་མཚུངས་སམ། རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ། །དེས་ན་སྔར་བཤད་པའི་གཞུང་གི་དོན་ཡང་ཐལ་བའི་ངག་ཏུ་བྱས་ནས་སྒྲ་རྟོག་སྒྲུབ་པ་རྟག་དངོས་ཀྱི་དབང་གིས་འཇུག་པར་འདོད་པའི་མུ་སྟེགས་པ་ལ་ཁས་བླངས་ནང་འགལ་བརྗོད་པའི་རིགས་པར་ཤེས་པར་བྱའོ། །གཉིས་པ་གཞི་མཐུན་བརྗོད་པའི་སྒྲས་ཁྱད་པར་གྱི་ཆོས་བརྗོད་བྱར་མི་སྤོང་བའི་རྒྱུ་མཚན་ནི། གལ་ཏེ་ཁྱད་པར་གྱི་སྒྲས་ཁྱད་པར་གཞན་སེལ་བར་བྱེད་ན་མངར་བའི་སྒྲས་སྣུམ་པ་དང་ལྕི་བ་ཉིད་ལ་སོགས་པའང་སེལ་བར་འགྱུར་རོ་ཞེ་ན། སེང་ལྡེང་ལས་ལོག་པའི་ཤ་པའི་སྒྲས་སེང་ལྡེང་རང་གི་བརྗོད་བྱར་སེལ་ན་མངར་པོ་ཉིད་ཀྱི་སྒྲས་སྣུམ་པ་དང་ལྕི་བ་སེལ་བས་ཁྱབ་པ་མ་ཡིན་པར་ཐལ། ལྡོག་པ་ཐ་དད་པ་གང་ཞིག་གཞི་མཐུན་དུ་འགྱུར་བ་མངར་པོ་ཉིད་དང་སྣུམ་པ་དང་ལྕི་བ་དེ་གཞི་གཅིག་ལ་འདུ་བ་ཡིས་ཚོགས་པ་བརྗོད་པའི་སྒྲ་གཅིག་གི་བརྗོད་བྱར་མི་འགལ་བར་བྱས་པ་ཡིན་པའི་ཕྱིར་དང་། སེང་ལྡེང་ལས་ལོག་པའི་ཤ་པ་ཞེས་བརྗོད་པའི་སྒྲས་སེང་ལྡེང་བརྗོད་བྱར་སྤོང་བའི་ཕྱིར་རོ། །རྟགས་སྔ་མ་མ་གྲུབ་ན། དེར་ཐལ། མངར་བའི་ཡོན་ཏན་དང་ནི་ཡོན་ཏན་ཅན་གཞན་སྣུམ་པ་དེ་ཁ་ཟས་ཀྱི་རྫས་གཅིག་ལ་གཞི་མཐུན་དུ་འདུ་ཞིང་དེ་ལ་གཞི་མཐུན་བརྗོད་པའི་སྒྲ་འཇུག་པའི་ཕྱིར། གསུམ་ཆར་རོ། །གཞན་ཡང་རྟགས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མ་མཐོང་ན་དེ་དེ་ལ་མེད་པས་ཁྱབ་ན། ཤིང་ཤ་པའི་སྒྲས་པ་ལ་ཤ་བརྗོད་པ་སེལ་བ་ཡིན་པར་ཐལ། དེ་དེ་ལ་སྦྱོར་བ་མ་མཐོང་བའི་ཕྱིར། གསུམ་ཆར་ཁས་བླངས་སོ། །ཡང་ནི་སྔ་མར་མ་ཟད་ཅེས་པའོ། །འགྲེལ་པ་དང་འགྲེལ་བཤད་རྗེས་འབྲང་དང་བཅས་པ་དག་ནི་འདི་ལྟར་འཆད་དེ། ཤིང་ཤ་པའི་སྒྲས་པ་ལ་ཤ་ལ་སོགས་པ་སེལ་བའི་རྒྱུ་མཚན་གཞན་ཡོད་དེ། བྱས་པ་རྟག་པ་ལ་མ་མཐོང་བས་སྒྲ་ལ་རྟག་པ་སེལ་བ་བཞིན་དུ་དེ་ལ་སྦྱོར་བ་མ་མཐོང་བའི་ཕྱིར་ཡང་དེ་བརྗོད་པ་སེལ་བ་ཡིན་པའི་ཕྱིར་ཞེས་པའོ། །དེ་ནི་འཐད་པར་མི་སེམས་ཏེ། གཞན་དུ་ཤེས་པར་བྱའོ། །གསུམ་པ་རྩོད་པ་སྤང་པ་ལ་གསུམ་སྟེ། རྩོད་པ་དང་། ལན་དང་། དེ་ལ་རྩོད་པ་སྤང་པའོ། །དང་པོ་ནི། སྤྱི་སྒྲས་ཁྱད་པར་རྣམས་སེལ་བར་འགྱུར་ཏེ། རང་གི་གསལ་བ་ཐ་དད་ལ་སྤྱི་སྒྲ་འཇུག་པ་མ་མཐོང་བའི་ཕྱིར་ཞེ་ན། གཉིས་པ་ནི། ཁྱབ་པ་ཁྱོད་ཀྱིས་ཁས་བླངས་པ་ཡིན་གྱི་ཁོ་བོ་ཅག་གིས་ཁྱབ་པ་ཁས་བླངས་པ་མེད་པས་ཁྱབ་པ་མེད་པའི་ལན་བཏབ་ཀྱང་དངོས་ལན་ཡིན་མོད་འོན་ཀྱང་རྟགས་མ་གྲུབ་པའི་ལན་འདེབས་ན། སྤྱི་སྒྲ་ཁྱད་པར་ལ་འཇུག་པ་ཚད་མས་མ་དམིགས་པ་མ་ཡིན་པར་ཐལ། ཤིང་ཞེས་པའི་སྒྲ་སྐབས་དང་ཤུགས་པ་ལ་སོགས་པའི་དབང་གིས་གཞན་སྣམ་བུ་སོགས་ལ་འཇུག་པ་མི་རིགས་པར་ཤ་པ་ལ་འཇུག་པ་ཚད་མས་མཐོང་བའི་ཕྱིར། གནས་སྐབས་ཐམས་ཅད་དུ་ངེས་སམ་ཞེ་ན། དེ་ལྟར་ངེས་པ་མ་ཡིན་ཏེ། ཤིང་ཞེས་པའི་སྒྲ་དེ་ཤ་པ་ལ་སྦྱོར་བར་སྣང་ལ་སྐབས་འགར་ཤིང་ཞེས་བརྗོད་པའི་སྒྲ་ལས་ཐེ་ཚོམ་ཟ་བ་ཉིད་དུ་འགྱུར་བས་དེ་ཤ་པ་ལ་འཁྲུལ་མེད་དུ་འཇུག་པར་མ་ངེས་པའི་ཕྱིར། གཞན་དག་འདིར་ཤིང་ཞེས་པའི་སྒྲ་ཤ་པ་ལ་ཐེ་ཚོམ་དུ་འགྱུར་ཞེས་སྨྲ་བ་དང་། །རང་དབང་མེད་ཕྱིར་དེ་ལྡན་མིན། །ཞེས་པའི་སྒྲ་དེ་ཤ་པ་ལ་དངོས་མིང་དུ་འཇུག་ཞེས་འཆད་པ་ནི་འགལ་བ་ཁོ་ནའོ། །གསུམ་པ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། གལ་ཏེ་སྐབས་སྟོབས་ཀྱི་དབང་གིས་ཤིང་སྒྲ་ཤ་པ་ལ་འཇུག་པ་མཐོང་ན་ཇི་ལྟར་སྤྱི་སྒྲ་ཁྱད་པར་ལ་ཐེ་ཚོམ་ཟ་བར་རིགས་ཞེ་ན། འགྲེལ་བཤད་ཀྱི་འགྱུར་ལ་ཐེ་ཚོམ་མི་རིགས་ཕྱིར་ཞེ་ན། ཞེས་འབྱུང་བ་དང་འདི་གཉིས་ཚིག་དོན་བཤད་པ་ན་ཁྱད་པར་མི་སྣང་ངོ་། །གཉིས་པ་ནི། ཤིང་ཞེས་པའི་སྒྲ་སྐབས་འགར་ཤ་པ་ལ་ཐེ་ཚོམ་ཟ་བ་ཡིན་ན་དེ་དེ་ལ་མི་འཇུག་པས་ཁྱབ་པ་མ་ཡིན་པར་ཐལ། སྐབས་སྟོབས་ཀྱི་དབང་གིས་ཤིང་ཞེས་པའི་སྒྲ་ཤ་པ་ལ་འཇུག་པར་ངེས་པ་དེ་ཕྱིས་ཡན་གར་བ་ཁྱད་པར་ཤ་པ་དང་བྲལ་བའི་ཤིང་སྒྲ་ཁྱད་པར་ཤ་པ་ལ་ཐེ་ཚོམ་ཟ་བར་འགྱུར་བའི་ཕྱིར། གལ་ཏེ་ཡན་གར་བ་སྤྱི་ཤིང་བརྗོད་པའི་སྒྲ་ཤིང་གསལ་ཐ་དད་ལ་སྦྱོར་བ་མེད་པའི་ཕྱིར་ཐེ་ཚོམ་ཟ་བ་ཡང་མེད་ཅེ་ན། ཤིང་ཤེས་པའི་སྒྲ་ཤ་པ་ལ་སྦྱར་བ་ལ་ཁྱོད་ཀྱིས་བཤད་པའི་སྐྱོན་མེད་པར་ཐལ། ཤིང་ངེས་ཟིན་པའི་ཉན་པ་པོ་དག་སྤྱི་ཤིང་འདི་པ་ལས་གྱུར་བ་ཡིན་ནམ། །འབྱུང་བ་ཆེན་པོ་ལས་གྱུར་བ་ཡིན་སྙམ་དུ་འདྲི་བ་ན་ཤིང་དོན་དུ་གཉེར་བའི་ཉན་པ་པོ་ལ་ལྟོས་ནས་ཤིང་སྒྲས་ཁྱད་པར་ཤ་པ་བརྗོད་པར་མཐོང་བའི་ཕྱིར། གཉིས་པ་རྗོད་བྱེད་ཀྱི་སྒྲའི་སེལ་འཇུག་བཤད་པ་ལ་གཉིས་ཏེ། སྒྲ་སྦྱོར་ཚུལ་དང་། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། དོན་གྱི་རྣམ་གཅོད་ཐ་དད་པ་བཞིན་དུ་སྒྲའི་རྣམ་གཅོད་ཀྱང་ཐ་དད་དུ་འཇུག་སྟེ། བྱས་པས་མ་བྱས་པ་བསལ་ནས་སྒྲ་ལ་མི་རྟག་པ་ལ་སོགས་པ་གོ་བར་བྱེད་པ་བཞིན་དུ་རྗོད་བྱེད་ཀྱིས་ཀྱང་བྱས་པ་ལ་སྒྲ་གཞན་དངོས་མིང་དུ་འཇུག་པ་རྣམ་པར་གཅད་ནས་ནི་སྒྲའི་སྤྱི་བྱས་པ་ཞེས་བརྗོད་པའི་ཚིག་གིས་བྱས་པ་བརྗོད་པར་བྱེད་པའི་ཕྱིར། དོན་ལ་ཡང་བརྡ་ཇི་ལྟ་བར་སྦྱར་བ་བཞིན་དུ་དོན་གོ་བར་བྱེད་དེ། དོན་གང་ལ་བརྡ་སྦྱར་བ་མ་མཐོང་བ་དང་མཐོང་ཡང་བརྗོད་པ་དག་ལས་མི་རྟོགས་ཤིང་སྐབས་འགར་དོན་གང་ལ་སྤྱི་སྒྲ་གཅིག་སྦྱར་བས་ཐེ་ཚོམ་ཟ་བ་དང་། དོན་དུ་མ་ལ་སྤྱིའི་སྒྲ་དེ་ཐེ་ཚོམ་ཟ་བར་འགྱུར་སྲིད་ནའང་སྐབས་སྟོབས་ལ་སོགས་པའི་དབང་གིས་བརྡ་ཇི་ལྟར་སྦྱར་བ་ལྟར་དོན་རྣམས་རྟོགས་ཅིང་གོ་བའི་ཕྱིར། རྒྱས་པར་ནི་རྣམ་ངེས་ཀྱི་རིག་བྱེད་འགོག་པའི་སྐབས་ལས་ཤེས་པར་བྱའོ། །གཉིས་པ་ནི། སྒྲ་དོན་གཞན་བསལ་ནས་རང་གི་དོན་གོ་བར་བྱེད་པ་མི་འཐད་དེ། སྒྲ་ལས་དོན་ལ་ཐེ་ཚོམ་དུ་འགྱུར་བའི་ཕྱིར་ཞེ་ན། བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་སྒྲ་ཡི་འབྲེལ་པ་ཤིན་ཏུ་རྟོགས་པར་སླ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྗོད་བྱེད་ཀྱི་སྒྲ་རྣམས་སྒྲ་ཡི་དོན་གཞན་ལ་འཇུག་པ་ཡང་བརྗོད་པས་དེ་ལྟར་ཡིན་པའི་ཕྱིར། དེས་ན་སྐབས་འགར་སྤྱི་སྒྲ་ལས་ཁྱད་པར་ལ་ཐེ་ཚོམ་ཟ་བར་འགྱུར་སྲིད་ཀྱང་སྤྱི་སྒྲས་དོན་གཞན་རིགས་མི་མཐུན་བསལ་ནས་རང་གི་དོན་གོ་བར་བྱེད་པའི་སྐབས་སྲིད་དེ། བརྗོད་དུ་མི་རུང་བའི་དོན་ལ་མི་འཇུག་པའི་ལྡོག་པ་ངེས་པ་དང་། རང་གི་བརྗོད་བྱའི་དོན་གྱི་ཆ་ཤས་ཡན་ལག་སྟོན་པའི་རྗེས་སུ་འགྲོ་བའི་ངེས་པའི་སྒོ་ནས་རང་གི་བརྗོད་བྱའི་དོན་བརྗོད་པའི་ཕྱིར། མ་གྲུབ་སྟེ། རང་གི་བརྗོད་བྱའི་དོན་སྤྱི་ཤར་བ་ལ་འཁྲུལ་བའི་ཕྱིར་ཞེ་ན། རྗོད་བྱེད་ཀྱི་ངག་ཆོས་ཅན། རང་གི་བརྗོད་བྱའི་སྤྱི་ཤར་བ་ལ་འཁྲུལ་པ་ཉིད་ཀྱང་ཡོད་པ་མ་ཡིན་པར་ཐལ། དེ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གསུམ་པ་ནི། ཡང་བརྗོད་པ་ནི་འགྲེལ་ཚིག་གོ །གཞལ་བྱའི་སྒྲ་རིམ་པ་བཟློག་པ་ལས་དངོས་པོར་ཡོད་པ་དང་། རྫས་དང་ས་ལས་བྱུང་བ་དང་། ཤིང་དང་བཞི་ལ་ཐེ་ཚོམ་གྱི་རྒྱུ་ཉིད་དུ་འགྱུར་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གཞལ་བྱའི་སྒྲ་དེ་དེ་རྣམས་ལ་ཡོད་མེད་དུ་ངེས་པའི་བློ་དོན་མཐུན་བསྐྱེད་པར་མི་ནུས་པས་དེ་ལྟར་བཤད་པའི་ཕྱིར། དེ་བཞིན་དུ་དངོས་པོར་ཡོད་པའི་སྒྲས་གསུམ་ལ་ཐེ་ཚོམ་གྱི་རྒྱུ་དང་། རྫས་ཀྱི་སྒྲས་གཉིས་ལ་ཐེ་ཚོམ་གྱི་རྒྱུ་དང་། ས་ལས་བྱུང་བའི་སྒྲས་ཤིང་གཅིག་པུ་ལ་ཐེ་ཚོམ་གྱི་རྒྱུ་ཉིད་དུ་འགྱུར་རོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེས་དེ་ལ་ཡོད་མེད་དུ་ངེས་པའི་ཚད་མ་བསྐྱེད་མི་ནུས་པས་དེ་ལྟར་བཤད་པའི་ཕྱིར། དེ་ནི་གོང་གི་མ་མཐོང་ཡང་ཞེས་པའི་གཞུང་འཛུགས་པ་ཡིན་ནོ། །ད་ནི་རང་དོན་ཆ་ཤས་སྟོན་པའི་ཕྱིར། །ཞེས་པའི་གཞུང་འཛུགས་པ་ནི། ཤིང་དང་ས་ལས་བྱུང་བ་དང་རྫས་དང་ཡོད་པ་དང་གཞལ་བྱའི་རིམ་པ་ལས། བཞི་གསུམ་གཉིས་གཅིག་ཅེས་དང་། གཞན་དུ་ངེས་པའི་རྒྱུ་མཚན་ཡིན། ཞེས་སྦྲེལ་ནས་བཤད་པར་བྱ་སྟེ། ཤིང་ཞེས་པའི་སྒྲས་ས་ལས་བྱུང་བ་སོགས་བཞི་ངེས་པའི་རྒྱུ་ཡིན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་རྣམས་ཡོད་པ་ལ་འཇུག་པ་མཐོང་གི་དེ་རྣམས་མེད་པ་ལ་འཇུག་པ་མ་མཐོང་བས་དེ་ལྟར་བཤད་པའི་ཕྱིར་རོ། །དེ་བཞིན་དུ་ས་ལས་བྱུང་བའི་སྒྲས་རྫས་སོགས་གསུམ་ངེས་པ་དང་། རྫས་ཀྱི་སྒྲས་དངོས་པོར་ཡོད་པ་དང་། གཞལ་བྱ་དང་གཉིས་ངེས་པ་དང་། དངོས་པོར་ཡོད་པའི་སྒྲས་གཞལ་བྱ་གཅིག་ངེས་པའི་རྒྱུ་ཡིན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྟགས་རིགས་བསྒྲེའོ། །ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བཞི་པ་ལ་གཉིས་ཏེ། གཞན་སེལ་སྨྲ་བའི་ལུགས་ལ་ཉེས་པ་མེད་པ་བསྡུས་ཏེ་བསྟན་པ་དང་། དེ་ལ་རྩོད་པ་སྤོང་བའོ། །དང་པོ་ལ་གཉིས་ཏེ། དེའི་ལུགས་ལ་གཞི་མཐུན་མི་འཐད་པའི་ཉེས་པ་མེད་པ་དང་། དེའི་ལུགས་ལ་སྤྱི་དང་ཁྱད་གཞི་ཁྱད་ཆོས་མི་འཐད་པའི་ཉེས་པ་མེད་པའོ། །དང་པོ་ནི། སེལ་བ་སྨྲ་བའི་ལུགས་ལ་གཞི་མཐུན་མི་སྲིད་པའི་ཕྱིར་ཏེ། འབྲེལ་མེད་དོན་གཞན་གཞི་གཅིག་ཏུ་འདུས་པའི་གཞི་མཐུན་མི་འདོད་པའི་ཕྱིར་དང་། སྒྲ་ཐ་དད་ཀྱིས་དོན་ཐ་དད་བརྗོད་པ་ཙམ་གྱིས་རྫས་ཐ་དད་ཀྱི་མཚན་ཉིད་རྫོགས་པ་ལས་དེ་ཡང་ཁྱོད་ཀྱིས་མི་འདོད་པའི་ཕྱིར་ཞེ་ན། ཤིང་བརྗོད་པ་དང་ཤ་པ་བརྗོད་པའི་སྒྲ་ཐ་དད་ཀྱིས་དོན་ནི་ཐ་དད་བརྗོད་པ་ཙམ་དེས་བརྗོད་བྱ་རྫས་ཐ་དད་དུ་འགྱུར་བའི་མཚན་ཉིད་རྫོགས་པ་མིན་པར་ཐལ། ཤིང་དེ་ཤིང་མ་ཡིན་གཞན་ལ་ཁྱབ་པ་བཀག་ཀྱང་རང་གི་གསལ་བ་ལ་རྗེས་སུ་འགྲོ་བ་མ་བཀག་པའི་ཕྱིར། དེས་ན་ཁོ་བོའི་ལུགས་ལ་གཞི་མཐུན་འཐད་པ་ཡིན་ནོ། །གཉིས་པ་ནི། སྤྱི་དོན་གཞན་མེད་ན། སྤྱི་དང་ཁྱད་གཞི་དང་ཁྱད་ཆོས་མི་འཐད་པར་འགྱུར་རོ་ཞེ་ན། དེ་ལ་ཁྱབ་པ་མེད་པར་ཐལ། སྤྱི་དོན་གཞན་མེད་ཀྱང་རྟོག་པ་ལ་ཤིང་མ་ཡིན་ལས་ལོག་པར་སྣང་བའི་རིགས་ཀྱི་ཆོས་རྣམས་ཤིང་གི་གསལ་བ་རྣམས་ལ་རྗེས་སུ་འགྲོ་བའི་ཚུལ་གྱིས་རྣམ་པར་གནས་ཤིང་གཞི་མཐུན་བརྗོད་པའི་སྒྲས་ཀྱང་ཡོན་ཏན་གཞན་གྱིས་ཕན་བཏགས་པའི་ཡོན་ཏན་དང་ཡོན་ཏན་ཅན་རྫས་ཐ་དད་མིན་པ་བརྗོད་པ་འཐད་པའི་ཕྱིར། རྟགས་ཕྱི་མ་མ་གྲུབ་སྟེ། རྗོད་བྱེད་ཀྱི་སྒྲ་རྟག་དངོས་ཀྱི་དབང་གིས་འཇུག་པའི་ཕྱིར་ཞེ་ན། རྗོད་བྱེད་ཀྱི་སྒྲ་རྟག་དངོས་ཀྱི་དབང་གིས་འཇུག་པ་མ་ཡིན་པར་ཐལ། དེ་རང་རྒྱུ་འདོད་པའི་དབང་གིས་འཇུག་པའི་ཕྱིར། ཡང་སྒྲས་ཁྱད་པར་མཐའ་ཡས་པས་སྤྱི་སྒྲས་ཁྱད་པར་གྱི་གནས་ལུགས་ཇི་ལྟར་ཡོད་པ་ལྟར་དོན་དོན་དམ་པར་བརྗོད་མི་ནུས་ཀྱང་ཁྱད་པར་མི་སྤོང་བས་ཁྱད་གཞི་ཁྱད་ཆོས་འཐད་པའོ། །གཉིས་པ་དེ་ལ་རྩོད་པ་སྤང་བ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། མུ་སྟེགས་པའི་ལུགས་ལྟར་ན་གཞི་མཐུན་འཐད་དེ། ངེད་ཀྱི་ལུགས་ལ་སྤྱི་དོན་གཞན་ཡོད་པས་འཇིག་རྟེན་ན་གཟུགས་ཀྱི་སྒྲ་སྔོན་པོ་སོགས་ལ་འཇུག་ཅིང་། རོ་ལ་སོགས་པ་ལ་མི་འཇུག་པའི་ཕྱིར། སེལ་བ་སྨྲ་བ་ལ་དེ་མི་འཐད་དེ། ཁྱོད་ཀྱི་ལུགས་ལ་སྤྱི་དོན་གཞན་མེད་པའི་ཕྱིར་དང་གསལ་བ་ཐམས་ཅད་མ་འདྲེས་པའི་ཕྱིར། དེས་ན་ཤིང་བརྗོད་པའི་སྒྲའི་བརྗོད་བྱ་ཡང་སྒྲུབ་པ་རང་དབང་བའི་རྟག་དངོས་ཀྱི་ཚུལ་དུ་སྣང་གི དེ་མིན་རྣམ་པར་གཅོད་པའི་ཚུལ་དུ་མི་སྣང་བས་རྒྱུ་མཚན་གང་ལས་གཞན་སེལ་བརྗོད་པར་ངེས་ཞེ་ན། གཉིས་པ་ལ་གསུམ་སྟེ། འཇིག་རྟེན་གྱི་གྲགས་པ་དེ་ཁོ་ན་ཉིད་ཀྱི་དོན་འབའ་ཞིག་ཏུ་མི་འཐད་པ་དང་། སྤྱི་དོན་གཞན་སྨྲ་བ་ལ་ཉེས་པ་དེ་མཚུངས་པ་དང་། དེའི་ལན་དགག་པའོ། །དང་པོ་ནི། འཇིག་རྟེན་རྟོག་པ་ལ་ཇི་ལྟར་སྣང་བ་ལྟར་གྲགས་པའི་རྗེས་སུ་འབྲང་ནས་སྤྱི་གསལ་རྫས་ཐ་དད་ཀྱི་ཐ་སྙད་དེ་ཁོ་ན་ཉིད་དུ་གྲུབ་པར་མི་བཙལ་བ་སྟེ་བཙལ་མི་རིགས་པར་ཐལ། རྟོག་པ་ལ་གསལ་བ་རྣམས་ལ་སྤྱི་འདྲེས་པར་སྣང་ཞིང་སྐབས་འགར་སྤྱི་གསལ་རྟོག་པ་ལ་རྫས་ཐ་དད་དུ་སྣང་ཡང་སྣང་བ་ལྟར་གྲུབ་པ་མི་འཐད་པའི་ཕྱིར། དོན་འདི་ཉིད་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། སོ་སོ་སྐྱེ་བོའི་མིང་ལ་མངོན་པར་ཞེན་པར་མི་བྱ་ཞིང་འཇིག་རྟེན་པའི་མིང་ལ་ཡང་མངོན་པར་མི་རྒྱུག་གོ་ཞེས་གསུངས་པའི་ཕྱིར་ཞེས་འགྲེལ་པར་བཤད་དོ། །ཚད་མའི་རྣམ་གཞག་འཇིག་རྟེན་གྱི་གྲགས་པའི་རྗེས་སུ་འབྲང་ཡང་། ཐ་སྙད་གང་ཡིན་ཐམས་ཅད་དེ་ཁོ་ན་ཉིད་ཀྱི་དོན་ཅན་དུ་ཁས་བླངས་པར་མི་བྱ་སྟེ། གཞི་ལྡོག་དང་རང་ལྡོག་གི་རྣམ་གཞག་ལ་མཁས་དགོས་པའི་ཕྱིར། གཉིས་པ་ནི། གལ་ཏེ་འབྲེལ་མེད་ཐ་དད་དུ་མཚུངས་པ་ལ་གཟུགས་ཀྱི་སྒྲ་སྔོན་པོ་ལ་འཇུག་གི་རོ་ལ་སོགས་པ་ལ་མི་འཇུག་པ་ཅི་ཡིན་ཞེ་ན། དེ་ལྟར་གཟུགས་ཀྱི་སྤྱི་དོན་གཞན་སྔོན་པོ་ལ་འཇུག་ལ་རོ་ལ་སོགས་པ་ལ་མི་མཇུག་པའི་ཁྱད་པར་འཐད་པར་ཐལ། གཟུགས་ཉིད་ཀྱི་སྤྱི་དོན་གཞན་ལ་ཡང་གསལ་བ་རྣམས་དང་འབྲེལ་མེད་ཀྱི་ཉེས་པ་མཚུངས་པར་འགྱུར་བའི་ཕྱིར་ཞེས་འགྲེལ་པ་དང་། འགྲེལ་བཤད་རྗེས་འབྲང་དང་བཅས་པ་འཆད་མོད་གཞུང་རྩ་བའི་ཡོང་ཚུལ་ལྟར་ན་འདི་ལྟར་གོ་སྟེ། གཟུགས་ཀྱི་སྒྲ་སྔོན་པོ་ལ་འཇུག་སྟེ། གཟུགས་ཀྱི་སྤྱི་དོན་གཞན་དེ་སྔོན་པོ་ལ་འཇུག་པའི་ཕྱིར། གཟུགས་ཀྱི་སྒྲ་རོ་ལ་མི་འཇུག་སྟེ གཟུགས་ཉིད་ཀྱི་སྤྱི་དོན་གཞན་རོ་ལ་མི་འཇུག་པའི་ཕྱིར་ཞེ་ན། དེ་ལྟར་ན། གཟུགས་ཉིད་ལ་ཡང་ཉེས་པ་མཚུངས་པར་འགྱུར་ཏེ། འདི་ལྟར། གཟུགས་ཀྱི་སྒྲ་སྔོན་པོ་ལའང་མི་འཇུག་པར་ཐལ། གཟུགས་ཉིད་ཀྱི་སྤྱི་དོན་གཞན་སྔོན་པོ་ལ་མི་འཇུག་པའི་ཕྱིར། གལ་ཏེ་རྟགས་མ་གྲུབ་ཅེ་ན། གཟུགས་ཀྱི་སྒྲ་རོ་ལ་མི་འཇུག་པར་ཐལ། གཟུགས་ཉིད་ཀྱི་སྤྱི་དོན་གཞན་ལ་མི་འཇུག་པའི་ཕྱིར། མ་གྲུབ་ན་ཁས་བླངས་ནང་འགལ་ཏེ། གཟུགས་ཉིད་ཀྱི་སྤྱི་དོན་གཞན་ཆོས་ཅན། ཁྱོད་སྔོན་པོ་ལ་མི་འཇུག་པར་ཐལ། ཁྱོད་རོ་ལ་མི་འཇུག་པ་གང་ཞིག ཁྱོད་སྔོན་པོ་ལ་འཇུག་པ་དང་རོ་ལ་མི་འཇུག་པའི་ཆ་མེད་པའི་ཕྱིར། ཆོས་ཅན་དང་རྟགས་སྔ་མ་དང་བསལ་བ་དངོས་འགལ། རྟགས་ཕྱི་མའང་ཁས་བླངས་ཏེ། དེ་ཆ་ཤས་མེད་པའི་རྟག་པའི་དངོས་པོར་ཁས་བླངས་པའི་ཕྱིར་ཞེས་བཤད་ན་ལེགས་པར་མཐོང་ངོ་། །གསུམ་པ་ལ་གཉིས་ཏེ། རྩོད་པ་དང་ལན་ནོ། །དང་པོ་ནི། གལ་ཏེ་སྔོན་པོ་ནི་རང་ལ་གཟུགས་ཉིད་ཀྱི་སྤྱི་དོན་གཞན་འཕྲོད་པ་འདུ་བ་ཡིན་ཏེ། མིག་གི་གཟུང་བྱ་ཉིད་དུ་འགྱུར་བའི་ཕྱིར་རམ། བྱ་བར་གནས་པའི་ཕྱིར། དེས་ན་དེའི་དབང་གིས་གཟུགས་ཉིད་ཀྱི་སྒྲ་སྔོན་པོ་ལ་འཇུག་པ་ཡིན་གྱི་སྤྱི་དོན་གཞན་གྱི་དབང་གིས་ནི་མ་ཡིན་ནོ་ཞེ་ན། གཉིས་པ་ལ་གཉིས་ཏེ། ཧ་ཅང་ཐལ་བ་དང་། ལྡོག་པ་མེད་པའི་རྗེས་འགྲོ་འབའ་ཞིག་གི་སྒྲ་ལས་ལས་དོན་རྟོགས་པ་མི་འཐད་པའོ། །དང་པོ་ནི། དེ་ལྟར་ན། རྫས་ཉིད་དང་། གྲངས་དང་། ཚད་དང་ལྡན་པ་དང་། རྣམ་དབྱེ་དང་། གཞན་ཉིད་དང་། གཞན་མ་ཡིན་པ་ཉིད་ལ་སོགས་པ་ཆོས་ཅན་རང་ལ་གཟུགས་ཉིད་ཀྱི་སྤྱི་དོན་གཞན་འཕྲོད་པ་འདུ་བར་ཐལ་བར་འགྱུར་ཏེ། མིག་གི་གཟུང་བྱ་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །དཀར་མིན་སྔོན་པོ་དང་། སེར་པོ་དང་། དམར་པོ་ལ་སོགས་པ་ཆོས་ཅན། ཁྱོད་ལ་ཆེས་སྔོ་བ་ལ་སོགས་པའི་ཁྱད་པར་མེད་པར་འགྱུར་པར་ཐལ། ཁྱོད་ཆ་ཤས་མེད་པའི་སྤྱི་དོན་གཞན་གཅིག་དང་འཕྲོད་འདུས་འབྲེལ་བའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གཉིས་པ་ནི། གལ་ཏེ་དེ་མིན་རྣམ་པར་གཅོད་པ་ལ་མི་ལྟོས་པར་སྒྲ་ལས་དོན་རྟོགས་པར་འགྱུར་བས་སྒྲ་ལས་དོན་རྟོགས་པ་ལ་གཞན་སེལ་མི་དགོས་ཞེ་ན། སྒྲུབ་པ་རང་དབང་བའི་རྗེས་འགྲོ་འབའ་ཞིག་ལས་སྒྲ་ལས་དོན་འགྲུབ་པར་མི་འགྱུར་བར་ཐལ། རྗོད་བྱེད་ཀྱི་སྒྲ་ལས་དོན་རྟོགས་པ་ཡོད་པ་གང་ཞིག་དེ་དེ་མིན་རྣམ་པར་གཅོད་པ་ལ་ལྟོས་པ་མི་སྲིད་པའི་ཕྱིར་རོ། །འདོད་པར་མི་ནུས་ཏེ། སྤྲིན་ཡོད་པ་ཙམ་ལས་ཆར་འབབ་པ་མི་རྟོགས་པའི་ཕྱིར། གཞན་སེལ་བརྗོད་ན་སྒྲུབ་པ་སྤངས་པའི་ལྡོག་པ་འབའ་ཞིག་བརྗོད་པར་འགྱུར་བས། སྒྲ་ལས་དངོས་པོ་མི་རྟོགས་པར་འགྱུར་བའི་སྐྱོན་ཡོད་དོ་ཞེ་ན། དེའི་སྐྱོན་མེད་པར་ཐལ། རྗོད་བྱེད་ཀྱི་སྒྲས་དངོས་པོ་བརྗོད་པར་འདོད་ཀྱང་གསལ་བ་མཐའ་དག་ལ་ཁྱབ་པའི་ཆ་ཤས་མེད་པའི་སྤྱི་དངོས་སུ་བརྗོད་པར་འདོད་པ་མིན་པའི་ཕྱིར། དེས་ན་སྒྲས་ནི་ལྡོག་པས་ཁྱད་པར་དུ་བྱས་པའི་དངོས་པོ་བརྗོད་པར་བྱེད་དོ། །གསུམ་པ་གྲངས་ཅན་གྱི་ལུགས་དགག་པ་ལ་གཉིས་ཏེ། རྩོད་པ་དང་ལན་ནོ། །དང་པོ་ནི། གྲངས་ཅན་ཁ་ཅིག་ན་རེ། གསལ་བ་ཐམས་ཅད་སྔར་རང་རྒྱུའི་དུས་ན་མེད་པ་དང་། ཕན་ཚུན་མེད་པ་དང་། འབྲེལ་ཞིང་ལྡན་ཞེས་གསལ་བ་རྣམས་སྔར་མེད་པའི་རྣམ་འགྱུར་དུ་གང་ཞིག་ཁས་ལེན་དུ་འགྲོ་ན་སྟེ་ཁས་ལེན་པར་བྱེད་ན་མེད་པ་ལས་ཡོད་པའི་བདག་ཉིད་དུ་འགྱུར་བའི་ཕྱིར། རྣམ་འགྱུར་གྱི་དངོས་པོ་ཐམས་ཅད་ཆ་ཤས་མེད་པའི་མཚན་ཉིད་ལྔ་ལྡན་གྱི་གཙོ་བོའི་རྣམ་འགྱུར་དང་དེ་དག་གི་རང་བཞིན་དུ་འགྱུར་རོ་ཞེ་ན། གཉིས་པ་ལ་བཞི་སྟེ། འབྲེལ་བ་མེད་པ་དང་། ཧ་ཅང་ཐལ་བ་དང་། ཁས་བླངས་འགལ་བ་དང་། གནོད་བྱེད་ཀྱི་རིགས་པ་གཞན་བསྟན་པའོ། །དང་པོ་ནི། གསལ་བ་རྣམས་སྔར་མེད་པར་གསར་དུ་རྣམ་པར་འགྱུར་བ་ཡིན་ན། མཚན་ཉིད་ལྔ་ལྡན་དུ་ཡོད་པའི་གཙོ་བོ་དེ་རྣམ་འགྱུར་དུ་མའི་བདག་ཉིད་ལས་རང་བཞིན་ཡིན་ཞེས་འདོད་པ་མི་འཐད་པར་ཐལ། དེ་རྣམ་འགྱུར་དུ་མའི་རང་བཞིན་དུ་ཚད་མ་ཅི་ཞིག་གང་གིས་སྦྱོར་བར་བྱེད་པ་མི་འཐད་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གཉིས་པ་ནི། ཆ་ཤས་མེད་པའི་རང་བཞིན་གཅིག་ལ་རྣམ་འགྱུར་ཐ་དད་པའི་བློ་འཇུག་པ་ཡིན་ཏེ། འཇིམ་པར་མཚུངས་པ་ལ་འཇིམ་པའི་རྣམ་འགྱུར་ཐ་དད་ལས་ཁམ་ཕོར་ལ་སོགས་པའི་ཐ་དད་པའི་བློ་སྐྱེ་བར་འདོད་པ་བཞིན་ནོ་ཞེ་ན། སྔར་མེད་དང་། ཕན་ཚུན་མེད་པའི་གསལ་བ་ཐ་དད་ལས་གཞན་མིན་ཡང་སྟེ་དེ་མ་ཡིན་རྣམ་པར་གཅོད་པར་མཚུངས་པ་ལ་བ་གླང་ངོ་རྟའོ་སྙམ་པའི་ཐ་དད་ཀྱི་བློ་སྐྱེ་བ་ཅི་སྟེ་འགག་པ་མི་རིགས་པར་ཐལ། འཇིམ་པའི་རྣམ་འགྱུར་མི་འདྲ་བ་དུ་མ་ལ་འཇིམ་པའོ་སྙམ་པའི་བློ་སྐྱེ་བར་འདོད་པ་རིགས་པའི་ཕྱིར། གསུམ་ཆར་རོ། །ཆ་ཤས་མེད་པའི་རང་བཞིན་གཅིག་ལ་རྣམ་འགྱུར་ཐ་དད་པའི་བློ་དུ་མ་འཇུག་པ་མི་རིགས་པར་ཐལ། དེ་ལ་བློ་མི་འདྲ་བ་དུ་མ་སྒྲུབ་པ་རང་དབང་བའི་སྒོ་ནས་འཇུག་པ་མི་འཐད་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། རྟོག་པ་ཡིན་ན་རང་ཡུལ་ལ་སྒྲུབ་པ་རང་དབང་བའི་སྒོ་ནས་འཇུག་དགོས་པར་ཁས་བླངས་པའི་ཕྱིར། གསུམ་པ་ཁས་བླངས་འགལ་བ་ལ་གཉིས་ཏེ། དངོས་དང་། རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་རང་ཡུལ་ལ་འཇུག་པ་གཞན་སེལ་ལ་ངེས་པར་ལྟོས་དགོས་པའོ། །དང་པོ་ནི། ཐ་སྙད་ཡིན་ན་དེ་ཁོ་ན་ཉིད་ཀྱི་དོན་ཅན་འབའ་ཞིག་ཡིན་པས་ཁྱབ་པས་སྔར་གྱི་ཉེས་པ་མེད་དོ་ཞེ་ན། དེ་ནི་མི་རིགས་པར་ཐལ། ཆོས་རྣམས་ཀྱི་གནས་ལུགས་སུ་སྒྲོ་བཏགས་པའི་བདེ་སྡུག་གཏི་མུག་གསུམ་ལ་སོགས་པའི་ཡོན་ཏན་རྣམས་ཀྱི་རང་བཞིན་གྱི་མཆོག་གཙོ་བོ་གང་དུས་ནམ་ཡང་མངོན་སུམ་ལ་སོགས་པའི་སྣང་བའི་ལམ་དུ་མ་གྱུར་པ་གང་སྣང་བའི་ལམ་དུ་གྱུར་པ་ཡིན་ན་སྒྱུ་མ་བཞིན་དུ་སྟོང་ཞིང་བརྫུན་པས་ཁྱབ་པར་ཁས་བླངས་པའི་ཕྱིར་རོ། །གྲངས་ཅན་ན་རེ་རྫས་ཐ་དད་པའི་ཤིང་གསལ་རྣམས་མ་འདྲེས་པར་མཐོང་བ་ལ་གཞན་ཉིད་ཀྱི་བློ་སྐྱེ་བའི་དཔེར་ཀོག་ཤལ་སོགས་འདུས་པ་ལ་བ་གླང་གི་བློ་སྐྱེ་བ་ཞེས་སྨྲོས་པ་མི་འཐད་དེ། དེ་འགལ་བའི་ཕྱིར་ཞེ་ན། ཕན་ཚུན་རྫས་ཐ་དད་པའི་ཤིང་གསལ་དག་ལ་གཞན་ཉིད་ཀྱི་བློ་སྐྱེ་བ་ཡོད་ཀྱང་ནོག་ལ་སོགས་པ་འདུས་པའི་གོང་བུ་མཐོང་བ་ལས་འདི་བ་གླང་ངོ་སྙམ་པ་དེའི་བློ་སྐྱེ་བ་དཔེར་བརྗོད་པ་ཁོ་བོའི་ལུགས་ལ་མི་འགལ་ཞིང་གྲངས་ཅན་ལུགས་ལ་འགལ་བར་ཐལ། ཁོ་བོས་ནི་ནོག་ལ་སོགས་པ་འདུས་པའི་གོང་བུ་ཁོ་ན་ལ་བ་གླང་ངོ་སྙམ་པའི་བློ་སྐྱེ་བར་འདོད་པས་གཞན་སེལ་ཅིང་གཞན་སེལ་མི་འདོད་པའི་གྲུབ་མཐའ་འགལ་བ་དེ་གྲངས་ཅན་ཁྱོད་ཀྱི་ལུགས་ལ་བརྟེན་པའི་ཉེས་པ་ཡིན་པའི་ཕྱིར་ཞེས་པ་ཁས་བླངས་ཉམས་པའི་དོན་ཏོ། །གཉིས་པ་ནི་རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་འཇུག་པ་དེ་མིན་རྣམ་པར་གཅོད་པའི་གཞན་སེལ་ལ་མི་ལྟོས་ཏེ། དེ་སྒྲུབ་བ་རང་དབང་བའི་དངོས་པོའི་སྒོ་ནས་འཇུག་པའི་ཕྱིར་ཞེ་ན། དེ་འཇུག་པ་གཞན་སེལ་དེ་ལ་མི་ལྟོས་ཞེས་པ་འདི་ནི་གྲངས་ཅན་རང་གི་རྣམ་རྟོག་གིས་བཏགས་ཤིང་སྤྲོས་པར་ཟད་ཀྱི་དོན་གྱི་སྟེང་དུ་མི་འཐད་དེ། གཞན་སེལ་ལ་ལྟོས་པ་མེད་པའི་རྗོད་བྱེད་ཀྱི་སྒྲ་ཡིས་ནི་རང་གི་བརྗོད་བྱའི་རང་བཞིན་འགའ་ཡང་བརྗོད་པར་མི་བྱ་སྟེ་མི་བྱེད་པའི་ཕྱིར། །བཞི་པ་གནོད་བྱེད་ཀྱི་རིགས་པ་གཞན་བསྟན་པ་ལ་གསུམ་སྟེ། གྲུབ་ཟིན་བསྒྲུབ་པ་དང་། དངོས་པོ་ལ་རྫས་གཅིག་དང་རྫས་ཐ་དད་དུ་བཏགས་པའི་ཉེས་པ་མི་འཇུག་པ་དང་། གྲངས་ཅན་གྱིས་བརྟགས་པའི་སྤྱི་གསལ་ལ་དེ་ལ་འཇུག་པའོ། །དང་པོ་ནི། དངོས་པོ་རིགས་སྔ་མ་གཞན་རང་གི་དུས་ན་མེད་པ་མཐོང་བ་ལས་རིགས་དེ་ལས་གཞན་དུ་རྟོགས་པར་བྱེད་ན། འཁོར་བའི་ཐོག་མ་རྟོགས་པའི་ཚད་མའི་བློ་མེད་པར་ཐལ། དེའི་སྔ་མ་མེད་པས་དེ་ལས་གཞན་དུ་ཚད་མས་རྟོགས་པ་མེད་པའི་ཕྱིར་ཞེ་ན། འཁོར་བའི་ཐོག་མ་རྟོགས་པའི་ཚད་མ་མེད་པར་ཐལ་བ་འདོད་པ་གྲུབ་ཅིང་གྲུབ་ཟིན་བསྒྲུབས་པར་ཐལ། འཁོར་བའི་ཐོག་མ་མེད་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྒྱུ་འབྲས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོང་པའི་དུས་ཀྱི་ཐོག་མ་མེད་པའི་ཕྱིར་རོ། གལ་ཏེ་དེ་ཡོད་ན། རྒྱུ་མེད་ཉིད་དུ་ཐལ། དངོས་པོ་གང་ཞིག་རང་རྒྱུ་སྔོན་དུ་མ་སོང་བའི་ཕྱིར་རོ། གསུམ་ཆར་ཁས་བླངས་སོ། །དེའི་རྟོག་པ་མེད་པར་ཐལ་བ་དེ་གྲངས་ཅན་གྱི་ལུགས་ལ་འཇུག་པར་ཐལ། རིགས་རྟག་པའི་དངོས་པོ་དེ་རྣམ་འགྱུར་མ་ལུས་པ་ལ་ཆ་མེད་པར་འཇུག་པར་ཁས་བླང་པས་རྟེན་གཅིག་ལ་མཐོང་ན་ཡང་མ་ལུས་པ་ལ་མཐོང་དགོས་པ་ལས། དང་པོའི་གསལ་བ་མེད་པས་དེ་ལ་ཚད་མས་མཐོང་བ་མེད་པའི་ཕྱིར། ཐམས་ཅད་ཁས་བླངས་སོ། །འོ་ན་གཞན་སེལ་སྨྲ་བ་ཁྱོད་ལ་ཡང་ཤིང་མིན་རྣམ་པར་བཅད་པའི་སྒོ་ནས་ཤིང་གསལ་མཐའ་དག་ལ་ཁྱབ་པར་ཁས་ལེན་པ་འགལ་ཏེ། ཤིང་མ་ཡིན་ཀྱང་མཐའ་ཡས་ལ། ཤིང་གསལ་ཡང་མཐའ་ཡས་པས་མི་ཤེས་པའི་ཕྱིར་ཞེ་ན། ཤིང་ཞེས་པའི་སྒྲས་ཤིང་ཤིང་མ་ཡིན་རང་གི་ཚིག་ཟིན་གྱི་བརྗོད་བྱ་ཡིན་པ་སེལ་བ་དང་ཤིང་རང་གི་གསལ་བ་རྣམས་ལ་འཇུག་པ་ལ་དེ་མཐའ་དག་ཤེས་དགོས་པ་མ་ཡིན་ཏེ། ཤིང་ཞེས་པའི་སྒྲས་རིགས་མི་མཐུན་ལས་ལོག་པའི་སྤྱི་ཡི་སྒོ་ནས་ཤིང་མིན་རང་གི་ཚིག་ཟིན་གྱི་བརྗོད་བྱ་ཡིན་པ་སེལ་བར་བྱེད་པ་ཙམ་ཡིན་ཅིང་དེའི་སྒོ་ནས་ཤིང་གསལ་ལ་འཇུག་པར་ཚད་མས་རྟོགས་པ་ཙམ་ཡིན་གྱི་རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་རང་ཡུལ་ལ་སྒྲུབ་པ་རང་དབང་བས་འཇུག་པ་མི་འཐད་པའི་ཕྱིར། གཉིས་པ་ནི། གལ་ཏེ་བདག་ཉིད་གཞན་མེད་པར་མཐོང་བ་ལས་བདག་ཉིད་གསལ་བ་གཞན་ལ་རྟོགས་ན། བདག་ཉིད་གཞན་མེད་པ་དེ་རྫས་གཅིག་ཡིན་ན་གསལ་བ་ཐམས་ཅད་ལ་གཅིག་པུའི་བློ་ཁོ་ན་སྐྱེ་བར་འགྱུར་ལ། རྫས་ཐ་དད་ཡིན་ན་གསལ་བ་གཅིག་ལ་ཡང་དུ་མའི་བློ་སྐྱེ་བར་འགྱུར་རོ་ཞེ་ན། ཤིང་རང་ཉིད་རིགས་མི་མཐུན་ལ་མེད་པ་དེ་ལ་རྫས་གཅིག་དང་རྫས་ཐ་དད་ཀྱི་བརྟགས་པ་དེ་ཁོ་ནའི་ལུགས་ལ་འཇུག་པ་མི་རིགས་པར་ཐལ། ཤིང་བདག་ཉིད་གཞན་རིགས་མི་མཐུན་ལ་མེད་པ་དེ་ལ་རྫས་གཅིག་ཉིད་རྫས་དུ་མ་ཉིད་ཀྱི་བརྟགས་པ་འཇུག་པར་རིགས་ན་དེ་དངོས་པོར་ཡོད་པར་ཁས་ལེན་དགོས་པ་ལས་དེ་དངོས་པོར་ཁོ་བོས་ཁས་མི་ལེན་པའི་ཕྱིར། སྔ་མ་མ་གྲུབ་ན། རྫས་གཅིག་དང་རྫས་ཐ་དད་དེ་དག་གང་རུང་ཡིན་ན་དངོས་པོ་ཡིན་དགོས་པར་ཐལ། དེ་ཡིན་ན་དངོས་པོ་མ་ཡིན་པ་ལ་འཇུག་པ་མ་ཡིན་པས་ཁྱབ་པའི་ཕྱིར། གསུམ་པ་ནི། གྲངས་ཅན་ཁྱོད་ཀྱིའང་གསལ་བ་དང་ནུས་པ་ཆ་ཤས་མེད་པའི་གཙོ་བོ་གཉིས་ལ་རྫས་གཅིག་དང་རྫས་ཐ་དད་ཀྱི་ཉེས་པ་མཚུངས་པར་འགྱུར་པར་ཐལ། གྲངས་ཅན་ཁྱོད་ཀྱིས་དེ་གཉིས་རྫས་སུ་ཁས་བླངས་ནའང་དེ་གཉིས་རྫས་གཅིག་དང་ཐ་དད་གང་དུའང་ཁས་ལེན་པ་མི་རིགས་པའི་ཕྱིར་རོ། །ཕྱི་མ་མ་གྲུབ་ན། དེར་ཐལ། རྫས་གཅིག་ཡིན་ན་རྣམ་འགྱུར་ཐམས་ཅད་རྫས་གཅིག་ཏུ་འགྱུར་བ་དང་། གཙོ་བོ་དུ་མ་ཅན་དུ་འགྱུར་བའི་ཕྱིར་དང་། རྫས་ཐ་དད་ཡིན་ན། གཙོ་བོ་དེ་རྣམ་འགྱུར་མ་ལུས་པའི་རང་བཞིན་པ་ཉམས་པའི་ཕྱིར་རོ། །གསུམ་ཆར་ཁས་བླངས་སོ། །འདི་ནི་ཞ་མའི་འགྱུར་ལྟར་རོ། །འགྲེལ་བཤད་ཀྱི་འགྱུར་ལ་ནི། ཁྱོད་ཀྱིའང་གསལ་མིན་ནུས་རྣམས་ལ། ཐལ་བར་འགྱུར་བར་མཚུངས་པས་སོ། །ཞེས་པ་སྣང་ངོ་། །བཞི་པ་སྒྲ་རྟོག་རིམ་ཅན་དུ་འཇུག་པའི་རྒྱུ་མཚན་རྒྱས་པར་བཤད་པ་ལ་བཞི་སྟེ། ཚིག་གིས་བརྗོད་པའི་དངོས་མེད་དབང་མངོན་གྱི་གཟུང་བྱར་མི་འཐད་པ་དང་། རྗོད་བྱེད་ཀྱི་སྒྲ་ལས་བརྗོད་བྱའི་དོན་གྱི་རྟོགས་པ་སྐྱེ་བའི་རིམ་པ་དང་། སྒྲ་དང་དོན་གྱི་འབྲེལ་བ་རྟོགས་པའི་ཚད་མ་གཉིས་ལས་དོན་གཞན་དུ་མི་འཐད་པ་དང་། རིགས་བརྗོད་དང་ཚོགས་བརྗོད་ཀྱི་སྒྲ་འཇུག་པའི་ཁྱད་པར་རོ། །དང་པོ་ནི། གལ་ཏེ་ཤིང་གི་བདག་ཉིད་རིགས་གཞན་མེད་པ་མཐོང་བ་ལས་ཤིང་གི་གསལ་བ་རྣམས་ལ་གནས་པར་འགྱུར་ན། རིགས་གཞན་མེད་པ་དེ་སྒྲ་ལ་སོགས་པ་གང་ཡང་རུང་བར་མཐོང་སྟེ། རྣ་བ་ལ་སོགས་པའི་དབང་མངོན་གྱི་གཟུང་དོན་ཡིན་པའི་ཕྱིར་ཏེ། དེ་འཛིན་པ་པོ་དབང་པོ་དྲུག་པ་ཡང་ཡོད་པ་མིན་ཅིང་འཛིན་བྱེད་ཀྱི་ཚད་མ་ཡོད་དགོས་པའི་ཕྱིར་ཞེ་ན། ཤིང་ལ་སོགས་པ་རིགས་མི་མཐུན་གཞན་མེད་པ་དེ་དབང་མངོན་གྱི་གཟུང་དོན་མ་ཡིན་པར་ཐལ། དེ་ལྟར་ཡིན་ན་རྗོད་བྱེད་ཀྱི་སྒྲའི་བརྗོད་བྱའི་དོན་ལ་དཔྱད་པ་འདི་ཡང་དབང་པོའི་མངོན་སུམ་གྱི་བཟུང་དོན་གྱི་སྤྱོད་ཡུལ་ཡིན་དགོས་པ་ལས་དེ་ལྟར་མིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེར་ཐལ། གང་ཞིག་བརྗོད་པ་དང་ཤིང་མིན་རང་གི་ཚིག་ཟིན་གྱི་བརྗོད་བྱ་ཡིན་པ་གཅོད་པའི་ཤིང་ཞེས་པའི་སྒྲ་ལ་སོགས་པ་འདི་འཇུག་པའི་བདག་རྐྱེན་ལས་དབང་པོ་སོ་སོར་ཡུལ་ལ་འཇུག་པ་མིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། རྗོད་བྱེད་ཀྱི་སྒྲ་ལས་བརྡ་ལ་མ་བྱང་བ་ལ་དངོས་ཀྱི་བརྗོད་བྱ་རྟོགས་པ་སྐྱེ་བའི་ཚུལ་དང་། བརྡ་ལ་བྱང་བ་ལ་རྟོགས་པ་སྐྱེ་ཚུལ་དང་། དེ་ཡང་དེ་མིན་རྣམ་པར་གཅོད་པ་ལ་ལྟོས་པའོ། །དང་པོ་ནི། གལ་ཏེ་རྗོད་བྱེད་ཀྱི་ངག་ལས་བརྗོད་བྱ་རྟོགས་པར་མི་རིགས་ཏེ། གང་ཞིག་ཚིག་གི་ཚོགས་བརྗོད་པ་འདི་རང་གི་ཞེན་པའི་བརྗོད་བྱ་དང་འབྲེལ་པ་མེད་པའི་ཕྱིར། དེས་ན་བརྡ་ལ་མ་བྱང་བས་ངག་ལས་བརྗོད་བྱ་རྟོགས་པའི་ཚུལ་མི་འཐད་ཅེ་ན། བུམ་པ་ལ་སོགས་པའི་སྒྲ་འདི་བུམ་པ་ལ་སོགས་པ་ལ་འབྲེལ་པ་མེད་ཀྱང་བརྡ་ལ་མ་བྱང་བའི་སྐྱེས་བུས་རྗོད་བྱེད་ཀྱི་ངག་ལས་དངོས་ཀྱི་བརྗོད་བྱ་རྟོགས་པའི་ཚུལ་མི་འཐད་པའི་སྐྱོན་མེད་པར་ཐལ། དེ་མེད་ཀྱང་རྗོད་བྱེད་ཀྱི་ངག་གི་དོན་སོ་སོར་སྣང་བ་བརྗོད་པ་གང་ཡིན་པ་དེ་ཡིས་བརྡ་ལ་མ་བྱང་བའི་སྐྱེས་བུ་ལ་དང་པོ་སྒྲ་སྤྱི་དང་དོན་སྤྱི་སོ་སོར་གོ་བའི་རྟོགས་པ་ཉེ་བར་བསྐྱེད་ཅིང་ཕྱིས་བརྡ་ལ་གོམས་པ་ན་དེ་གཉིས་འདྲེས་པར་འཛིན་པའི་རྟོགས་པ་བསྐྱེད་པའི་ཕྱིར་རོ། །དེ་ལྟར་སྐྱེ་བའི་རྒྱུ་མེད་པ་དང་ཡོད་ཀྱང་རྟག་པ་ལས་སྐྱེ་བ་མ་ཡིན་ཏེ། ལུང་ལས་བྱུང་བའི་རང་བཞིན་དང་རྐྱེན་ལ་སོགས་པ་ཇི་ལྟར་བརྡ་སྦྱར་བའི་ངག་ལས་དོན་དུ་རྣམ་པར་བཏགས་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ནི། བརྡ་ལ་བྱང་པའི་སྐྱེས་བུ་ལ་ངག་ལས་དངོས་ཀྱི་བརྗོད་བྱ་གོ་བའི་ཚུལ་ཇི་ལྟར་ཡིན་ཞེ་ན། བརྡ་ལས་བྱུང་བའི་སྐྱེས་བུས་རྗོད་བྱེད་ཀྱི་སྒྲ་ལས་དངོས་ཀྱི་བརྗོད་བྱ་རྟོགས་པའི་ཚུལ་ཡང་ཡོད་དེ། ཇི་ལྟར་གོམས་པའི་བག་ཆགས་ལ་ལྟོས་པའི་རྗོད་བྱེད་ཀྱི་ངག་དག་ལས་དེ་ལྟར་རྟོགས་པ་སྐྱེ་བའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་རྗོད་བྱེད་ཀྱི་སྒྲས་བརྗོད་པ་ལྟར་ཕྱི་རོལ་གྱི་དོན་ལ་གནས་པར་འགྱུར་རོ་ཞེ་ན། དེ་ལྟར་ཁྱབ་པ་མ་ཡིན་ཏེ། རྗོད་བྱེད་ཀྱི་སྒྲས་ཇི་ལྟར་བརྗོད་པ་བཞིན་དུ་ཕྱི་རོལ་གྱི་དོན་ལ་མེད་དུ་ཟིན་ཀྱང་སྔར་ལྟར་རྟོགས་པའི་སྐྱེ་བའི་ཚུལ་འཐད་པའི་ཕྱིར་རོ། །གལ་ཏེ་བརྡ་ཇི་ལྟར་སྦྱར་བ་ལྟར་རྗོད་བྱེད་ཀྱི་སྒྲ་ལས་དངོས་ཀྱི་བརྗོད་བྱའི་དོན་ལ་རྟོགས་པ་སྐྱེ་ན། བརྡ་ལས་བྱང་བ་དང་མ་བྱང་བའི་སྐྱེས་བུ་གཉིས་ཀྱི་རྟོགས་པ་སྐྱེ་བའི་ཚུལ་ལ་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། དེའི་ཁྱབ་པའང་མེད་དེ། དེ་ལྟར་སྐྱེ་ཚུལ་འཐད་ཀྱང་རང་རང་གི་རྐྱེན་མི་འདྲ་བའི་བག་ཆགས་དང་རྗེས་སུ་འབྲེལ་བས་བརྡ་ལ་བྱང་བ་དང་མ་བྱང་བའི་ཉན་པ་པོ་དུ་མ་ལ་བརྗོད་བྱའི་དོན་གྱི་རྣམ་པ་དུ་མ་སོ་སོར་རྟོགས་པ་སྐྱེ་བ་འཐད་པའི་ཕྱིར་རོ། །དེའི་མཐུན་རྐྱེན་མེད་པ་མ་ཡིན་ཏེ། རྩེད་འཇོའི་སྙན་ངག་ཐོས་པ་ལས་ཆགས་པ་ཅན་ལ་འདོད་ཆགས་དང་། རྗེས་སུ་མཐུན་པའི་ཤེས་པ་སྐྱེ་བ་དང་། ཆགས་བྲལ་གྱི་སྐྱེས་བུ་ལ་ཡིད་འབྱུང་གི་བློ་སྐྱེ་བ་བཞིན་ཡིན་པའི་ཕྱིར། ཞེས་འགྲེལ་པར་བཤད་དོ། གསུམ་པ་ནི། གལ་ཏེ་བརྡའི་དབང་གིས་ངག་ལས་དོན་ལ་རྟོགས་པ་སྐྱེ་བ་མི་འཐད་དེ། རྗོད་བྱེད་ཀྱི་ངག་རྣམས་ནི་རང་གི་ཞེན་པའི་བརྗོད་བྱའི་དོན་དང་ངོ་བོ་ཉིད་ཀྱིས་འབྲེལ་ཞིང་རྟག་པའི་དངོས་པོའི་སྤྱི་དོན་གཞན་བརྗོད་པ་དང་། རང་གི་བརྗོད་བྱ་སྒྲུབ་པ་རང་དབང་བའི་སྒོ་ནས་བརྗོད་པའི་ཕྱིར་ཞེ་ན། དེའི་རྟགས་དེ་འདྲའི་གཞི་མཐུན་དེ་འཐད་པ་མ་ཡིན་པར་ཐལ། རྗོད་བྱེད་ཀྱི་སྒྲ་དེ་ཡང་ངག་གི་དོན་གཞན་ལས་རྣམ་པར་བཅད་པའི་གཞན་སེལ་བའི་དོན་ཅན་དུ་འདོད་པ་འཐད་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། རྗོད་བྱེད་ཀྱི་སྒྲ་ལས་རྗོད་བྱེད་ཀྱི་སྒྲ་དེ་ལ་སྣང་བའི་སྤྱི་རྟོགས་པའི་ཞེན་པའི་ཚད་མ་རྗེས་དཔག་དུ་འདུས་པ་དང་རྗོད་བྱེད་ཀྱི་སྒྲའི་བདག་རྐྱེན་ལས་སྐྱེས་པའི་རྣམ་རྟོག་སྣ་ཚོགས་མྱོང་བྱེད་རང་རིག་པའི་མངོན་སུམ་དུ་འདུས་པའོ། །དང་པོ་ནི། གལ་ཏེ་རྗོད་བྱེད་ཀྱི་ངག་ལས་དངོས་ཀྱི་བརྗོད་བྱ་རྟོགས་པའི་ཚད་མ་དེ་ཚད་མ་ཕུང་གསུམ་པ་ཡིན་པས་རྗེས་དཔག་སུ་མི་འདུའོ་ཞེ་ན། དེ་ཚད་མ་ཕུང་གསུམ་དུ་མི་རིགས་པར་ཐལ། མིང་དོན་གྱི་འབྲེལ་པ་ལེགས་པར་ཤེས་པའི་ངག་གིས་དོན་དཔོག་པར་འདོད་པ་འདི་ལ་རྗོད་བྱེད་ཀྱི་སྒྲ་ལས་ལྷ་སྦྱིན་ལ་སེམས་ཡོད་པ་དང་། དོན་སྤྱི་སྣང་བའི་བློ་ཡོད་པར་རྟོགས་པའི་ཞེན་པའི་ཚད་མ་དེ་ནི་རྗེས་དཔག་ལས་གཞན་མིན་པ་སྟེ་རྗེས་དཔག་ཚད་མ་ཡིན་པའི་ཕྱིར་དང་། བུམ་པ་ཞེས་བརྗོད་པའི་སྒྲ་ལས་རྒྱལ་པོའི་ཁབ་དུ་བུམ་པ་ཡོད་པར་རྟོགས་པའི་བློ་ལྟ་བུ་ལ་འདོད་ན་དེ་ནི་ཚད་མར་མི་འཐད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་རྣམ་པར་རྟོག་པ་སྣ་ཚོགས་མྱོང་བའི་ཚད་མ་དེ་མངོན་སུམ་ལས་རྫས་གཞན་ཡིན་ཏེ། །རྣམ་པར་རྟོག་པ་དང་གྲུབ་བདེ་རྫས་གཅིག་པའི་ཕྱིར་ཞེ་ན། གང་ཞིག་ངག་གི་བདག་རྐྱེན་ལ་སྐྱེས་པའི་དངོས་ཀྱི་བརྗོད་བྱའི་དོན་རྟོགས་པའི་རྣམ་པར་རྟོག་པ་སྣ་ཚོགས་མྱོང་ཞིང་ཤེས་པའི་ཚད་མ་དེ་ནི་མངོན་སུམ་ཉིད་ལས་རྫས་གཞན་པ་ཉིད་མ་ཡིན་ཏེ། རྟོག་པ་དེ་ཡང་རང་རིག་པའི་མངོན་སུམ་གྱི་མྱོང་བྱའང་ཡིན་པས་ན་སྟེ་ཡིན་པའི་ཕྱིར། ཁ་ཅིག་དེ་མངོན་སུམ་ལས་གཞན་མ་ཡིན་ཏེ། ཞེས་གཞུང་སོར་བཞག་བྱེད་པ་ནི་མི་འཐད་དེ། དེ་མེད་པར་ཐལ། དེ་མངོན་སུམ་དང་གཅིག་ཀྱང་མ་ཡིན་དེ་དེ་དང་ཐ་དད་ཀྱང་མ་ཡིན་པའི་ཕྱིར། རྟགས་ཕྱི་མ་ཁས་བླངས་སོ། །བཞི་པ་རིགས་བརྗོད་དང་ཚོགས་བརྗོད་ཀྱི་སྒྲ་འཇུག་པའི་ཁྱད་པར་ལ་གཉིས་ཏེ། འདོད་རྒྱལ་བའི་སྒྲ་སྤྱི་ལ་མི་འཇུག་པ་སྤང་པ་དང་། རྗོད་བྱེད་ཀྱི་སྒྲ་ཀུན་གྱིས་སྤྱི་བརྗོད་པར་མཚུངས་ན་རིགས་བརྗོད་དང་ཚོགས་བརྗོད་ཀྱི་ཁྱད་པར་མི་འཐད་པ་སྤང་བའོ། །དང་པོ་ནི། གལ་ཏེ། རིགས་དང་ཡོན་ཏན་དང་། བྱ་བ་དང་རྫས་བརྗོད་པའི་རྒྱུ་མཚན་ངེས་པ་དང་ལྡན་པའི་དོན་དུ་མ་གཞན་བསལ་བའི་སྒོ་ནས་བརྗོད་པའི་ཕྱིར་སྤྱིའི་ངོ་བོ་བརྗོད་པར་བྱེད་ཀྱང་འདོད་རྒྱལ་བའི་སྒྲ་རྣམས་ནི་སྤྱིའི་ཡུལ་ཅན་དུ་མི་འཐད་དེ། དངོས་པོ་གཅིག་ཁོ་ན་ལ་འཇུག་པའི་ཕྱིར་དང་། སྤྱི་ནི་དུ་མ་ལ་བརྟེན་པ་ཡིན་པའི་ཕྱིར་ཞེ་ན། འདོད་རྒྱལ་བའི་སྒྲ་རྣམས་ཀྱིས་སྤྱི་མི་བརྗོད་པའི་སྐྱོན་ཡོད་པ་མ་ཡིན་ཏེ། འདོད་རྒྱལ་བའི་སྒྲ་ལའང་བརྗོད་བྱའི་དོན་གྱི་དབྱེ་བས་རིགས་བརྗོད་ཀྱི་སྒྲ་ཡན་ལག་དུ་མ་ལ་དངོས་སུ་འཇུག་པ་དང་། ཚོགས་པའི་སྒྲ་ཚོགས་པ་ཅན་ལ་བཏགས་ནས་འཇུག་པ་དང་། ཚོགས་པ་ལ་ལར་དངོས་སུ་བརྗོད་པར་བྱེད་པའི་སྒྲ་རྣམས་ཀྱང་སྤྱིའི་ཡུལ་ཅན་ཁོ་ན་ཡིན་པའི་ཕྱིར། དཔེར་ན་ཚོགས་པ་ཅན་ལ་ཚོགས་པར་བཏགས་པ་གྲོང་གི་ཕག་བཟའ་བྱ་མ་ཡིན་ནོ་ཞེས་བརྗོད་པ་ན་དེའི་ཡན་ལག་གི་ཆ་ཤས་རྣམས་ཀྱང་བཟའ་བྱ་མ་ཡིན་པར་བསྟན་པ་ལྟ་བུའོ། །གཉིས་པ་ལ་གཉིས་ཏེ། ཚོགས་བརྗོད་ཀྱི་སྒྲ་ཚོགས་པ་ཅན་ལ་བཏགས་ནས་འཇུག་པ་གྲངས་སོགས་རྟག་པའི་དངོས་པོ་ལ་མི་ལྟོས་པའི་དཔེ་དང་། རིགས་བརྗོད་ཀྱི་སྒྲ་རང་གི་རིགས་ཅན་དུ་གྱུར་པའི་ཚོགས་པ་ཅན་དང་ཚོགས་པ་དུ་མ་ལ་དངོས་སུ་འཇུག་ཀྱང་སྤྱི་བརྗོད་པ་ལ་ལྟོས་པར་བསྟན་པའོ། །དང་པོ་ནི། གལ་ཏེ་སྒྲ་གཉིས་ཀ་ཡང་སྤྱི་བརྗོད་པར་བྱེད་པ་ཡིན་ན་རིགས་དང་ཚོགས་པ་བརྗོད་པའི་སྒྲ་ལ་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། སྒྲ་དེ་གཉིས་ཀྱིས་སྤྱི་བརྗོད་བྱར་བྱས་པར་མཚུངས་ན་སྒྲ་དེ་གཉིས་ཁྱད་པར་མེད་པའི་ཁྱབ་པ་མེད་དེ། སྒྲ་དེ་གཉིས་ཀྱིས་སྤྱི་བརྗོད་བྱར་བྱས་པར་མཚུངས་ཀྱང་རིགས་ཀྱི་སྒྲས་རང་གི་གསལ་བ་སོ་སོ་ལ་དངོས་སུ་འཇུག་ཅིང་ཚོགས་པའི་སྒྲ་ནི་ཚོགས་པའི་ཆ་ཤས་རྣམས་ལ་བཏགས་ནས་འཇུག་པའི་ཕྱིར་རོ། །མ་གྲུབ་སྟེ། ཚོགས་པའི་སྒྲ་གྲངས་སོགས་རྟག་པའི་དངོས་པོ་ལ་ལྟོས་ནས་འཇུག་པའི་ཕྱིར་ཞེ་ན། གཏན་ཚིགས་མ་གྲུབ་སྟེ། ཚོགས་པའི་སྒྲ་ཚོགས་པ་ཅན་ལ་བཏགས་ནས་འཇུག་པ་གྲངས་སོགས་རྟག་པའི་དངོས་པོ་ལ་ལྟོས་པ་མེད་པར་རབ་ཏུ་འཇུག་པ་དཔེར་ན་ཆུ་ལ་སོགས་པའི་ཐིགས་པ་གྲངས་སོགས་རྟག་པའི་དངོས་པོ་ལ་མི་ལྟོས་པར་ཐིགས་པ་གཅིག་ལ་ཡང་ཐིགས་པའི་སྒྲ་འཇུག་ཅིང་དུ་མ་ལ་ཡང་འཇུག་པ་དང་མཚུངས་པའི་ཕྱིར་དང་། དེ་ལྟར་འཇུག་པ་དཔེར་ན་ཆུའི་གྲངས་དང་ཚད་ཉིད་ལྟེ་བ་དང་། བརླ་དང་། པུས་མོ་ཙམ་ནུབ་པ་ལ་མི་ལྟོས་པའི་ཕྱིར་དང་། དབྱིབས་རིང་པོ་དང་། ཟླུམ་པོ་དང་། གྲུ་བཞི་ལ་སོགས་པའི་རྟག་པའི་དངོས་པོ་ལ་མི་ལྟོས་པའི་ཕྱིར་དང་། དེ་བཞིན་དུ་ཁུར་ཚུར་གྱི་སྒྲ་ཁུ་ཚུར་གྱི་ཆ་ཤས་རྣམས་ལ་བདེན་པར་དངོས་སུ་མི་འཇུག་པའི་ཕྱིར་རོ། །ཚོགས་པའི་སྒྲའི་འཇུག་ཚུལ་གཅིག་ཁོ་ནར་ཟད་པ་མ་ཡིན་ནམ་ཞེ་ན། འདུས་པ་ཚོགས་པའི་སྒྲའི་འཇུག་ཚུལ་དུ་མ་ཡོད་དེ། ཚོགས་པ་བརྗོད་པ་ལ་ཡང་ཡན་ལག་སོ་སོ་བ་རྫོགས་པར་བརྗོད་པར་བྱེད་པ་གྲོང་གི་སྒྲ་ཁང་པ་དང་། ཞིང་དང་། ལམ་དང་། ལྕགས་རི་དང་། སྐྱེས་བུ་སོགས་ཚོགས་པ་བརྗོད་པ་ན་དེའི་ཕྱོགས་གཅིག་སྐྱེས་བུ་ལ་བཏགས་ནས་འཇུག་པའི་ཕྱིར་དང་། ལུས་ཀྱི་སྒྲ་ལུས་ཀྱི་ཆ་ཤས་ལ་བཏགས་ནས་འཇུག་པའི་ཕྱིར་དང་། འཇུག་པར་མི་བྱེད་པ་ཁྱུ་ཞེས་པའི་སྒྲ་བ་གླང་ལྟ་བུ་རེ་རེ་བ་ལ་བདེན་པར་མི་ལྟོས་པའི་ཕྱིར་དང་། དེ་བཞིན་དུ་རིང་པོ་ལ་སོགས་པའི་དབྱིབས་ཀྱི་སྒྲ་ཡང་ཆ་ཅན་ལ་སེལ་བའི་དབང་གིས་འཇུག་གི་ཆ་ཤས་ལ་སྒྲུབ་པའི་དབང་གིས་མི་འཇུག་པའི་ཕྱིར་དང་། ཁ་དོག་ཁྲ་བོའི་སྒྲ་ཡང་དེའི་ཆ་ཅན་ལ་སེལ་བའི་དབང་གིས་འཇུག་གི་ཆ་ཤས་སྔོན་པོ་ལ་སོགས་ལ་སྒྲུབ་པའི་དབང་གིས་མི་འཇུག་པའི་ཕྱིར་རོ། །གལ་ཏེ་ཚོགས་པའི་སྒྲ་ཚོགས་པ་ཅན་ལ་འཇུག་པ་དེ་ཆ་ཤས་ཀྱིས་ཁྱད་པར་དུ་བྱས་ནས་བདེན་པར་འཇུག་པ་ཡིན་ནོ་ཞེ་ན། ཚོགས་པའི་སྒྲས་ཚོགས་པ་ཅན་ལ་འཇུག་པ་དེ་ཆ་ཤས་ཀྱིས་བདེན་པར་ཁྱད་པར་དུ་བྱས་ནས་འཇུག་པ་མིན་པར་ཐལ། ཚོགས་པའི་སྒྲ་ཡིས་མཐའ་ཡས་པའི་ཚོགས་པ་དེ་ཡི་ཆ་ཤས་ལ་བདེན་པར་རབ་ཏུ་འཇུག་པ་ཚད་མས་དམིགས་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་རིགས་བརྗོད་ཀྱི་སྒྲ་རང་གི་རིགས་ཅན་དུ་གྱུར་པའི་ཚོགས་པ་དང་། ཚོགས་པ་ཅན་དང་ཚོགས་པ་དུ་མ་ལ་དངོས་སུ་འཇུག་ན་སྤྱི་བརྗོད་པ་ལ་ལྟོས་པ་མི་འཐད་དོ་ཞེ་ན། དེའི་ཁྱབ་པ་མེད་དེ། རིགས་བརྗོད་ཀྱི་སྒྲ་རྣམས་ནི་རང་གི་རིགས་ཅན་ཉིད་བརྗོད་བྱར་མི་སྤང་བ་དང་། ཤིང་གི་སྒྲ་ལས་ཤ་པ་སོགས་སྐབས་སྟོབས་ཀྱིས་རྟོགས་པའི་དོན་ནི་བརྡས་བཏགས་ནས་བསྟན་པ་འཐད་པའི་ཕྱིར་རོ། །སྤྱིའི་དོན་བསྡུ་བ་ནི། སྒྲ་བྱུང་གི་བློ་དེ་ཚད་མ་ཕུང་གསུམ་ཡིན་ནོ། ཞེ་ན། དེ་མི་འཐད་པར་ཐལ། བུམ་པ་ཞེས་པའི་སྒྲ་བུམ་པ་དང་ངོ་བོ་ཉིད་ཀྱིས་འབྲེལ་པ་མ་ཡིན་གྱི་བརྡའ་ཙམ་གྱིས་བཏགས་པའི་ཕྱིར་རོ། །གཉིས་པ་ནི། སྒྲ་བྱུང་གི་བློ་ཚད་མ་ཕུང་གསུམ་ཡིན་པ་བཀག་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེའི་དགོས་པ་ཡོད་དེ། སྒྲ་བྱུང་གི་བློ་ཚད་མ་ཕུང་གསུམ་ཡིན་པ་རྒྱས་པར་བཀག་པའི་ཕྱོགས་འདིས་དོན་གྱིས་གོ་བ་དང་། དཔེ་ཉེར་འཇལ་དང་། ཞེས་གྲགས་པ་དང་། སྙམ་སེམས་པ་སོགས་ཚད་མ་ཕུང་གསུམ་དུ་འདོད་པའི་ལྷག་མ་རྣམས་ལའང་ཉེས་པ་བརྗོད་པའི་ཚུལ་བདེ་བླག་ཏུ་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར་རོ། །དངོས་སུ་མི་མཐུན་ཕྱོགས་བཀག་ནས། དོན་གྱི་རང་ཕྱོགས་སྒྲུབ་པའི་ཚུལ། གཞན་སེལ་ལེའུ་རྣམ་གཞག་དོན། །རིགས་པས་བཤད་ལ་བལྟད་མོ་བལྟོས། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །གཉིས་པ་ལེའུ་མཚན་བསྟན་པ་ནི། ཚད་མ་ཀུན་ལས་བཏུས་པ་ལས་གཞན་སེལ་བརྟག་པའི་ལེའུའི་རྒྱན་ཏེ་ལྔ་པའོ།།༄༅།།གསུམ་པ་ཕྱིར་རྒོལ་བའི་རྟེན་ཅན་ལྟག་ཆོད་བཤད་པ་ལ་གཉིས་ཏེ། ལེའུ་གཞུང་བཤད་པ་དང་། ལེའུ་མཚན་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ནི། གཉེན་པོ་སུན་འབྱིན་ཡང་དག་དང་། སྤང་བྱ་ལྟག་ཆོད་ཀྱི་རང་བཞིན་ཇི་ལྟར་ཞེ་ན། ཚད་མ་རྣམ་པར་ངེས་པ་ལས། མ་ཚང་སོགས་བརྗོད་སུན་འབྱིན་ཡིན། །དེར་སྣང་བ་ནི་ལྟག་ཆོད་དོ། །ཞེས་བཤད་པ་ལྟར་ཤེས་པར་བྱ་སྟེ། རྒོལ་བས་སྒྲུབ་བྱེད་བཀོད་པས་ཕྱིར་རྒོལ་གྱི་ངོར་ངེས་པའི་ཤེས་པ་བསྐྱེད་པར་མི་ནུས་ཤིང་། སྐབས་དང་མཐུན་པར་སྒྲ་མི་རྟག་པར་སྒྲུབ་པ་ལ་སྒྲ་ཆོས་ཅན། མི་རྟག་སྟེ། མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ། ཕྱོགས་ཆོས་མ་ཚང་བ་དང་། གཞལ་བྱ་ཡིན་པའི་ཕྱིར་ཞེ་པ་ལྟ་བུ། རྗེས་འགྲོ་མེད་པ་དང་། བྱས་པ་ཡིན་ཏེ། མི་རྟག་པའི་ཕྱིར་ཞེས་པ་ལྟ་བུ། བྱས་པས་སྒྲ་མི་རྟག་པར་བསྒྲུབ་པ་ལ་ལྟོས་ནས་རྗེས་འགྲོ་ཕྱིན་ཅི་ལོག་ལ་སོགས་པ་བརྗོད་པ་ལ་ཕྱིར་རྒོལ་གྱིས་མིག་ཤེས་ཀྱི་བཟུང་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་ཚང་བའི་ཕྱིར་ཞེས་བརྗོད་པར་བྱེད་པའི་ངག་ནི་སུན་འབྱིན་ཡང་དག་ཡིན་ཏེ། དེ་ཡང་སྒྲུབ་བྱེད་མེད་པར་ཕྱོགས་ཆོས་མ་ཚང་ཞེས་པ་ཙམ་མ་ཡིན་གྱི་ཕྱོགས་ཆོས་མ་ཚང་བའི་རྒྱུ་མཚན་ཡང་དག་བརྗོད་པའི་སྒོ་ནས་རྒོལ་བའི་འདོད་དོན་འགྲུབ་པའི་ནུས་པ་བཅོམ་ཞིང་གེགས་བྱེད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་དངོས་པོའི་གནས་ཆོད་ལ་སྒྲུབ་བྱེད་ཡང་དག་ཡིན་ཀྱང་རྒོལ་བས་བསྒྲུབ་པར་མ་ནུས་ན་སྔར་བཤད་པ་བཞིན་དུ་འགྱུར་རོ་ཞེ་ན། རྒོལ་བ་ལ་སྤོབས་པ་མེད་པས་ཚར་གཅོད་པའི་གནས་ཡིན་ལ། ཕྱིར་རྒོལ་བས་བསྒྲུབས་ནས་ངེས་ཤེས་བསྐྱེད་ནུས་ཀྱང་སྔར་གྱི་སྒྲུབ་བྱེད་སྐྱོན་ཅན་ལས་མ་འདས་སོ། །གལ་ཏེ་སུན་འབྱིན་ཡང་དག་དུ་འགྱུར་བ་ལ་དོན་སྐྱོན་ཞུགས་པར་སྟོན་ནུས་པ་འབའ་ཞིག་གིས་ཁྱབ་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། གཞན་དོན་རྗེས་དཔག་གི་སྐབས་སུ་བློའི་སྐྱོན་དང་། སྒྲའི་སྐྱོན་ཞུགས་པར་བསྟན་པས་ཀྱང་སུན་འབྱིན་ཡང་དག་དུ་འགྱུར་བའི་ཕྱིར། དེས་ན་སུན་འབྱིན་ཡང་དག་ཡིན་ན་རྒོལ་བའི་འདོད་ཡུལ་ཕྱིན་ཅི་ལོག་དུ་བྱེད་ནུས་པས་ཁྱབ་པ་ཡིན་ནོ། །ཕྱིར་རྒོལ་གྱིས་ལན་རྣལ་མར་བསམ་ཀྱང་སྐྱོན་མེད་ལ་སྐྱོན་དུ་བརྗོད་པའི་ངག་ནི། སུན་འབྱིན་ལྟར་སྣང་བ་ལྟག་ཆོད་དེ། ཕྱིར་རྒོལ་གྱི་ལན་ལོག་པ་མཐའ་དག་ཡིན་ཡང་། རང་གིས་ཉེས་པར་བརྗོད་པ་ཇི་ལྟ་བ་བཞིན་དུ་རང་ལ་ཉེས་པ་མཚུངས་པར་འཇུག་པའི་སུན་འབྱིན་ནི། ལྟག་ཆོད་ཀྱི་མཐར་ཐུག་པ་ཐ་ཤལ་བའོ། །རྩོད་རིགས་ལས། སྒྲུབ་པའི་ཡན་ལག་མི་བརྗོད་ཅིང་། སྐྱོན་མི་བརྗོད་པ་གཉིས་པོ་དག །ཚར་བཅད་པ་ཡི་གནས་ཡིན་གྱི། །གཞན་དུ་མི་རིགས་ཕྱིར་མི་འདོད། །ཅེས་བཤད་པ་ལས། སྒྲུབ་བྱེད་ཡང་དག་འགོད་པར་ཁས་བླངས་ནས་སྐབས་ལ་བབས་བཞིན་དུ། སྒྲུབ་བྱེད་ཡང་དག་མི་བརྗོད་པ་དང་། སྐྱོན་ཅན་བརྗོད་པ་ནི། ཚར་གཅོད་པའི་གནས་དང་། སུན་འབྱིན་བརྗོད་པར་ཁས་བླངས་ནས་མི་བརྗོད་པ་དང་། ཕྱིན་ཅི་ལོག་བརྗོད་པ་ཡང་ཚར་གཅོད་པའི་གནས་ཡིན་ནོ། །སུན་འབྱིན་བརྗོད་པའི་དུས་ཀྱང་། སྐབས་དེའི་སྒྲུབ་བྱེད་རྫོགས་ནས་ཡིན་གྱི། མ་རྫོགས་པར་སུན་འབྱིན་བྱེད་པ་ནི་ཚར་བཅད་པའི་གནས་ཡིན་པར་གསུངས་པས། རྒོལ་བའི་ཚིག་བརྗོད་མ་ཐག་སུན་འབྱིན་འཕེན་སྐད་བྱེད་པ་ནི་རིགས་པའི་རྣམ་གཞག་མི་ཤེས་པའི་རྣམ་འགྱུར་སྟེ། རྣམ་ངེས་དང་། མངོན་པ་ཀུན་ལས་བཏུས་པར་བཤད་པ་ལྟར་ཤེས་པར་བྱའོ། །རྩོད་རིགས་ནས་རྒྱས་པར་བཤད་ཀྱང་ཚིག་མང་དུ་དོགས་པས་འདིར་མ་བྲིས་སོ། །གཉིས་པ་ལ་གསུམ་སྟེ། ལྟག་ཆོད་བཤད་པའི་དགོས་པ་དང་། ལྟག་ཆོད་དང་སུན་འབྱིན་ལྟར་སྣང་དེ་དག་ལྟག་ཆོད་དུ་འགྱུར་བའི་ཚུལ་བཤད་པ་དང་། རྩོད་སྒྲུབ་མཁན་པོའི་ལྟག་ཆོད་ཀྱི་གྲངས་ངེས་དགག་པའོ། །དང་པོ་ལ་གཉིས་ཏེ། དངོས་དང་། ལྟག་ཆོད་ལ་ལན་བརྗོད་རིགས་པའི་རྒྱུ་མཚན་ནོ། །དང་པོ་ནི། ཚད་མ་ནི་དངོས་པོའི་དེ་ཁོ་ན་ཉིད་རྟོགས་པའི་ཐབས་དང་། གཞལ་བྱའི་གནས་ལུགས་རྟོགས་པ་ཚད་མ་ལ་རག་ལས་པས་སྒྲ་བྱུང་ལ་སོགས་པ་ཚད་མ་ཕུང་གསུམ་བཀག་ནས་ཚད་མ་གཉིས་ལས་རྫས་གཞན་པའི་ཚད་མ་འགོད་པ་ཡང་མི་རིགས་མོད། གལ་ཏེ་རིགས་སུ་ཆུག་ནའང་། ཚད་མ་ལྟར་སྣང་དང་། ཕྱོགས་དང་། གཏན་ཚིགས་དང་། དེའི་སྐྱོན་རྣམས་བཤད་པ་ལ་དགོས་པ་ཅི་ཡོད་ཅེ་ན། ཕྱོགས་ཆོས་མ་ཚང་བ་དང་། ཁྱབ་པ་མ་ངེས་པ་དང་འགལ་བ་ལ་སོགས་པ་སྒྲུབ་བྱེད་ཀྱི་སྐྱོན་དང་། སུན་འབྱིན་ལྟར་སྣང་སོགས་བརྗོད་པ་ཆོས་ཅན། དགོས་པ་ཡོད་དེ། སྒྲུབ་བྱེད་ཡང་དག་འགོད་པར་ཁས་བླངས་ནས་སྒྲུབ་བྱེད་ཀྱི་ཚད་མ་ལྟར་སྣང་བརྗོད་ཀྱང་རང་གི་ཕྱོགས་ངེས་པར་འགྲུབ་པའི་སྒྲུབ་བྱེད་ཡང་དག་ཏུ་བརྗོད་པར་འདོད་པ་རྣམས་ལ་རིགས་པའི་ཆ་ཤས་ཏེ། སྒྲུབ་བྱེད་ཀྱི་ཡན་ལག་སྐྱོན་མེད་སྨྲ་བ་བཞིན་དུ་རང་གི་ཕྱོགས་འགྲུབ་པ་མཚུངས་པ་མ་ཡིན་ནོ། །ཞེས་བསྟན་ནས་རྟོགས་པའི་ཆེད་ཡིན་པའི་ཕྱིར། དེས་ན་ལོག་རྟོག་སེལ་བའི་དགོས་པ་ཅན་ནོ། །གཉིས་པ་ནི། གལ་ཏེ་སྒྲུབ་བྱེད་སྐྱོན་ཅན་ལ་སྐྱོན་ཅན་དུ་བརྗོད་པ་དང་། སུན་འབྱིན་ལྟར་སྣང་ལ་ལྟག་ཆོད་དུ་སྟོན་པའི་ལན་འདི་མི་རིགས་ཏེ། མཐའ་ཡས་པའི་ཕྱིར་ཞེ་ན། དེ་ལྟར་དུ་སྟོན་པའི་ལན་འདི་བརྗོད་པར་རིགས་པ་ཡིན་ཏེ། སྒྲུབ་བྱེད་ཀྱི་སྐྱོན་དེ་ཉིད་རབ་ཏུ་བསྟན་པར་བྱ་བའི་ཕྱིར་དང་། སུན་འབྱིན་པ་ལྟར་སྣང་བ་ལྟག་ཆོད་དུ་བརྗོད་པའི་ཆེད་དུ་ཡིན་པའི་ཕྱིར་དང་། ལྟག་ཆོད་ལ་ནི་རྗེས་མཐུན་གྱི་ལན་དེ་སྐྱོན་ཅན་དུ་ཤེས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལྟག་ཆོད་དང་སུན་འབྱིན་ལྟར་སྣང་དེ་དག་ལྟག་ཆོད་དུ་འགྱུར་བའི་ཚུལ་བཤད་པ་ལ་གཉིས་ཏེ། ལྟག་ཆོད་སྔ་མ་བཅུ་བཤད་པ་དང་། ཕྱི་མ་བཞི་བཤད་པའོ། །དང་པོ་ལ་གཉིས་ཏེ། སྔ་མ་གཉིས་བཤད་པ་དང་། ཕྱི་མ་བརྒྱད་བཤད་པའོ། །དང་པོ་ལ་གཉིས་ཏེ། ལྟག་ཆོད་ངོས་བཟུང་བ་དང་། དེ་སུན་འབྱིན་ལྟར་སྣང་དུ་བསྟན་པའོ། །དང་པོ་ནི། ཅིའི་ཕྱིར་ཕྲན་པ་དང་མ་ཕྲད་པ་དག་མཚུངས་པའི་ལྟག་ཆོད་ཅེས་ཟེར་ན། དུང་གི་སྒྲ་ཆོས་ཅན། མི་རྟག་སྟེ། རང་རྒྱུའི་རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་བཀོད་པ་ལ། རྟགས་འདི་བསྒྲུབ་བྱ་དང་ཕྲད་ནས་སྒྲུབ་པར་བྱེད་དམ་མ་ཕྲད་པར་བྱེད། དང་པོ་ལྟར་ན། ཆུ་ཀླུང་དང་རྒྱ་མཚོ་འཕྲད་པ་བཞིན་དུ། བསྒྲུབ་བྱ་དང་འདྲེས་པས་ཁྱད་པར་མེད་པར་འགྱུར་ལ། མ་གྲུབ་པར་འཕྲད་པར་མི་འཐད་པས་སྒྲུབ་པ་དང་འཕྲད་ན་བསྒྲུབ་བྱ་གྲུབ་ཟིན་ནས་གཏན་ཚིགས་དགོས་པ་མེད་དོ། །གཉིས་པ་ལྟར་ན། མ་ཕྲད་པས་གཏན་ཚིགས་མ་ཡིན་པ་དང་ཁྱད་པར་མེད་པས་སྒྲུབ་བྱེད་ཡང་དག་མ་ཡིན་ནོ་ཞེས་པའི་རྩོད་ངག་ཆོས་ཅན། ཕྲད་པ་དང་མ་ཕྲད་པ་དག་མཚུངས་པའི་ལྟག་ཆོད་ཅེས་བརྗོད་དུ་རུང་སྟེ། རང་གིས་གཞན་གྱི་གཏན་ཚིགས་ལ་ཕྲད་མ་ཕྲད་བརྟགས་ནས་སྐྱོན་བརྗོད་པ་ཇི་ལྟ་བ་བཞིན་དུ་རང་གི་སུན་འབྱིན་ལ་ཡང་སྐྱོན་ཇི་ལྟ་བ་བཞིན་དུ་མཚུངས་པའི་སུན་འབྱིན་ལྟར་སྣང་བ་ཡིན་པའི་ཕྱིར། ཡང་རང་རྒྱུའི་རྩོལ་བ་ལས་བྱུང་བ་ཆོས་ཅན། ཁྱོད་དུང་གི་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་དང་ཕྲད་མ་ཕྲད་སོགས་སྔར་བཞིན་བཏགས་པའི་སུན་འབྱིན་ལྟར་སྣང་ཡིན་ན་ཕྲད་པ་དང་མ་ཕྲད་པ་དག་མཚུངས་པའི་ལྟག་ཆོད་ཡིན་ཏེ། ཁྱོད་དེ་ལྟར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར་ཞེས་བྱའོ། །འོག་མ་རྣམས་ལ་ཡང་ཚུལ་འདི་བཞིན་དུ་ཤེས་པར་བྱའོ། །སྔར་བཤད་པའི་གཏན་ཚིགས་ལ། རྟགས་དེ་བསྒྲུབ་བྱ་ལས་སྔར་གྲུབ་ན་འདི་གང་གི་གཏན་ཚིགས་ཡིན། ཕྱིས་གྲུབ་ན་གོ་བྱེད་དུ་མི་རུང་ལ། དུས་མཉམ་དུ་གྲུབ་ན་རྭ་གཡས་གཡོན་བཞིན་དུ་གཉིས་ཀ་གྲུབ་པ་ལ་སྒྲུབ་མི་དགོས་པས་གཏན་ཚིགས་ཡང་དག་མ་ཡིན་ནོ་ཞེས་དུས་གསུམ་ལ་བརྟགས་ནས་བརྗོད་པའི་རྩོད་ངག་ཆོས་ཅན། རྟགས་སུ་བརྗོད་འདོད་མིན་པ་སྟེ། གཏན་ཚིགས་མིན་པ་མཚུངས་པའི་ལྟག་ཆོད་ཅེས་བརྗོད་རུང་སྟེ། རང་གིས་གཞན་གྱི་གཏན་ཚིགས་ལ་དུས་གསུམ་དུ་བརྟགས་ནས་སྐྱོན་བརྗོད་པ་ཇི་ལྟ་བ་བཞིན་དུ་རང་གི་སུན་འབྱིན་ལ་ཡང་སྐྱོན་ཇི་ལྟ་བ་བཞིན་དུ་མཚུངས་པའི་སུན་འབྱིན་ལྟར་སྣང་ཡིན་པའི་ཕྱིར་རོ། །གཉིས་པ་དེ་སུན་འབྱིན་ལྟར་སྣང་དུ་བསྟན་པ་ནི། སྔར་བཤད་པའི་ལྟག་ཆོད་གཉིས་སུན་འབྱིན་ལྟར་སྣང་ཡིན་པའི་གཏན་ཚིགས་མ་གྲུབ་བོ་ཞེ་ན། ཕྲད་པ་དང་མ་ཕྲད་པ་དག་མཚུངས་པའི་ལྟག་ཆོད་སོགས་སྔར་བཤད་པ་གཉིས་པོ་དེ་ཆོས་ཅན། སུན་འབྱིན་ལྟར་སྣང་ཡིན་པར་ཐལ། གཏན་ཚིགས་ཡང་དག་ཏུ་མ་ཚང་བ་ལ་བསྐུར་པ་འདེབས་པའི་རྩོད་པ་རྗེས་མཐུན་པ་སུན་འབྱིན་གྱི་གཟུགས་ཅན་ཙམ་གྱི་རྩོད་པའི་ངག་ཡིན་པའི་ཕྱིར། རང་རྒྱུའི་རྩོལ་བ་ལས་བྱུང་བ་ཙམ་དུ་མ་ཟད་གཏན་ཚིགས་ཙམ་ལ་བསྐུར་པ་འདེབས་པའི་སུན་འབྱིན་ཡིན་ཏེ། རང་གིས་གཞན་ལ་བརྟགས་ནས་སྐྱོན་བརྗོད་པ་ཇི་ལྟ་བ་བཞིན་དུ་སུན་འབྱིན་དང་སུན་དབྱུང་བྱ་གཉིས་ཕྲད་མ་ཕྲད་བརྟགས་ན་ཡང་ཉེས་པ་རང་ལ་མཚུངས་པའི་རྩོད་ངག་ཡིན་པའི་ཕྱིར་རོ། །དོན་འདི་འགྲེལ་བཤད་ཀྱི་འགྱུར་དུ། དགག་པ་མཚུངས་པ་ཉིད་ཀྱི་ཕྱིར་ཞེས་སྣང་བས་དེའི་དོན་བཞིན་དུ་བཤད་པའོ། །ཞ་མའི་འགྱུར་ལ་འདི་མི་སྣང་བས་དཔྱད་པར་བྱའོ། །གལ་ཏེ་སྐབས་དེར་བསྒྲུབ་བྱ་ནི་བསྐྱེད་བྱ་དང་ཤེས་བྱ་དང་གཉིས་ཡིན་ལ། སྒྲུབ་བྱེད་ནི་གཏན་ཚིགས་དང་། གཏན་ཚིགས་བརྗོད་པའི་ཚིག་གཉིས་ལས། བསྐྱེད་བྱ་སྐྱེད་བྱེད་ལ་བསམས་ནས་འབྲས་བུའི་སྔར་རྒྱུ་སྒྲུབ་དགོས་པས། སྔ་ཕྱིའི་བརྟག་པ་སྐྱོན་དུ་མི་འཇུག་ལ། བསྒྲུབ་བྱ་རྟོགས་པའི་ངེས་ཤེས་སྔར་མ་སྐྱེས་པ་ལ་གཏན་ཚིགས་འཇུག་པ་ཡིན་གྱི། རྗེས་དཔག་སྐྱེས་ནས་གཏན་ཚིགས་དགོས་པ་མེད་པའི་ཕྱིར། རྗེས་དཔག་བསྒྲུབ་བྱ་དང་། སྒྲུབ་བྱེད་ཀྱི་ཚིག་གིས་བརྗོད་པའི་དོན་རྟགས་ཡིན་པ་ལ་བསམས་ནས་རྩོད་པ་ཡིན་ནོ་ཞེ་ན། དེ་འདྲའི་སུན་འབྱིན་དེ་མ་གྲུབ་པ་ལྟར་སྣང་ཡིན་པར་ཐལ། སྒྲ་དང་མི་རྟག་པའི་ཚོགས་དོན་དེ་སྒྲུབ་ཀྱི་སྒྲུབ་བྱ་ཡིན་གྱི་རྟོགས་པ་སྟེ། དེ་བརྗོད་པའི་ཚིག་དེ་སྒྲུབ་ཀྱི་བསྒྲུབ་བྱ་མ་ཡིན་པས། དེ་བརྗོད་པའི་ཚིག་དེ་དེའི་ཚེ་དེ་སྒྲུབ་ཀྱི་ཕྱིར་རྒོལ་གྱིས་མ་གྲུབ་པ་མ་ཡིན་པའི་ཕྱིར་ཞེས་བྱའོ། །ཁྱབ་བསལ་ཁས་བླངས་སོ། །ལ་ལས་ནི། ཆོས་སྔར་བཞིན་ལ། སྒྲ་མི་རྟག་པ་བསྒྲུབ་བྱ་ཡིན་གྱི་དེར་རྟོགས་ཀྱི་བློ་བསྒྲུབ་བྱ་མ་ཡིན་པས་སྒྲ་མི་རྟག་པ་དེའི་ཚེ་མ་གྲུབ་པ་མ་ཡིན་པའི་ཕྱིར་ཞེས་ཟེར་རོ། །གཉིས་པ་ཕྱི་མ་བརྒྱད་བཤད་པ་ལ་བརྒྱད་སྟེ། རྟག་པ་དང་མཚུངས་པར་བརྗོད་པའི་ལྟག་ཆོད་དང་། མ་བརྗོད་པ་མཚུངས་པའི་ལྟག་ཆོད། མ་སྐྱེས་པ་མཚུངས་པའི་ལྟག་ཆོད་དང་། འབྲས་བུ་མཚུངས་པའི་ལྟག་ཆོད། ཆོས་མཐུན་པ་མཚུངས་པའི་ལྟག་ཆོད་དང་། ཆོས་མི་མཐུན་པ་མཚུངས་པའི་ལྟག་ཆོད་དང་། རྣམ་རྟོག་མཚུངས་པའི་ལྟག་ཆོད་དང་། ཁྱད་པར་མེད་པ་མཚུངས་པའི་ལྟག་ཆོད་དོ། །དང་པོ་ནི། རྒོལ་བས་སྒྲ་མི་རྟག་པར་དམ་བཅས་པ་ལ། ཕྱིར་རྒོལ་བས་མི་རྟག་པ་སྒྲའི་ཁྱད་ཆོས་དོན་གཞན་དུ་སྒྲོ་བཏགས་ནས། སྒྲ་དུས་ནམ་ཡང་མི་རྟག་པ་འདོར་མི་སྲིད་པའི་ཕྱིར་ཏེ། མི་རྟག་པའི་རང་བཞིན་ཐོབ་པའི་ཕྱིར་དང་། ཆོས་རྣམས་ཀྱི་རང་བཞིན་གང་ཐོབ་པ་འདོར་མི་སྲིད་པའི་ཕྱིར་རོ། །དེས་ན་སྒྲ་དེ་དག་རྟག་པར་འགྱུར་གྱི་མི་རྟག་པར་བཞག་ནུས་པ་མིན་པར་འགྱུར་ཏེ། དུས་རྟག་ཏུ་མི་རྟག་པའི་རྗེས་སུ་འགྲོ་བའི་ཕྱིར་ཞེས་ཟེར་རོ། །དེ་འདྲའི་རྩོད་ངག་ཆོས་ཅན། རྟག་པ་དང་མཚུངས་པར་བརྗོད་པའི་ལྟག་ཆོད་ཅེས་བརྗོད་དུ་རུང་སྟེ། རང་གིས་གཞན་གྱིས་སྒྲ་མི་རྟག་པར་དམ་བཅས་པ་ལ་ཉེས་པ་བརྗོད་པ་དེ་ཉིད་རང་གིས་ཀྱང་གཞི་གང་མི་རྟག་པར་དམ་བཅས་པ་ལའང་སུན་འབྱིན་དེ་ཉིད་རང་ལ་ཡང་མཚུངས་པའི་རྩོད་ངག་ཡིན་པའི་ཕྱིར་རོ། །དེས་ན་མི་རྟག་པ་རྟག་ཏུ་འགྱུར་མེད་དུ་ལྡན་པ་མི་སྲིད་པས་སྒྲ་རྟག་པར་དམ་བཅའ་བའི་རྩོད་ངག་ཆོས་ཅན། སུན་འབྱིན་ཡང་དག་མ་ཡིན་ཏེ། ཕྱོགས་ཀྱི་སྐྱོན་དང་། རྗེས་མཐུན་བརྗོད་པ་སྟེ། རང་ཚིག་འགལ་བའི་དམ་བཅའི་སྐྱོན་ལྟར་སྣང་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། དངོས་དང་། དེ་སུན་འབྱིན་ལྟར་སྣང་དུ་བསྟན་པའོ། །དང་པོ་ནི། རྩོལ་བྱུང་གིས་དུང་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཀྱི་ཚིག་བརྗོད་པའི་སྔར་གཏན་ཚིག་མེད་པའི་བསྒྲུབ་བྱ་དུང་གི་སྒྲ་དང་མི་རྟག་པའི་ཚོགས་དོན་ཡང་མེད་པར་ཐལ་བས། དེས་དུང་གི་སྒྲ་མི་རྟག་པར་སྒྲུབ་པར་མི་ནུས་ཞེས་རྩོད་དོ། དེ་འདྲའི་རྩོད་ངག་ཆོས་ཅན། མ་བརྗོད་པ་མཚུངས་པའི་རྟག་ཆོད་ཅེས་བརྗོད་དུ་རུང་སྟེ། རང་གིས་གཞན་གྱིས་རྩོལ་བྱུང་རྟགས་སུ་བརྗོད་པ་ལ་སུན་འབྱིན་བརྗོད་པ་ཇི་ལྟ་བ་བཞིན་དུ་གཞན་གྱིས་རྟགས་སུ་མ་བརྗོད་ཡང་རང་གིས་རྟགས་སུ་བརྗོད་པ་གཞན་ལའང་སུན་འབྱིན་ཇི་ལྟ་བ་བཞིན་དུ་མཚུངས་པའི་རྩོད་ངག་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་དེ་འདྲའི་རྩོད་པའི་ངག་དེ་སུན་འབྱིན་ཡང་དག་ཡིན་ནོ་ཞེ་ན། སྨྲ་བ་པོའི་སྒྲུབ་བྱེད་འགོད་པའི་ངག་གིས་དུང་གི་སྒྲ་མི་རྟག་པར་གསར་དུ་སྒྲུབ་པར་བྱེད་པར་སྒྲོ་བཏགས་ནས་སྔར་དུང་གི་སྒྲ་མི་རྟག་པ་མིན་པར་རྩོད་པའི་ངག་ཆོས་ཅན། སུན་འབྱིན་ཡང་དག་མ་ཡིན་པར་ཐལ། མ་གྲུབ་པའི་རྩོད་ངག་ལྟར་སྣང་བ་ཡིན་པའི་ཕྱིར། དེས་ན་ཚིག་ཙམ་གྱིས་བསྒྲུབ་བྱ་སྒྲུབ་ནུས་པ་མ་ཡིན་ནོ། །གལ་ཏེ་སྒྲུབ་བྱེད་ཀྱི་ཚིག་སྒྲུབ་བྱེད་མ་ཡིན་ཡང་དེ་བརྗོད་པ་ལས་སྔར་སྒྲུབ་བྱེད་དུ་སྒྲོ་བཏགས་ནས་སྔར་རྟགས་ཚིག་མེད་པས་བསྒྲུབ་བྱ་མ་གྲུབ་བོ་ཞེས་རྩོད་ན། དེ་འདྲའི་རྩོད་པའི་ངག་ཆོས་ཅན། སུན་འབྱིན་ཡང་དག་མ་ཡིན་པར་ཐལ། ཉུང་ལྟར་སྣང་སྟེ། གཏན་ཚིགས་ཡང་དག་ཀུན་ལ་སྐུར་པ་འདེབས་དགོས་པའི་ངག་ཡིན་པས། གཏན་ཚིགས་ཡང་དག་གི་དཔེ་མ་ཚང་བའི་སུན་འབྱིན་ལྟར་སྣང་བ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། དངོས་དང་། དེ་སུན་འབྱིན་ལྟར་སྣང་དུ་བསྟན་པའོ། །རང་རྒྱུའི་རྩོལ་བ་ལས་བྱུང་བ་དུང་གི་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་མ་གྲུབ་པར་འགྱུར་ཏེ། དེ་དེ་སྒྲུབ་ཀྱི་རྟགས་མིན་པའི་ཕྱིར་ཏེ། དེ་དེ་སྒྲུབ་ཀྱི་རྟགས་ཀྱི་ཚིག་བརྗོད་པ་ལས་སྔར་དུང་གི་སྒྲ་མ་སྐྱེས་པས་དེ་རྩོལ་བྱུང་དུ་མེད་པའི་ཕྱིར་དང་། དུང་གི་སྒྲ་རྩོལ་བྱུང་དུ་མ་འགྲུབ་པའི་ཤུགས་ཀྱིས་དེ་རྟག་པར་འགྱུར་རོ་ཞེས་རྩོད་ན། དེ་འདྲའི་རྩོད་པའི་འགལ་བའི་ངག་གཉིས་ཆོས་ཅན། མ་སྐྱེས་པ་མཚུངས་པའི་ལྟག་ཆོད་ཅེས་བརྗོད་དུ་རུང་སྟེ། རང་གིས་གཞན་གྱིས་རྩོལ་བྱུང་དུང་གི་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བརྗོད་པ་ལ་སུན་འབྱིན་བརྗོད་པ་ཇི་ལྟ་བ་བཞིན་དུ་རང་གིས་རྩོལ་བྱུང་མ་ཡིན་པ་དུང་གི་སྒྲ་རྟག་པར་སྒྲུབ་པའི་རྟགས་སུ་བརྗོད་པ་ལའང་ཇི་ལྟ་བ་བཞིན་དུ་མཚུངས་པའི་རྩོད་པ་ངག་ཡིན་པའི་ཕྱིར། གཉིས་པ་ནི་དེ་བཟློག་པ་རང་རྒྱུད་འཕེན་པའི་སུན་འབྱིན་ཡང་དག་ཡིན་ནོ་ཞེ་ན། སྔར་བཤད་པའི་རྩོད་པའི་ངག་རྣམ་པ་གཉིས་ནི་བཟློག་པ་རང་རྒྱུད་འཕེན་པའི་སུན་འབྱིན་ཡང་དག་མ་ཡིན་པར་ཐལ། དུང་གི་སྒྲ་སྐྱེ་བ་ལས་སྔར་རྩོལ་བྱུང་དུ་སྒྲུབ་བྱེད་དུ་སྒྲོ་བཏགས་པ་ལས་སྒྲུབ་བྱེད་ཡང་དག་མ་ཡིན་པར་རྩོད་པ་མ་སྒྲུབ་པའི་ལྟར་སྣང་ཡིན་པའི་ཕྱིར་དང་། རྩོལ་བ་ལས་མ་བྱུང་བའི་རྟགས་ཀྱི་ཤུགས་ཀྱིས་རྟག་པར་རྩོད་པ་མ་ངེས་པའི་ལྟར་སྣང་དང་གཉིས་སུ་འདོད་པར་རིགས་པའི་ཕྱིར། བཞི་པ་ལ་གཉིས་ཏེ། དངོས་དང་། སུན་འབྱིན་ལྟར་སྣང་དུ་བསྟན་པའོ། །དང་པོ་ནི། སྒྲ་མི་རྟག་པར་སྒྲུབ་པ་ལ་བྱས་པའི་ཕྱིར་ཞེས་འབྲས་བུ་རྟགས་སུ་བཀོད་པ་ལ་འབྲས་བུའི་དབྱེ་བ་གཞན་ཉིད་ཀྱི་ཆ་ནས་བརྟགས་ནས་རྫ་བུམ་རང་གི་རྒྱུ་དབྱུག་གུ་དང་འཁོར་ལོ་སོགས་ཀྱི་འབྲས་བུ་ཡིན་ཞིང་། སྒྲ་རང་རྐྱེན་གྱི་འབྲས་བུ་ཡིན་པས་སྒྲའི་འབྲས་བུ་མཐུན་དཔེ་ལ་རྗེས་སུ་མི་འགྲོ། བུམ་པའི་འབྲས་བུ་རྩོད་གཞི་ལ་རྗེས་སུ་མི་འགྲོ་བའི་ཕྱིར་བསྒྲུབ་བྱ་སྒྲ་དང་མི་རྟག་པའི་ཚོགས་དོན་མི་འགྲུབ་པར་སྟོན་ཞིང་རྩོད་པར་བྱེད་ན། དེ་འདྲའི་རྩོད་ངག་དེ་ནི་ཆོས་ཅན། འབྲས་མཚུངས་ཀྱི་ལྟག་ཆོད་ཅེས་བརྗོད་དུ་རུང་སྟེ། དཔེ་དང་རྩོད་གཞི་འབྲས་བུར་མཚུངས་པའི་ཆ་ནས་རྟགས་ཙམ་ལ་སྐུར་བ་འདེབས་པའི་རྩོད་པའི་ངག་ཡིན་པའི་ཕྱིར། གཉིས་པ་ནི། དེ་འདྲ་སྒྲུབ་བྱེད་འཕེན་པའི་སུན་འབྱིན་ཡང་དག་ཡིན་ནོ་ཞེ་ན། དེ་ལྟ་བུའི་རྩོད་ངག་དེ་ནི་སྒྲུབ་བྱེད་འཕེན་པའི་སུན་འབྱིན་ཡང་དག་མ་ཡིན་ཏེ། དེ་ནི་སྨྲ་བ་པོའི་འདོད་པས་སུན་འབྱིན་ལྟར་སྣམ་བུ་གསུམ་དུ་འགྱུར་བའི་ཕྱིར། དེ་ཡང་སྨྲ་བ་པོའི་འདོད་པས་གསུམ་དུ་འགྱུར་ཏེ། སྒྲའི་འབྲས་བུ་བུམ་པ་སོགས་མི་རྟག་པ་ལ་མེད་པས་གོ་བྱེད་དུ་མི་འཐད་པར་རྩོད་ན་འགལ་བ་ལྟར་སྣང་དང་། དེ་ཉིད་རྟག་པ་ལ་འགོད་ཚུལ་དང་མཐུན་པར་མེད་དོ་ཞེས་རྩོད་ན་ཐུན་མོང་མ་ཡིན་པའི་མ་ངེས་པའི་ལྟར་སྣང་དང་། བུམ་པའི་འབྲས་བུ་སྒྲ་ལ་འགོད་ཚུལ་དང་མཐུན་པར་མེད་དོ་ཅེས་རྩོད་ན་མ་གྲུབ་པའི་ལྟར་སྣང་དུ་འགྱུར་དགོས་པའི་ཕྱིར་རོ། །ལྔ་པ་དང་དྲུག་པ་ལ་གཉིས་ཏེ། དངོས་དང་། དེ་སུན་འབྱིན་ལྟར་སྣང་དུ་བསྟན་པའོ། །དང་པོ་ནི། མཐུན་པའི་དཔེ་བུམ་པ་དང་དུང་གི་སྒྲ་ཆོས་ཅན། མི་རྟག་སྟེ། རང་རྒྱུའི་རྩོལ་བ་ལས་བྱུང་བའི་ཕྱིར། དཔེར་ན། ནམ་མཁའ་བཞིན། ཞེས་ངེས་པར་བསྟན་ནས་མི་མཐུན་ཕྱོགས་ཏེ། དཔེ་དང་ཆོས་མི་མཐུན་པའི་སྦྱོར་བ་བྱས་པ་དག་ལས། ལྟག་ཆོད་སྨྲ་བ་པོས། དཔེར་གྱུར་པའི་ནམ་མཁའ་དང་། ཆོས་མི་མཐུན་པ་ཉིད་ལས། རྩོལ་བ་ལས་བྱུང་བའི་ཕྱིར་དུང་གི་སྒྲ་མི་རྟག་པ་ཡིན་ན་དུང་གི་སྒྲ་དང་ནམ་མཁའ་ལུས་ཅན་མིན་པར་ཆོས་མཐུན་པས། ལུས་ཅན་མ་ཡིན་པའི་ཕྱིར། དུང་གི་སྒྲ་ཡང་རྟག་པར་འགྱུར་རོ་ཞེས་རྩོད་ན། དེ་འདྲའི་རྩོད་ངག་ཆོས་ཅན། ཆོས་མཐུན་པ་མཚུངས་པའི་ལྟག་ཆོད་ཅེས་བརྗོད་དུ་རུང་སྟེ། དུང་གི་སྒྲ་དང་ནམ་མཁའ་ལུས་ཅན་མ་ཡིན་པ་ཙམ་དུ་མཐུན་པའི་དཔེ་ཡིས་དུང་གི་སྒྲ་གཞན་རྟག་པར་སྒྲུབ་པར་འདོད་ནས་རྟགས་ཡང་དག་ལ་སྐུར་པ་འདེབས་པའི་རྩོད་པའི་ངག་ཡིན་པའི་ཕྱིར། རྩོལ་བྱུང་གིས་དུང་གི་སྒྲ་མི་རྟག་པར་སྒྲུབ་པའི་བུམ་པ་དང་། ཆོས་མཐུན་པ་ལས་དུང་གི་སྒྲ་མི་རྟག་པ་ཡིན་ན་བུམ་པ་དང་ནམ་མཁའ་ཆོས་མི་མཐུན་པ་ལས། ལུས་ཅན་མ་ཡིན་ཕྱིར་དུང་གི་སྒྲ་རྟག་པར་འགྱུར་རོ་ཞེས་རྩོད་ན། གཞན་དག་སྟེ། དེ་འདྲའི་སུན་འབྱིན་ཆོས་ཅན། ཆོས་མི་མཐུན་པས་མཚུངས་པ་ཉིད་ཀྱི་ལྟག་ཆོད་ཅེས་བརྗོད་དུ་རུང་སྟེ། དུང་གི་སྒྲ་དང་ནམ་མཁའ་རྟག་མི་རྟག་ཙམ་དུ་ཆོས་མི་མཐུན་པའི་དཔེ་ཡིས་དུང་གི་སྒྲ་རྟག་པར་སྒྲུབ་པར་འདོད་ནས་རྟགས་ཡང་དག་ལ་སྐུར་པ་འདེབས་པའི་རྩོད་པའི་ངག་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། མ་ངེས་པའི་ལྟར་སྣང་དུ་འགྱུར་བའི་དཔེ་དང་། དཔེ་ལྟར་སྣང་གི་སུན་འབྱིན་ལྟར་སྣང་དུ་བསྟན་པ་དང་། འཁྲུལ་པ་ལྟར་སྣང་གཉིས་སུ་འགྱུར་བའི་རྒྱུ་མཚན་ནོ། །དང་པོ་ནི། རྩོལ་བྱུང་གིས་དུང་གི་སྒྲ་མི་རྟག་པར་སྒྲུབ་པ་ལ། བུམ་པ་ཆོས་མཐུན་པ་དང་། ནམ་མཁའ་ཆོས་མི་མཐུན་པའི་དཔེར་བརྗོད་པ་ལ། ཕ་རོལ་པོས། རྩོལ་བ་ལས་བྱུང་བའི་ཕྱིར། དུང་གི་སྒྲ་རྟག་པ་ཡིན་ན་དཔེ་བུམ་པ་དང་ཆོས་མི་མཐུན་པ་ལས་ལུས་ཅན་མ་ཡིན་པའི་ཕྱིར། དུང་གི་སྒྲ་རྟག་པར་འགྱུར་ཞེས་པ་དང་། མི་རྟག་སྟེ། རྩོལ་བ་ལས་བྱུང་བའི་ཕྱིར། ནམ་མཁའ་བཞིན་ཞེས་མི་མཐུན་དཔེར་བྱས་པ་ལས་དཔེ་དེའི་མི་མཐུན་ཕྱོགས་བུམ་པ་དང་། དུང་གི་སྒྲ་གཉིས་ལུས་ཅན་མ་ཡིན་པར་ཆོས་མི་མཐུན་པས། ལུས་ཅན་མ་ཡིན་པའི་ཕྱིར། དུང་གི་སྒྲ་རྟག་པར་ཡང་འགྱུར་རོ་ཞེས་རྩོད་ན། དེ་འདྲའི་རྩོད་པའི་ངག་ཆོས་ཅན། སྒྲུབ་བྱེད་འཕེན་པའི་སུན་འབྱིན་ཡང་དག་མ་ཡིན་ཏེ། ཐུན་མོང་གི་མ་ངེས་པ་ལྟར་སྣང་བ་རྣམ་པ་གཉིས་སུ་འགྱུར་བའི་སུན་འབྱིན་ཡིན་པའི་ཕྱིར། མ་གྲུབ་ན། ཁྱོད་སུན་འབྱིན་ལྟར་སྣང་ཡིན་པར་ཐལ། སུན་འབྱིན་ཁས་བླངས་པའི་ངག་གང་ཞིག འགལ་བ་ལ་མི་འཁྲུལ་བ་ཉིད་ཀྱི་གཏན་ཚིགས་ལྟར་སྣང་བཞིན་ཁྱོད་རྟགས་གཉིས་སུ་ཆོས་མཐུན་རེ་ཙམ་མཐོང་བས་དུང་གི་སྒྲ་ལ་རྟག་པ་སྒྲུབ་པར་འདོད་པ་བཞིན་དུ་ཁོ་བོའི་ཡང་ཆོས་མཐུན་པ་ཙམ་གྱིས་དུང་གི་སྒྲ་མི་རྟག་པར་སྒྲུབ་པར་མཚུངས་པའི་ཕྱིར། སུན་འབྱིན་ལྟར་སྣང་གཉིས་བཤད་པའི་རྒྱུ་མཚན་ཅི་ཞེ་ན། དེ་འདྲའི་སུན་འབྱིན་གཉིས་བཤད་པའི་རྒྱུ་མཚན་ཡོད་དེ། ལུས་ཅན་མ་ཡིན་པ་དང་། རྩོལ་བྱུང་གི་རྟགས་ཀྱིས་དུང་གི་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་མཐུན་པ་དང་། མི་མཐུན་དཔེ་ཅུང་ཟད་ཆོས་མཐུན་པས་གཞན་ལ་སྒྲུབ་བྱེད་དུ་མ་གྲུབ་པར་བསྟན་པའི་ཕྱིར་དུ་རྩོད་པ་མཁས་པོས་དེ་ལྟར་བཤད་པའི་ཕྱིར། གཉིས་པ་ནི། དེ་འདྲའི་རྩོད་པའི་ངག་འདི་ཡང་ཆོས་ཅན། སུན་འབྱིན་ལྟར་སྣང་བ་ཡིན་ཞེས་བརྗོད་དུ་རུང་སྟེ། ངེད་ཀྱི་དཔེ་སྐྱོན་ཅན་ཡིན་པ་དེ་ལྟར་ཁྱོད་ཀྱི་ཡང་ངོ་ཞེས་རྩོད་པར་བྱེད་པའི་ཕྱིར་དང་། ཕ་རོལ་པོ་ལ་དཔེ་ལྟར་སྣང་བའི་སྐྱོན་བརྗོད་ཡང་དག་ཏུ་ཁས་བླངས་ནས་རྩོད་པའི་ངག་ཡིན་པའི་ཕྱིར་དང་། རང་ཉིད་ལ་དཔེ་བཀོད་ཀྱང་རྗེས་འགྲོའི་ཁྱབ་པ་དང་ལྡོག་པ་ཅུང་ཟད་ཀྱང་བསྟན་པ་མེད་པའི་རྩོད་པའི་ངག་ཡིན་པའི་ཕྱིར་རོ། །རྟོག་གེ་པ་ངན་པ་ཕལ་ཆེར་ན་རེ། བུམ་པས་སྒྲ་མི་རྟག་པར་ཉེ་བར་འཇལ་བར་བྱེད་དེ། སྒྲ་ནི་བུམ་པ་ཇི་ལྟ་བ་བཞིན་དུ་མི་རྟག་པ་ཡིན་གྱི། ནམ་མཁའ་ཇི་ལྟ་བ་བཞིན་དུ་རྟག་པ་མ་ཡིན་ནོ་ཞེས་ཁས་ལེན་པ། དེ་མི་འཐད་པར་ཐལ། དེ་སྒྲུབ་ཀྱི་དཔེ་དང་བསྒྲུབ་བྱ་འདྲེས་པར་འགྱུར་དགོས་ན་དེ་ལྟར་དུ་མི་འགྱུར་བའི་ཕྱིར། ཕྱི་མ་མ་གྲུབ་ན། དེ་ལྟར་མི་འཐད་པར་ཐལ། དེ་ལྟར་འཐད་ན་གང་མི་རྟག་ན་རྩོལ་བ་ལས་བྱུང་བས་ཁྱབ་ཅེས་དང་། གང་རྩོལ་བ་ལས་མ་བྱུང་བ་ཡིན་ན་རྟག་པས་ཁྱབ་ཅེས་པ་ལྟར་རྗེས་འགྲོ་ཕྱིན་ཅི་ལོག་ཉིད་ལས་ཀྱང་དེ་སྒྲུབ་ཀྱི་བསྒྲུབ་བྱ་འགྲུབ་དགོས་ན་དེ་ལྟར་དུ་མི་འཐད་པར་ཁས་བླངས་པའི་ཕྱིར་རོ། །གསུམ་པ་འཁྲུལ་པ་ལྟར་སྣང་གཉིས་སུ་འགྱུར་བའི་རྒྱུ་མཚན་ནི། སྔར་བཤད་པའི་རྩོད་པའི་ངག་དེ་ལ་དུར་འགྱུར་ཞེ་ན། སྔར་བཤད་པའི་རྩོད་པའི་ངག་དེ་ནི་ཆོས་ཅན། འཁྲུལ་པ་ལྟར་སྣང་རྣམ་པ་གཉིས་སུ་ཡོད་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ལྟག་ཆོད་སྨྲ་བ་པོས་ཆོས་མཐུན་པ་དང་། ཆོས་མི་མཐུན་པའི་གཏན་ཚིགས་ལྟར་སྣང་གཉིས་བཀོད་པའི་རྟགས་དེའི་བདག་ཉིད་ཀྱི་དབྱེ་བས་དེ་ལྟར་བཤད་པའི་ཕྱིར། འདིས་ཀྱང་རྩོད་པ་གཉིས་ཀ་སུན་འབྱིན་ལྟར་སྣང་དུ་བསྟན་པ་ཡིན་ཏེ། དེས་ན་ཁོ་བོ་ཅག་གི་གཏན་ཚིགས་ལ་བཀོད་པའི་སྐྱོན་དེ་སུན་འབྱིན་ཡང་དག་ཏུ་འགྱུར་བ་མ་ཡིན་པར་ཐལ། རྩོལ་བྱུང་གིས་དུང་གི་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཀྱི་ཚུལ་གསུམ་ཕྱོགས་གཅིག་ཏུ་ངེས་པ་ཡིན་ཡང་ཁྱོད་ཀྱིས་བཀོད་པའི་སྦྱོར་བ་ཕྱི་མ་དང་སྔ་མ་ལ་ཡོད་པ་མིན་པར་ཕྱིན་ཅི་ལོག་གི་མ་ངེས་པའི་ལྟར་སྣང་ཡིན་པའི་ཕྱིར། བདུན་པ་རྣམ་རྟོག་མཚུངས་པའི་ལྟག་ཆོད་ལ་གཉིས་ཏེ། དངོས་དང་། དེ་སུན་འབྱིན་ལྟར་སྣང་དུ་བསྟན་པའོ། །དང་པོ་ནི། དུང་གི་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན། ཞེས་བུམ་པ་དང་། ཆོས་མཐུན་པ་ཉིད་ཀྱིས་མི་རྟག་པ་ཉིད་དུ་བྱས་པ་ལ་ལྟག་ཆོད་སྨྲ་བ་པོ་ན་རེ། འདི་ལ་ཆོས་མཐུན་པ་ཉིད་ཡོད་ན། བུམ་པ་ཁོ་ན་བསྲེགས་པར་བྱ་བ་དང་། མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར། མི་རྟག་པར་འགྱུར་གྱི། དུང་གི་སྒྲ་ནི། བསྲེགས་པར་བྱ་བ་དང་། མིག་ཤེས་ཀྱི་གཟུང་བྱ་གཉིས་མེད་པའི་ཕྱིར་དང་། ཡང་དུང་གི་སྒྲ་ཁོ་ན་རྟག་པར་འགྱུར་ཏེ། དེ་ཁོ་ན་བསྲེག་བྱ་མ་ཡིན་པ་དང་། མཉན་བྱ་ཡིན་པའི་ཕྱིར། བུམ་པ་ནི། རྟག་པ་མ་ཡིན་ཏེ། ཆོས་གཉིས་པོ་དེ་དང་མི་ལྡན་པའི་ཕྱིར་ཞེས་རྩོད་ན། དེ་འདྲའི་རྩོད་པའི་ངག་ཆོས་ཅན། རྣམ་རྟོག་མཚུངས་པའི་ལྟག་ཆོད་ཅེས་བརྗོད་དུ་རུང་སྟེ། གཏན་ཚིགས་ཀྱི་བྱེ་བྲག་བརྗོད་པས་རྟག་པ་དང་མི་རྟག་པར་རྣམ་པར་རྟོག་པས་བཏགས་པའི་སུན་འབྱིན་ལྟར་སྣང་བའི་རྩོད་ངག་ཡིན་པའི་ཕྱིར། ཡང་སྒྲས་ཕྲད་མ་ཕྲད་མཚུངས་པའི་ལྟག་ཆོད་དུ་མ་ཟད་འདི་ལ་ཡང་ངོ་ཞེས་པའི་དོན་ནོ། །གཉིས་པ་ནི། དེ་སུན་འབྱིན་ཡང་དག་ཡིན་ཏེ། བསྲེགས་པར་བྱ་བ་མ་ཡིན་པས་དུང་གི་སྒྲ་རྟག་པར་སྒྲུབ་ནུས་པའི་ཕྱིར་ཞེ་ན། བསྲེགས་པར་བྱ་བ་མ་ཡིན་པ་ཆོས་ཅན། ཁྱོད་ཀྱིས་དུང་གི་སྒྲ་རྟག་པར་བརྟག་པར་མི་ནུས་ཅིང་སྒྲུབ་ཀྱང་མི་ནུས་པར་ཐལ། འཁྲུལ་པ་ཅན་གྱི་བྱེ་བྲག་གིས། ཞེས་པ་སྟེ། ཁྱོད་ཀྱང་ཡིན་མི་རྟག་པ་ཡང་ཡིན་པའི་གཞི་མཐུན་ཚད་མས་མཐོང་བའི་ཕྱིར། དེར་མ་ཟད། སྤྱི་རྟགས་སུ་བཀོད་པ་མིན་པ། མཉན་བྱ་ཆོས་ཅན། ཁྱོད་ཀྱིས་ཀྱང་རྟག་པར་ཐལ་བ་འཕེན་པའི་མི་རིགས་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་འགལ་བ་ལྟར་སྣང་དུ་འགྱུར་བའི་ཕྱིར། དེས་ན་རྩོད་པ་དེ་ཆོས་ཅན། སུན་འབྱིན་ཡང་དག་མ་ཡིན་ཏེ། འགལ་བའམ་མ་ངེས་པའི་ལྟར་སྣང་བའི་ལན་ལོག་པ་ཡིན་པའི་ཕྱིར། འགྲེལ་བཤད་ཀྱི་འགྱུར་ལས། །རྟག་པར་ཐལ་ཕྱིར་དེར་སྣང་ཉིད། །ཅེས་བྱུང་ངོ་། །བརྒྱད་པ་ཁྱད་པར་མེད་པ་མཚུངས་པའི་ལྟག་ཆོད་ལ་གསུམ་སྟེ། དངོས་དང་། དེ་སུན་འབྱིན་ལྟར་སྣང་དུ་བསྟན་པ་དང་། རྣམ་རྟོག་མཚུངས་པ་སོགས་ཀྱི་དོན་བསྡུ་བའོ། །དང་པོ་ནི། དུང་གི་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར། དཔེར་ན་རྫ་བུམ་བཞིན་ཞེས་བཀོད་པ་ན། ལྟག་ཆོད་སྨྲ་བ་པོས། དུང་གི་སྒྲ་དང་རྫའི་བུམ་པ་དག་མི་རྟག་པ་ལ་སོགས་པར་ཆོས་མཐུན་པ་ཡིན་ན། རྫ་བུམ་གྱི་ཆོས་ཚོས་པ་སོགས་ཐམས་ཅད་ཀྱང་དུང་གི་སྒྲ་ལ་ཐོབ་ལ། དེའི་ཆོས་མཉན་བྱ་ལ་སོགས་པའང་རྫའི་བུམ་པ་ལ་ཐོབ་པར་འགྱུར་ལ། དེ་ལྟར་ན་དུང་གི་སྒྲ་དང་རྫའི་བུམ་པ་གཅིག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར། གཏན་ཚིགས་ཡང་དག་ཏུ་མི་རིགས་སོ་ཞེས་རྩོད་ན་དེ་འདྲའི་རྩོད་པའི་ངག་ཆོས་ཅན། བྱེ་བྲག་མེད་པར་མཚུངས་པའི་ལྟག་ཆོད་ཅེས་བརྗོད་དུ་རུང་སྟེ། རྩོད་གཞི་དང་དཔེ་ཆོས་མཐུན་པ་ཙམ་གྱིས་དེ་གཉིས་ཁྱད་པར་མེད་པར་རྩོད་པའི་སྒོ་ནས་རྟགས་ཡང་དག་གི་རྩོད་གཞི་དང་དཔེ་ཙམ་ལ་སྐུར་བ་འདེབས་པའི་རྩོད་པའི་ངག་ཡིན་པའི་ཕྱིར། འདི་ནི་རྣམ་རྟོག་མཚུངས་པའི་ལྟག་ཆོད་དང་ཁྱད་པར་ཆེར་མེད་པར་འགྲེལ་པར་བཤད་དོ། །གཉིས་པ་ནི། དེ་འདྲའི་སུན་འབྱིན་དེ་སུན་འབྱིན་ཡང་དག་ཡིན་ནོ་ཞེ་ན། ཆོས་མཐུན་པ་ཙམ་གྱིས་ཁྱད་པར་མེད་པར་རྩོད་པའི་ངག་དེ་སུན་འབྱིན་ཡང་དག་ཏུ་མི་འཐད་པར་ཐལ། དེ་ལྟར་ན་གཞལ་བྱ་ཙམ་དུ་ཆོས་མཐུན་པ་ཙམ་གྱིས་འགྲོ་བ་མ་ལུས་པ་ཁྱད་པར་མེད་པར་འགྱུར་དགོས་ན་དེ་ཤིན་ཏུ་མི་འཐད་པའི་ཕྱིར་རོ། །ཡང་ཆོས་མཐུན་པ་ཙམ་ལས་མི་རྟག་པར་ཐལ་བར་རྩོད་པ་ནི་སུན་འབྱིན་ཡང་དག་ཏུ་མི་འཐད་པར་ཐལ། དེ་ནི་མ་ངེས་པ་ལྟར་སྣང་བ་དང་། ཕྱོགས་གཅིག་མཐུན་ན་ཕྱོགས་མ་ལུས་པ་མཐུན་པས་ཁྱབ་ན་བསྒྲུབ་བྱ་དང་རྟགས་ཁྱད་པར་མེད་པའི་སྐྱོན་ཡོད་པའི་ཕྱིར་དང་། དེ་ལྟར་ན་རྟགས་སུ་གང་བཀོད་མ་གྲུབ་པར་འགྱུར་བས་སུན་འབྱིན་དེ་ནི་མ་གྲུབ་པ་ལྟར་སྣང་བར་འདོད་པར་རིགས་པའི་ཕྱིར་རོ། །ཡང་སྨོས་པ་ནི་ཁྱད་པར་མེད་པར་མཚུངས་པའི་ལྟག་ཆོད་སྔ་མ་ལས་ཐ་དད་དུ་བྱ་བའི་དོན་དུ་སྨོས་པའོ། །གསུམ་པ་ནི། སྔ་མའི་དོན་བསྡུས་ནས་ཡང་བརྗོད་པ་ཞེས་པ་ནི་འགྲེལ་པའི་ཚིག་གོ །རྩོལ་བྱུང་གིས་དུང་གི་སྒྲ་མི་རྟག་པར་སྒྲུབ་པར་བྱེད་ན། མིག་ཤེས་ཀྱི་གཟུང་བྱ་མ་ཡིན་པ་དང་། མཉན་བྱ་མིན་པ་ཉིད་ཀྱིས་དུང་གི་སྒྲ་རྟག་པར་ཐལ་བ་འཕེན་པའི་རྩོད་པའི་ངག་ཆོས་ཅན། གཏན་ཚིགས་ཀྱི་སྐྱོན་ལ་འགལ་བ་ལྟར་སྣང་བ་བྱེ་བྲག་མེད་པ་མཚུངས་པའི་ལྟག་ཆོད་ཅེས་བརྗོད་དུ་རུང་སྟེ། བསྒྲུབ་བྱ་དུང་གི་སྒྲ་མི་རྟག་པ་ལ་ནི་གནོད་པར་བྱེད་པའི་གཏན་ཚིགས་ཀྱི་ཆོས་ལ་ཡང་སྐྱོན་མཚུངས་པ་ཉིད་ཀྱི་སྒོ་ནས་རྟགས་ཡང་དག་ལ་སྐུར་བ་འདེབས་པའི་རྩོད་པའི་ངག་ཡིན་པའི་ཕྱིར། ཀྱང་གི་སྒྲས་བསྒྲུབ་བྱ་དང་གཏན་ཚིགས་ཁྱད་པར་མེད་པར་ཐལ་བ་འབའ་ཞིག་ཏུ་མ་ཟད་རྣམ་པ་འདིས་ཀྱང་ལྟག་ཆོད་དུ་འགྱུར་ཞེས་པའོ། །འདིའང་གཞན་གྱི་ངོར་རོ། །ཆོས་མཐུན་པ་དང་། ཆོས་མི་མཐུན་པ་དང་རྣམ་པར་རྟོག་པ་དང་། ཁྱད་པར་མེད་པར་མཚུངས་པ་དང་བཞི་པོ་འདི་ལན་ལྟར་སྣང་ཁོ་ནར་འགྱུར་རོ། །སྐབས་འགར་ལན་ཡང་དག་ཏུ་ཡང་འགྱུར་ཞེ་ན། ལྟག་ཆོད་ཀྱི་ཕྱོགས་ཕྱི་མ་བཞི་པོ་འདི་སྐྱོན་ཡོད་པ་མིན་ཏེ་ཞེས་པ་ནི་སྐབས་འགར་སྐྱོན་མེད་པའི་རྩོད་པའི་ངག་ཡིན་ན་སུན་འབྱིན་ཡང་དག་ཏུ་ཡང་འགྱུར་སྲིད་དེ། ཕྱིར་རྒོལ་བའི་སྤོབས་པ་ནུས་མེད་དུ་བྱས་པ་དེའི་ཚེ་སུན་འབྱིན་ཡང་དག་ཏུ་འགྱུར་བའི་ཕྱིར་དང་། གཞན་གྱི་ཚེ་ན་སུན་འབྱིན་ལྟར་སྣང་དུ་འགྱུར་བ་ཡང་སྲིད་པའི་ཕྱིར་རོ། །བསྒྲུབ་བྱ་ཕྱོགས་གཅིག་ཚད་མས་ངེས་པ་མཐོང་ན་ཚད་མས་གནོད་པ་མེད་དེ། རྡུལ་གཉིས་ཀྱི་ཚོགས་པ་ཆོས་ཅན། རང་གི་རྒྱུར་གྱུར་པའི་རྡུལ་གཅིག་སྔོན་དུ་སོང་སྟེ། རགས་པ་ཡིན་པའི་ཕྱིར་བུམ་པ་བཞིན་ཞེས་བཀོད་པ་གཏན་ཚིགས་ཡང་དག་ཏུ་འགྱུར་བའི་ཕྱིར། སུན་འབྱིན་ཡང་དག་གིས་སུན་འབྱིན་ལྟར་སྣང་བའི་ཞེན་དོན་ལ་གནོད་པའི་སྐབས་ཡང་སྲིད་དེ། རྩོལ་བྱུང་དེ་དུང་གི་སྒྲ་རྟག་པར་སྒྲུབ་པའི་ཆོས་ཅན་ནམ་ཆོས་སམ་ཚོགས་དོན་ལ་གནོད་པའི་སྒོ་ནས་བསྒྲུབ་བྱ་ལ་གནོད་པ་སྒྲུབ་པའི་ཕྱིར། སུན་འབྱིན་ལྟར་སྣང་གིས་དམ་བཅའ་ཡང་དག་གི་ཞེན་དོན་ལ་གནོད་པ་མི་སྲིད་དེ། སྔར་བཤད་པའི་སུན་འབྱིན་ལྟར་སྣང་དེ་རྣམས་ཀྱིས་རྩོལ་བྱུང་གིས་དུང་གི་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་ལ་གནོད་པ་མི་བྱེད་པས་དེ་ལྟར་སྒྲུབ་པ་འགལ་བ་ཉིད་བྱེད་ནུས་པ་མིན་པའི་ཕྱིར། གཉིས་པ་ཕྱི་མ་བཞི་བཤད་པ་ལ་བཞི་སྟེ། དམིགས་པ་མཚུངས་པའི་ལྟག་ཆོད་དང་། ཐེ་ཚོམ་མཚུངས་པའི་ལྟག་ཆོད་དང་། དོན་གྱིས་གོ་བས་མཚུངས་པའི་ལྟག་ཆོད་དང་། ཐལ་འགྱུར་མཚུངས་པའི་ལྟག་ཆོད་བཤད་པའོ། །དང་པོ་ལ་གཉིས་ཏེ། དངོས་དང་། དེ་སུན་འབྱིན་ལྟར་སྣང་དུ་བཤད་པའོ། །དང་པོ་ནི། དུང་གི་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར་ཞེས་བཀོད་པ་ལ་ལྟག་ཆོད་སྨྲ་བ་པོས་རྩོལ་བྱུང་དུང་གི་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་མ་ཡིན་ཏེ། གློག་ལ་སོགས་པ་ལ་སྒྲུབ་འགོད་དང་མཐུན་པར་མི་འཇུག་པས་མི་རྟག་པ་ལ་མ་ཁྱབ་པའི་ཕྱིར་དང་། བསྒྲུབ་བྱའི་ཆོས་ལ་ཁྱབ་བྱེད་དུ་མི་འཇུག་ན་གཏན་ཚིགས་མ་ཡིན་པས་ཁྱབ་སྟེ། ནགས་ཀྱི་ཤིང་འདི་ཆོས་ཅན། སེམས་པ་ཅན་ཡིན་ཏེ། མཚན་མོ་ལོ་མ་འཁུམས་ནས་ཉལ་བའི་ཕྱིར་ཞེས་པ་ལྟ་བུའོ། །གློག་ལ་སོགས་པའི་གཏན་ཚིགས་གཞན་གྱིས་མི་རྟག་པར་སྒྲུབ་པའི་ཕྱིར་གཏན་ཚིགས་གཞན་གྱིས་རྩ་བའི་གཏན་ཚིགས་མ་ཡིན་པར་གྲུབ་པོ་ཞེས་ཟེར་རོ། །དེ་འདྲའི་རྩོད་པའི་ངག་ཆོས་ཅན། དམིགས་པ་མཚུངས་པའི་ལྟག་ཆོད་ཅེས་བརྗོད་དུ་རུང་སྟེ། སྐབས་ཀྱི་བསྒྲུབ་བྱ་ལས་གཞན་ཡང་གཏན་ཚིགས་ཀྱིས་བསྟན་པའི་སྒོ་ནས་ཁྱབ་བྱས་ཁྱབ་བྱེད་སྒྲུབ་པའི་གཏན་ཚིགས་ལ་སྐུར་བ་འདེབས་པའི་རྩོད་པའི་ངག་ཡིན་པའི་ཕྱིར། གཉིས་པ་ནི། དེ་འདྲ་སྒྲུབ་བྱེད་འཕེན་པའི་སུན་འབྱིན་ཡང་དག་ཡིན་ནོ་ཞེ་ན། དུང་གི་སྒྲ་ལ་བསྒྲུབ་བྱ་དུ་མ་བཀོད་པ་ལ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་ནས་གཏན་ཚིགས་འཁྲུལ་བར་རྩོད་པའི་ངག་ཆོས་ཅན། སྒྲུབ་བྱེད་འཕེན་པའི་སུན་འབྱིན་ཡང་དག་མིན་ཏེ། གཏན་ཚིགས་དེ་དང་རྗེས་སུ་མཐུན་པའི་གཟུགས་ཅན་ཙམ་ཉིད་ཀྱིས་མ་ངེས་པའི་ལྟར་སྣང་བའི་རྩོད་པའི་ངག་ཡིན་པའི་ཕྱིར། འགྲེལ་བཤད་ཀྱི་འགྱུར་ལས་བསྒྲུབ་བྱར་མ་ངེས་སྒྲོ་བཏགས་ནས་ཞེས་འབྱུང་བ་ལྟར་ན་གཏན་ཚིགས་ཡང་དག་ཡིན་ན་བསྒྲུབ་བྱའི་ཆོས་ལ་ཁྱབ་པར་སྒྲོ་བཏགས་ནས་གཏན་ཚིགས་གཞན་འཁྲུལ་པར་རྩོད་པའི་ངག་ཆོས་ཅན། ཆོས་རྟགས་སྔར་བཞིན། ཡི་གེ་ཁ་གཅིག་ལ་ནི། བསྒྲུབ་བྱ་སྒྲོ་བཏགས་ནས་མ་ངེས་ཞེས་ཀྱང་འབྱུང་ངོ་། །རྩོལ་བྱུང་གིས་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་པ་འཁྲུལ་བ་མ་ཡིན་ཏེ། གལ་ཏེ་དེ་ལྟར་ཡིན་ན་གཏན་ཚིགས་གཞན་གྱིས་དུང་གི་སྒྲ་རྟག་པར་གྲུབ་དགོས་ན་དེ་མ་གྲུབ་པའི་ཕྱིར། གཏན་ཚིགས་རྩོལ་བྱུང་དགོས་པ་ནི་མི་རྟག་པ་ལ་མ་ཁྱབ་ཀྱང་རྩོལ་བྱུང་གིས་དུང་གི་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་པ་འཁྲུལ་བ་མ་ཡིན་པར་ཐལ། དེ་དེ་སྒྲུབ་ཀྱི་ཚུལ་གསུམ་ལ་བརྟེན་ནས་བསྒྲུབ་བྱའི་དངོས་པོ་རྟོགས་པའི་ཕྱིར། གློག་ལ་སོགས་པ་ལ་འགོད་ཚུལ་དང་མཐུན་པར་མེད་པ་ལ་བསམས་ནས། མི་རྟག་པ་ལས་གཞན་ལ་མི་སྲིད་ཅིང་། སྒྲ་ལ་མེད་པ་མ་ཡིན་པ་ལ། མེད་པར་སྒྲོ་བཏགས་ནས་རྩོད་པའི་ངག་དེ་ཆོས་ཅན། ལྟག་ཆོད་དུ་བརྗོད་དུ་རུང་སྟེ། མ་གྲུབ་པ་ལྟར་སྣང་གི་རྩོད་པའི་ངག་ཡིན་པའི་ཕྱིར། དེ་རྟག་ཆོད་དུ་མི་འགྱུར་ཏེ། རྩོལ་བྱུང་གློག་ལ་སོགས་པ་ལ་འགོད་ཚུལ་ལྟར་མེད་པའི་ཕྱིར། དེས་ན་མཐུན་ཕྱོགས་མ་ལུས་པ་རྟགས་ལ་འགོད་ཚུལ་ལྟར་མེད་པ་གཏན་ཚིགས་ཀྱི་སྐྱོན་ཡིན་ནོ་ཞེ་ན། དེ་ཡང་རྟགས་ཀྱི་གཞི་ལྡོག་ལ་གོ་བར་བྱེད་དགོས་ཏེ། རང་ལྡོག་ལ་བསམས་ན་སྔར་དགག་བསྒྲུབ་བྱས་པ་དང་འགལ་བའི་ཕྱིར། མི་རྟག་པ་མ་ལུས་པ་རྩོལ་བྱུང་ལ་འགོད་ཚུལ་ལྟར་མེད་པ་དེ་སྒྲུབ་ཀྱི་རྟགས་ཀྱི་སྐྱོན་མ་ཡིན་པར་ཐལ། དུང་གི་སྒྲ་ལ་གནས་པའི་རྩོལ་བྱུང་ཉིད་ཀྱིས་དུང་གི་སྒྲ་ལ་མི་རྟག་པས་བསྡུས་པའི་ཆོས་ཐམས་ཅད་རབ་ཏུ་སྒྲུབ་པ་མ་ཡིན་གྱི་དུང་གི་སྒྲ་མི་རྟག་པ་ཙམ་དུ་སྒྲུབ་པ་ལ་ཚུལ་གསུམ་ཚང་བའི་ཕྱིར། གཉིས་པ་ཐེ་ཚོམ་མཚུངས་པའི་ལྟག་ཆོད་ལ་གཉིས་ཏེ། དངོས། དེ་སུན་འབྱིན་ལྟར་སྣང་དུ་བསྟན་པའོ། །དང་པོ་ནི། རྩོལ་བྱུང་གིས་དུང་གི་སྒྲ་མི་རྟག་པར་སྒྲུབ་པའི་དམ་བཅའ་དང་། གཏན་ཚིགས་སུ་བརྗོད་པའི་དོན་ལ། རྩ་དང་ཆུ་ལ་སོགས་པ་ལྟར་རྩོལ་བས་སྔར་ཡོད་གསལ་བར་བྱས་པ་ཡིན་ནམ། རྫའི་བུམ་པ་ལྟར་སྔར་མེད་གསར་དུ་བསྐྱེད་པར་བྱ་བ་ཡིན་ཞེས་ཆོས་ཐ་དད་ལ་བཏགས་ནས་གཏན་ཚིགས་ཐེ་ཚོམ་ཅན་དུ་རྩོད་པར་བྱེད་པ་དང་། མི་རྟག་པའང་སྒྲའི་བསྐྱེད་བྱར་སྒྲོ་བཏགས་ནས་ཁྱབ་པ་མ་ངེས་པར་རྩོད་པར་བྱེད་དོ་ཞེ་ན། དེ་འདྲའི་རྩོད་པའི་ངག་ཆོས་ཅན། ཐེ་ཚོམ་མཚུངས་པའི་ལྟག་ཆོད་ཅེས་བརྗོད་དུ་རུང་སྟེ། ཚད་མས་མཐའ་གཅིག་ཏུ་ངེས་པའི་བསྒྲུབ་བྱ་དང་གཏན་ཚིགས་ལ་མཐའ་གཉིས་སུ་དོགས་པའི་བརྟགས་པ་ལྟར་སྣང་གི་སྒོ་ནས་རྩོད་པའི་ལྟར་སྣང་བའི་རྩོད་པའི་ངག་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དེ་སྒྲུབ་བྱེད་འཕེན་པའི་སུན་འབྱིན་ཡང་དག་ཡིན་ནོ་ཞེ་ན། བསྒྲུབ་བྱའི་ཆོས་མི་རྟག་པ་རྩོལ་བྱུང་གི་བསྐྱེད་བྱར་སྒྲོ་བཏགས་ནས་རྩ་དང་ཆུ་ལ་སོགས་པ་ལྟར་རྗེས་འགྲོ་མེད་པར་རྩོད་པའི་ངག་ཆོས་ཅན། སྒྲུབ་བྱེད་འཕེན་པའི་སུན་འབྱིན་ཡང་དག་མ་ཡིན་པར་ཐལ། མ་ངེས་པའི་ལྟར་སྣང་གི་སུན་འབྱིན་ཡིན་པའི་ཕྱིར། རྩོལ་བྱུང་ཡིན་ན་རྩོལ་མ་ཐག་ཏུ་སྐྱེ་བས་ཁྱབ་པར་སྒྲོ་བཏགས་ནས་དེ་དུང་གི་སྒྲ་ལ་འགོད་ཚུལ་ལྟར་མ་གྲུབ་པར་རྩོད་པའི་ངག་ཡང་ཆོས་ཅན། རྟག་ཆོད་ཡིན་ཏེ། རྟགས་མ་གྲུབ་པའི་ལྟར་སྣང་བའི་སུན་འབྱིན་ཡིན་པའི་ཕྱིར་རོ། །གསུམ་པ་དོན་གྱིས་གོ་བར་མཚུངས་པའི་ལྟག་ཆོད་ལ་གཉིས་ཏེ། དངོས་དང་། དེ་སུན་འབྱིན་ལྟར་སྣང་དུ་བསྟན་པའོ། །དང་པོ་ནི། དུང་གི་སྒྲ་ཆོས་ཅན། མི་རྟག་ཏེ་རྩོལ་བྱུང་ཡིན་པའི་ཕྱིར་ཞེས་བཀོད་པ་ལ། རྩོལ་བ་ལས་བྱུང་བའི་ཕྱིར། མི་རྟག་པ་ཡིན་ན། དོན་གྱིས་རྩོལ་བ་ལས་མ་བྱུང་བའི་ཕྱིར། རྟག་པར་འགྱུར་རོ། །དེ་ལྟར་ན་འདོད་པ་མིན་པའི་དོན་གློག་ལ་སོགས་པ་ཡང་། མི་མཐུན་ཕྱོགས་རྟག་པར་སྒྲུབ་དགོས་སོ་ཞེས་རྩོད་ན། དེ་བརྗོད་པའི་རྩོད་པའི་ངག་ཆོས་ཅན། དོན་གྱིས་གོ་བ་མཚུངས་པའི་ལྟག་ཆོད་ཅེས་བརྗོད་དུ་རུང་སྟེ། དངོས་བསྟན་གཏན་ཚིགས་ཡང་དག་གི་ཤུགས་བསྟན་གྱི་དོན་མ་ངེས་པའི་རྟགས་སུ་བསལ་ནས་རྟགས་ཡང་དག་གི་དོན་ལ་རྩོད་པའི་ལྟར་སྣང་བའི་སུན་འབྱིན་ཡིན་པའི་ཕྱིར། གཉིས་པ་ནི། དེ་འདྲའི་རྩོད་ངག་དེ་སྒྲུབ་བྱེད་འཕེན་པའི་སུན་འབྱིན་ཡང་དག་ཡིན་ཞེ་ན། དེ་མི་འཐད་པར་ཐལ། དེ་འདྲའི་རྩོད་པ་འདི་ནི་མ་ངེས་པའི་ལྟར་སྣང་གི་སུན་འབྱིན་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྩོལ་བྱུང་གིས་དུང་གི་སྒྲ་མི་རྟག་པར་སྒྲུབ་པར་ནུས་བཞིན་དུ་དེ་ལྟ་ན་འཁྲུལ་པ་གཞན་གྱི་བསྒྲུབ་བྱ་རྟག་པ་ལ་རྩོལ་བ་ལས་མ་བྱུང་བ་དེ་ཡིས་སྒྲུབ་པར་འདོད་པས། གློག་ལ་སོགས་པ་ཉིད་ཀྱིས་ཁྱབ་པ་མ་ངེས་པར་འགྱུར་བའི་སུན་འབྱིན་ཡིན་པའི་ཕྱིར་རོ། །བཞི་པ་ཐལ་འགྱུར་མཚུངས་པའི་ལྟག་ཆོད་ལ་གཉིས་ཏེ། དངོས་དང་། དེ་སུན་འབྱིན་ལྟར་སྣང་དུ་བསྟན་པའོ། །དང་པོ་ནི། དུང་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ཞེས་བཀོད་པའི་ཚེ་བུམ་པ་ཁོ་ན་མི་རྟག་པར་སྒྲུབ་པའི་གཏན་ཚིགས་དང་། དཔེ་གང་ཡིན་ཞེས། དེའི་གཏན་ཚིག་མེད་པར་ཐལ། བསྒྲུབ་བྱའི་ཆོས་དཔེ་ལ་རྗེས་འགྲོ་མེད་པའི་ཕྱིར་ཞེས་རྩོད་ན། དེ་འདྲའི་རྩོད་པའི་ངག་གང་ཆོས་ཅན། ཐལ་འགྱུར་མཚུངས་པར་འདོད་པའི་ལྟག་ཆོད་ཅེས་བརྗོད་དུ་རུང་སྟེ། རྒོལ་ཕྱིར་རྒོལ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་ཡོད་བཞིན་དུ་གཏན་ཚིགས་ཀྱི་ལམ་དུ་མི་འཐད་པར་རྩོད་པའི་སུན་འབྱིན་ལྟར་སྣང་གི་ངག་ཡིན་པའི་ཕྱིར། ཡང་སྨྲས་པ་ནི། སྔ་མར་མ་ཟད་འདིའང་ལྟག་ཆོད་ཡིན་ཞེས་པའོ། །གཉིས་པ་ནི། དེ་སྒྲུབ་བྱེད་འཕེན་པའི་སུན་འབྱིན་ཡང་དག་ཡིན་ནོ་ཞེ་ན། མི་རྟག་པ་བུམ་པ་ལ་རྗེས་འགྲོ་བྱེད་པ་མཐོང་བཞིན་དུ་མི་འཐད་པར་རྩོད་པའི་ངག་དེ་ནི་ཆོས་ཅན། སྒྲུབ་བྱེད་འཕེན་པའི་སུན་འབྱིན་ཡང་དག་མ་ཡིན་པར་ཐལ། དཔེ་ལྟར་སྣང་བ་བཞིན་ཏེ། དཔེ་ཡང་དག་ཐམས་ཅད་རྗེས་འགྲོས་སྟོང་པའི་དཔེ་ལྟར་སྣང་དུ་ཁས་ལེན་དགོས་པའི་སུན་འབྱིན་ལྟར་སྣང་བའི་ངག་ཡིན་པའི་ཕྱིར། སྔར་བཤད་པའི་ལྟག་ཆོད་ཀྱི་དབྱེ་བ་དང་། དེ་སུན་འབྱིན་ལྟར་སྣང་དུ་སྒྲུབ་པའི་རིགས་པ་མདོ་ཙམ་སྨོས་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེ་ལྟར་སྨོས་པ་ལ་དགོས་པ་ཡོད་དེ། ལྟག་ཆོད་ཀུན་ལ་དབྱེ་བ་དང་། དེ་ལ་ལན་འདེབས་ཚུལ་ཕྱོགས་ཙམ་བཤད་པ་དེ་ལ་བརྟེན་ནས་ལྟར་སྣང་གཞན་ཡང་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གསལ་བའི་དབྱེ་བ་མ་ལུས་པའི་གྲངས་ངེས་སོགས་མི་བརྗོད་པའི་རྒྱུ་མཚན་ཡོད་དེ། ལོག་པར་རྟོག་པ་མཐའ་ཡས་པས་དེ་ལྟར་བརྗོད་པར་མི་ནུས་པའི་ཕྱིར། ལྟག་ཆོད་ནི། འདིར་བཤད་པའི་བཅུ་བཞིར་གྲངས་ངེས་པ་ཡིན་ནམ་ཞེ་ན། ལྡོག་པ་འདིར་མ་འདུས་པ་དུ་མ་ཡོད་དེ། རིགས་བརྟག་ལས་བཅུ་བཤད་པའི་ཕྱིར་རོ། །དེ་བཅུ་གང་ཞེ་ན། འཕེལ་བ་དང་། འགྲིབ་པ་དང་། རྗོད་བྱེད་དང་། རྗོད་བྱེད་མ་ཡིན་པ་དང་། རིགས་པ་དང་། སོ་སོའི་དཔེ་དང་། བསྒྲུབ་བྱ་དང་། མི་རྟག་པ་དང་། རབ་བྱེད་དང་། དུས་ལས་འདས་པ་དང་མཚུངས་པའི་ལྟག་ཆོད་རྣམས་སོ། །དེ་རྣམས་ཀྱི་མཚན་གཞི་ཇི་ལྟ་བུ་ཡིན་ཞེ་ན། རིམ་པ་བཞིན་དུ་བཤད་ན་དུང་གི་སྒྲ་ཆོས་ཅན་མི་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ཞེས་སྨྲོས་པ་ན། བུམ་པ་མི་རྟག་པ་དེ་ལྟར་དུ་དུང་གི་སྒྲ་ཡང་མི་རྟག་པར་འདོད་ན། བུམ་པ་དང་འདྲ་བར། སྒྲ་ཡང་ལུས་ཅན་དུ་འཐོབ་བོ་ཞེས་རྩོད་གཞི་ལ་དཔེའི་ཆོས་འཕེལ་བར་བྱེད་པ། འཕེལ་བ་དང་མཚུངས་པའི་ལྟག་ཆོད་དོ། བུམ་པ་མཉན་བྱ་མིན་པ་ལྟར་དུང་གི་སྒྲ་ཡང་མཉན་བྱ་མིན་པར་འགྱུར་རོ་ཞེས་རྩོད་གཞིའི་ཆོས་གཞན་འགྲིབ་པར་བྱེད་པ་འགྲིབ་པ་དང་མཚུངས་པའི་ལྟག་ཆོད་དོ། །དུང་གི་སྒྲ་རྗོད་བྱེད་ཡིན་པ་ལྟར་བུམ་པ་ཡང་རྗོད་བྱེད་དུ་འགྱུར་རོ་ཞེས་རྩོད་གཞིའི་ཆོས་དཔེ་ལ་བརྗོད་པར་བྱེད་པ། རྗོད་བྱེད་དང་མཚུངས་པའི་ལྟག་ཆོད་དོ། །བུམ་པ་རྗོད་བྱེད་མིན་པ་ལྟར་དུང་གི་སྒྲ་ཡང་རྗོད་བྱེད་མ་ཡིན་ནོ་ཞེས་དཔེའི་ཆོས་རྗོད་བྱེད་མ་ཡིན་པས་རྩོད་གཞིའང་རྗོད་བྱེད་མ་ཡིན་པར་སྟོན་པར་བྱེད་པ། རྗོད་བྱེད་མ་ཡིན་པ་དང་མཚུངས་པའི་ལྟག་ཆོད་དོ། །བཞི་པོ་འདི་ནི། ཁྱད་པར་མེད་པར་མཚུངས་པ་དང་། རྣམ་རྟོག་མཚུངས་པའི་ལྟག་ཆོད་ཀྱི་ནང་དུ་འདུ་བ་ཡིན་ནོ། །གལ་ཏེ་མི་རྟག་པའི་འཐད་པ་རྩོལ་བྱུང་ཡིན་པའི་ཕྱིར། དུང་གི་སྒྲ་མི་རྟག་པ་ཡིན་ན་རྟག་པའི་འཐད་པ་ལུས་ཅན་མ་ཡིན་པའི་ཕྱིར། རྟག་པར་འགྱུར་རོ་ཞེས་རྩོད་པ་ནི། རིགས་པའམ། འཐད་པ་མཚུངས་པའི་ལྟག་ཆོད་དོ། །འདི་ཡང་རྟག་པར་ཆོས་མཐུན་པ་ཉིད་དམ། མི་རྟག་པར་ཆོས་མི་མཐུན་པ་ཉིད་ཀྱི་དོད་ཟླར་གནས་པར་བྱེད་པའི་ཕྱིར། ཆོས་མཐུན་པ་དང་། མི་མཐུན་པ་མཚུངས་པའི་ལྟག་ཆོད་ཀྱི་ནང་དུ་འདུའོ། །གལ་ཏེ་དུང་གི་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར། བུམ་པ་བཞིན་ཞེས་དཔེ་ཡོད་པས་དུང་གི་སྒྲ་མི་རྟག་པ་ཡིན་ན། དུང་གི་སྒྲ་ཆོས་ཅན། རྟག་པ་སྒྲུབ་པ་ལ་ནམ་མཁའ་བཞིན་ཞེས་པའི་དཔེ་ཡོད་པས་ལུས་ཅན་མ་ཡིན་པའི་ཕྱིར། ནམ་མཁའ་བཞིན་དུ་རྟག་པར་འགྱུར་རོ་ཞེས་རྩོད་པ་ནི། སོ་སོའི་དཔེ་དང་མཚུངས་པའམ། དཔེའི་ཟླ་བོ་མཚུངས་པའོ། །འདི་ནི་བུམ་པའི་ཆོས་མི་མཐུན་པ་ཉིད་དུ་དོད་ཟླར་གནས་པར་བྱེད་ན། ཆོས་མི་མཐུན་པ་མཚུངས་པའི་ནང་དུ་འདུ་ལ། ཅི་སྟེ་ནམ་མཁའི་ཆོས་མཐུན་པ་ཉིད་དུ་བྱེད་ན་དེའི་ཆོས་མཐུན་པ་མཚུངས་པར་རོ། །སྒྲ་ཆོས་ཅན་མི་རྟག་སྟེ། བྱས་པའི་ཕྱིར། བུམ་པ་བཞིན། བུམ་པ་བྱས་པ་བཞིན་སྒྲ་ཡང་བྱས། དེའི་ཕྱིར་ན་སྒྲ་མི་རྟག་ཅེས་བཀོད་པ་ན། དེས་བུམ་པ་ལའང་ཡན་ལག་ལྔ་ལྡན་འགོད་དགོས་སོ་ཞེས་ཟེར་བ་ནི། བསྒྲུབ་བྱ་དང་མཚུངས་པའོ། །ཡང་ན། དུང་གི་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར། བུམ་པ་བཞིན་ཞེས་བཀོད་པ་ལ། རྩོལ་བ་ལས་བྱུང་བ་ཉིད་འདི་ཡོད་པ་ལ། སྐབས་འདི་ཙམ་ན་ཅིས་ན་རྟག་པ་མི་རྟག་པར་འགྱུར་ཏེ། རྩོལ་མ་ཐག་ཏུ་བྱུང་བའི་ཕྱིར་དང་། དེ་ནི་གསལ་བྱ་དང་བསྐྱེད་བྱ་གཉིས་ཀ་ལ་འཇུག་པས་དེ་ནི་རྟག་མི་རྟག་གཉིས་ཀ་ལ་མཐོང་བའི་ཕྱིར་རོ། །དེའི་ཕྱིར་གཏན་ཚིགས་སྐབས་ལས་མི་འདའོ་ཞེས་རྩོད་པ་ནི། སྐབས་མཚུངས་པའི་ལྟག་ཆོད་དོ། །འདི་ཡང་ཐེ་ཚོམ་མཚུངས་པའི་ནང་དུ་འདུའོ་ཞེས་གསུངས་སོ། །སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། བུམ་པ་བཞིན་ཞེས་བཀོད་པ་ན། སྣམ་བུ་ལ་སོགས་པའི་ཆོས་ཐམས་ཅད་ཆོས་ཅན་དུ་འཇོག་དགོས་པས་ཆོས་ཐམས་ཅད་མི་རྟག་པར་མཚུངས་སོ་ཞེས་རྩོད་པའི་ངག་ནི། མི་རྟག་པ་དང་མཚུངས་པའི་ལྟག་ཆོད་དོ། །དུང་གི་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བ་ལས་བྱུང་བའི་ཕྱིར། བུམ་པ་བཞིན་ཞེས་བཀོད་པ་ན། དེ་ལྟར་ན་དུང་གི་སྒྲ་རྟག་པར་འགྱུར་ཏེ། མཉན་བྱ་ཡིན་པའི་ཕྱིར། སྒྲ་ཉིད་བཞིན་ཞེས་རྩོད་པར་བྱེད་པ་ནི། རབ་བྱེད་དང་མཚུངས་པའི་ལྟག་ཆོད་དོ། །རིགས་པ་ཅན་པ་རྒན་པོའི་ལུགས་བདག་ཉིད་ཆེན་པོ་འདིས་བཀག་པ་ལ། ཕྱིས་ཀྱི་དྲང་སྲོང་བད་ཚའི་བུ་པ་ལ་སོགས་ན་རེ། དུས་ལས་བརྒལ་ཏེ་ཡུལ་གཞན་དུ་སྦྱོར་བ་སྟེ། དཔེར་ན། སྒྲ་རྟག་ཏེ། སྦྱོར་བ་ལས་གསལ་བའི་ཕྱིར། གཟུགས་བཞིན་ཞེས་བྱ་བ་ལ། གཟུགས་སྔ་རོལ་ནས་ཡོད་ཀྱང་བུམ་པ་དང་སྣང་བ་སྦྱར་བ་ལས་གསལ་བ་བྱ་བ་བཞིན་ནོ། །རྔ་སྒྲ་ཡང་སྔར་ཡོད་པ་ལས་རྔ་དང་དབྱུག་གུ་ལ་སོགས་པ་སྦྱར་བ་ལས་གསལ་བའི་ཕྱིར། སྒྲ་རྟག་གོ་ཞེས་དཔྱོད་པ་པས་ཟེར་བ་ལ། རིག་པ་ཅན་པ་ན་རེ། དེ་ནི་དུས་ལས་འདས་པའི་ཚར་བཅད་པའི་གནས་ཡིན་ནོ་ཞེས་ཟེར་ཏེ། འདི་ལྟར་གཟུགས་དང་སྒྲོན་མ་ཆོས་ཅན་ལ་ཇི་སྲིད་སྦྱར་བའི་བར་དུ་མཐོང་བས་གསལ་བྱ་གསལ་བྱེད་དུས་མཉམ་པ་འཐད་ཀྱི་རྔ་དང་དབྱུག་གུ་ལ་སོགས་པ་ཕྲད་པ་ན་སྒྲ་མེད་ཀྱི་བྲལ་བ་ན་རྒྱང་རིང་པོར་གྲགས་པས། དུས་མི་མཚུངས་པས་དུས་ལས་འདས་པ་རྒྱུ་མེད་ཀྱི་འབྲས་བུ་ཡིན་ནོ་ཞེས་ཟེར་རོ། །དེ་དུས་ལས་འདས་པའི་ལྟག་ཆོད་དུ་འཇོག་པ་བྱེ་བྲག་པའི་ལུགས་དང་བསྟུན་པ་ཡིན་གྱི་ལུགས་དེ་སངས་རྒྱས་པའི་ལུགས་ལ་ནི་དུས་ལས་འདས་བ་མ་ཡིན་གྱི་མ་གྲུབ་པར་འདུས་སོ་ཞེས་ཁ་ཅིག་སྨྲའོ། །ལྟག་ཆོད་འདི་རྣམས་ནི་རྒྱས་པར་ཡི་གེ་གཞན་དུ་ཤེས་པར་བྱའོ། །གསུམ་པ་རྩོད་སྒྲུབ་མཁན་པོའི་ལྟག་ཆོད་ཀྱི་གྲངས་ངེས་དགག་པ་ལ་གཉིས་ཏེ། ལྟག་ཆོད་གསུམ་གྱི་གྲངས་ངེས་མི་རིགས་པ་དང་། ལྟག་ཆོད་ཀྱི་དབྱེ་བ་དང་དེའི་ལན་རྒྱས་པར་འདིར་དངོས་སུ་མ་སྨོས་པའི་རྒྱུ་མཚན་ནོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། ལྟག་ཆོད་རྣམས་ལ་རྩོད་སྒྲུབ་ཏུ་དོན་ཚན་གསུམ་དུ་རིགས་སོ་སོར་བསྡུས་ནས་སྐྱོན་དུ་སྒྲུབ་པར་བྱེད་དེ། དེ་ཡང་ཕྱིན་ཅི་ལོག་གི་སྐྱོན་དང་བཅས་པ་དང་། རྫུན་ཉིད་ཀྱི་སྐྱོན་དང་བཅས་པ་དང་། འགལ་བ་ཉིད་དེ་འགལ་བའི་སྐྱོན་དང་བཅས་པ་སྟེ་སྐྱོན་གསུམ་སྟེ། སྐྱོན་རིས་མི་འདྲ་བ་གསུམ་དུ་གྲངས་ངེས་པའི་ཕྱིར་རོ། །དེ་ལ་ཡང་ཆོས་མཐུན་པ་མཚུངས་པ་དང་། ཆོས་མི་མཐུན་པ་དང་། རྣམ་པར་རྟོག་པ་དང་། བྱེ་བྲག་མེད་པ་དང་། ཕྲད་པ་དང་། མ་ཕྲད་པ་མཚུངས་པ་དང་། འབྲས་མཚུངས་ཀྱི་ལྟག་ཆོད་རྣམས་ནི། ཕྱིན་ཅི་ལོག་གི་སྐྱོན་དང་བཅས་པ་ཡིན་ཏེ། གཏན་ཚིགས་ཀྱི་མཚན་ཉིད་དང་བྲལ་ཞིང་། གནོད་པའི་གཏན་ཚིགས་ཡོད་པའི་ཕྱིར། ཐལ་འགྱུར་མཚུངས་པ་དང་། དོན་གྱིས་གོ་བས་མཚུངས་པ་སོགས་ནི། རྫུན་ཉིད་ཀྱི་སྐྱོན་དང་བཅས་པ་ཡིན་ཏེ། གང་གི་དོན་ཇི་ལྟར་དམ་བཅས་པ་དེ་ལྟར་མ་གྲུབ་ཅིང་ཚད་མས་གནོད་པའི་ཕྱིར། མ་སྐྱེས་པ་མཚུངས་པ་དང་། རྟག་པ་མཚུངས་པ་སོགས་ནི། འགལ་བའི་སྐྱོན་དང་བཅས་པ་ཡིན་ཏེ། དམ་བཅའ་དང་གཏན་ཚིགས་ལྷན་ཅིག་མི་གནས་པའི་ཕྱིར་ཞེས་ཟེར་རོ། །གཉིས་པ་ནི། ལྟག་ཆོད་དེ་རྣམས་གནོད་བྱེད་ཀྱི་སྒོ་ནས་རིས་ཐ་དད་པའི་དོན་ཚན་གསུམ་དུ་གྲངས་ངེས་པར་བསྡུས་ན་གསུམ་པོ་རིས་ཐ་དད་དུ་མཚོན་ནུས་པ་མིན་པར་ཐལ། ལྟག་ཆོད་རེ་རེ་ལ་ཡང་ཉེས་པ་གསུམ་ཀའི་སྒོ་ནས་སྐྱོན་འཇུག་པ་ཡོད་པས་གནོད་བྱེད་ཀྱི་སྒོ་ནས་སྐྱོན་འདྲེས་པར་གནས་པའི་ཕྱིར་རོ། །གཉིས་པ་ནི། ལྟག་ཆོད་རྣམས་ཀྱི་མཚན་ཉིད་དང་། ལན་རྟོགས་པར་དཀའ་བ་རྣམས་འདིར་རྒྱས་པར་འཆད་དམ་ཞེ་ན། ལྟག་ཆོད་རྣམས་ཀྱི་མཚན་ཉིད་དང་། ལན་རྟོགས་པར་དཀའ་བ་རྣམས་འདིར་རྒྱས་པར་མི་བསྟན་པའི་རྒྱུ་མཚན་ཡོད་དེ། གཞན་གྱི་བསྟན་བཅོས་རིགས་པ་ཕྲ་མོར་ཡང་ལྟག་ཆོད་རྣམས་ཀྱི་མཚན་ཉིད་སྐྱོན་ཅན་དང་ལན་སྐྱོན་ཅན་ལ་སོགས་འགོག་པའི་བསྟན་བཅོས་རིགས་པ་བརྟག་པར་ཡང་རྒྱས་པར་བསྟན་ཟིན་པ་དེར་ཤེས་པར་བྱ་བ་ཡིན་པས་འདིར་རྒྱས་པར་མ་བསྟན་པའི་ཕྱིར་དང་། ལྟག་ཆོད་གཞན་ལ་གནོད་བྱེད་ཀྱི་གཏན་ཚིགས་སོགས་རྒྱས་པར་ཤེས་པ་བརྟག་པར་བསྟན་ཟིན་པས་འདིར་དེ་ལྟར་མ་བསྟན་པའི་ཕྱིར་དང་། བསྟན་བཅོས་གཞན་དུ་བཤད་ཟིན་པའི་ལྟག་ཆོད་གཞན་ལ་མཚན་ཉིད་དང་། གནོད་པ་སྟོན་ཚུལ་བཤད་པ་རྣམས་ཀྱང་རིགས་པ་བརྟག་པར་བཤད་པ་དེས་སྐྱོན་ཕྱོགས་ཙམ་མཚོན་ནས་ཤེས་པར་བྱ་བ་ཡིན་པས་འདིར་དེ་ལྟར་རྒྱས་པར་མ་བསྟན་པའི་ཕྱིར། དེ་དག་རེ་རེ་ནས་རྒྱས་པར་དགག་པ་དང་། ཚད་མ་དང་། གཞལ་བྱ་དགག་པ་དང་། གཙོ་བོ་དང་། སྐྱེས་བུ་དང་། ཕྱོགས་དང་། དུས་དང་། འཕྲོད་འདུ་དགག་པ་སོགས་རྒྱས་པར་བྱེ་བྲག་པའི་རིགས་པ་བརྟག་པ་དང་། རྐང་མིག་པའི་རིགས་པ་བརྟག་པ་ལས་ཤེས་པར་བྱའོ། །ཞེས་འགྲེལ་པ་དང་འགྲེལ་བཤད་ལས་བཤད་དོ། །གསུམ་པ་ཀུན་ལས་བཏུས་པའི་བཤད་པ་མཐར་ཕྱིན་པའི་བྱ་བ་ལ་བཞི་སྟེ། མུ་སྟེགས་པས་བརྟགས་པའི་ཚད་མ་དང་གཞལ་བྱའི་རྣམ་གཞག་སོགས་ཕྱིན་ཅི་ལོག་ཏུ་གྲུབ་པ་དང་། དེའི་རྗེས་སུ་འབྲང་ནས་གནས་ལུགས་ཀྱི་དོན་འཚོལ་བའི་ལམ་ལོག་པར་ཞུགས་པ་དང་། བདེ་བར་གཤེགས་པའི་བསྟན་པའི་དེ་ཁོ་ན་ཉིད་དྲི་མ་མེད་པའི་རིགས་པའི་རྗེས་སུ་འབྲང་ནས་རྟོགས་རིགས་པར་གདམས་པ་དང་། བརྩམས་པའི་དགེ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བའོ། །དང་པོ་ནི། ཡང་བརྗོད་པ་ཞེས་པ་ནི་འགྲེལ་པའི་ཚིག་གོ །འོ་ན་ཁྱོད་ཀྱིས་བསྟན་བཅོས་བརྩམས་པའི་དགོས་པ་དེ་གང་ཡིན་ཞེ་ན། དེ་བརྩམས་པའི་དགོས་པ་ཡོད་དེ། བདེ་བར་གཤེགས་པའི་བསྟན་པ་ལ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གསལ་བར་མཛད་པ་དང་ཐོས་པ་དང་། བསམ་པ་དང་། སྒོམ་པས་འབད་པ་ཆུང་ངུས་རྟོགས་པའི་ཆེད་དུ་མངོན་སུམ་དང་། རྗེས་སུ་དཔག་པའི་ཚད་མ་སྐྱོན་མེད་པར་ཁོང་དུ་ཆུད་པ་ནི་བསྟན་བཅོས་བརྩམས་པའི་དངོས་ཀྱི་དགོས་པ་ཡིན་པའི་ཕྱིར་དང་། བདེ་བར་གཤེགས་པའི་བསྟན་པ་ལ་ལེགས་པར་བྱས་པ་དང་། མུ་སྟེགས་ཀྱི་བསྟན་པ་ལ་ཉེས་པར་བྱས་པའི་ཕྱིར་ཁྱད་པར་ལེགས་པར་ཤེས་ནས་མུ་སྟེགས་ཀྱི་ལུགས་བླུན་པོའི་སྐྱེ་བོ་ལ་གྲགས་པ་དག་གིས་ཀྱང་གནོད་པར་ཤེས་ནས་དེའི་ལམ་གོལ་བར་རྟོགས་པ་ནི་བསྟན་བཅོས་བརྩམས་པའི་བརྒྱུད་པའི་དགོས་པ་ཡིན་པའི་ཕྱིར། དེ་ལམ་གོལ་བར་ཞུགས་པ་གཏན་ཚིགས་མ་གྲུབ་བོ་ཞེ་ན། དེ་ལམ་གོལ་བར་ཞུགས་པར་ཐལ། མུ་སྟེགས་པ་རྣམས་ཀྱི་ལུགས་དེ་ཡང་རྟོག་གེའི་ཕྱོགས་ཙམ་སྟེ་རིགས་ལམ་སྤངས་པའི་རྟོག་གེ་ཙམ་ལ་སྐྱབས་སུ་གྱུར་པ། རང་གི་རྩ་བའི་སྟོན་པ་དྲང་སྲོང་གླིང་སྐྱེས་དང་། དྲང་སྲོང་སེར་སྐྱ་སོགས་ཆོས་ཀྱི་དེ་ཁོ་ན་ཉིད་ཁོང་དུ་མ་ཆུད་པར་རང་གིས་རྟོག་པས་བཏགས་པ་འབའ་ཞིག་གི་ལུགས་འཇོག་པར་བྱེད་པས། དེ་འདྲའི་རྟོག་གེ་པ་དེ་སྐྱབས་གནས་སུ་འགྱུར་པས་ལམ་གོལ་བར་ཞུགས་པའི་ཕྱིར་དང་། རང་གིས་བཏགས་པའི་ཚད་མ་ལ་སོགས་པའི་མཚན་ཉིད་དང་འཇུག་ཚུལ་སོགས་ཕྱིན་ཅི་ལོག་འབའ་ཞིག་མ་གཏོགས་ཕྱིན་ཅི་མ་ལོག་པ་མ་བསྟན་ཅིང་། གང་བསྟན་པ་དེ་ཡང་གྲངས་ཅན་དང་བྱེ་བྲག་པ་སོགས་རང་གི་སྦྱོར་བ་དང་ཡང་འགལ་བ་འབའ་ཞིག་སྟོན་པའི་ཕྱིར། བརྒྱུད་ནས་ཐར་པ་སོགས་རང་གི་འདོད་དོན་སྒྲུབ་པར་བྱེད་པ་མིན་པ་ཙམ་དུ་མ་ཟད་མི་འདོད་པའི་དོན་སྡུག་བསྔལ་མང་པོ་ཐོབ་པར་འགྱུར་བའི་ཕྱིར་རོ། །འདོད་དོན་སྒྲུབ་བྱེད་མ་ཡིན་པ་ནི། སློབ་དཔོན་གྱིས་དོན་དམ་པ་བདུན་བཅུ་པ་ལ་སོགས་པ་དང་། འདིར་ཡང་བསྟན་ཏོ་ཞེས་འགྲེལ་བཤད་དུ་བཤད་དོ། །གཉིས་པ་ནི། མུ་སྟེགས་ཀྱིས་བསྟན་པའི་ལམ་ལ་ཞུགས་ན་ལམ་གོལ་བར་འགྱུར་བ་ནི་མི་འཐད་དེ། དེར་ཡང་ཐར་པ་འདོད་ལམ་ཚོལ་བའི་ཕྱིར་ཞེ་ན། ཐར་པ་དོན་གཉེར་གྱི་གདུལ་བྱ་ཐར་པའི་ལམ་དུ་བཀྲི་བར་འདོད་པའི་གང་ཟག་ཆོས་ཅན། མུ་སྟེགས་ཀྱིས་བརྟགས་པའི་རྟོག་གེའི་ལམ་ནས་ཆོས་རྣམས་ཀྱི་ཆོས་ཉིད་ལ་ཁྲིད་ན་ལམ་གོལ་བར་ཞུགས་པ་ཡིན་ཏེ། དེ་ནི་ཐུབ་པའི་བསྟན་པ་ལས་ཆེས་རྒྱབ་ཀྱིས་ཕྱོགས་ཤིང་རྒྱང་བསྲིངས་ཤིང་ཐར་པའི་ལམ་ལས་ཆེས་ཉམས་པ་ཡིན་པའི་ཕྱིར། ཚིག་དོན་ལ་མ་བསམས་ནས་གཞུང་གི་ཚིག་རིས་འདི་ཙམ་ལ་བརྟེན་ནས། སྔོན་གྱི་སྐྱེ་བོ་ལ་ལ་ན་རེ། སྡེ་བདུན་མདོ་འགྲེལ་དང་བཅས་པ་རིག་པའི་གནས་ལྔའི་ནང་ནས་གཏན་ཚིགས་རིགས་པ་སྟོན་པའི་བསྟན་བཅོས་ཡིན་གྱི་ནང་རིག་པའི་བསྟན་བཅོས་ཀྱི་ནང་དུ་གཏོགས་པ་མ་ཡིན་ནོ་ཞེས་དང་། ཇོ་བོ་རྗེས་ཀྱང་། བདེན་གཉིས་ལས། མངོན་སུམ་རྗེས་དཔག་དགོས་པ་མེད། །མུ་སྟེགས་རྒོལ་བ་བཟློག་ཕྱིར་ཡིན་ཞེས་གསུངས་སོ་ཞེས་ཟེར་རོ། །དེ་ནི་སྡིག་པ་བས་ཀྱང་སྡིག་པ་ཡིན་ཏེ། ཆོས་ཀྱི་བདག་མེད་སྟོན་པའི་ཐེག་པ་ཆེན་པོའི་གསུང་རབ་ལ་སྐུར་པ་བཏབ་པའི་ཕྱིར་རོ། །གཞན་ཡང་། བདེན་གཉིས་ཀྱི་གཞུང་གི་ཚིག་དོན་ཁས་མི་ལེན་པར་གཞུང་གི་ཚིག་ཇི་ལྟ་བ་བཞིན་དུ་ཁས་ལེན་ན་ཤིན་ཏུ་མི་འཐད་དེ། མངོན་རྗེས་གཉིས་བཤད་པ་ལ་དགོས་པ་མེད་ན་དེ་གཉིས་བཤད་པ་མུ་སྟེགས་ཀྱི་རྒོལ་བ་བཟློག་པའི་དོན་དུ་ཡིན་པ་འགལ་བའི་ཕྱིར་རོ། །དེ་ཙམ་ལས་མ་སྤྲོས་སོ། །གསུམ་པ་ནི། གལ་ཏེ་མུ་སྟེགས་པས་བརྟགས་ནས་བཞག་པའི་ཞེན་པའི་དོན་ལ་རིགས་པས་གནོད་པ་འབབ་ན་བདེ་བར་གཤེགས་པའི་གསུང་རབ་ཀྱི་དོན་ལའང་རིགས་པས་གནོད་པ་འབབ་པ་མཚུངས་སོ་ཞེ་ན། མི་མཚུངས་ཏེ། མུ་སྟེགས་ཀྱི་ལུགས་རྣམས་ནི་སྣང་བ་ཉེ་བ་ན་མུན་པ་ལྟར་རིགས་པའི་དཔྱད་པ་ཅུང་ཟད་ཀྱང་མི་བཟོད་ལ། བདེ་བར་གཤེགས་པའི་བསྟན་པའི་སྙིང་པོ་བདག་མེད་རྣམ་པ་གཉིས་ནི་ཅི་ཙམ་དུ་དཔྱད་པ་བྱས་ཀྱང་བདག་ཡོད་པར་ཁས་བླངས་པ་ལ་བརྗོད་པའི་ཉེས་པ་ལྟ་བུས་ཡོངས་སུ་དག་པར་འགྱུར་གྱི་རྣམ་པ་གཞན་དུ་མི་འགྱུར་བའི་ཕྱིར་རོ། །དེ་ལྟར་ནའང་དེ་བཞིན་གཤེགས་པའི་ཆོས་ཀྱི་མཚན་ཉིད་འདུས་བྱས་ཐམས་ཅད་མི་རྟག ཆོས་ཐམས་ཅད་བདག་མེད་པ་ལ་སོགས་པ་རྣམས་གལ་ཏེ་ཇི་ལྟར་གསུངས་པ་ལས་གཞན་དུ་འདུས་བྱས་རྟག་པ་དང་། ཆོས་རྣམས་བདག་ཡོད་དུ་འགྲོ་ཞིང་ལོག་པར་བཟུང་ན་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་ལེགས་པར་དཔྱད་ནས་དགག་པར་བྱ་བའི་རིགས་ཡིན་ཏེ། འདུས་བྱས་ཀྱི་མཚན་གཞི་སྒྲ་ལྟ་བུས་མཚོན་ནས་འདུས་བྱས་ཐམས་ཅད་མི་རྟག་པར་དངོས་པོ་སྟོབས་ཞུགས་ཀྱི་གཏན་ཚིགས་ཀྱིས་ལེགས་པར་བསྒྲུབ་བྱ་ཡིན་པའི་ཕྱིར་དང་། ཆོས་ཀྱི་མཚན་གཞི་ཕུང་པོ་ལྔས་མཚོན་པའི་ཤེས་བྱ་ཐམས་ཅད་བདག་མེད་དུ་དེ་ལྟར་ལེགས་པར་སྒྲུབ་པའི་ཕྱིར་རོ། །དེས་ན་རིགས་པའི་དབང་ཕྱུག་ཕྱོགས་གླང་ཡབ་སྲས་ཀྱི་རིགས་པའི་ལམ་འདི་ཁོང་དུ་མ་ཆུད་ན་སྤྱིར་བདེ་བར་གཤེགས་པའི་གསུང་རབ་ཀྱི་དོན་དང་འཕགས་མཆོག་ཀླུ་སྒྲུབ་ཀྱིས་བཞེད་པའི་དབུ་མའི་དོན་རྟོག་པ་གཏན་མི་སྲིད་དེ། ལོ་ཆེན་གྱིས་ཀྱང་། ཆོས་རྣམས་རང་བཞིན་སྟོང་པའི་ཚུལ་ལ་འཇུག་པའི་སྒོ། །ཡང་དག་རིགས་ཚོགས་ཀླུ་སྒྲུབ་ཞལ་ནས་གསུངས་པ་དེ། །རིགས་པའི་དབང་ཕྱུག་རྣམ་འགྲེལ་མཛད་པའི་གཞུང་བཟང་ལས། །གསལ་བར་རྟོགས་ནས་ལུགས་ངན་གཞན་རྣམས་རྩ་བཞིན་དོར། ཞེས་སྤྲིང་ཡིག་བདུད་རྩིའི་ཐིག་ལེར་གསུངས་པའི་ཕྱིར་དང་། དེར་མ་ཟད་དེ་ལྟར་བཤད་པའི་རིགས་པ་མི་ཤེས་པར་སྒོམ་པ་བྱས་ཀྱང་བླུན་སྒོམ་ཁོ་ནར་འགྲོ་བར་སྣང་བས་ཐར་པ་ཐོབ་པར་འདོད་པའི་སྐྱེ་བོ་རྣམས་ཐར་པ་ཐོབ་པར་འདོད་ན་རིགས་པའི་ལམ་ལ་ལེགས་པར་སྦྱངས་པར་གྱིས་ཤིག དུས་དེང་སང་གི་མཚན་ཉིད་པ་མཁས་པར་རློམ་པ་ལ་ལ་རིགས་པའི་ལམ་ལ་སྡང་ཞུགས་འབའ་ཞིག་ཏུ་བྱེད་པར་སྣང་བ་ནི། སངས་རྒྱས་སྟོང་གིས་གདུལ་བར་མི་ནུས་པ་ཡིན་ནོ། །བཞི་པ་ནི། གཞན་སྡེས་བརྟགས་པའི་ཚད་མའི་མཚན་ཉིད་དང་། གྲངས་ལ་སོགས་པ་ཚད་མའི་ཕུང་པོའི་སྐྱོན་རྒྱས་པར་བསལ་བ་དང་། རང་གིས་བཞག་པའི་ཚད་མའི་མཚན་ཉིད་དང་། གཞན་ལུགས་དང་བསྟུན་ནས་གྲངས་ངེས་པ་དང་། འཇུག་ཚུལ་དང་། གཞལ་བྱའི་གྲངས་ངེས་ལ་སོགས་པའི་ཡོན་ཏན་རྒྱས་པ་རུ་རབ་ཏུ་གསལ་བར་བྱས་པ་ལས་བསྟན་བཅོས་འདི་རུ་དགེ་བ་ཅི་བསགས་པ་དེས་གནས་ལུགས་ཀྱི་དོན་ལ་རྨོངས་པའི་འགྲོ་བ་རྣམས་ལ་རྣམ་པར་ཐར་པ་མྱ་ངན་ལས་འདས་པ་དང་། རྣམ་མཁྱེན་སྟེར་བར་ཤོག་ཅིག་ཅེས་བསྔོ་བར་བྱེད་དགོས་ཏེ། བསྔོ་བྱའི་དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་དུ་བསྒྱུར་བའི་བསྔོ་བས་རྒྱས་འདེབས་པ་དམ་པའི་ཆོས་ཀྱི་སྤྱི་ལུགས་ཡིན་པའི་ཕྱིར་རོ། །ཞེས་སྦྲེལ་བར་བྱའོ། །དེའི་ཆེད་དུ་བྱ་བ་གང་ཞེ་ན། དེའི་ཆེད་དུ་བྱ་བ་མེད་པ་མ་ཡིན་ཏེ། སྔར་བཤད་པའི་འགྲོ་བ་འདིར་རྣམས་སྐྱེ་བར་ཐར་པའི་ཡོན་ཏན་ཤེས་པ་དང་། འཁོར་བར་སྐྱེ་བ་སྡུག་ཀུན་གྱི་ཡོན་ཏན་ཡོད་པ་མིན་པར་ཉེས་དམིགས་ལེགས་པར་ཤེས་པའི་སྒོ་ནས་འདུས་བྱས་རྟག་སོགས་སུ་ཞེན་པ་ཕྱིན་ཅི་ལོག་གིས་ཀུན་ནས་བསླངས་པའི་གྲུབ་མཐའ་ཞི་ཞིང་བདག་མེད་པའི་དོན་རྟོགས་ནས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཅིག་ཅེས་ལེགས་པར་བསྔོ་བར་བྱེད་པའི་ཕྱིར། གཞུང་གི་ཚིག་ཟིན་ལྟར་ན། སྐྱེ་བ་དང་སྐྱེ་བར་ཞེས་བཤད་པར་བྱའོ། །རྒོལ་དང་ཕྱིར་རྒོལ་རྩོད་པ་ལ། ཡང་དག་ལྟག་ཆོད་འགྱུར་བའི་ཚུལ། །ལེགས་པར་བཤད་ལ་ལྟད་མོ་ལྟོས། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །གཉིས་པ་ལེའུའི་མཚན་བསྟན་པ་ནི། ཚད་མ་ཀུན་ལས་བཏུས་པ་ལས་ལྟག་ཆོད་བརྟག་པའི་ལེའུའི་རྒྱན་ཏེ་དྲུག་པའོ། །གལ་ཏེ། ཆོས་ཅན་ཆོས་ཅན་གྱིས་སྒྲུབ་མིན། །ཞེས་སོགས་ཀྱི་སྐབས་སུ་དུ་ལྡན་གྱི་ལ་དང་མེའི་ཚོགས་དོན་བསྒྲུབ་བྱར་རིགས་ཏེ། དུ་ལྡན་གྱི་ལའི་གཞི་ལ་མེ་ཡོད་པ་དུ་བའི་རྟགས་ཀྱིས་སྒྲུབ་པར་རིགས་པའི་ཕྱིར་ཞེས་སོགས་བཤད་པ་འདིའི་དོན་མེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་ནམ། མེ་ཡོད་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་པར་ཁས་ལེན། དེ་གང་རུང་དུ་ཁས་ལེན་པ་བཞིན་དུ་དུ་བ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ནམ། དུ་ཡོད་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་ཁས་ལེན་པ་ཡིན་ཞེ་ན། རྒྱལ་ལྔ་བདུན་པ་ཆོས་མཆོག་གི་རྗེས་སུ་འབྲང་ནས་བོད་ཀྱི་མཁས་པ་ཕལ་མོ་ཆེ་རྣམས་ན་རེ། དུ་བ་དུ་ལྡན་གྱི་ལ་ལ་མེ་ཡོད་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་གྱི་དུ་ཡོད་ནི་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་མ་ཡིན་ཏེ། གང་འབྲས་རྟགས་ཡིན་ན་རང་གི་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ལ་དེ་བྱུང་དུ་འབྲེལ་དགོས་པས་དངོས་པོ་ཡིན་པས་ཁྱབ་པ་ཡོད་ལ་དུ་ཡོད་ནི་དངོས་པོ་མ་ཡིན་པའི་ཕྱིར་དང་སྡེ་བདུན་གྱི་གཞུང་ནས་ཀྱང་དེ་ལྟར་བཤད་པའི་ཕྱིར། མེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་གྱི་མེ་ཡོད་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་མིན་ཏེ། འབྲས་རྟགས་ཡང་དག་གི་བསྒྲུབ་བྱའི་ཆོས་ཡིན་ན་དེ་སྒྲུབ་ཀྱི་རྟགས་སུ་བཟུང་བྱའི་གཞི་ལྡོག་དང་། རྫས་ཐ་དད་ཡིན་དགོས་པས་དངོས་པོ་ཡིན་པས་ཁྱབ་པ་ཡོད་ལ། མེ་ཡོད་དེ་དངོས་པོ་མ་ཡན་པའི་ཕྱིར་དང་། གཞུང་ནས་ཀྱང་དེ་ལྟར་བཤད་པའི་ཕྱིར་དང་། དངོས་པོར་མེད་པའི་འབྲས་རྟགས་མ་བཤད་པའི་ཕྱིར། དེས་ན་དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་བཀོད་པའི་ཚེ་མེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དང་དུ་བ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་ཁས་བླངས་པར་བྱའོ། །ཞེས་གསུངས་སོ། །དེ་ནི་རྣམ་པ་ཐམས་ཅད་དུ་མི་འཐད་དེ། དུ་བ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་མི་འཐད་པ་དང་། མེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་མི་འཐད་པ་དང་། འཐད་ན་ཧ་ཅང་ཐལ་བའི་ཕྱིར་རོ། །གལ་ཏེ་དུ་བ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་འཐད་ན། སྒྲ་ཆོས་ཅན། མི་རྟག་པ་ཡོད་དེ། མིག་ཤེས་ཀྱི་གཟུང་བྱ་ཡོད་པའི་ཕྱིར་ཞེས་བཀོད་པའི་ཚེ་མིག་ཤེས་ཀྱི་བཟུང་བྱ་དེ་སྒྲ་མི་རྟག་པ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཁས་བླངས་ན་ཅིས་དགག མིག་ཤེས་ཀྱི་བཟུང་བྱ་སྒྲ་མི་རྟག་པ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་མིན་པར་འགྱུར་ཏེ། དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་ཡིན་པའི་ཕྱིར་ཏེ། སྒྲ་མིག་ཤེས་ཀྱི་བཟུང་བྱ་མ་ཡིན་པའི་ཕྱིར་ཞེ་ན། འོ་ན་དུ་བའང་དུ་ལྡན་གྱི་ལ་ལ་མེ་ཡོད་དུ་སྒྲུབ་པའི་རྟགས་ཡང་དག་མིན་པར་འགྱུར་ཏེ། དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་ཡིན་པའི་ཕྱིར་ཏེ། །དུ་ལྡན་གྱི་ལ་དུ་བ་མ་ཡིན་པའི་ཕྱིར་ཞེས་བརྗོད་ན་ལན་ཅི་ཡོད། དུ་བ་དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་མིན་པའི་སྐྱོན་མེད་དེ། དུ་ལྡན་གྱི་ལ་དེ་དུ་བ་མ་ཡིན་པས་འགོད་ཚུལ་ཡིན་འགོད་ལ་ལྟོས་པའི་ཕྱོགས་ཆོས་མ་ཡིན་ཡང་དུ་ལྡན་གྱི་ལ་དེ་དུ་ཡོད་ཡིན་པས་འགོད་ཚུལ་ཡོད་འགོད་ལ་ལྟོས་ནས་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པའི་ཕྱིར་ཞེ་ན། འོ་ན་དེ་ལའང་དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་མིན་པའི་སྐྱོན་མེད་པར་ཐལ། །སྒྲ་དེ་མིག་ཤེས་ཀྱི་བཟུང་བྱ་མ་ཡིན་པས་འགོད་ཚུལ་ཡིན་འགོད་ལ་ལྟོས་པའི་ཕྱོགས་ཆོས་མ་ཡིན་ཡང་སྒྲ་མིག་ཤེས་ཀྱི་བཟུང་བྱ་ཡོད་པ་ཡིན་པས་འགོད་ཚུལ་ཡོད་འགོད་ལ་ལྟོས་ནས་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པའི་ཕྱིར་ཞེས་བརྗོད་ན་མཚུངས་སོ། །ཁྱབ་པ་མེད་དེ། ཡོད་འགོད་ལ་ཕྱོགས་ཆོས་ཡིན་ན་ཡིན་འགོད་ལ་ཕྱོགས་ཆོས་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ། མིག་ཤེས་ཀྱི་བཟུང་བྱ་ཡོད་པ་ཡིན་ན་མིག་ཤེས་ཀྱི་བཟུང་བྱ་ཡིན་པས་མ་ཁྱབ་པའི་ཕྱིར་ཞེ་ན། འོ་ན་ཁྱོད་ཀྱི་དེ་ཡང་ཁྱབ་པ་མེད་པར་འགྱུར་ཏེ། ཡོད་འགོད་ལ་ཕྱོགས་ཆོས་ཡིན་ན་ཡིན་འགོད་ལ་ཕྱོགས་ཆོས་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ། དུ་བ་ཡོད་ན་དུ་བ་ཡིན་པས་མ་ཁྱབ་པའི་ཕྱིར་ཞེས་བརྗོད་ན་བསྐལ་པའི་བར་དུ་མཚུངས་སོ། །གལ་ཏེ་ཆ་དེ་འདྲའི་སྒོ་ནས་མཚུངས་པ་ལྟ་བུར་སྣང་ཡང་གཞན་གྱི་ཆ་ནས་མི་མཚུངས་ཏེ། འདི་ལྟར། དུ་བ་ཆོས་ཅན། ཁྱོད་དུ་ལྡན་གྱི་ལ་མེ་ཡོད་དུ་སྒྲུབ་པའི་འབྲས་རྟགས་སུ་ཐལ། ཁྱོད་དེ་སྒྲུབ་ཀྱི་སྒྲུབ་རྟགས་གང་ཞིག་མེའི་འབྲས་བུ་ཡིན་པའི་ཕྱིར་ཞེ་ན། འོ་ན་མིག་ཤེས་ཀྱི་བཟུང་བྱ་ཆོས་ཅན། ཁྱོད་སྒྲ་མི་རྟག་པ་ཡོད་པར་སྒྲུབ་པའི་རང་བཞིན་གྱི་རྟགས་སུ་ཐལ། ཁྱོད་དེ་སྒྲུབ་ཀྱི་སྒྲུབ་རྟགས་གང་ཞིག་མི་རྟག་པའི་རང་བཞིན་ཡིན་པའི་ཕྱིར་ཞེས་བརྗོད་ན་མི་མཚུངས་སམ་སོམས་ཤིག རྟགས་སྔ་མ་མ་གྲུབ་སྟེ། མིག་ཤེས་ཀྱི་བཟུང་བྱ་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་ཡིན་པའི་ཕྱིར་ཞེ་ན། འོ་ན་ཁྱོད་ཀྱིས་བཀོད་པའི་རྟགས་སྔ་མའང་མ་གྲུབ་པར་འགྱུར་ཏེ། དུ་བ་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་ཡིན་པའི་ཕྱིར་ཞེས་བརྗོད་ན་མི་མཚུངས་སམ། །རྟགས་མ་གྲུབ་སྟེ། འདི་ལྟར། དུ་བ་ཆོས་ཅན། ཁྱོད་དུ་ལྡན་གྱི་ལ་མེ་ཡོད་དུ་སྒྲུབ་པའི་ཕྱོགས་ཆོས་སུ་ཐལ། ཁྱོད་དུ་ལྡན་གྱི་ལ་མེ་ཡོད་དུ་སྒྲུབ་པའི་ཤེས་འདོད་ཆོས་ཅན་དུ་ལྡན་གྱི་ལའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པའི་ཕྱིར་ཞེ་ན། འོ་ན། མིག་ཤེས་ཀྱི་བཟུང་བྱ་ཆོས་ཅན། ཁྱོད་སྒྲ་མི་རྟག་པ་ཡོད་པར་སྒྲུབ་པའི་ཕྱོགས་ཆོས་སུ་ཐལ། ཁྱོད་དེ་སྒྲུབ་ཀྱི་ཤེས་འདོད་ཀྱི་ཆོས་ཅན་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པའི་ཕྱིར། ཞེས་མཚུངས་སོ། །མ་གྲུབ་ན། སྔ་མའང་མ་གྲུབ་བོ། །དུ་བ་ཆོས་ཅན། དེར་ཐལ། དུ་ལྡན་གྱི་ལ་མེ་ཡོད་དུ་སྒྲུབ་པ་ལ་ཁྱོད་རྟགས་སུ་བཀོད་པའི་འགོད་ཚུལ་ཡོད་འགོད་སྒྲུབ་ཚུལ་ཡོད་སྒྲུབ་ཡིན། དུ་ལྡན་གྱི་ལ་ཁྱོད་ཡོད་དུ་ངེས་ནས་མེ་ཡོད་ཡིན་མིན་ཐེ་ཚོམ་ཟ་བའི་གང་ཟག་སྲིད། ཁྱོད་དང་དུ་ལྡན་གྱི་ལ་དང་མེ་ཡོད་གསུམ་ཕན་ཚུན་ཐ་དད་ཡིན་པའི་ཕྱིར་ཞེ་ན། མིག་ཤེས་ཀྱི་བཟུང་བྱ་ཆོས་ཅན། ཁྱོད་ཀྱང་རྟགས་དེར་ཐལ། སྒྲ་མི་རྟག་པ་ཡོད་པར་སྒྲུབ་པ་ལ་ཁྱོད་རྟགས་སུ་འགོད་ཚུལ་ཡོད་འགོད་སྒྲུབ་ཚུལ་ཡོད་སྒྲུབ་ཡིན། སྒྲ་ཁྱོད་ཡོད་དུ་ངེས་ནས་མི་རྟག་པ་ཡོད་པ་ཡིན་མིན་ཐེ་ཚོམ་ཟ་བའི་གང་ཟག་སྲིད། ཁྱོད་དང་སྒྲ་དང་མི་རྟག་པ་ཡོད་པ་གསུམ་ཕན་ཚུན་ཐ་དད་ཡིན་པའི་ཕྱིར། ཞེས་བརྗོད་ན་ལན་ཅི་ཡོད། འགོད་ཚུལ་ཡོད་འགོད་ཡིན་པ་མ་གྲུབ་ཅེ་ན། སྔ་མའང་མ་གྲུབ་བྱའོ། །དུ་བ་ཆོས་ཅན། དུ་ལྡན་གྱི་ལ་མེ་ཡོད་དུ་སྒྲུབ་པའི་ཁྱོད་རྟགས་སུ་བཀོད་པའི་འགོད་ཚུལ་ཡོད་འགོད་སྒྲུབ་ཚུལ་ཡོད་སྒྲུབ་ཡིན་པར་ཐལ། དུ་ལྡན་གྱི་ལ་ཆོས་ཅན་མེ་ཡོད་དེ་ཁྱོད་ཡོད་པའི་ཕྱིར་ཞེས་ཁྱོད་ལ་རྟགས་སུ་བཀོད་པའི་ཕྱིར་ཞེ་ན། འོ་ན། མིག་ཤེས་ཀྱི་བཟུང་བྱ་ཆོས་ཅན། སྒྲ་མི་རྟག་པ་ཡོད་པར་སྒྲུབ་པ་ལ་ཁྱོད་རྟགས་སུ་བཀོད་པའི་འགོད་ཚུལ་ཡོད་འགོད་སྒྲུབ་ཚུལ་ཡོད་སྒྲུབ་ཡིན་པར་ཐལ། སྒྲ་ཆོས་ཅན་མི་རྟག་པ་ཡོད་དེ། ཁྱོད་ཡོད་པའི་ཕྱིར་ཞེས་ཁྱོད་ལ་རྟགས་སུ་བཀོད་པའི་ཕྱིར། ཞེས་བརྗོད་ན་མཚུངས་སོ། །མ་ངེས་ཏེ། མིག་ཤེས་ཀྱི་བཟུང་བྱ་ཡོད་པ་ལ་ཕྱོགས་ཆོས་གྲུབ་ཀྱང་མིག་ཤེས་ཀྱི་བཟུང་བྱ་ལ་ཕྱོགས་ཆོས་གྲུབ་པས་མ་ཁྱབ་པའི་ཕྱིར་ཞེ་ན། འོ་ན་ཁྱོད་ཀྱི་དེ་ལའང་ཁྱབ་པ་མ་ངེས་པར་འགྱུར་ཏེ། དུ་ཡོད་ལ་ཕྱོགས་ཆོས་གྲུབ་ཀྱང་དུ་བ་ལ་ཕྱོགས་ཆོས་གྲུབ་པས་མ་ཁྱབ་པའི་ཕྱིར་ཞེས་མཚུངས་སོ། །གལ་ཏེ་དུ་བ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན་དུ་བ་དུ་ལྡན་གྱི་ལ་མེ་ཡོད་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་ནམ། དུ་ལྡན་གྱི་ལ་མེར་སྒྲུབ་པའི་རྟགས་ཡང་དག་ཡིན། དང་པོ་ལྟར་ན། མེ་ཡོད་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་ནམ། མ་ཡིན། ཡིན་ན། མེ་ཡོད་ཆོས་ཅན། དུ་བ་དང་རྫས་ཐ་དད་ཡིན་པར་ཐལ། དུ་ལྡན་གྱི་ལ་མེ་ཡོད་དུ་སྒྲུབ་པའི་འབྲས་རྟགས་ཡང་དག་གི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། རྟགས་བསལ་དངོས། །འདོད་ན། དངོས་པོར་ཐལ། དུ་བ་དང་རྫས་ཐ་དད་ཡིན་པའི་ཕྱིར། རྟགས་ཁྱབ་དངོས། གལ་ཏེ་བསྒྲུབ་བྱའི་ཆོས་མ་ཡིན་ན། མི་རྟག་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་མ་ཡིན་པར་དམ་བཅས་ན་སྐྱོན་ཅི་ཡོད། མི་རྟག་པ་ཆོས་ཅན། ཁྱོད་སྒྲ་ཡིན་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་སུ་ཐལ། བྱས་པ་དེ་སྒྲ་ཁྱོད་ཡིན་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར་ཞེ་ན། འོ་ན་མེ་ཡོད་ཆོས་ཅན། ཁྱོད་དུ་ལྡན་གྱི་ལ་ཁྱོད་ཡིན་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་སུ་ཐལ། དུ་བ་དེ་དུ་ལྡན་གྱི་ལ་ཁྱོད་ཡིན་པར་སྒྲུབ་པའི་གཏན་ཚིག་ཡང་དག་ཡིན་པའི་ཕྱིར་ཞེས་བརྗོད་ན་མི་མཚུངས་སམ་སོམས་ཤིག གལ་ཏེ་དུ་བ་དེ་དུ་ལྡན་གྱི་ལ་མེར་བསྒྲུབ་པའི་རྟགས་ཡང་དག་ཡིན་པར་ཁས་ལེན་ནོ་ཞེ་ན། འོ་ན་བྱས་པ་སྒྲ་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཁས་བླངས་ན་སྐྱོན་ཅི་ཡོད། མི་འཐད་དེ། བྱས་པས་སྒྲ་རྟག་པ་ཡིན་པ་འགོག་པའི་ཕྱིར་ཏེ། སྒྲ་རྟག་པ་ཡིན་པར་སྒྲུབ་པའི་འགལ་བའི་རྟགས་ཡིན་པའི་ཕྱིར་ཞེ་ན། འོ་ན་ཁྱོད་དེ་ཡང་མི་འཐད་པར་ཐལ། དུ་བ་དུ་ལྡན་གྱི་ལ་མེ་ཡིན་པ་འགོག་པའི་ཕྱིར། མ་གྲུབ་ན་ཁས་བླངས་མོད་ཁས་བླངས་གསལ་བར་སྟོན་ན། དེར་ཐལ། དུ་ལྡན་གྱི་ལ་མེ་ཡིན་པར་སྒྲུབ་པའི་འགལ་བའི་རྟགས་ཡིན་པའི་ཕྱིར། ཞེས་བརྗོད་ན་ཅི་ཟེར། མ་གྲུབ་ཟེར་ན་སྔ་མའི་རྟགས་སྒྲུབ་པའི་རྒྱུ་མཚན་སྟོན་ཅིག བྱས་པ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་འགལ་བའི་རྟགས་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པའི་ཕྱིར་ཞེ་ན། དུ་བ་ཆོས་ཅན། དུ་ལྡན་གྱི་ལ་མེ་ཡིན་པར་སྒྲུབ་པའི་འགལ་བའི་རྟགས་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པའི་ཕྱིར་ཞེས་བརྗོད་ན་གསུམ་ཆར་ཁས་བླངས་སོ། །གལ་ཏེ་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ་མ་གྲུབ་ཅེ་ན། འོ་ན་སྔ་མའང་མ་གྲུབ་བོ། །བྱས་པ་ཆོས་ཅན། ཁྱོད་ཀྱིས་སྒྲ་རྟག་པར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པར་ཐལ། ཁྱོད་ཡིན་ན་རྟག་པ་མ་ཡིན་པས་ཁྱབ་པ་ཚད་མས་ངེས་རྟག་པ་ཡིན་ནའང་ཁྱོད་མ་ཡིན་པས་ཁྱབ་པ་ཚད་མས་ངེས་པའི་ཕྱིར། ཞེ་ན། དུ་བ་ཆོས་ཅན། ཁྱོད་ཀྱིས་དུ་ལྡན་གྱི་ལ་མེ་ཡིན་པར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པར་ཐལ། ཁྱོད་ཡིན་ན་མེ་མ་ཡིན་པས་ཁྱབ་པ་ཚད་མས་ངེས་མེ་ཡིན་ནའང་ཁྱོད་མ་ཡིན་པས་ཁྱབ་པ་ཚད་མས་ངེས་པའི་ཕྱིར་ཞེས་བརྗོད་ན་བསྐལ་པའི་བར་དུ་མཚུངས་སོ། །གཉིས་པ་མེ་བསྒྲུབ་བྱའི་ཆོས་སུ་མི་འཐད་པ་ནི། གལ་ཏེ་མེ་དུ་ལྡན་གྱི་ལ་མེ་ཡོད་དུ་སྒྲུབ་པའི་བསྒྲུབ་བྱའི་ཆོས་སུ་མི་འཐད་པ་ཅིའི་ཕྱིར། མི་འཐད་པ་ལ་གསུམ་སྟེ། ལ་དང་མེའི་ཚོགས་དོན་བསྒྲུབ་བྱར་ཐལ་བ་དང་། ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་ཞེན་ཡུལ་ལ་ལོག་ཤེས་སུ་ཐལ་བ་དང་། མེ་མ་ཡིན་པ་ལ་མེ་ཡོད་དུ་སྒྲུབ་པའི་དགག་བྱའི་ཆོས་སུ་ཐལ་བའོ། །དང་པོ་ནི། དུ་ལྡན་གྱི་ལ་དང་མེའི་ཚོགས་དོན་དེ་དུ་ལྡན་གྱི་ལ་མེ་ཡོད་དུ་སྒྲུབ་པའི་བསྒྲུབ་བྱར་ཐལ། མེ་དེ་དུ་ལྡན་གྱི་ལ་མེ་ཡོད་དུ་གྲུབ་པའི་རྟགས་ཡང་དག་གི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། རྟགས་དངོས། འདོད་ན། དུ་ལྡན་གྱི་ལ་མེ་ཡིན་པར་དུ་བས་བསྒྲུབ་ནུས་པར་ཐལ། འདོད་པ་གང་ཞིག་དུ་བ་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། རྟགས་གཉིས་དངོས འདོད་ན། བྱས་པས་སྒྲ་རྟག་པར་སྒྲུབ་ནུས་པར་དམ་བཅས་ཅིས་འགོག སྒྲ་རྟག་པར་འགྱུར་བར་ཐལ། བྱས་པས་སྒྲ་རྟག་པར་སྒྲུབ་ནུས་པའི་ཕྱིར་ཞེ་ན། འོ་ན་དུ་ལྡན་གྱི་ལ་དེ་མེ་ཡིན་པར་འགྱུར་ཏེ། དུ་བས་དུ་ལྡན་གྱི་ལ་དེ་མེ་ཡིན་པར་སྒྲུབ་ནུས་པའི་ཕྱིར། ཞེས་མཚུངས་སོ། །གཉིས་པ་ནི། དུ་ལྡན་གྱི་ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་གིས་དུ་ལྡན་གྱི་ལ་མེ་ཡིན་པར་གཞལ་བར་ཐལ། དུ་ལྡན་གྱི་ལ་དང་མེའི་ཚོགས་དོན་དེ་དུ་ལྡན་གྱི་ལ་མེ་ཡོད་དུ་སྒྲུབ་པའི་བསྒྲུབ་བྱ་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་རྗེས་དཔག་དེ་རང་གི་ཞེན་ཡུལ་ལ་ལོག་ཤེས་ཡིན་པར་ཐལ། དེ་དུ་ལྡན་གྱི་ལ་མེ་ཡིན་པར་གཞལ་བའི་ཞེན་བློ་གང་ཞིག་དུ་ལྡན་གྱི་ལ་མེ་མ་ཡིན་པའི་ཕྱིར། འདོད་ན། ཚད་མ་མ་ཡིན་པར་འགྱུར་རོ། །དེ་འདྲའི་ཚོགས་དོན་བསྒྲུབ་བྱ་ཡིན་ན་དེ་དེའི་རྗེས་དཔག་གི་གཞལ་བྱ་ཡིན་པས་མ་ཁྱབ་པའི་ཕྱིར་ན་སྐྱོན་མེད་ཅེ་ན། ཤིན་ཏུ་མི་འཐད་དེ། རྟགས་ཀྱི་བསྒྲུབ་བྱ་གང་ཡིན་པ། རྗེས་སུ་དཔག་པས་གཞལ་བ་ཡིན། ཞེས་དང་། རྣམ་པར་ངེས་པ་ལས། ཆོས་མཐུན་པ་མཐོང་བ་ལས་ཇི་ལྟ་བ་དེ་ལྟར་རབ་ཏུ་སྒྲུབ་པ་དེ་ནི་རྗེས་སུ་དཔག་པར་བྱ་བ་ལས་མ་འདས་སོ། །ཞེས་གསུངས་པ་མ་ཐོས་པར་འགྱུར་རོ། །གསུམ་པ་ནི། མེ་དེ་དུ་ལྡན་གྱི་ལ་མེ་ཡོད་དུ་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཡིན་ན། མེ་མ་ཡིན་པ་དེ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །འདོད་ན། དུ་ལྡན་གྱི་ལ་དང་མེ་མ་ཡིན་པའི་ཚོགས་དོན་དེ་དུ་ལྡན་གྱི་ལ་མེ་ཡོད་དུ་སྒྲུབ་པའི་དགག་བྱ་ཡིན་པར་འགྱུར་ཏེ། འདོད་ན། དེ་འདྲའི་ཚོགས་དོན་དེ་དུ་ལྡན་གྱི་ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་གིས་བསལ་བར་ཐལ། འདོད་པའི་ཕྱིར། འདོད་ན། དུ་ལྡན་གྱི་ལ་མེ་མ་ཡིན་པར་ཚད་མས་རྟོགས་པ་མི་སྲིད་པར་འགྱུར་རོ། །མ་གྲུབ་ན། ཚད་མ་གཅིག་གིས་བསལ་བ་ཞུགས་པ་ཡིན་ན་དེ་ལ་ཚད་མ་གཞན་འཇལ་བྱེད་དུ་འཇུག་པ་མི་སྲིད་པར་སྡེ་བདུན་མདོ་དང་བཅས་པར་གསུངས་པའི་རིགས་པའི་ལམ་རྣ་བའི་བུ་ག་ཙམ་དུ་ཡང་མ་གྲགས་པར་འགྱུར་རོ། །གསུམ་པ་འཐད་ན་ཧ་ཅང་ཐལ་བ་ལ་གསུམ་སྟེ། མཐུན་དཔེ་མི་མཐུན་ཕྱོགས་སུ་ཐལ་བ་དང་། རྒྱུ་མ་དམིགས་པའི་རྟགས་ཀྱི་ཁྱབ་པ་མ་གྲུབ་པར་ཐལ་བ་དང་། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་དགག་རྟགས་ཀྱི་ཕྱོགས་ཆོས་མ་གྲུབ་པར་ཐལ་བའོ། །དང་པོ་ནི། གང་དུ་བ་ཡོད་ན་མེ་ཡོད་པས། དཔེར་ན་ཚང་མང་བཞིན་དུ་ལྡན་གྱི་ལ་ལ་དུ་བ་ཡོད་པ་ཡིན་ཞེས་བཀོད་པའི་ཚེ་ཚང་མང་ཆོས་ཅན། དུ་ལྡན་གྱི་ལ་མེ་ཡོད་དུ་སྒྲུབ་པའི་མི་མཐུན་ཕྱོགས་ཡིན་པར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་གཞི་ལྡོག་ཡིན་པས་སྟོང་བའི་ཕྱིར། ཁྱབ་པ་ཀུན་གྱིས་ཁས་བླངས་སོ། །གལ་ཏེ་མེ་ཡོད་ཀྱང་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་ཁས་ལེན་པས་སྐྱོན་མེད་ཅེ་ན། འོ་ན་མེ་ཡོད་ཆོས་ཅན། དུ་བ་དང་རྫས་ཐ་དད་ཡིན་པར་ཐལ། དུ་བས་དུ་ལྡན་གྱི་ལ་མེ་ཡོད་དུ་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། ཁྱབ་རྟགས་དངོས། འདོད་ན། དངོས་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་རྟགས་དངོས། གཉིས་པ་ནི། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་དང་རང་རྒྱུད་ཀྱི་རྟགས་ཡང་དག་གཉིས་རྟོགས་པ་གཅིག་ཏུ་སྒྲུབ་དགོས་པ་རིགས་པའི་ལམ་ཡིན་པས། འབྲས་བུའི་རྟགས་ཀྱི་ཐལ་འགྱུར་གྱི་ཁྱབ་པ་ལ་ཁས་བླངས་ཡོད་པ་དང་རྒྱུ་མ་དམིགས་པའི་རང་རྒྱུད་ཀྱི་རྟགས་ཀྱི་ཁྱབ་པ་ཚད་མས་གྲུབ་པ་རྟོགས་པ་གནད་གཅིག་ཡིན་ཏེ། མེ་མེད་ཀྱི་རྒྱ་མཚོ་ན་དུ་བ་ཡོད་པ་དང་། དུ་བ་ཡོད་ན་མེ་ཡོད་པས་ཁྱབ་པར་ཁས་ལེན་པ་ལ། མེ་མེད་ཀྱི་རྒྱ་མཚོ་ན་ཆོས་ཅན། མེ་ཡོད་པར་ཐལ། །དུ་བ་ཡོད་པའི་ཕྱིར། ཞེས་པའི་འབྲས་བུའི་ཐལ་བ་བཟློག་པ་ལས་མེ་མེད་ཀྱི་རྒྱ་མཚོ་ན་ཆོས་ཅན། དུ་བ་མེད་དེ། མེ་མེད་པའི་ཕྱིར། ཞེས་པ་རྒྱུ་མ་དམིགས་པའི་རང་རྒྱུད་ཀྱི་ཁྱབ་པ་ཚད་མས་གྲུབ་པ་བཞིན། ཡང་སྒྲུབ་བྱེད་འཕེན་པའི་ཐལ་གྱུར་གྱི་རྟགས་ལ་ཁས་བླངས་ཡོད་པ་དང་རང་རྒྱུད་ལ་ཤེས་འདོད་ཡོད་པ་རྟོགས་པ་གནད་གཅིག་པ་ཡིན་ཏེ། མེ་མེད་ཀྱི་རྒྱ་མཚོ་ན་དུ་བ་ཡོད་པར་ཁས་བླངས་པ་ལ། མེ་མེད་ཀྱི་རྒྱ་མཚོ་ན་ཆོས་ཅན། མེ་ཡོད་པར་ཐལ། དུ་བ་ཡོད་པའི་ཕྱིར་ཞེས་པའི་ཐལ་བ་བཟློག་པ་ལས། ཆོས་ཅན། དུ་བ་མེད་དེ། མེ་མེད་པའི་ཕྱིར་ཞེས་པའི་རང་རྒྱུད་འཕེན་པ་བཞིན་ནོ། །དེ་ལྟར་བྱེད་པ་མཁས་པའི་ལུགས་ཡིན་པས། དུ་ལྡན་གྱི་ལ་མེ་ཡོད་དུ་སྒྲུབ་པའི་སྐབས་སུ་མེ་བསྒྲུབ་བྱའི་ཆོས་དང་། དུ་བ་དེ་སྒྲུབ་བྱེད་རྟགས་ཡིན་ན། མེ་མ་ཡིན་པ་མེ་མེད་ཀྱི་རྒྱ་མཚོ་དུ་མེད་དུ་སྒྲུབ་པའི་རྟགས་ཡང་དག་དང་། དུ་བ་མ་ཡིན་པ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་ཁས་ལེན་དགོས་ཏེ། དེ་གཉིས་རྟོགས་པ་གནད་གཅིག་ཏུ་སྒྲུབ་ཟིན་པའི་ཕྱིར། འདོད་ན། མེ་མེད་ཀྱི་རྒྱ་མཚོ་ཆོས་ཅན། དུ་བ་མ་ཡིན་ཏེ། མེ་མ་ཡིན་པའི་ཕྱིར།ཞེས་པ་ལྟ་བུ་རྒྱུ་མ་དམིགས་པའི་རྩ་སྦྱོར་འགོད་དགོས་པར་འགྱུར་ཏེ། མེ་མ་ཡིན་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་དང་། དུ་བ་མ་ཡིན་པ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་འཐད་པའི་ཕྱིར། འདོད་ན། མེ་མ་ཡིན་ན་དུ་བ་མ་ཡིན་པས་ཁྱབ་བམ་མ་ཁྱབ། ཁྱབ་ན་ཁམས་གསུམ་ན་བདག་ཉིད་ལས་བླུན་པ་མེད་ཅེས་དམ་བཅས་པ་ཡིན་ནོ། །མ་ཁྱབ་ན་རྒྱུ་མ་དམིགས་པའི་གཏན་ཚིགས་ཡང་དག་གི་རྗེས་འགྲོ་དང་ལྡོག་པའི་ཁྱབ་པ་མ་ངེས་པར་འགྱུར་ཏེ། རྒྱུ་མ་དམིགས་པའི་རྩ་སྦྱོར་གྱི་ཁྱབ་པ་མ་ངེས་པའི་ཕྱིར། །གསུམ་ཆར་རོ། །གསུམ་པ་ནི། དུ་ལྡན་གྱི་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་བཀོད་པའི་ཚེ་དུ་བ་དུ་ལྡན་གྱི་ལ་མེ་ཡོད་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་ན་མེས་ཁྱབ་པར་ནོན་པའི་ཚང་མང་ན་ཆོས་ཅན་གྲང་བའི་རེག་པ་རྒྱུན་རིང་དུ་གནས་པ་མེད་དེ། མེས་ཁྱབ་པར་ནོན་པའི་ཕྱིར་ཞེས་བཀོད་པའི་ཚེ་ཡང་མེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་ཁས་ལེན་ནམ། མེས་ཁྱབ་པ་ནོན་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་ཁས་ལེན། དང་པོ་ལྟར་ན། མི་འཐད་དེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་པའི་ཕྱིར་ཏེ། མེས་ཁྱབ་པར་ནོན་པའི་ཚང་མང་དེ་མ་ཡིན་པའི་ཕྱིར། འདིའང་རྒྱས་པར་དགག་སྒྲུབ་བྱེད་ལུགས་ནི་སྔར་སྒྲ་ཆོས་ཅན། མི་རྟག་པ་ཡོད་དེ། མིག་ཤེས་ཀྱི་གཟུང་བྱ་ཡོད་པའི་ཕྱིར། ཞེས་པའི་མཚུངས་པ་བྱས་པ་བཞིན་དུ་ཤེས་པར་བྱའོ། །གལ་ཏེ་མེས་ཁྱབ་པར་ནོན་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་ཁས་ལེན་པས་སྐྱོན་མེད་དོ་ཞེ་ན། འོ་ན་དུ་བ་ཡོད་པ་དེ་དུ་ལྡན་གྱི་ལ་མེ་ཡོད་དུ་སྒྲུབ་པའི་འབྲས་རྟགས་ཡང་དག་དུ་ཁས་བླངས་ན་སྐྱོན་ཅི་ཡོད། འོ་ན་དུ་ཡོད་ཆོས་ཅན། མེ་དང་དེ་བྱུང་དུ་འབྲེལ་བར་ཐལ། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། ཞེ་ན། འོ་ན་མེས་ཁྱབ་པར་ནོན་པ་ཆོས་ཅན། གྲང་བའི་རེག་པ་རྒྱུན་རིང་དུ་གནས་པ་དང་ལྷན་ཅིག་མི་གནས་པའི་འགལ་བར་ཐལ། མེས་ཁྱབ་པར་ནོན་པའི་ཚང་མང་དེ་གྲང་རེག་རྒྱུན་རིང་མེད་པར་སྒྲུབ་པའི་ལྷན་ཅིག་མི་གནས་པའི་འགལ་བ་ལ་བརྟེན་པའི་འགལ་དམིགས་ཀྱི་དགག་རྟགས་ཡིན་པའི་ཕྱིར། ཞེས་བརྗོད་ན་ཅི་ཟེར། འདོད་དོ་ཞེ་ན། སྔ་མའང་འདོད་དོ། མེ་དང་རྫས་ཐ་དད་ཡིན་པར་ཐལ། དེ་དང་དེ་བྱུང་དུ་འབྲེལ་བའི་ཕྱིར་ཞེ་ན། འོ་ན་མེས་ཁྱབ་པར་ནོན་པ་ཆོས་ཅན། གྲང་རེག་རྒྱུན་རིང་དུ་གནས་པ་དང་རྫས་ཐ་དད་ཡིན་པར་ཐལ། དེ་དང་ལྷན་ཅིག་མི་གནས་པའི་འགལ་བ་ཡིན་པའི་ཕྱིར་ཞེས་བརྗོད་ན་ཅི་ཟེར། ཁྱོད་ཀྱིས་བཤད་པའི་ཉེས་པ་མེད་དེ། ལྷན་ཅིག་མི་གནས་པའི་འགལ་བ་ལ་བརྟེན་པའི་འགལ་དམིགས་ཀྱི་དགག་རྟགས་ཡིན་ན་རྟགས་ཀྱི་ཁྱད་པར་བྱེད་ཆོས་མེ་དང་དགག་བྱའི་ཆོས་ཀྱི་ཁྱད་པར་བྱེད་ཆོས་གྲང་རེག་གཉིས་ལྷན་ཅིག་ཏུ་མི་གནས་པའི་འགལ་བ་ཡིན་དགོས་ཀྱི་རྟགས་ཀྱི་ངོ་བོ་མེས་ཁྱབ་པར་ནོན་པ་དང་དགག་བྱའི་ཆོས་ཀྱི་ངོ་བོ་གྲང་རེག་རྒྱུན་རིང་དུ་གནས་པ་གཉིས་ལྷན་ཅིག་མི་གནས་པའི་འགལ་བ་ཡིན་མི་དགོས་པའི་ཕྱིར་ཞེས་སྨྲ་ན། འོ་ན་ངེད་ལའང་ཁྱོད་ཀྱིས་བཤད་པའི་ཉེས་པ་མེད་པར་ཐལ། དུ་བས་དུ་ལྡན་གྱི་ལ་མེ་ཡོད་དུ་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་ན་རྟགས་ཀྱི་ཁྱད་པར་བྱེད་ཆོས་དུ་བ་ལྟ་བུ་བསྒྲུབ་བྱའི་ཆོས་ཀྱི་ཁྱད་པར་བྱེད་ཆོས་མེ་དང་དེ་བྱུང་དུ་འབྲེལ་དགོས་ཀྱི་རྟགས་ཀྱི་ངོ་བོ་དུ་ཡོད་ལྟ་བུ་བསྒྲུབ་བྱའི་ཆོས་ཀྱི་ངོ་བོ་མེ་ཡོད་པ་དང་དེ་བྱུང་དུ་འབྲེལ་མི་དགོས་པའི་ཕྱིར། ཞེས་བརྗོད་ན་བསྐལ་པའི་བར་དུ་མཚུངས་སོ། །འདིས་མཚོན་ནས་རྟགས་སུ་བཀོད་ཚོད་དང་སོང་ཚོད་སོ་སོར་འབྱེད་པར་བཞེད་པའང་མི་འཐད་པར་ཤེས་པར་བྱའོ། །སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་དང་རང་རྒྱུད་གཉིས་རྟོགས་པ་གནད་གཅིག་ཏུ་སྒྲུབ་པའི་ཚུལ་རྒྱས་པར་ཤེས་པར་འདོད་ན་རྗེ་བཙུན་བྱམས་པའི་ལེགས་བཤད་ལས་ཤེས་པར་བྱའོ། །རང་རྒྱུད་འཕེན་པའི་ཐལ་འགྱུར་དང་རང་རྒྱུད་གཉིས་རྟོགས་པ་གནད་ཅིག་ཏུ་སྒྲུབ་པའི་མཚམས་སུ་གཞི་ལ་དགག་པ་ཤོར་བར་འདུག་ཟེར་ནས་བླུན་པོའི་རྟགས་སྟོན་པར་མི་བྱ་སྟེ། རྩོད་པའི་ཚེ་གཞི་ལ་དགག་པའི་སྐྱོན་གཅོད་པའི་ཕྱིར་རོ། །གོང་དུ་དུ་བ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་བཤད་པ་དང་འདི་གཉིས་འགལ་བར་འདུག་ཅེས་ཟེར་ནས་རང་རྟགས་སྟོན་པར་མི་བྱ་སྟེ། དུ་བ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་སྒྲུབ་པ་ནི་བརྗོད་བདེ་བའི་དབང་དུ་བྱས་པ་ཡིན་གྱི་རང་ལུགས་སུ་ཚད་སྒྲུབ་དུ་བྱེད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་རྟགས་ཡང་དག་གི་བསྒྲུབ་བྱའི་ཆོས་དང་རྟགས་ཡང་དག་རང་ཉིད་དུ་འགྱུར་བ་ལ་ཚིག་ཟིན་དུ་གང་ཡོད་དེ་ཉིད་དགོས་ན་ནམ་མཁའི་དུ་བ་ལོང་ལོང་པོ་ཆོས་ཅན། རང་རྒྱུའི་མེ་སྔོན་དུ་སོང་སྟེ། དུ་བ་ཡིན་པའི་ཕྱིར་ཞེས་པའི་རྟགས་འདི་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་སུ་འགྱུར་ཏེ། ཚིག་ཟིན་དེ་ཉིད་ལ་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་སུ་འདུག་པའི་ཕྱིར་ཞེ་ན། རྟགས་མ་གྲུབ་སྟེ། དུ་བ་རང་རྒྱུའི་མེ་སྔོན་དུ་སོང་བ་དང་བདག་ཉིད་གཅིག་ཡིན་ཡང་དེ་བསྒྲུབ་བྱའི་ཆོས་ཀྱི་ཁྱད་པར་བྱེད་ཆོས་རང་རྒྱུའི་མེ་དང་དེ་བྱུང་དུ་འབྲེལ་བའི་ཕྱིར། འདིའི་དགག་སྒྲུབ་རྒྱས་པར་ནི་ཁོ་བོས་བྱས་པའི་ཚད་མ་རིགས་པའི་གཏེར་གྱི་རྒྱན་དུ་ལེགས་པར་བཤད་ཡོད་པས་དེར་ཤེས་པར་མཛོད་ཅིག གསུམ་པ་འཇུག་གི་དོན་ལ་གཉིས་ཏེ། བསྟན་བཅོས་གང་གིས་མཛད་པ་དང་། དེ་གང་གིས་བསྒྱུར་བའི་ཚུལ་ལོ། །དང་པོ་ནི། ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་འདི་ནི་རང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་དུ་སོན་པ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དངོས་སུ་རྗེས་སུ་བཟུང་ཞིང་། བདེ་བར་གཤེགས་པའི་གསུང་རབ་ཀྱི་དགོས་པ་མ་ལུས་པ་རིགས་པས་གཏན་ལ་འབེབས་པ་ལ། འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ། རྟོག་གེ་ངན་པའི་གཞུང་ལུགས་མཐའ་དག་འཇིག་པར་བྱེད་པའི་རྩོད་པ་བ་ཆེན་པོ་ཤིན་ཏུ་ཕྲ་བའི་ཐུགས་མངའ་བ་ཤིང་རྟའི་སྲོལ་འབྱེད་ཆེན་པོ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ་ཞེས་པའོ། །གཉིས་པ་ནི། རྒྱ་གར་གྱི་མཁན་པོ་རིགས་པ་སྨྲ་བ་གཙུག་གི་ནོར་བུར་གྲགས་པ་བ་སུ་དྷཱ་ར་རཀྵི་ཏ་ཞེས་བྱ་བ་བོད་ཀྱི་སྐད་དུ་བསྒྱུར་ན་ནོར་འཛིན་བསྲུང་བ་ཞེས་བྱ་བས་ལེགས་པར་བཤད་པ་དང་། བོད་ཀྱི་ལོ་ཙྪ་བ་དགེ་བསྙེན་ཞ་མ་སེང་གྷེ་རྒྱལ་མཚན་གྱིས་རྒྱ་གར་གྱི་སྐད་ལས། བོད་ཀྱི་སྐད་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ་ཞེས་སོ། །འགྱུར་འདིའི་རྣམ་གྲངས་ལ་རྩ་འགྲེལ་གཉིས་ཀ་ལ་ལོ་ཙྪ་བ་དད་པ་ཤེས་རབ་ཀྱིས་བསྒྱུར་པ་དང་། ཞ་མའི་འདི་གཉིས་ཡོད་པར་ཀུན་ལ་གྲགས་མོད་དེ་ལའང་དད་པ་ཤེས་རབ་ཀྱིས་བསྒྱུར་བའི་དཔེ་ཆ་ཡོངས་སུ་རྫོགས་པ་ནི་མ་མཐོང་ངོ་། །རྔོག་ལོ་ཆེན་དང་། ས་ལོས་ཀུན་ལས་བཏུས་པ་བསྒྱུར་འཆད་ཉན་གྱིས་གཏན་ལ་ཕབ་པར་སྣང་ཡང་འགྱུར་ཡོངས་སུ་རྫོགས་པ་མ་རྙེད་ཅིང་། འགྱུར་དམ་དུམ་རྙེད་པའི་རིགས་རྣམས་ཤིན་ཏུ་མི་མཐུན་པར་སྣང་བ་དང་། སློབ་དཔོན་རྒྱལ་བའི་དབང་པོའི་ཀུན་ལས་བཏུས་པའི་འགྲེལ་བཤད་དཔང་ལོས་བསྒྱུར་བ་དང་། འདིའི་འགྱུར་གཉིས་ཤིན་ཏུ་མི་མཐུན་པར་སྣང་བ་དང་། བོད་ན་ཀུན་ལས་བཏུས་པའི་ཊཱིཀ་མང་རབ་གཅིག་མཐོང་ཡང་རིགས་པའི་ལམ་ནས་དྲངས་ནས་བཤད་པ་རྒྱས་པོ་བྱས་པ་མི་སྣང་བ་དང་། ཉན་ས་ཡང་འདི་ཡིན་གཅིག་མ་རྙེད་པས་འདིའི་དོན་ཤིན་ཏུ་དཀའ་བར་བྱུང་ཡང་། བརྩོན་འགྲུས་ཤིན་ཏུ་ཆེན་པོ་བྱས་ནས་འགྲེལ་པ་དང་འགྲེལ་བཤད་ཀྱི་དོན་ལ་ཡང་ལེགས་པར་བལྟས་པ་དང་། ཁྱད་པར་དུ་རྗེ་བཙུན་ཆ་པ་ཆོས་ཀྱི་སེང་གྷེས་མདོ་འདིའི་དོན་ལེགས་པར་བཤད་ནས་དགག་སྒྲུབ་བྱས་པར་སྣང་བ་ལ་བརྟེན་པ་བྱས་པ་ཡིན་ནོ། །རབ་འབྱམས་ཞིང་གི་རྒྱལ་བ་སྲས་བཅས་ཀྱི། །དགོངས་པ་ཇི་བཞིན་རིགས་པས་བསྒྲུབ་པའི་ཚུལ། །རིགས་པས་སྒྲུབ་ལ་རྒྱལ་བ་གཉིས་པ་རུ། །རྒྱལ་བས་ལུང་བསྟན་ཕྱོགས་ཀྱི་གླང་པོའི་གཞུང་། །ཀུན་ལས་བཏུས་པའི་ཚིག་དོན་མ་ལུས་པ། །རྟོག་གེ་ངན་པའི་རླུང་གིས་མ་དཀྲུགས་པར། །མཁས་པའི་དགོངས་པ་དངོས་སྟོབས་རིགས་ལམ་དུ། །རིགས་པའི་དབང་ཕྱུག་བདག་གིས་ལེགས་པར་བཤད། །དེང་སང་གངས་ཅན་ཁྲོད་ཀྱི་སྐྱེ་བོ་འགའ། །དངོས་སྟོབས་རིགས་པའི་ལམ་བཟང་རིང་སྤངས་ནས། །བླུན་པོ་རང་དགའི་མུ་ཅོར་སྣ་ཚོགས་ཀྱིས། །གཞུང་འདིའི་དགོངས་འགྲེལ་བརྩམ་པར་འདོད་ནས་ནི། །བློ་གྲོས་རྩིང་པོའི་ངན་སྐྱུགས་དུ་མ་ཡིས། །ཆ་གཙང་དན་སོགས་མཁས་པའི་སྐྱེ་བོ་ཡིས། །ལེགས་པར་བཤད་པའི་དངོས་སྟོབས་རིགས་པའི་ལམ། །ཚིག་འཁྲི་ཡིན་པས་གཞན་དུ་སྤངས་ཞེས་པའི། །ཚིག་དོར་ལྟག་ཆོད་འབའ་ཞིག་གཙོར་བྱེད་པ། །དེ་དག་ལོག་པའི་ལམ་དུ་ཞུགས་པ་ཡིན། །ལོག་པའི་ལམ་ངན་སྤངས་ནས་རིགས་པའི་ལམ། །མ་ནོར་ཇི་བཞིན་བདེ་བླག་རྟོགས་འདོད་ན། །རིགས་པའི་དབང་ཕྱུག་དམ་པ་རྣམ་གཉིས་ཀྱིས། །ལེགས་པར་གསུངས་པའི་དངོས་སྟོབས་རིགས་ལམ་དེ། །ཆ་གཙང་དན་སོགས་སྔོན་བྱོན་མཁས་མཆོག་གིས། །ལེགས་གསུངས་དངོས་སྟོབས་རིགས་པའི་ལམ་དེ་ཡི། །རྗེས་སུ་འབྲང་བར་གྱིས་ཤིག་རིགས་སྨྲ་དག མྱུར་དུ་ཐམས་ཅད་མཁྱེན་པའི་གནས་སུ་འགྲོ། །འདི་སྦྱར་དགེ་བས་མཐའ་ཡས་འགྲོ་བ་རྣམས། །དངོས་སྟོབས་རིགས་པའི་ལམ་ལ་འགོད་པ་དང་། བདག་ཀྱང་དེང་ནས་སྐྱེ་བ་ཐམས་ཅད་དུ། །བདེ་གཤེགས་གསུང་རབ་རིགས་པས་འཆད་པར་ཤོག ཚད་པ་ཀུན་ལས་བཏུས་པའི་རྒྱན་ཆེན་ཞེས་བྱ་བའི་བསྟན་བཅོས་འདི་ནི་སྙིགས་མའི་དུས་ཀྱི་ཐུབ་པ་ཆེན་པོ་གཡག་མི་ཕམ་བླ་མ་ཆོས་ཀྱི་རྗེ་སངས་རྒྱས་དཔལ་བ་དང་། རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་མཁས་པའི་དབང་པོ་བློ་གྲོས་རྒྱ་མཚོ་གཉིས་ཀྱི་གསུང་གི་བདུད་རྩི་ཡུན་རིང་དུ་མྱངས་ཤིང་། ཁྱད་པར་དུ་ཡང་། བདག་ཉིད་ཆེན་པོ་རྔོག་ལོ་ཙྪ་བ་བློ་ལྡན་ཤེས་རབ་དང་། དཔལ་ལྡན་གྲོ་ལུང་པ་བློ་གྲོས་འབྱུང་གནས་དང་། རིགས་པའི་དབང་ཕྱུག་ཆེན་པོ་ཆ་པ་ཆོས་ཀྱི་སེང་གྷེ་ལ་སོགས་པས་གསུངས་པའི་ལེགས་བཤད་ལ་ཡུན་རིང་དུ་འདྲིས་པར་བྱས་པ་བདེ་བར་གཤེགས་པའི་གསུང་རབ་རིགས་པའི་སྒོ་ནས་འཆད་པ་ལ་ཚངས་པའི་འཇིག་རྟེན་མན་ཆད་དུ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་རིགས་པའི་དབང་ཕྱུག་དགེ་བ་རྒྱ་མཚན་གྱིས་ལུང་དང་རིགས་པའི་ཚུལ་ལ་བློ་གྲོས་ཕྱོགས་མེད་རྒྱས་པ་དགེ་བའི་བཤེས་གཉེན་ཤེས་རབ་དཔལ་ལྡན་དང་། སྡེ་སྣོད་དུ་མ་ལ་བློ་གྲོས་རྒྱས་པ་བཀའ་བཅུ་བ་ཕྱག་རྡོར་གཉིས་ཀྱིས་ཡང་ཡང་དུ་བསྐུལ་བའི་ངོར་ཆོས་གྲྭ་ཆེན་པོ་གསང་ཕུ་ནེའུ་ཐོག་ཏུ་སྦྱར་བ་རྫོགས་སོ། །འདི་བྲིས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །མཁའ་མཉམ་འགྲོ་བ་སེམས་ཅན་རྣམས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །དགེ་ཤིང་བཀྲ་ཤིས་པར་གྱུར་ཅིག།།

རྩོམ་སྒྲིག་པ།  བློ་བཟང་བཀྲ་ཤིས།


བརྒྱུད་འགོད།
0