བསེ་བསྡུས་ལས་ལྡོག་པ་ངོས་འཛིན་གྱི་རྣམ་བཞག

སྤེལ་དུས།  2021-05-16   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  བསེ་ངག་དབང་བཀྲ་ཤིས།   ཀློག་གྲངས།  

                                                                                            ལྡོག་པ་ངོས་འཛིན་གྱི་རྣམ་བཞག་བཤད་པ་ལ

ཁ་ཅིག་ན་རེ། དངོས་པོའི་གཞི་ལྡོག་ཡིན་ན། དངོས་པོའི་ལྡོག་པ་ཡིན་པས་ཁྱབ་ཟེར་ན། སྒྲ་ཆོས་ཅན། དངོས་པོའི་ལྡོག་པ་ཡིན་པར་ཐལ། དངོས་པོའི་གཞི་ལྡོག་ཡིན་པའི་ཕྱིར།ཁྱབ་པ་ཁས། མ་གྲུབ་ན། སྒྲ་ཆོས་ཅན། དངོས་པོའི་གཞི་ལྡོག་ཡིན་པར་ཐལ། དངོས་པོའི་མཚན་གཞི་ཡིན་པའི་ཕྱིར། རྩ་བར་འདོད་ན།་སྒྲ་ཆོས་ཅན། དངོས་པོའི་ལྡོག་པ་མ་ཡིན་པར་ཐལ། དངོས་པོ་དང་ཐ་དད་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དངོས་པོའི་དོན་ལྡོག་ཡིན་ན། དངོས་པོའི་ལྡོག་པ་ཡིན་པས་ཁྱབ་ཟེར་ན། དོན་བྱེད་ནུས་པ་ཆོས་ཅན། དངོས་པོའི་ལྡོག་པ་ཡིན་པར་ཐལ། དངོས་པོའི་དོན་ལྡོག་ཡིན་པའི་ཕྱིར།ཁྱབ་པ་ཁས། མ་གྲུབ་ན། དོན་བྱེད་ནུས་པ་ཆོས་ཅན། དངོས་པོའི་དོན་ལྡོག་ཡིན་པར་ཐལ། དངོས་པོའི་མཚན་ཉིད་ཡིན་པའི་ཕྱིར། རྩ་བར་འདོད་ན། དོན་བྱེད་ནུས་པ་ཆོས་ཅན། དངོས་པོའི་ལྡོག་པ་མ་ཡིན་པར་ཐལ། དངོས་པོ་དང་གཅིག་མ་ཡིན་པའི་ཕྱིར། མ་གྲུབ་ན། དོན་བྱེད་ནུབ་པ་ཆོས་ཅན། དངོས་པོ་དང་གཅིག་མ་ཡིན་པར་ཐལ། དངོས་པོ་དང་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན། དོན་བྱེད་ནུས་པ་ཆོས་ཅན། དངོས་པོ་རང་ཐ་དད་ཡིན་པར་ཐལ། མཚན་ཉིད་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། དངོས་པོ་དང་གཅིག་ཡིན་ན་མཚོན་བྱ་ཡིན་དགོས་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་དང་གཅིག་ཡིན་ན༑་མཚོན་བྱ་ཡིན་དགོས་པར་ཐལ། ཁྱོད་མཚོན་བྱ་ཡིན་པའི་ཕྱིར།་ཁ་ཅིག་ན་རེ། བུམ་པ་དང་གཅིག་ཏུ་གྱུར་བའི་བུམ་པ་དེ་བུམ་པའི་ལྡོག་པ་ཡིན་ཟེར་ན། བུམ་པ་དང་གཅིག་ཏུ་གྱུར་པའི་བུམ་པ་ཆོས་ཅན། བུམ་པའི་ལྡོག་པ་མ་ཡིན་པར་ཐལ། བུམ་པ་དང་གཅིག་མ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་དང་གཅིག་ཏུ་གྱུར་པའི་བུམ་པ་ཆོས་ཅན། བུམ་པ་དང་གཅིག་མ་ཡིན་པར་ཐལ། བུམ་པ་དང་ཡིན་ཁྱབ་མཉམ་མ་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། བུམ་པ་ཆོས་ཅན།་ཁྱོད་དང་གཅིག་ཡིན་ན། ཁྱོད་དང་ཡིན་ཁྱབ་མཉམ་ཡིན་པས་ཁྱབ་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ལ་རྟགས་མ་གྲུབ་ཟེར་ན། བུམ་པ་དང་གཅིག་ཏུ་གྱུར་པའི་བུམ་པ་ཆོས་ཅན། བུམ་པ་དང་ཡིན་ཁྱབ་མཉམ་མ་ཡིན་པར་ཐལ། ཁྱོད་ཡིན་ན་བུམ་པ་ཡིན་པས་ཁྱབ་པ་དང་བུམ་པ་ཡིན་ན་ཁྱོད་ཡིན་པས་ཁྱབ་པ་གཉིས་ཀ་རེ་རེ་ནས་མེད་པའི་ཕྱིར། མ་གྲུབ་ན། བུམ་པ་དང་གཅིག་ཏུ་གྱུར་པའི་བུམ་པ་ཆོས་ཅན། ཁྱོད་ཡིན་ན་བུམ་པ་ཡིན་པས་ཁྱབ་པ་དང་བུམ་པ་ཡིན་ན་ཁྱོད་ཡིན་པས་ཁྱབ་པ་གཉིས་ཀ་རེ་རེ་ནས་མེད་པར་ཐལ། བུམ་པ་ཡིན་ན་ཁྱོད་ཡིན་པས་ཁྱབ་པ་མེད་པའི་ཕྱིར། མ་གྲུབ་ན། གསེར་བུམ་ཆོས་ཅན། བུམ་པ་དང་གཅིག་ཏུ་གྱུར་བའི་བུམ་པ་ཡིན་པར་ཐལ།་བུམ་པ་ཡིན་པའི་ཕྱིར།ཁྱབ་པ་ཁས། མ་གྲུབ་ན། གསེར་བུམ་ཆོས་ཅན། བུམ་པ་ཡིན་པར་ཐལ། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ལྟོ་ལྡིར་ཞབས་ཞུ་མཆུ་སྐྱོར་གྱི་དོན་བྱེད་ནུས་པ་བུམ་པའི་མཚན་ཉིད་ཡིན་པའི་ཕྱིར། གོང་དུ་འདོད་ན།་གསེར་བུམ་ཆོས་ཅན། བུམ་པ་དང་གཅིག་ཏུ་གྱུར་པའི་བུམ་པ་མ་ཡིན་པར་ཐལ། བུམ་པ་དང་གཅིག་མ་ཡིན་པའི་ཕྱིར། མ་གྲུབ་ན། གསེར་བུམ་ཆོས་ཅན། བུམ་པ་དང་གཅིག་མ་ཡིན་པར་ཐལ། བུམ་པ་དང་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན།་གསེར་བུམ་ཆོས་ཅན། བུམ་པ་དང་ཐ་དད་ཡིན་པར་ཐལ་གསེར་བུམ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། བུམ་པ་དང་གཅིག་དེ་བུམ་པའི་ལྡོག་པ་ཡིན་ཟེར་ན། བུམ་པ་དང་གཅིག་ཆོས་ཅན། བུམ་པའི་ལྡོག་པ་མ་ཡིན་པར་ཐལ། བུམ་པ་དང་གཅིག་མ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་དང་གཅིག་ཆོས་ཅན། བུམ་པ་དང་གཅིག་མ་ཡིན་པར་ཐལ། བུམ་པ་དང་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་དང་གཅིག་ཆོས་ཅན། བུམ་པ་དང་ཐ་དད་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་དང་གཅིག་རྟག་པ་ཡིན་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར།  ཁ་ཅིག་ན་རེ། བུམ་པའི་ལྡོག་པ་དེ་བུམ་པའི་ལྡོག་པ་ཡིན་ཟེར་ན།་བུམ་པའི་ལྡོག་པ་ཆོས་ཅན། བུམ་པའི་ལྡོག་པ་མ་ཡིན་པར་ཐལ། བུམ་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པའི་ལྡོག་པ་ཆོས་ཅན། བུམ་པ་མ་ཡིན་པར་ཐལ། དངོས་པོ་མ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པའི་ལྡོག་པ་ཆོས་ཅན། དངོས་པོ་མ་ཡིན་པར་ཐལ།་རྟག་པ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་ཀྱི་ལྡོག་པ་རྟག་པ་ཡིན་པར་ཐལ། ཁྱོད་ཀྱི་ལྡོག་པ་ཡོད་པའི་ཕྱིར།་མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་ཀྱི་ལྡོག་པ་ཡོད་པར་ཐལ།་ཁྱོད་གཞི་གྲུབ་པའི་ཕྱིར། ཁ་ཅིག་ན་རེ། བུམ་པ་མ་ཡིན་པ་ལས་ལྡོག་ན། བུམ་པའི་ལྡོག་པ་ཡིན་པས་ཁྱབ་ཟེར་ན། གསེར་བུམ་ཟངས་བུམ་གཉིས་ཆོས་ཅན། བུམ་པའི་ལྡོག་པ་ཡིན་པར་ཐལ། བུམ་པ་མ་ཡིན་པ་ལས་ལོག་པའི་ཕྱིར།ཁྱབ་པ་ཁས། མ་གྲུབ་ན།་གསེར་བུམ་ཟངས་བུམ་གཉིས་ཆོས་ཅན། བུམ་པ་མ་ཡིན་པ་ལས་ལྡོག་པར་ཐལ། བུམ་པ་མ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། མ་གྲུབ་ན།་གསེར་བུམ་ཟངས་བུམ་གཉིས་ཆོས་ཅན། བུམ་པ་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། བུམ་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། གསེར་བུམ་ཟངས་བུམ་གཉིས་ཆོས་ཅན། བུམ་པའི་ལྡོག་པ་མ་ཡིན་པར་ཐལ། བུམ་པ་དང་ཐ་དད་ལས་མི་ལྡོག་པའི་ཕྱིར། མ་ཁྱབ་ཟེར་ན། བུམ་པ་ཆོས་ཅན། ཁྱོད་དང་ཐ་དད་ལས་མི་ལྡོག་ན་ཁྱོད་ཀྱི་ལྡོག་པ་མ་ཡིན་པས་ཁྱབ་པར་ཐལ། ཁྱོད་ཁྱོད་དང་ཐ་དད་ལས་ལྡོག་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན།ཁྱོད་ཁྱོད་དང་ཐ་དད་ལས་ལྡོག་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ལ་རྟགས་མ་གྲུབ་ཟེར་ན།་གསེར་བུམ་ཟངས་བུམ་གཉིས་ཆོས་ཅན། བུམ་པ་དང་ཐ་དད་ལས་མི་ལྡོག་པར་ཐལ། བུམ་པ་དང་ཐ་དད་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བུམ་པ་དང་ཐ་དད་ལས་ལྡོག་ན་བུམ་པའི་ལྡོག་པ་ཡིན་པས་ཁྱབ་ཟེར་ན། རི་བོང་རྭ་ཆོས་ཅན། བུམ་པའི་ལྡོག་པ་ཡིན་པར་ཐལ། བུམ་པ་དང་ཐ་དད་ལས་ལྡོག་པའི་ཕྱིར།ཁྱབ་པ་ཁས། མ་གྲུབ་ན། རི་བོང་རྭ་ཆོས་ཅན། བུམ་པ་དང་ཐ་དད་ལས་ལྡོག་པར་ཐལ། བུམ་པ་དང་ཐ་དད་མ་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། བུམ་པ་དང་ཐ་དད་མ་ཡིན་པར་ཐལ། བུམ་པ་དང་ཐ་མི་དད་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། བུམ་པ་དང་ཐ་མི་དད་ཡིན་པར་ཐལ། མེད་ངེས་ཡིན་པའི་ཕྱིར།་རྩ་བར་འདོད་ན། རི་བོང་རྭ་ཆོས་ཅན། བུམ་པའི་ལྡོག་པ་མ་ཡིན་པར་ཐལ། བུམ་པ་དང་གཅིག་མ་ཡིན་པ་ལས་མི་ལྡོག་པའི་ཕྱིར། མ་ཁྱབ་ཟེར་ན། བུམ་པ་ཆོས་ཅན། ཁྱོད་ཀྱི་ལྡོག་པ་ཡིན་ན་ཁྱོད་དང་གཅིག་མ་ཡིན་པ་ལས་ལྡོག་པས་ཁྱབ་པར་ཐལ། ཁྱོད་ཁྱོད་དང་གཅིག་མ་ཡིན་པ་ལས་ལྡོག་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་ཁྱོད་དང་གཅིག་མ་ཡིན་པ་ལས་ལྡོག་པར་ཐལ། ཁྱོད་ཁྱོད་དང་གཅིག་མ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན་ཁྱོད་ཁྱོད་དང་གཅིག་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། ཁྱོད་ཁྱོད་དང་གཅིག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རི་བོང་རྭ་དེ་བུམ་པ་དང་གཅིག་མ་ཡིན་པ་ལས་ལྡོག་ཟེར་ན། རི་བོང་རྭ་ཆོས་ཅན། བུམ་པ་དང་གཅིག་མ་ཡིན་པ་ལས་མི་ལྡོག་པར་ཐལ། བུམ་པ་དང་གཅིག་མ་ཡིན་པ་ལས་ལོག་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། བུམ་པ་དང་གཅིག་མ་ཡིན་པ་ལས་ལོག་པ་མ་ཡིན་པར་ཐལ། བུམ་པ་དང་གཅིག་མ་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། བུམ་པ་དང་གཅིག་མ་ཡིན་པར་ཐལ། མེད་པ་ཡིན་པའི་ཕྱིར། 

རང་གི་ལུགས་ལ། བུམ་པའི་ལྡོག་པ་བཞག་ཏུ་ཡོད་དེ། བུམ་པ་དེ་ཡིན་པའི་ཕྱིར། བུམ་པའི་ལྡོག་པ་དང། བུམ་པ་དང་གཅིག་གཉིས་ཡིན་ཁྱབ་མཉམ་ཡིན་ཏེ། གཞི་གྲུབ་ན་ཁྱོད་ཁྱོད་ཀྱི་ལྡོག་པ་ཡིན་པས་ཁྱབ་པ་དང། གཞི་གྲུབ་ན། ཁྱོད་ཁྱོད་དང་གཅིག་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། གཞི་གྲུབ་ན་ཁྱོད་ཁྱོད་དང་གཅིག་ཡིན་པས་ཁྱབ་པར་ཐལ།་གཞི་གྲུབ་ན་ཁྱོད་ཁྱོད་དང་ཐ་དད་མ་ཡིན་པས་ཁྱབ་པའི་ཕྱིར།། 

                                                                              རྩོམ་སྒྲིག་པ།    བློ་བཟང་བཀྲ་ཤིས།


བརྒྱུད་འགོད།
0