བསེ་བསྡུས་ལས་གཅིག་ཐ་དད་ཀྱི་རྣམ་བཞག

སྤེལ་དུས།  2021-05-25   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  བསེ་ངག་དབང་བཀྲ་ཤིས།   ཀློག་གྲངས།  

                                                                     གཅིག་དང་ཐ་དད་ཀྱི་རྣམ་བཞག་བཤད་པ་ལ། 

ཁ་ཅིག་ན་རེ།  ངོ་བོ་གཅིག་ཡིན་ན་གཅིག་ཡིན་པས་ཁྱབ་ཟེར་ན། དངོས་པོ་དང་མི་རྟག་པ་གཉིས་ཆོས་ཅན། གཅིག་ཡིན་པར་ཐལ། ངོ་བོ་གཅིག་ཡིན་པའི་ཕྱིར།  ཁྱབ་པ་ཁས། མ་གྲུབ་ན། དངོས་པོ་དང་མི་རྟག་པ་གཉིས་ཆོས་ཅན། ངོ་བོ་གཅིག་ཡིན་པར་ཐལ། བདག་ཉིད་གཅིག་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ངོ་བོ་གཅིག་པ་བདག་ཉིད་གཅིག་པ་རང་བཞིན་གཅིག་པ་རྣམས་དོན་གཅིག་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། རྩ་བར་འདོད་ན། དངོས་པོ་དང་མི་རྟག་པ་གཉིས་ཆོས་ཅན། གཅིག་མ་ཡིན་པར་ཐལ། དུ་མ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་དང་མི་རྟག་པ་གཉིས་ཆོས་ཅན། དུ་མ་ཡིན་པར་ཐལ། ཕན་ཚུན་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་དང་མི་རྟག་པ་གཉིས་ཕན་ཚུན་ཐ་དད་ཡིན་པར་ཐལ། དངོས་པོ་མི་རྟག་པ་དང་ཐ་དད་ཡིན་པ་གང་ཞིག་མི་རྟག་པ་དངོས་པོ་དང་ཐ་དད་ཡིན་པའི་ཕྱིར། རྟགས་རེ་རེ་ནས་གྲུབ་སྟེ།་བདག་མེད་ཡིན་པའི་ཕྱིར།    ཁ་ཅིག་ན་རེ། ངོ་བོ་གཅིག་ཡིན་ན་རྫས་གཅིག་ཡིན་པས་ཁྱབ་ཟེར་ན། ཤེས་བྱ་དང་རྟག་པ་གཉིས་ཆོས་ཅན། རྫས་གཅིག་ཡིན་པར་ཐལ། ངོ་བོ་གཅིག་ཡིན་པའི་ཕྱིར།  ཁྱབ་པ་ཁས།  མ་གྲུབ་ན། ཤེས་བྱ་དང་རྟག་པ་གཉིས་ཆོས་ཅན། ངོ་བོ་གཅིག་ཡིན་པར་ཐལ། བདག་ཉིད་གཅིག་ཡིན་པའི་ཕྱིར། མ་གྲུབ་ན།་ཤེས་བྱ་དང་རྟག་པ་གཉིས་བདག་ཉིད་གཅིག་ཡིན་པར་ཐལ། ཤེས་བྱ་རྟག་པ་དང་བདག་ཉིད་གཅིག་ཡིན་པ་གང་ཞིག །རྟག་པ་ཤེས་བྱ་དང་བདག་ཉིད་གཅིག་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། ཤེས་བྱ་ཆོས་ཅན། རྟག་པ་དང་བདག་ཉིད་གཅིག་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། རྟག་པ་ཆོས་ཅན། ཤེས་བྱ་དང་བདག་ཉིད་གཅིག་ཡིན་པར་ཐལ། ཤེས་བྱ་ཡིན་པའི་ཕྱིར། རྩ་བར་འདོད་ན། ཤེས་བྱ་དང་རྟག་པ་གཉིས་ཆོས་ཅན། རྫས་གཅིག་མ་ཡིན་པར་ཐལ། རྫས་མ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་དང་རྟག་པ་གཉིས་ཆོས་ཅན།་རྫས་མ་ཡིན་པར་ཐལ། དངོས་པོ་མ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། དངོས་པོ་དང་རྫས་གཉིས་དོན་གཅིག་ཡིན་པའི་ཕྱིར།  ཁ་ཅིག་ན་རེ། དངོས་པོ་དང་རྫས་གཅིག་ཡིན་ན་རྫས་གཅིག་ཡིན་པས་ཁྱབ་ཟེར་ན། ཀྭ་བ་དང་བུམ་པ་གཉིས་ཆོས་ཅན། རྫས་གཅིག་ཡིན་པར་ཐལ། དངོས་པོ་དང་རྫས་གཅིག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན།་ཀྭ་བ་དང་བུམ་པ་གཉིས་ཆོས་ཅན། དངོས་པོ་དང་རྫས་གཅིག་ཡིན་པར་ཐལ། དངོས་པོའི་བྱེ་བྲག་ཡིན་པའི་ཕྱིར། རྩ་བར་འདོད་ན། ཀྭ་བ་དང་བུམ་པ་གཉིས་ཆོས་ཅན། རྫས་གཅིག་མ་ཡིན་པར་ཐལ།  རྫས་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན། ཀྭ་བ་དང་བུམ་པ་གཉིས་ཆོས་ཅན། རྫས་ཐ་དད་ཡིན་པར་ཐལ། དངོས་པོ་གང་ཞིག  རྫས་ཕན་ཚུན་འབྲེལ་མེད་དོན་གཞན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཤེས་བྱ་དང་བདག་ཉིད་གཅིག་ཡིན་ན། བདག་ཉིད་གཅིག་ཡིན་པས་ཁྱབ་ཟེར་ན། ཀྭ་བ་དང་བུམ་པ་གཉིས་ཆོས་ཅན། བདག་ཉིད་གཅིག་ཡིན་པར་ཐལ། ཤེས་བྱ་དང་བདག་ཉིད་གཅིག་ཡིན་པའི་ཕྱིར།  ཁྱབ་པ་ཁས། མ་གྲུབ་ན། ཀྭ་བ་དང་བུམ་པ་གཉིས་ཆོས་ཅན། ཤེས་བྱ་དང་བདག་ཉིད་གཅིག་ཡིན་པར་ཐལ། ཤེས་བྱ་ཡིན་པའི་ཕྱིར།  རྩ་བར་འདོད་ན། ཀྭ་བ་དང་བུམ་པ་གཉིས་ཆོས་ཅན། བདག་ཉིད་གཅིག་མ་ཡིན་པར་ཐལ། འབྲེལ་མེད་དོན་གཞན་ཡིན་པའི་ཕྱིར། ཁ་ཅིག་ན་རེ།  རིགས་གཅིག་ཡིན་ན་བདག་ཉིད་གཅིག་ཡིན་པས་ཁྱབ་ཟེར་ན། བ་ལང་དཀར་ཟལ་དང་བ་ལང་ནག་རྒུར་གཉིས་ཆོས་ཅན། བདག་ཉིད་གཅིག་ཡིན་པར་ཐལ། རིགས་གཅིག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བ་ལང་དཀར་ཟལ་དང་བ་ལང་ནག་རྒུར་གཉིས་ཆོས་ཅན། རིགས་གཅིག་ཡིན་པར་ཐལ། ལྡོག་པ་རིགས་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། བ་ལང་དཀར་ཟལ་དང་བ་ལང་ནག་རྒུར་གཉིས་ཆོས་ཅན། ལྡོག་པ་རིགས་གཅིག་ཡིན་པར་ཐལ། གང་ཟག་གང་དང་གང་གིས་ཡིད་གཏད་པས་མཐོང་ཙམ་ཉིད་ནས་འདི་དང་འདི་འདྲའོ་སྙམ་པའི་བློ་ངང་གིས་བསྐྱེད་ནུས་པའི་ཆོས་ཡིན་པའི་ཕྱིར། རྩ་བར་འདོད་ན། བ་ལང་དཀར་ཟལ་དང་བ་ལང་ནག་རྒུར་གཉིས་ཆོས་ཅན། བདག་ཉིད་གཅིག་མ་ཡིན་པར་ཐལ། བདག་ཉིད་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན། བ་ལང་དཀར་ཟལ་དང་བ་ལང་ནག་རྒུར་གཉིས་ཆོས་ཅན། བདག་ཉིད་ཐ་དད་ཡིན་པར་ཐལ། ཕན་ཚུན་འབྲེལ་མེད་དོན་གཞན་ཡིན་པའི་ཕྱིར།  ཁ་ཅིག་ན་རེ། ཤེས་བྱར་རིགས་གཅིག་ཡིན་ན། རིགས་གཅིག་ཡིན་པས་ཁྱབ་ཟེར་ན། རྟ་དང་བ་ལང་གཉིས་ཆོས་ཅན། རིགས་གཅིག་ཡིན་པར་ཐལ། ཤེས་བྱར་རིགས་གཅིག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། རྟ་དང་བ་ལང་གཉིས་ཆོས་ཅན༑་ཤེས་བྱར་རིགས་གཅིག་ཡིན་པར་ཐལ། ངོ་བོ་ཐ་དད་ཡིན་པའི་ཕྱིར། རྩ་བར་འདོད་ན། རྟ་དང་བ་ལང་གཉིས་ཆོས་ཅན། རིགས་གཅིག་མ་ཡིན་པར་ཐལ། རིགས་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན།་རྟ་དང་བ་ལང་གཉིས་ཆོས་ཅན། རིགས་ཐ་དད་ཡིན་པར་ཐལ༑་རིགས་མི་མཐུན་པ་ཡིན་པའི་ཕྱིར། མ་གྲུབ་ན། རྟ་དང་བ་ལང་གཉིས་ཆོས་ཅན། རིགས་མི་མཐུན་པ་ཡིན་པར་ཐལ། རིགས་མི་འདྲ་བ་ཡིན་པའི་ཕྱིར། མ་གྲུབ་ན། རྟ་དང་བ་ལང་གཉིས་རིགས་མི་འདྲ་བ་ཡིན་པར་ཐལ། རིགས་མི་འདྲ་བ་འཇོག་རྒྱུ་ཡོད་པའི་ཕྱིར།  ཁ་ཅིག་ན་རེ། རིགས་གཅིག་ཡིན་ན། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་པས་ཁྱབ་ཟེར་ན། བུམ་པའི་ནམ་མཁའ་དང་ཁང་བའི་ནམ་མཁའ་གཉིས་ཆོས་ཅན། སྒྲུབ་པར་གྱུར་བའི་ལྡོག་པ་རིགས་གཅིག་ཡིན་པར་ཐལ། རིགས་གཅིག་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན།་བུམ་པའི་ནམ་མཁའ་དང་ཁང་བའི་ནམ་མཁའ་གཉིས་ཆོས་ཅན། རིགས་གཅིག་ཡིན་པར་ཐལ། དགག་བྱ་རིགས་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པའི་ནམ་མཁའ་དང་ཁང་པའི་ནམ་མཁའ་གཉིས་ཆོས་ཅན། དགག་བྱ་རིགས་གཅིག་ཡིན་པར་ཐལ། ཐ་དད་གང་ཞིག །དགག་བྱ་རིགས་གཅིག་བཀག་ཙམ་གྱི་མེད་དགག་ཡིན་པའི་ཕྱིར། རྟགས་དང་པོ་སླ། གཉིས་པ་མ་གྲུབ་ན། བུམ་པའི་ནམ་མཁའ་དང་ཁང་པའི་ནམ་མཁའ་གཉིས་ཆོས་ཅན།་དགག་བྱ་རིགས་གཅིག་བཀག་ཙམ་གྱི་མེད་དགག་ཡིན་པར་ཐལ། དགག་བྱ་ཐོགས་རེག་གཅིག་པོ་བཀག་ཙམ་གྱི་མེད་དགག་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པའི་ནམ་མཁའ་དང་ཁང་པའི་ནམ་མཁའ་གཉིས་ཆོས་ཅན།་དགག་བྱ་ཐོགས་རེག་གཅིག་པོ་བཀག་ཙམ་གྱི་མེད་དགག་ཡིན་པར་ཐལ། ཐོགས་རེག་གཅིག་པོ་བཀག་ཙམ་གྱི་མེད་དགག་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པའི་ནམ་མཁའ་དང་ཁང་པའི་ནམ་མཁའ་གཉིས་ཆོས་ཅན། ཐོགས་རེག་གཅིག་པོ་བཀག་ཙམ་གྱི་མེད་དགག་ཡིན་པར་ཐལ། ཐོགས་རེག་བཀག་ཙམ་གྱི་མེད་དགག་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པའི་ནམ་མཁའ་དང་ཁང་པའི་ནམ་མཁའ་གཉིས་ཆོས་ཅན། ཐོགས་རེག་བཀག་ཙམ་གྱི་མེད་དགག་ཡིན་པར་ཐལ། འདུས་མ་བྱས་ཀྱི་ནམ་མཁའ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཐོགས་རེག་བཀག་ཙམ་གྱི་མེད་དགག་དེ་འདུས་མ་བྱས་ཀྱི་ནམ་མཁའི་མཚན་ཉིད་ཡིན་པའི་ཕྱིར། རྩ་བར་འདོད་ན། བུམ་པའི་ནམ་མཁའ་དང་ཁང་པའི་ནམ་མཁའ་གཉིས་ཆོས་ཅན། སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་མ་ཡིན་པར་ཐལ།   སྒྲུབ་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པའི་ནམ་མཁའ་དང་ཁང་པའི་ནམ་མཁའ་གཉིས་ཆོས་ཅན། སྒྲུབ་པ་མ་ཡིན་པར་ཐལ།་དགག་པ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པའི་ནམ་མཁའ་དང་ཁང་བའི་ནམ་མཁའ་གཉིས་ཆོས་ཅན། དགག་པ་ཡིན་པར་ཐལ།   འདུས་མ་བྱས་ཀྱི་ནམ་མཁའ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། གྲུབ་བདེ་གཅིག་ཡིན་ན། གྲུབ་བདེ་རྫས་གཅིག་ཡིན་པས་ཁྱབ་ཟེར་ན། བུ་རམ་གྱི་ཁ་དོག་དང་བུ་རམ་གྱི་དྲི་གཉིས་ཆོས་ཅན། གྲུབ་བདེ་རྫས་གཅིག་ཡིན་པར་ཐལ། གྲུབ་བདེ་གཅིག་ཡིན་པའི་ཕྱིར།  ཁྱབ་པ་ཁས། མ་གྲུབ་ན། བུ་རམ་གྱི་ཁ་དོག་དང་བུ་རམ་གྱི་དྲི་གཉིས་ཆོས་ཅན། གྲུབ་བདེ་གཅིག་ཡིན་པར་ཐལ། གྲུབ་པ་དུས་མཉམ་གནས་པ་དུས་མཉམ་འཇིག་པ་དུས་མཉམ་ཡིན་པའི་ཕྱིར། མ་གྲུབ་ན། བུ་རམ་ཆོས་ཅན། ཁྱོད་ཀྱི་ཁ་དོག་དང་ཁྱོད་ཀྱི་དྲི་གཉིས་གྲུབ་པ་དུས་མཉམ་གནས་པ་དུས་མཉམ་འཇིག་པ་དུས་མཉམ་ཡིན་པར་ཐལ། ཁྱོད་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པའི་ཕྱིར།་རྩ་བར་འདོད་ན། བུ་རམ་གྱི་ཁ་དོག་དང་བུ་རམ་གྱི་དྲི་གཉིས་ཆོས་ཅན། གྲུབ་བདེ་རྫས་གཅིག་མ་ཡིན་པར་ཐལ། རྫས་གཅིག་མ་ཡིན་པའི་ཕྱིར། མ་གྲུབ་ན། བུ་རམ་གྱི་ཁ་དོག་དང་བུ་རམ་གྱི་དྲི་གཉིས་ཆོས་ཅན། རྫས་གཅིག་མ་ཡིན་པར་ཐལ། རྫས་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན། བུ་རམ་ཆོས་ཅན། ཁྱོད་ཀྱི་ཁ་དོག་དང་ཁྱོད་ཀྱི་དྲི་གཉིས་རྫས་ཐ་དད་ཡིན་པར་ཐལ། ཁྱོད་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྫས་རིགས་གཅིག་ཡིན་ན་རྫས་གཅིག་ཡིན་པས་ཁྱབ་ཟེར་ན། ཉེར་ལེན་ནས་ལྡོག་གཅིག་ལས་སྐྱེས་པའི་ནས་འབྲུ་ཆེ་ཆུང་གཉིས་པོ་ཆོས་ཅན།་རྫས་གཅིག་ཡིན་པར་ཐལ། རྫས་རིགས་གཅིག་ཡིན་པའི་ཕྱིར།ཁྱབ་པ་ཁས། མ་གྲུབ་ན། ཉེར་ལེན་ནས་ལྡོག་གཅིག་ལས་སྐྱེས་པའི་ནས་འབྲུ་ཆེ་ཆུང་གཉིས་པོ་ཆོས་ཅན། རྫས་རིགས་གཅིག་ཡིན་པར་ཐལ། ཐ་དད་གང་ཞིག །རང་གི་ཉེར་ལེན་གཅིག་ལས་སྐྱེས་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། རྫས་རིགས་གཅིག་མི་གཅིག་ཉེར་ལེན་གཅིག་མི་གཅིག་ལ་བྱེད་དགོས་པའི་ཕྱིར། རྩ་བར་འདོད་ན། ཉེར་ལེན་ནས་ལྡོག་གཅིག་ལས་སྐྱེས་པའི་ནས་འབྲུ་ཆེ་ཆུང་གཉིས་པོ་དེ་ཆོས་ཅན། རྫས་གཅིག་མ་ཡིན་པར་ཐལ། བདག་ཉིད་གཅིག་མ་ཡིན་པའི་ཕྱིར། མ་གྲུབ་ན། ཉེར་ལེན་ནས་ལྡོག་གཅིག་ལས་སྐྱེས་པའི་ནས་འབྲུ་ཆེ་ཆུང་གཉིས་པོ་དེ་ཆོས་ཅན། བདག་ཉིད་གཅིག་མ་ཡིན་པར་ཐལ། ངོ་བོ་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན།་ཉེར་ལེན་ནས་ལྡོག་གཅིག་ལས་སྐྱེས་པའི་ནས་འབྲུ་ཆེ་ཆུང་གཉིས་པོ་དེ་ཆོས་ཅན། ངོ་བོ་ཐ་དད་ཡིན་པར་ཐལ། ཕན་ཚུན་འབྲེལ་མེད་དོན་གཞན་ཡིན་པའི་ཕྱིར།  

རང་གི་ལུགས་ལ། གཅིག་གི་མཚན་ཉིད་ཡོད་དེ། སོ་སོ་བ་མ་ཡིན་པའི་ཆོས་དེ་ཡིན་པའི་ཕྱིར། གཅིག་ལ་དབྱེ་ན་གསུམ་ཡོད་དེ། རང་ལྡོག་གཅིག་པ་དང། ངོ་བོ་གཅིག་པ་དང། རིགས་གཅིག་པ་དང། གསུམ་ཡོད་པའི་ཕྱིར། རང་ལྡོག་གཅིག་གི་མཚན་ཉིད་ཡོད་དེ། རང་ལྡོག་སོ་སོ་བ་མ་ཡིན་པའི་ཆོས་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། བྱས་པ་དང་བྱས་པ་གཉིས་པོ་དེ་ཡིན་པའི་ཕྱིར། ཡོད་པ་དང་རང་ལྡོག་གཅིག་གི་མཚན་ཉིད་ཡོད་དེ། ཡོད་པ་དང་རང་ལྡོག་སོ་སོ་བ་མ་ཡིན་པའི་ཆོས་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། ཡོད་པ་དེ་ཡིན་པའི་ཕྱིར། ཆོས་ཐམས་ཅད་ལ་རིགས་འདྲ། ངོ་བོ་གཅིག་གི་མཚན་ཉིད་ཡོད་དེ།  ངོ་བོ་སོ་སོ་བ་མ་ཡིན་པའི་ཆོས་དེ་ཡིན་པའི་ཕྱིར། ངོ་བོ་གཅིག་པ་དང་རང་བཞིན་གཅིག་པ་བདག་ཉིད་གཅིག་པ་རྣམས་དོན་གཅིག་ཤེས་བྱ་དང་ངོ་བོ་གཅིག་གི་མཚན་ཉིད་ཡོད་དེ། ཤེས་བྱ་དང་ངོ་བོ་སོ་སོ་བ་མ་ཡིན་པའི་ཆོས་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། ཡོད་པ་དེ་ཡིན་པའི་ཕྱིར། རྫས་གཅིག་གི་མཚན་ཉིད་ཡོད་དེ། རྫས་ཀྱི་སྒོ་ནས་སོ་སོ་བ་མ་ཡིན་པར་སྐྱེ་བའི་ཆོས་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། བྱས་པ་དང་མི་རྟག་པ་གཉིས་དེ་ཡིན་པའི་ཕྱིར། རིགས་གཅིག་གི་མཚན་ཉིད་ཡོད་དེ། རིགས་སོ་སོ་བ་མ་ཡིན་པའི་ཆོས་དེ་ཡིན་པའི་ཕྱིར། རིགས་གཅིག་པ་ལ་དབྱེ་ན་གཉིས་ཡོད་དེ།་ལྡོག་པ་རིགས་གཅིག་པ་དང། རྫས་རིགས་གཅིག་པ་གཉིས་ཡོད་པའི་ཕྱིར། ལྡོག་པ་རིགས་གཅིག་པ་ལ་དབྱེ་ན་གཉིས་ཡོད་དེ། སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་པ་དང། དགག་པར་གྱུར་བའི་ལྡོག་པ་རིགས་གཅིག་པ་གཉིས་ཡོད་པའི་ཕྱིར། སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་གི་མཚན་ཉིད་ཡོད་དེ། གང་ཟག་གང་དང་གང་གིས་ཡིད་གཏད་པས་མཐོང་ཙམ་ཉིད་ནས་འདི་དང་འདི་འདྲའོ་སྙམ་པའི་བློ་ངང་གིས་སྐྱེད་ནུས་པའི་ཆོས་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། གསེར་བུམ་ཟངས་བུམ་གཉིས་དེ་ཡིན་པའི་ཕྱིར། སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་པ་ལ་དབྱེ་ན་གསུམ་ཡོད་དེ།་ཤེས་པར་གྱུར་པའི་ལྡོག་པ་རིགས་གཅིག་པ་དང། གཟུགས་སུ་གྱུར་པའི་ལྡོག་པ་རིགས་གཅིག་པ་དང། ལྡན་མིན་འདུ་བྱེད་དུ་གྱུར་པའི་ལྡོག་པ་རིགས་གཅིག་པ་དང་གསུམ་ཡོད་པའི་ཕྱིར། ཤེས་པར་གྱུར་པའི་ལྡོག་པ་རིགས་གཅིག་པ་བཞག་ཏུ་ཡོད་དེ། ལྷས་སྦྱིན་གྱི་མིག་ཤེས་དང། མཆོད་སྦྱིན་གྱི་མིག་ཤེས་གཉིས་དེ་ཡིན་པའི་ཕྱིར།  གཟུགས་སུ་གྱུར་པའི་ལྡོག་པ་རིགས་གཅིག་པ་བཞག་ཏུ་ཡོད་དེ། ཙནྡན་གྱི་ཀྭ་བ་དང། ཤུག་པའི་ཀྭ་བ་གཉིས་དེ་ཡིན་པའི་ཕྱིར། ལྡན་མིན་འདུ་བྱེད་དུ་གྱུར་པའི་ལྡོག་པ་རིགས་གཅིག་པ་བཞག་ཏུ་ཡོད་དེ། སྒྲའི་བྱས་པ་དང། བུམ་པའི་བྱས་པ་གཉིས་པོ་དེ་ཡིན་པའི་ཕྱིར། དགག་པར་གྱུར་པའི་ལྡོག་པ་རིགས་གཅིག་གི་མཚན་ཉིད་ཡོད་དེ། དགག་བྱ་རིགས་གཅིག་བཀག་ཙམ་གྱི་ཐ་དད་པའི་མེད་དགག་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། བུམ་པ་གང་ཟག་གི་བདག་མེད་དང། ཀྭ་བ་གང་ཟག་གི་བདག་མེད་གཉིས་པོ་དེ་ཡིན་པའི་ཕྱིར། རྫས་རིགས་གཅིག་གི་མཚན་ཉིད་ཡོད་དེ། རང་གི་དངོས་ཀྱི་ཉེར་ལེན་གཅིག་ལས་སྐྱེས་པའི་ཐ་དད་པའི་འདུས་བྱས་དེ་ཡིན་པའི་ཕྱིར། རྫས་རིགས་གཅིག་པ་ལ་དབྱེ་ན་གསུམ་ཡོད་དེ། གཟུགས་སུ་གྱུར་པའི་རྫས་རིགས་གཅིག་པ་དང། ཤེས་པར་གྱུར་པའི་རྫས་རིགས་གཅིག་པ་དང།་ལྡན་མིན་འདུ་བྱེད་དུ་གྱུར་པའི་རྫས་རིགས་གཅིག་པ་དང་གསུམ་ཡོད་པའི་ཕྱིར། གཟུགས་སུ་གྱུར་པའི་རྫས་རིགས་གཅིག་པ་བཞག་ཏུ་ཡོད་དེ། རང་གི་ཉེར་ལེན་འཇིམ་པ་གཅིག་ལས་སྐྱེས་པའི་རྫ་བུམ་དཀར་པོ་དང། རྫ་བུམ་སྔོན་པོ་གཉིས་པོ་དེ་ཡིན་པའི་ཕྱིར། ཤེས་པར་གྱུར་པའི་རྫས་རིགས་གཅིག་པ་བཞག་ཏུ་ཡོད་དེ། རང་གི་དངོས་ཀྱི་ཉེར་ལེན་གཅིག་ལས་སྐྱེས་པའི་རྣམ་ཤེས་ཐ་དད་པ་གཉིས་པོ་དེ་ཡིན་པའི་ཕྱིར། ལྡན་མིན་འདུ་བྱེད་དུ་གྱུར་པའི་རྫས་རིགས་གཅིག་པ་བཞག་ཏུ་ཡོད་དེ། རང་གི་ཉེར་ལེན་གཅིག་ལས་སྐྱེས་པའི་སྒྲའི་བྱས་པ་དང་སྒྲའི་མི་རྟག་པ་གཉིས་དེ་ཡིན་པའི་ཕྱིར། ཐ་དད་ཀྱི་མཚན་ཉིད་ཡོད་དེ། སོ་སོ་བའི་ཆོས་དེ་ཡིན་པའི་ཕྱིར། ཐ་དད་ལ་དབྱེ་ན་གསུམ་ཡོད་དེ། རང་ལྡོག་ཐ་དད་པ་དང། ངོ་བོ་ཐ་དད་པ་དང། རིགས་ཐ་དད་པ་དང་གསུམ་ཡོད་པའི་ཕྱིར། རང་ལྡོག་ཐ་དད་ཀྱི་མཚན་ཉིད་ཡོད་དེ།་རང་ལྡོག་སོ་སོ་བའི་ཆོས་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། ཀྭ་བ་དང་བུམ་པ་གཉིས་དེ་ཡིན་པའི་ཕྱིར། ཤེས་བྱ་དང་རང་ལྡོག་ཐ་དད་ཀྱི་མཚན་ཉིད་ཡོད་དེ། ཤེས་བྱ་དང་རང་ལྡོག་སོ་སོ་བའི་ཆོས་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། ཀྭ་བ་དེ་ཡིན་པའི་ཕྱིར། ཆོས་ཐམས་ཅད་ལ་རིགས་འདྲ། ངོ་བོ་ཐ་དད་ཀྱི་མཚན་ཉིད་ཡོད་དེ། ངོ་བོ་སོ་སོ་བའི་ཆོས་དེ་ཡིན་པའི་ཕྱིར། ངོ་བོ་ཐ་དད་པ་དང།   བདག་ཉིད་ཐ་དད་པ་དང། རང་བཞིན་ཐ་དད་པ་གསུམ་དོན་གཅིག་།མཚན་གཞི་ནི་ཡོད་དེ། རྟག་མི་རྟག་གཉིས་དེ་ཡིན་པའི་ཕྱིར། རིགས་ཐ་དད་པའི་མཚན་ཉིད་ཡོད་དེ། རིགས་སོ་སོ་པའི་ཆོས་དེ་ཡིན་པའི་ཕྱིར། རིགས་ཐ་དད་པ་དང། རིགས་མི་མཐུན་པའི་ཆོས་དང། རིགས་མི་འདྲ་བའི་ཆོས་དང། རིགས་མི་གཅིག་པའི་ཆོས་རྣམས་དོན་གཅིག །རིགས་མི་འདྲ་བ་ལ་དབྱེ་ན་གཉིས་ཡོད་དེ།་ལྡོག་པ་རིགས་མི་འདྲ་བ་དང། རྫས་རིགས་མི་འདྲ་བ་གཉིས་ཡོད་པའི་ཕྱིར། ལྡོག་པ་རིགས་མི་འདྲ་བ་བཞག་ཏུ་ཡོད་དེ།  རྟ་དང་བ་ལང་གཉིས་དེ་ཡིན་པའི་ཕྱིར། རྫས་རིགས་མི་འདྲ་བ་བཞག་ཏུ་ཡོད་དེ། ཤེས་པ་དང་བེམ་པོ་གཉིས་དེ་ཡིན་པའི་ཕྱིར།  །

དེ་ལ་རྩོད་པ་སྤོང་བ་ལ། ཁ་ཅིག་ན་རེ། གསེར་བུམ་ཟངས་བུམ་གཉིས་ཆོས་ཅན། རིགས་གཅིག་ཡིན་པར་ཐལ།  ལྡོག་པ་རིགས་གཅིག་ཡིན་པའི་ཕྱིར། འདོད་ན། གསེར་བུམ་ཟངས་བུམ་གཉིས་ཆོས་ཅན། རིགས་གཅིག་མ་ཡིན་པར་ཐལ། རིགས་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན། གསེར་བུམ་ཟངས་བུམ་གཉིས་ཆོས་ཅན། རིགས་ཐ་དད་ཡིན་པར་ཐལ། རྫས་རིགས་ཐ་དད་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། མ་གྲུབ་ན། གསེར་བུམ་ཟངས་བུམ་གཉིས་ཆོས་ཅན། རྫས་རིགས་ཐ་དད་ཡིན་པར་ཐལ། རང་གི་དངོས་ཀྱི་ཉེར་ལེན་སོ་སོ་ལས་སྐྱེས་པའི་ཐ་དད་པའི་འདུ་བྱས་ཡིན་པའི་ཕྱིར། མ་གྲུབ་ན། གསེར་བུམ་ཟངས་བུམ་གཉིས་ཆོས་ཅན། རང་གི་དངོས་ཀྱི་ཉེར་ལེན་སོ་སོ་ལས་སྐྱེས་པའི་ཐ་དད་པའི་འདུ་བྱས་ཡིན་པར་ཐལ། རང་གི་དངོས་ཀྱི་ཉེར་ལེན་སོ་སོ་ལས་སྐྱེས་པ་གང་ཞིག །ཐ་དད་པའི་འདུ་བྱས་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། གསེར་བུམ་ཟངས་བུམ་གཉིས་ཆོས་ཅན། རང་གི་དངོས་ཀྱི་ཉེར་ལེན་སོ་སོ་ལས་སྐྱེས་པ་ཡིན་པར་ཐལ། གསེར་བུམ་དེ་གསེར་ལས་སྐྱེས་པ་ཡིན་ཀྱང། ཟངས་ལས་སྐྱེས་པ་མ་ཡིན། ཟངས་བུམ་དེ་ཟངས་ལས་སྐྱེས་པ་ཡིན་ཀྱང། གསེར་ལས་སྐྱེས་པ་མ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཤེས་བྱ་དང་རྟག་པ་གཉིས་ཆོས་ཅན། རྫས་གཅིག་ཡིན་པར་ཐལ། རྫས་སོ་སོ་བ་མ་ཡིན་པའི་ཆོས་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། མ་གྲུབ་ན། ཤེས་བྱ་དང་རྟག་པ་གཉིས་ཆོས་ཅན༑་རྫས་སོ་སོ་བ་མ་ཡིན་པའི་ཆོས་ཡིན་པར་ཐལ། རྫས་སོ་སོ་བ་མ་ཡིན་པ་གང་ཞིག །ཆོས་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། ཤེས་བྱ་དང་རྟག་པ་གཉིས་ཆོས་ཅན། རྫས་སོ་སོ་བ་མ་ཡིན་པར་ཐལ། རྫས་ཐ་དད་མ་ཡིན་པའི་ཕྱིར། མ་གྲུབ་ན།  ཤེས་བྱ་དང་རྟག་པ་གཉིས་ཆོས་ཅན། རྫས་ཐ་དད་མ་ཡིན་པར་ཐལ། རྫས་མ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་དང་རྟག་པ་གཉིས་ཆོས་ཅན། རྫས་མ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཡོད་པ་དང་མེད་པ་གཉིས་ཆོས་ཅན། རང་ལྡོག་ཐ་དད་ཡིན་པར་ཐལ། རང་ལྡོག་སོ་སོ་བའི་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། ཡོད་པ་དང་མེད་པ་གཉིས་ཆོས་ཅན།་རང་ལྡོག་སོ་སོ་བའི་ཆོས་ཡིན་པར་ཐལ། རང་ལྡོག་སོ་སོ་པ་ཡིན་པའི་ཕྱིར། མ་གྲུབ་ན། ཡོད་པ་དང་མེད་པ་གཉིས་ཆོས་ཅན། རང་ལྡོག་སོ་སོ་བ་ཡིན་པར་ཐལ། རང་ལྡོག་གཅིག་མ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། མ་གྲུབ་ན། ཡོད་པ་དང་མེད་པ་གཉིས་ཆོས་ཅན། རང་ལྡོག་གཅིག་མ་ཡིན་པར་ཐལ། ཁྱོད་ཀྱི་རང་ལྡོག་མེད་པའི་ཕྱིར། མ་གྲུབ་ན། ཡོད་པ་དང་མེད་པ་གཉིས་ཆོས་ཅན༑་ཁྱོད་ཀྱི་རང་ལྡོག་མེད་པར་ཐལ། ཁྱོད་མེད་པའི་ཕྱིར། ཁ་ཅིག་ན་རེ། དངོས་པོ་ཁོ་ན་དང་དངོས་པོ་གཉིས་ཆོས་ཅན། རྫས་ཐ་དད་ཡིན་པར་ཐལ། རྫས་གཅིག་མ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། མ་གྲུབ་ན། དངོས་པོ་ཁོ་ན་དང་དངོས་པོ་གཉིས་ཆོས་ཅན།  རྫས་གཅིག་མ་ཡིན་པར་ཐལ། རྫས་མ་ཡིན་པའི་ཕྱིར། མ་གྲུབ་ན་དངོས་པོ་ཁོ་ན་དང་དངོས་པོ་གཉིས་ཆོས་ཅན། རྫས་མ་ཡིན་པར་ཐལ། དངོས་པོ་མ་ཡིན་པའི་ཕྱིར།།           

                                                                                        

  རྩོམ་སྒྲིག་པ།   བློ་བཟང་བཀྲ་ཤིས།


བརྒྱུད་འགོད།
0