བསེ་བསྡུས་ལས་རྒྱུ་འབྲས་ཆུང་ངུའི་རྣམ་བཞག

སྤེལ་དུས།  2021-09-17   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  བསེ་ངག་དབང་བཀྲ་ཤིས།   ཀློག་གྲངས།  

རྒྱུ་འབྲས་ཆུང་ངུའི་རྣམ་བཞག་བཤད་པ་ལ། 

ཁ་ཅིག་ན་རེ། གཞི་གྲུབ་ན། རྒྱུ་འབྲས་གང་རུང་ཡིན་པས་ཁྱབ་ཟེར་ན། ཤེས་བྱ་ཆོས་ཅན། རྒྱུ་འབྲས་གང་རུང་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཤེས་བྱ་ཆོས་ཅན། རྒྱུ་འབྲས་གང་རུང་མ་ཡིན་པར་ཐལ། རྒྱུ་མ་ཡིན་པ་གང་ཞིག འབྲས་བུ་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། ཤེས་བྱ་ཆོས་ཅན། རྒྱུ་མ་ཡིན་པར་ཐལ། ཁྱོད་ཀྱི་འབྲས་བུ་མེད་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། ཁྱོད་ཀྱི་འབྲས་བུ་མེད་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། ཤེས་བྱ་ཆོས་ཅན། འབྲས་བུ་མ་ཡིན་པར་ཐལ། ཁྱོད་ཀྱི་རྒྱུ་མེད་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། ཁྱོད་ཀྱི་རྒྱུ་མེད་པར་ཐལ། ཁྱོད་ཀྱི་སྐྱེད་བྱེད་མེད་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། ཁྱོད་ཀྱི་སྐྱེད་བྱེད་མེད་པར་ཐལ། ཁྱོད་མ་སྐྱེས་པ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། ཁྱོད་མ་སྐྱེས་པ་ཡིན་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། རྒྱུ་ཡིན་ན་འབྲས་བུ་མ་ཡིན་པས་ཁྱབ་ཟེར་ན། གཟུགས་ཆོས་ཅན། འབྲས་བུ་མ་ཡིན་པར་ཐལ། རྒྱུ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། གཟུགས་ཆོས་ཅན། རྒྱུ་ཡིན་པར་ཐལ། གཟུགས་ཀྱི་ཕྱི་ལོགས་སུ་བྱུང་བའི་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། གཟུགས་ཆོས་ཅན། ཁྱོད་ཁྱོད་ཀྱི་ཕྱི་ལོགས་སུ་བྱུང་བའི་རྒྱུ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། རྩ་བར་འདོད་ན། གཟུགས་ཆོས་ཅན། འབྲས་བུ་ཡིན་པར་ཐལ། ཁྱོད་ཀྱི་རྒྱུ་ཡོད་པའི་ཕྱིར། མ་གྲུབ་ན། གཟུགས་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་པར་ཐལ། ཁྱོད་སྐྱེས་པ་ཡིན་པའི་ཕྱིར། མ་གྲུབ་ན། གཟུགས་ཆོས་ཅན། ཁྱོད་སྐྱེས་པ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། རྒྱུ་ཡིན་ན་ཉེར་ལེན་ཡིན་པས་ཁྱབ་ཟེར་ན། གློག་སྐད་ཅིག་ཐ་མ་ཆོས་ཅན། ཉེར་ལེན་ཡིན་པར་ཐལ། རྒྱུ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། གློག་སྐད་ཅིག་ཐ་མ་ཆོས་ཅན། རྒྱུ་ཡིན་པར་ཐལ། ཁྱོད་ཀྱི་འབྲས་བུ་ཡོད་པའི་ཕྱིར། མ་གྲུབ་ན། གློག་སྐད་ཅིག་ཐ་མ་ཆོས་ཅན། ཁྱོད་ཀྱི་འབྲས་བུ་ཡོད་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། གློག་ཆོས་ཅན། ཁྱོད་སྐད་ཅིག་ཐ་མ་དངོས་པོ་ཡིན་པར་ཐལ། ཁྱོད་གཟུགས་ཡིན་པའི་ཕྱིར། རྩ་བར་འདོད་ན།གློག་སྐད་ཅིག་ཐ་མ་ཆོས་ཅན། ཉེར་ལེན་མ་ཡིན་པར་ཐལ། རང་གི་རྫས་རྒྱུན་ཕྱི་མ་གཙོ་བོར་སྐྱེད་བྱེད་མ་ཡིན་པའི་ཕྱིར། མ་གྲུབ་ན། གློག་སྐད་ཅིག་ཐ་མ་ཆོས་ཅན། རང་གི་རྫས་རྒྱུན་ཕྱི་མ་གཙོ་བོར་སྐྱེད་བྱེད་མ་ཡིན་པར་ཐལ། ཁྱོད་ཀྱི་རྫས་རྒྱུན་ཕྱི་མ་མེད་པའི་ཕྱིར། མ་གྲུབ་ན། གློག་སྐད་ཅིག་ཐ་མ་ཆོས་ཅན། ཁྱོད་ཀྱི་རྫས་རྒྱུན་ཕྱི་མ་མེད་པར་ཐལ། ཁྱོད་རྫས་རྒྱུན་འཆད་ཀ་མ་ཡིན་པའི་ཕྱིར། མ་གྲུབ་ན། གློག་ཆོས་ཅན། ཁྱོད་སྐད་ཅིག་ཐ་མ་རྫས་རྒྱུན་འཆད་ཀ་མ་ཡིན་པར་ཐལ།  ཁྱོད་སྐད་ཅིག་ཙམ་གྱིས་རྒྱུན་འཆང་ངེས་ཀྱི་དངོས་པོ་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། བུམ་པའི་རྒྱུ་ཡིན་ན། བུམ་པའི་ཉེར་ལེན་ཡིན་པས་ཁྱབ་ཟེར་ན། བུམ་པའི་རྒྱུར་གྱུར་པའི་སྐྱེས་བུ་ཆོས་ཅན། བུམ་པའི་ཉེར་ལེན་ཡིན་པར་ཐལ། བུམ་པའི་རྒྱུ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བུམ་པའི་རྒྱུར་གྱུར་པའི་སྐྱེས་བུ་བུམ་པའི་རྒྱུ་ཡིན་པར་ཐལ། བུམ་པའི་རྒྱུར་གྱུར་པའི་སྐྱེས་བུ་ཡོད་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུར་གྱུར་པའི་སྐྱེས་བུ་ཡོད་པར་ཐལ། ཁྱོད་སྐྱེས་བུའི་རྩོལ་བ་ལས་བྱུང་བའི་ཆོས་ཡིན་པའི་ཕྱིར། རྩ་བར་འདོད་ན། བུམ་པའི་རྒྱུར་གྱུར་པའི་སྐྱེས་བུ་ཆོས་ཅན། བུམ་པའི་ཉེར་ལེན་མ་ཡིན་པར་ཐལ། བུམ་པ་རང་གི་རྫས་རྒྱུན་དུ་རྫས་སུ་གཙོ་བོར་སྐྱེད་བྱེད་མ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པའི་རྒྱུར་གྱུར་པའི་སྐྱེས་བུ་ཆོས་ཅན། བུམ་པ་རང་གི་རྫས་རྒྱུན་དུ་རྫས་སུ་གཙོ་བོར་སྐྱེད་བྱེད་མ་ཡིན་པར་ཐལ། བུམ་པ་ཁྱོད་ཀྱི་རྫས་རྒྱུན་ཕྱི་མ་མ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པའི་རྒྱུར་གྱུར་པའི་སྐྱེས་བུ་ཆོས་ཅན། བུམ་པ་ཁྱོད་ཀྱི་རྫས་རྒྱུ་ན་ཕྱི་མ་མ་ཡིན་པར་ཐལ། བུམ་པ་ཁྱོད་ཀྱི་རྒྱུན་ཕྱི་མ་མ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པའི་རྒྱུར་གྱུར་པའི་སྐྱེས་བུ་ཆོས་ཅན། བུམ་པ་ཁྱོད་ཀྱི་རྒྱུན་ཕྱི་མ་མ་ཡིན་པར་ཐལ། ཁྱོད་གང་ཟག་ཡིན་པ་གང་ཞིག ། བུམ་པ་དེ་བེམ་པོ་ཡིན་པའི་ཕྱིར།                      

ཁ་ཅིག་ན་རེ། དངོས་པོའི་རྒྱུར་གྱུར་པའི་བུམ་པ་ཡོད་པར་ཐལ། དངོས་པོའི་སྔ་ཕོགས་སུ་བྱུང་བའི་བུམ་པ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་ན། དངོས་པོའི་རྒྱུར་གྱུར་པའི་བུམ་པ་དངོས་པོའི་རྒྱུ་ཡིན་པར་ཐལ། དངོས་པོའི་རྒྱུར་གྱུར་པའི་བུམ་པ་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། དངོས་པོའི་རྒྱུར་གྱུར་པའི་བུམ་པ་ཆོས་ཅན། དངོས་པོ་ཁྱོད་ཀྱི་འབྲས་བུ་ཡིན་པར་ཐལ། ཁྱོད་དངོས་པོའི་རྒྱུ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དངོས་པོའི་རྒྱུར་གྱུར་པའི་བུམ་པ་ཆོས་ཅན།དངོས་པོ་ཁྱོད་དང་རྟེན་བྱུང་འབྲེལ་ཡིན་པར་ཐལ། དངོས་པོ་ཁྱོད་ཀྱི་འབྲས་བུ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དངོས་པོའི་རྒྱུར་གྱུར་པའི་བུམ་པ་ཆོས་ཅན། ཁྱོད་མེད་ན་དངོས་པོ་མེད་དགོས་པར་ཐལ། དངོས་པོ་ཁྱོད་དང་རྟེན་བྱུང་འབྲེལ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བུམ་པའི་དགག་གཞི་ཆོས་ཅན། དངོས་པོ་མེད་པར་ཐལ། དངོས་པོའི་རྒྱུར་གྱུར་པའི་བུམ་པ་མེད་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བུམ་པའི་དགག་གཞི་ཆོས་ཅན། དངོས་པོའི་རྒྱུར་གྱུར་པའི་བུམ་པ་མེད་པར་ཐལ། བུམ་པ་མེད་པའི་ཕྱིར། མ་གྲུབ་ན། བུམ་པའི་དགག་གཞི་ཆོས་ཅན། བུམ་པ་མེད་པར་ཐལ། བུམ་པའི་དགག་གཞི་ཡིན་པའི་ཕྱིར། གོང་དུ་འདོད་ན། བུམ་པའི་དགག་གཞི་ཆོས་ཅན། དངོས་པོ་ཡོད་པར་ཐལ། གང་ཟག་གི་བདག་མེད་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། ཙནྡན་གྱི་མེ་དེ་དུ་བའི་རྒྱུ་ཡིན་ཟེར་ན། ཙནྡན་གྱི་མེ་ཆོས་ཅན། དུ་བའི་རྒྱུ་མ་ཡིན་པར་ཐལ། དུ་བ་ཁྱོད་ཀྱི་འབྲས་བུ་མ་ཡིན་པའི་ཕྱིར། མ་གྲུབ་ན། ཙནྡན་གྱི་མེ་ཆོས་ཅན། དུ་བ་ཁྱོད་ཀྱི་འབྲས་བུ་མ་ཡིན་པར་ཐལ། དུ་བ་ཁྱོད་དང་རྟེན་བྱུང་འབྲེལ་མ་ཡིན་པའི་ཕྱིར། མ་གྲུབ་ན། ཙནྡན་གྱི་མེ་ཆོས་ཅན། དུ་བ་ཁྱོད་དང་རྟེན་བྱུང་འབྲེལ་མ་ཡིན་པར་ཐལ། ཁྱོད་མེད་ན་དུ་བ་མེད་མི་དགོས་པའི་ཕྱིར། མ་གྲུབ་ན། ཙནྡན་མེད་པའི་ས་ཕྱོགས་ཆོས་ཅན། དུ་བ་མེད་པར་ཐལ། ཙནྡན་གྱི་མེ་མེད་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ཙན་དན་མེད་པའི་ས་ཕྱོགས་ཆོས་ཅན། ཙནྡན་གྱི་མེ་མེད་པར་ཐལ། ཙནྡན་མེད་པའི་ཕྱིར། མ་གྲུབ་ན། ཙནྡན་མེད་པའི་ས་ཕྱོགས་ཆོས་ཅན། ཙནྡན་མེད་པར་ཐལ། ཙནྡན་གྱི་དགག་གཞི་ཡིན་པའི་ཕྱིར། གོང་དུ་འདོད་ན། ཙནྡན་མེད་པའི་ས་ཕྱོགས་ཆོས་ཅན། དུ་བ་ཡོད་པར་ཐལ། ཤུག་པའི་མེའི་དུ་བ་ཡོད་པའི་ཕྱིར། མ་གྲུབ་ན། ཙནྡན་མེད་པའི་ས་ཕྱོགས་དེར། ཤུག་པའི་མེའི་དུ་བ་ཡོད་པར་ཐལ། ཙནྡན་མེད་པའི་ས་ཕྱོགས་དེར། ཤུག་པའི་མེ་ཡོད་པའི་ཕྱིར།

ཁ་ཅིག་ན་རེ། བུམ་པར་འགྱུར་ངེས་ཡིན་ན། བུམ་པའི་རྒྱུ་ཡིན་པས་ཁྱབ་ཟེར་ན། རྫ་བུམ་གྱི་ཉེར་ལེན་དུ་གྱུར་པའི་འཇིམ་པ་ཆོས་ཅན། བུམ་པའི་རྒྱུ་ཡིན་པར་ཐལ། བུམ་པར་འགྱུར་ངེས་ཡིན་པའི་ཕྱིར། ཁྱབ་པ་ཁས་མ་གྲུབ་ན། རྫ་བུམ་གྱི་ཉེར་ལེན་དུ་གྱུར་པའི་འཇིམ་པ་ཆོས་ཅན། བུམ་པར་འགྱུར་ངེས་ཡིན་པར་ཐལ། རྫ་བུམ་དུ་འགྱུར་ངེས་ཡིན་པའི་ཕྱིར། མ་གྲུབ་ན། རྫ་བུམ་ཆོས་ཅན། ཁྱོད་ཀྱི་ཉེར་ལེན་དུ་བྱུང་བའི་འཇིམ་པ་ཁྱོད་དུ་འགྱུར་ངེས་ཡིན་པར་ཐལ། ཁྱོད་ཀྱི་ཉེར་ལེན་དུ་གྱུར་པའི་འཇིམ་པ་ཡོད་པའི་ཕྱིར། མ་གྲུབ་ན། རྫ་བུམ་ཆོས་ཅན། ཁྱོད་ཀྱི་ཉེར་ལེན་དུ་གྱུར་པའི་འཇིམ་པ་ཡོད་པར་ཐལ། ཁྱོད་རྫ་བུམ་ཡིན་པའི་ཕྱིར། རྩ་བར་འདོད་ན། རྫ་བུམ་གྱི་ཉེར་ལེན་དུ་གྱུར་པའི་འཇིམ་པ་ཆོས་ཅན། བུམ་པའི་རྒྱུ་མ་ཡིན་པར་ཐལ། བུམ་པ་ཁྱོད་ཀྱི་འབྲས་བུ་མ་ཡིན་པའི་ཕྱིར། མ་གྲུབ་ན། རྫ་བུམ་གྱི་ཉེར་ལེན་དུ་གྱུར་པའི་འཇིམ་པ་ཆོས་ཅན། བུམ་པ་ཁྱོད་ཀྱི་འབྲས་བུ་མ་ཡིན་པར་ཐལ། ཁྱོད་མེད་ན་བུམ་པ་མེད་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། རྫ་བུམ་མེད་པའི་ས་ཕྱོགས་ཆོས་ཅན། བུམ་པ་མེད་པར་ཐལ། རྫ་བུམ་གྱི་ཉེར་ལེན་དུ་གྱུར་པའི་འཇིམ་པ་མེད་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། རྫ་བུམ་མེད་པའི་ས་ཕྱོགས་ཆོས་ཅན། རྫ་བུམ་གྱི་ཉེར་ལེན་དུ་གྱུར་པའི་འཇིམ་པ་མེད་པར་ཐལ། རྫ་བུམ་གྱི་དགག་གཞི་ཡིན་པའི་ཕྱིར། གོང་དུ་འདོད་ན། རྫ་བུམ་མེད་པའི་ས་ཕྱོགས་ཆོས་ཅན། བུམ་པ་ཡོད་པར་ཐལ། གསེར་བུམ་ཡོད་པའི་ཕྱིར། མ་གྲུབ་ན། རྫ་བུམ་མེད་པའི་ས་ཕྱོགས་ཆོས་ཅན། གསེར་བུམ་ཡོད་པར་ཐལ། གསེར་བུམ་གྱི་དགག་གཞི་མ་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། རྣམ་ཤེས་ཀྱི་ཉེར་ལེན་ཡིན་ན། རྣམ་ཤེས་ཡིན་པས་ཁྱབ་ཟེར་ན། རྣམ་ཤེས་ཀྱིས་ས་བོན་ཆོས་ཅན། རྣམ་ཤེས་ཡིན་པར་ཐལ། རྣམ་ཤེས་ཀྱི་ཉེར་ལེན་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། རྣམ་ཤེས་ཀྱི་ས་བོན་ཆོས་ཅན། རྣམ་ཤེས་ཀྱི་ཉེར་ལེན་ཡིན་པར་ཐལ། རྣམ་ཤེས་རང་གི་རྫས་རྒྱུན་དུ་རྫས་སུ་གཙོ་བོར་སྐྱེད་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། རྣམ་ཤེས་ཆོས་ཅན། ཁྱོད་ཀྱི་ས་བོན་ཁྱོད་རང་གི་རྫས་རྒྱུན་དུ་རྫས་སུ་གཙོ་བོར་སྐྱེད་བྱེད་ཡིན་པར་ཐལ། ཁྱོད་ཤེས་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། རྣམ་ཤེས་ཀྱི་ས་བོན་ཆོས་ཅན། རྣམ་ཤེས་མ་ཡིན་པར་ཐལ། ཤེས་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། རྣམ་ཤེས་ཀྱི་ས་བོན་ཆོས་ཅན། ཤེས་པ་མ་ཡིན་པར་ཐལ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། རྣམ་ཤེས་ཆོས་ཅན། ཁྱོད་ཀྱི་ས་བོན་ལྡན་མིན་འདུ་བྱེད་ཡིན་པར་ཐལ། ཁྱོད་ཀྱི་ས་བོན་ཡོད་པའི་ཕྱིར། མ་གྲུབ་ན། རྣམ་ཤེས་ཆོས་ཅན། ཁྱོད་ཀྱི་ས་བོན་ཡོད་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། ཁྱོད་དངོས་པོའི་དངོས་འབྲས་ཡིན་ན། ཁྱོད་ཡིན་ན་དངོས་པོའི་དངོས་འབྲས་ཡིན་པས་ཁྱབ་ཟེར་ན། དངོས་པོའི་ཕྱི་ལོགས་སུ་བྱུང་བ་ཆོས་ཅན། ཁྱོད་ཡིན་ན་དངོས་པོའི་དངོས་འབྲས་ཡིན་པས་ཁྱབ་པར་ཐལ། ཁྱོད་དངོས་པོའི་དངོས་འབྲས་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དངོས་པོའི་ཕྱི་ལོགས་སུ་བྱུང་བ་ཆོས་ཅན། ཁྱོད་དངོས་པོའི་དངོས་འབྲས་ཡིན་པར་ཐལ། དངོས་པོ་ཁྱོད་ཀྱི་དངོས་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་ཁྱོད་ཀྱི་ཕྱི་ལོགས་སུ་བྱུང་བའི་དངོས་རྒྱུ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། རྩ་བར་འདོད་ན། དངོས་པོའི་ཕྱི་ལོགས་སུ་བྱུང་བའི་ལྔ་ལོགས་སུ་བྱུང་བ་ཡིན་ན་ཡང་། དངོས་པོའི་འབྲས་བུ་ཡིན་པས་ཁྱབ་པར་ཐལ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། འདོད་ན། དངོས་པོ་ཆོས་ཅན། དངོས་པོའི་འབྲས་བུ་ཡིན་པར་ཐལ། དངོས་པོའི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བའི་སྔ་ལོགས་སུ་བྱུང་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དངོས་པོ་ཆོས་ཅན། དངོས་པོའི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བའི་སྔ་ལོགས་སུ་བྱུང་བ་ཡིན་པར་ཐལ། དངོས་པོའི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བའི་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། དངོས་པོའི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བའི་རྒྱུ་ཡིན་པར་ཐལ། དངོས་པོའི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བ་ཁྱོད་ཀྱི་འབྲས་བུ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་ཀྱི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བ་ཁྱོད་ཀྱི་འབྲས་བུ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། གཟུགས་ཀྱི་འབྲས་བུ་ཡིན་ན། གཟུགས་ཀྱི་དངོས་འབྲས་དང་གཟུགས་ཀྱི་བརྒྱུད་འབྲས་གང་རུང་ཡིན་པས་ཁྱབ་ཟེར་ན། གཟུགས་ཀྱི་ཕྱི་ལོགས་སུ་བྱུང་བ་དང་གཟུགས་ཀྱི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བ་གཉིས་ཀ་ཆོས་ཅན། གཟུགས་ཀྱི་དངོས་འབྲས་དང་གཟུགས་ཀྱི་བརྒྱུད་འབྲས་གང་རུང་ཡིན་པར་ཐལ། གཟུགས་ཀྱི་འབྲས་བུ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། གཟུགས་ཀྱི་ཕྱི་ལོགས་སུ་བྱུང་བ་དང་། གཟུགས་ཀྱི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བ་གཉིས་ཀ་ཆོས་ཅན། གཟུགས་ཀྱི་འབྲས་བུ་ཡིན་པར་ཐལ། གཟུགས་ཁྱོད་ཀྱི་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། གཟུགས་ཆོས་ཅན། ཁྱོད་ཁྱོད་ཀྱི་ཕྱི་ལོགས་སུ་བྱུང་བ་དང་ཁྱོད་ཀྱི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བ་གཉིས་ཀའི་རྒྱུ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། རྩ་བར་འདོད་ན། གཟུགས་ཀྱི་ཕྱི་ལོགས་སུ་བྱུང་བ་དང་། གཟུགས་ཀྱི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བ་གཉིས་ཀ་ཆོས་ཅན། གཟུགས་ཀྱི་དངོས་འབྲས་དང་གཟུགས་ཀྱི་བ་རྒྱུད་འབྲས་གང་རུང་མ་ཡིན་པར་ཐལ། གཟུགས་ཀྱི་དངོས་འབྲས་མ་ཡིན་པ་གང་ཞིག །གཟུགས་ཀྱི་བརྒྱུད་འབྲས་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། གཟུགས་ཀྱི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བ་གཟུགས་ཀྱི་དངོས་འབྲས་ཡིན་པར་ཐལ། གཟུགས་ཀྱི་ཕྱི་ལོགས་སུ་བྱུང་བ་དང་གཟུགས་ཀྱི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བ་གཉིས་ཀ་གཟུགས་ཀྱི་དངོས་འབྲས་ཡིན་པའི་ཕྱིར། རྟགས་ཁས་འདོད་ན། གཟུགས་ཀྱི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བ་ཆོས་ཅན། གཟུགས་ཀྱི་དངོས་འབྲས་མ་ཡིན་པར་ཐལ། གཟུགས་ཀྱི་བརྒྱུད་འབྲས་ཡིན་པའི་ཕྱིར། མ་གྲུབ་ན། གཟུགས་ཀྱི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བ་ཆོས་ཅན། གཟུགས་ཀྱི་བརྒྱུད་འབྲས་ཡིན་པར་ཐལ། གཟུགས་ཁྱོད་ཀྱི་བརྒྱུད་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། གཟུགས་ཆོས་ཅན། ཁྱོད་ཁྱོད་ཀྱི་ཕྱི་ལོགས་སུ་བྱུང་བའི་ཕྱིར་ལོགས་སུ་བྱུང་བའི་བརྒྱུད་རྒྱུ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། གཟུགས་ཀྱི་ཕྱི་ལོགས་སུ་བྱུང་བ་གཟུགས་ཀྱི་བརྒྱུད་འབྲས་ཡིན་པར་ཐལ། གཟུགས་ཀྱི་ཕྱི་ལོགས་སུ་བྱུང་བ་དང་། གཟུགས་ཀྱི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བ་གཉིས་ཀ་གཟུགས་ཀྱི་བརྒྱུད་འབྲས་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། གཟུགས་ཀྱི་ཕྱི་ལོགས་སུ་བྱུང་བ་ཆོས་ཅན། གཟུགས་ཀྱི་བརྒྱུད་འབྲས་མ་ཡིན་པར་ཐལ། གཟུགས་ཁྱོད་ཀྱི་བརྒྱུད་རྒྱུ་མ་ཡིན་པའི་ཕྱིར། མ་གྲུབ་ན། གཟུགས་ཆོས་ཅན། ཁྱོད་ཁྱོད་ཀྱི་ཕྱི་ལོགས་སུ་བྱུང་བའི་བརྒྱུད་རྒྱུ་མ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། གཟུགས་ཀྱི་ཕྱི་ལོགས་སུ་བྱུང་བའི་སྔ་ལོགས་སུ་བྱུང་བའི་སྔ་ལོགས་སུ་བྱུང་བ་དེ་གཟུགས་ཀྱི་དངོས་རྒྱུ་ཡིན་ཟེར་ན། དེ་ཡིན་པར་ཐལ། གཟུགས་ཀྱི་སྔ་ལོགས་སུ་བྱུང་བ་གཟུགས་ཀྱི་དངོས་རྒྱུ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། གཟུགས་ཀྱི་ཕྱི་ལོགས་སུ་བྱུང་བའི་སྔ་ལོགས་སུ་བྱུང་བའི་སྔ་ལོགས་སུ་བྱུང་བ་དང་། གཟུགས་ཀྱི་སྔ་ལོགས་སུ་བྱུང་བ་གཉིས་པོ་དུས་མཉམ་དུ་སྐྱེ་བ་ཡིན་པའི་ཕྱིར།

རང་གི་ལུགས་ལ།    རྒྱུའི་མཚན་ཉིད་ཡོད་དེ། སྐྱེད་བྱེད་དེ་ཡིན་པའི་ཕྱིར། རྒྱུ་དང་འབྲས་བུ་དང་དངོས་པོ་གསུམ་དོན་གཅིག །དངོས་པོའི་རྒྱུའི་མཚན་ཉིད་ཡོད་དེ། དངོས་པོའི་སྐྱེད་བྱེད་དེ་ཡིན་པའི་ཕྱིར། དེར་ཐལ། དངོས་པོ་ཡིན་ན། ཁྱོད་ཀྱི་སྐྱེད་བྱེད་ཁྱོད་ཀྱི་རྒྱུའི་མཚན་ཉིད་ཡིན་པས་ཁྱབ་པའི་ཕྱིར།   དངོས་པོའི་རྒྱུ་ལ་དབྱེ་ན་གཉིས་ཡོད་དེ། དངོས་པོའི་དངོས་རྒྱུ་དང་། དངོས་པོའི་བརྒྱུད་རྒྱུ་གཉིས་ཡོད་པའི་ཕྱིར། དངོས་པོའི་དངོས་རྒྱུའི་མཚན་ཉིད་ཡོད་དེ། དངོས་པོའི་དངོས་སུ་སྐྱེད་བྱེད་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། དངོས་པོའི་སྔ་ལོགས་སུ་བྱུང་བ་དེ་ཡིན་པའི་ཕྱིར། དངོས་པོའི་བརྒྱུད་རྒྱུའི་མཚན་ཉིད་ཡོད་དེ། དངོས་པོའི་བརྒྱུད་ནས་སྐྱེད་བྱེད་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། དངོས་པོའི་སྔ་ལོགས་སུ་བྱུང་བའི་སྔ་ལོགས་སུ་བྱུང་བ་དེ་ཡིན་པའི་ཕྱིར། དངོས་པོ་ཐམས་ཅད་ཀྱི་དངོས་རྒྱུ་དང་བརྒྱུད་རྒྱུ་ལ་རིགས་འདྲ།   ཡང་དངོས་པོའི་རྒྱུ་ལ་དབྱེ་ན་གཉིས་ཡོད་དེ། དངོས་པོའི་ཉེར་ལེན་དང་དངོས་པོའི་ལྷན་ཅིག་བྱད་རྐྱེན་གཉིས་ཡོད་པའི་ཕྱིར།   དངོས་པོའི་ཉེར་ལེན་གྱི་མཚན་ཉིད་ཡོད་དེ། དངོས་པོ་རང་གི་རྫས་རྒྱུན་དུ་རྫས་སུ་གཙོ་བོར་སྐྱེད་བྱེད་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། དངོས་པོའི་རྒྱུར་གྱུར་པའི་བྱས་པ་དེ་ཡིན་པའི་ཕྱིར། དངོས་པོའི་ལྷན་ཅིག་བྱེད་རྐྱེན་གྱི་མཚན་ཉིད་ཡོད་དེ། དངོས་པོ་རང་གི་རྫས་རྒྱུན་མ་ཡིན་པར་རྫས་སུ་གཙོ་བོར་སྐྱེད་བྱེད་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། དངོས་པོའི་རྒྱུར་གྱུར་པའི་གང་ཟག་དེ་ཡིན་པའི་ཕྱིར། རྫ་བུམ་གྱི་རྒྱུ་ལ་དབྱེ་ན་གཉིས་ཡོད་དེ། རྫ་བུམ་གྱི་ཉེར་ལེན་དང་། རྫ་བུམ་གྱི་ལྷན་ཅིག་བྱེད་རྐྱེན་གཉིས་ཡོད་པའི་ཕྱིར། རྫ་བུམ་གྱི་ཉེར་ལེན་གྱི་མཚན་ཉིད་ཡོད་དེ། རྫ་བུམ་རང་གི་རྫས་རྒྱུན་དུ་རྫས་སུ་གཙོ་བོར་སྐྱེད་བྱེད་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། རྫ་བུམ་གྱི་རྒྱུར་གྱུར་པའི་འཇིམ་པ་དེ་ཡིན་པའི་ཕྱིར། རྫ་བུམ་གྱི་ལྷན་ཅིག་བྱེད་རྐྱེན་གྱི་མཚན་ཉིད་ཡོད་དེ། རྫ་བུམ་རང་གི་རྫས་རྒྱུན་མ་ཡིན་པར་རྫས་སུ་གཙོ་བོར་སྐྱེད་བྱེད་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། རྫ་བུམ་གྱི་རྒྱུར་གྱུར་པའི་གང་ཟག་དེ་ཡིན་པའི་ཕྱིར།འབྲས་བུའི་མཚན་ཉིད་ཡོད་དེ། བསྐྱེད་བྱ་དེ་ཡིན་པའི་ཕྱིར། དངོས་པོའི་འབྲས་བུའི་མཚན་ཉིད་ཡོད་དེ། དངོས་པོའི་བསྐྱེད་བྱ་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། དངོས་པོའི་ཕྱི་ལོགས་སུ་བྱུང་བ་དེ་ཡིན་པའི་ཕྱིར། དངོས་པོའི་འབྲས་བུ་ལ་དབྱེ་ན་གཉིས་ཡོད་དེ། དངོས་པོའི་དངོས་འབྲས་དང་དངོས་པོའི་བརྒྱུད་འབྲས་གཉིས་ཡོད་པའི་ཕྱིར། དངོས་པོའི་དངོས་འབྲས་ཀྱི་མཚན་ཉིད་ཡོད་དེ། དངོས་པོས་དངོས་སུ་བསྐྱེད་བྱ་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། དངོས་པོའི་ཕྱི་ལོགས་སུ་བྱུང་བ་དེ་ཡིན་པའི་ཕྱིར། དངོས་པོའི་བརྒྱུད་འབྲས་ཀྱི་མཚན་ཉིད་ཡོད་དེ། དངོས་པོས་བརྒྱུད་ནས་བསྐྱེད་བྱ་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། དངོས་པོའི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བ་དེ་ཡིན་པའི་ཕྱིར། དངོས་པོ་ཐམས་ཅད་ཀྱི་དངོས་འབྲས་དང་བརྒྱུད་འབྲས་ལ་རིགས་འདྲ།

དེ་ལ་རྩོད་པ་སྤོང་བ་ལ།   ཁ་ཅིག་ན་རེ། ཤེས་བྱ་ཆོས་ཅན། དངོས་པོའི་རྒྱུ་ཡིན་པར་ཐལ། དངོས་པོའི་སྐྱེད་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དངོས་པོའི་སྐྱེད་བྱེད་ཡིན་པར་ཐལ། དངོས་པོ་སྐྱེད་བྱེད་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། མ་གྲུབ་ན། ཤེས་བྱ་ཆོས་ཅན། དངོས་པོ་སྐྱེད་བྱེད་ཡིན་པར་ཐལ། དངོས་པོ་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དངོས་པོ་རྒྱུ་ཡིན་པར་ཐལ། དངོས་པོ་དངོས་པོའི་ཕྱི་ལོགས་སུ་བྱུང་བའི་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན།ཤེས་བྱ་ཆོས་ཅན། དངོས་པོ་དངོས་པོའི་ཕྱི་ལོགས་སུ་བྱུང་བའི་རྒྱུ་ཡིན་པར་ཐལ། དངོས་པོ་ཡོད་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དངོས་པོ་ཡོད་པར་ཐལ། གང་ཟག་གི་བདག་མེད་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། དངོས་པོ་ཆོས་ཅན། དངོས་པོའི་ཕྱི་ལོགས་སུ་བྱུང་བའི་རྒྱུ་མ་ཡིན་པར་ཐལ། དངོས་པོ་དང་དུས་མཉམ་དུ་བྱུང་བའི་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། དངོས་པོ་དང་དུས་མཉམ་དུ་བྱུང་བའི་རྒྱུ་ཡིན་པར་ཐལ། དངོས་པོ་དང་དུས་མཉམ་དུ་བྱུང་བའི་དངོས་པོ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་ཁྱོད་དང་དུས་མཉམ་དུ་བྱུང་བའི་དངོས་པོ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། དངོས་པོ་ཆོས་ཅན། དངོས་པོའི་ཕྱི་ལོགས་སུ་བྱུང་བའི་རྒྱུ་མ་ཡིན་པར་ཐལ། དངོས་པོའི་ཕྱི་ལོགས་སུ་བྱུང་བའི་དངོས་པོ་མ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་ཁྱོད་ཀྱི་ཕྱི་ལོགས་སུ་བྱུང་བའི་དངོས་པོ་མ་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། དངོས་པོ་ཆོས་ཅན། དངོས་པོའི་ཕྱི་ལོགས་སུ་བྱུང་བའི་རྒྱུ་མ་ཡིན་པར་ཐལ། དངོས་པོའི་ཕྱི་ལོགས་སུ་བྱུང་བའི་དངོས་པོ་མ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། མ་གྲུབ་ན། དངོས་པོ་ཆོས་ཅན། དངོས་པོའི་ཕྱི་ལོགས་སུ་བྱུང་བའི་དངོས་པོ་མ་ཡིན་པར་ཐལ། དངོས་པོ་དང་དུས་མཉམ་དུ་བྱུང་བའི་དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་ཁྱོད་དང་དུས་མཉམ་དུ་བྱུང་བའི་དངོས་པོ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། དངོས་པོའི་ཕྱི་ལོགས་སུ་བྱུང་བ་ཆོས་ཅན། དངོས་པོའི་ཕྱི་ལོགས་སུ་བྱུང་བའི་འབྲས་བུ་ཡིན་པར་ཐལ། དངོས་པོའི་ཕྱི་ལོགས་སུ་བྱུང་བ་གང་ཞིག །འབྲས་བུ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། རྟགས་དང་པོ་མ་གྲུབ་ན། དངོས་པོའི་ཕྱི་ལོགས་སུ་བྱུང་བ་ཆོས་ཅན། དངོས་པོའི་ཕྱི་ལོགས་སུ་བྱུང་བ་ཡིན་པར་ཐལ། དངོས་པོའི་འབྲས་བུ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དངོས་པོའི་ཕྱི་ལོགས་སུ་བྱུང་བ་ཆོས་ཅན། འབྲས་བུ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར།གོང་དུ་འདོད་ན། དངོས་པོའི་ཕྱི་ལོགས་སུ་བྱུང་བ་ཆོས་ཅན། ཁྱོད་ཁྱོད་ཀྱི་འབྲས་བུ་མ་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། རྟག་པ་མ་ཡིན་པ་འབྲས་བུ་ཡིན་པར་ཐལ། རྟག་པ་མ་ཡིན་པའི་རྒྱུ་ཡོད་པའི་ཕྱིར། མ་གྲུབ་ན། རྟག་པ་མ་ཡིན་པའི་རྒྱུ་ཡོད་པར་ཐལ། རྟག་པ་མ་ཡིན་པར་གྱུར་པའི་རྒྱུ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ། མ་གྲུབ་ན། རྟག་པ་མ་ཡིན་པར་གྱུར་པའི་རྒྱུ་ཡོད་པར་ཐལ། གཟུགས་དེ་ཡིན་པའི་ཕྱིར། མ་གྲུབ་ན། གཟུགས་ཆོས་ཅན་རྟག་པ་མ་ཡིན་པར་གྱུར་པའི་རྒྱུ་ཡིན་པར་ཐལ། རྟག་པ་མ་ཡིན་པ་དང་རྒྱུ་གཉིས་ཀ་ཡིན་པའི་ཕྱིར། མ་གྲུབ་ན། གཟུགས་ཆོས་ཅན། རྟག་པ་མ་ཡིན་པ་དང་རྒྱུ་གཉིས་ཀ་ཡིན་པར་ཐལ། རྒྱུ་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། གཟུགས་ཆོས་ཅན། རྟག་པ་མ་ཡིན་པར་གྱུར་པ་ཁྱོད་ཀྱི་འབྲས་བུ་ཡིན་པར་ཐལ། ཁྱོད་རྟག་པ་མ་ཡིན་པར་གྱུར་པའི་རྒྱུ་ཡིན་པའི་ཕྱིར་ཟེར་ན་འགལ་ཁྱབ་ལ་འཕུད།

ཁ་ཅིག་ན་རེ། རྟག་པ་མ་ཡིན་པར་གྱུར་པ་ཆོས་ཅན། གཟུགས་ཁྱོད་ཀྱི་རྒྱུ་མ་ཡིན་པར་ཐལ། ཁྱོད་ཀྱི་རྒྱུ་མེད་པའི་ཕྱིར་ཟེར་ན། འདོད་ལན་ཐེབས་པ་ཡིན་ཏེ། རྩི་བའི་ཚེ་ན། གཟུགས་རྟག་པ་མ་

ཡིན་པར་གྱུར་པ་དེའི་རྒྱུ་མ་ཡིན་པར་འདོད་ཅེས་བརྩི་རིགས་པ་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། ཀྭ་བུམ་གཉིས་ཆོས་ཅན། ཁྱོད་ཀྱི་སྔ་ལོགས་སུ་བྱུང་བ་ཁྱོད་ཀྱི་རྒྱུ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར་ཟེར་ན། འདོད་བྱས་པ་ལ། ཀྭ་བུམ་གཉིས་ཀའི་སྔ་ལོགས་སུ་བྱུང་བ་ཆོས་ཅན། ཀྭ་བའི་རྒྱུ་ཡིན་པར་ཐལ། ཀྭ་བུམ་གཉིས་ཀའི་རྒྱུ་ཡིན་པའི་ཕྱིར་ཟེར་ན་འགལ་ཁྱབ་ལ་འཕུད། འདོད་ན། ཀྭ་བུམ་གཉིས་ཀའི་སྔ་ལོགས་སུ་བྱུང་བ་ཆོས་ཅན། ཀྭ་བའི་རྒྱུ་མ་ཡིན་པར་ཐལ། ཀྭ་བ་ཁྱོད་ཀྱི་འབྲས་བུ་མ་ཡིན་པའི་ཕྱིར། མ་གྲུབ་ན། ཀྭ་བུམ་གཉིས་ཀའི་སྔ་ལོགས་སུ་བྱུང་བ་ཆོས་ཅན། ཀྭ་བ་ཁྱོད་ཀྱི་འབྲས་བུ་མ་ཡིན་པར་ཐལ། ཁྱོད་མེད་ན་ཀྭ་བ་མེད་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། བུམ་པའི་དགག་གཞི་ཆོས་ཅན། ཀྭ་བ་མེད་པར་ཐལ། ཀྭ་བུམ་གཉིས་ཀའི་སྔ་ལོགས་སུ་བྱུང་བ་མེད་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བུམ་པའི་དགག་གཞི་ཆོས་ཅན། ཀྭ་བུམ་གཉིས་ཀའི་སྔ་ལོགས་སུ་བྱུང་བ་མེད་པར་ཐལ། ཀྭ་བུམ་གཉིས་མེད་པའི་ཕྱིར། མ་གྲུབ་ན། བུམ་པའི་དགག་གཞི་ཆོས་ཅན། ཀྭ་བུམ་གཉིས་མེད་པར་ཐལ། བུམ་པ་མེད་པའི་ཕྱིར། མ་གྲུབ་ན། བུམ་པའི་དགག་གཞི་ཆོས་ཅན། བུམ་པ་མེད་པར་ཐལ། བུམ་པའི་དགག་གཞི་ཡིན་པའི་ཕྱིར། གོང་དུ་འདོད་ན། བུམ་པའི་དགག་གཞི་ཆོས་ཅན། ཀྭ་བ་ཡོད་པར་ཐལ། ཀྭ་བའི་དགག་གཞི་མ་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། ཀྭ་བུམ་གཉིས་ཆོས་ཅན། ཀྭ་བུམ་གཉིས་ཀའི་སྔ་ལོགས་སུ་བྱུང་བའི་འབྲས་བུ་མ་ཡིན་པར་ཐལ། ཀྭ་བའི་སྔ་ལོགས་སུ་བྱུང་བའི་འབྲས་བུ་མ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། མ་གྲུབ་ན། ཀྭ་བུམ་གཉིས་ཆོས་ཅན། ཀྭ་བའི་སྔ་ལོགས་སུ་བྱུང་བའི་འབྲས་བུ་མ་ཡིན་པར་ཐལ། ཀྭ་བའི་སྔ་ལོགས་སུ་བྱུང་བ་ཁྱོད་ཀྱི་རྒྱུ་མ་ཡིན་པའི་ཕྱིར། མ་གྲུབ་ན། ཀྭ་བའི་སྔ་ལོགས་སུ་བྱུང་བ་ཆོས་ཅན། ཀྭ་བུམ་གཉིས་ཀའི་རྒྱུ་མ་ཡིན་པར་ཐལ། ཀྭ་བའི་རྒྱུ་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། དངོས་པོའི་སྔ་ལོགས་སུ་བྱུང་བ་ཆོས་ཅན། ཁྱོད་ཀྱི་དུས་སུ་དངོས་པོ་མེད་པར་ཐལ། དངོས་པོ་ཁྱོད་ཀྱི་འབྲས་བུ་ཡིན་པའི་ཕྱིར། འདོད་ན། དངོས་པོའི་སྔ་ལོགས་སུ་བྱུང་བ་ཆོས་ཅན། ཁྱོད་ཀྱི་དུས་སུ་དངོས་པོ་ཡོད་པར་ཐལ། དངོས་པོའི་སྔ་ལོགས་སུ་བྱུང་བ་དེ་དངོས་པོ་ཡིན་པ་གང་ཞིག །དེ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ། རྟགས་དང་པོ་མ་གྲུབ་ན། དངོས་པོའི་སྔ་ལོགས་སུ་བྱུང་བ་ཆོས་ཅན། དངོས་པོ་ཡིན་པར་ཐལ། དངོས་པོའི་རྒྱུ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དངོས་པོའི་སྔ་ལོགས་སུ་བྱུང་བ་ཆོས་ཅན། ཁྱོད་ཀྱི་དུས་སུ་ཁྱོད་ཡོད་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། དངོས་པོའི་ཉེར་ལེན་མེད་པར་ཐལ། དངོས་པོའི་སྔ་ལོགས་སུ་བྱུང་བ་དེ་མ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོའི་སྔ་ལོགས་སུ་བྱུང་བ་ཆོས་ཅན། དངོས་པོའི་ཉེར་ལེན་མ་ཡིན་པར་ཐལ། དངོས་པོར་འགྱུར་ངེས་མ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོའི་སྔ་ལོགས་སུ་བྱུང་བ་ཆོས་ཅན། དངོས་པོར་འགྱུར་ངེས་མ་ཡིན་པར་ཐལ། དངོས་པོར་གྱུར་ཟིན་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། མ་གྲུབ་ན། དངོས་པོའི་སྔ་ལོགས་སུ་བྱུང་བ་ཆོས་ཅན། དངོས་པོར་གྱུར་ཟིན་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། ཀྭ་བུམ་གཉིས་ཆོས་ཅན། ཁྱོད་ཀྱི་ཉེར་ལེན་ཡོད་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཀྭ་བུམ་གཉིས་ཆོས་ཅན། ཁྱོད་དུ་འགྱུར་ངེས་ཡོད་པར་ཐལ། ཁྱོད་ཀྱི་ཉེར་ལེན་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། ཀྭ་བུམ་གཉིས་ཆོས་ཅན། ཁྱོད་ཀྱི་ཡིན་པ་ཡོད་པར་ཐལ། ཁྱོད་དུ་འགྱུར་ངེས་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ།


                                                                                                                                                                                                                           རྩོམ་སྒྲིག་པ།  བློ་བཟང་བཀྲ་ཤིས།


བརྒྱུད་འགོད།
0