བསེ་བསྡུས་ལས་འགལ་འབྲེལ་གྱི་རྣམ་བཞག

སྤེལ་དུས།  2021-09-18   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  བསེ་ངག་དབང་བཀྲ་ཤིས།   ཀློག་གྲངས།  

འགལ་འབྲེལ་གྱི་རྣམ་བཞག་བཤད་པ་ལ། 

ཁ་ཅིག་ན་རེ།  བུམ་པ་དང་འགལ་བ་དང་འགལ་བ་ཡིན་ན།  བུམ་པ་དང་འགལ་བ་ཡིན་པས་ཁྱབ་ཟེར་ན།  བུམ་པ་དང་གཅིག་ཆོས་ཅན།  བུམ་པ་དང་འགལ་བ་ཡིན་པར་ཐལ།  བུམ་པ་དང་འགལ་བ་དང་འགལ་བ་ཡིན་པའི་ཕྱིར།  ཁྱབ་པ་ཁས།  མ་གྲུབ་ན།  བུམ་པ་དང་གཅིག་ཆོས་ཅན།   བུམ་པ་དང་འགལ་བ་དང་འགལ་བ་ཡིན་པར་ཐལ།   ཁྱོད་བུམ་པ་དང་འགལ་བ་དང་ཐ་དད།   ཁྱོད་ཡང་ཡིན།   བུམ་པ་དང་འགལ་བ་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར།   རྟགས་དང་པོ་སླ།   གཉིས་པ་མ་གྲུབ་ན།   བུམ་པ་ཆོས་ཅན།   ཁྱོད་དང་གཅིག་ཡང་ཡིན།   ཁྱོད་དང་འགལ་བ་ཡིན་པའི་གཞི་མཐུན་པ་མེད་པར་ཐལ།   ཁྱོད་གཞི་གྲུབ་པའི་ཕྱིར།  རྩ་བར་འདོད་ན།   བུམ་པ་དང་གཅིག་ཆོས་ཅན།   བུམ་པ་དང་འགལ་བ་མ་ཡིན་པར་ཐལ།   བུམ་པ་དང་མི་འགལ་བ་ཡིན་པའི་ཕྱིར།   མ་གྲུབ་ན།   བུམ་པ་དང་གཅིག་ཆོས་ཅན།   བུམ་པ་དང་མི་འགལ་བ་ཡིན་པར་ཐལ།   ཁྱོད་ཡང་ཡིན།   བུམ་པ་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར།དེར་ཐལ།   བུམ་པ་དེ་ཡིན་པའི་ཕྱིར།   མ་གྲུབ་ན།  བུམ་པ་ཆོས་ཅན།   ཁྱོད་ཁྱོད་དང་གཅིག་ཡང་ཡིན།   ཁྱོད་ཁྱོད་དང་མི་འགལ་པ་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ།   ཁྱོད་གཞི་གྲུབ་པའི་ཕྱིར།

ཁ་ཅིག་ན་རེ།    དངོས་པོ་དང་འགལ་བ་ཡིན་ན་དངོས་པོ་དང་འགལ་བ་དང་འགལ་བ་ཡིན་པས་ཁྱབ་ཟེར་ན།   རྟག་པ་དང་གཅིག་ཆོས་ཅན།   དངོས་པོ་དང་འགལ་བ་དང་འགལ་བ་ཡིན་པར་ཐལ།   དངོས་པོ་དང་འགལ་བ་ཡིན་པའི་ཕྱིར།   ཁྱབ་པ་ཁས།   མ་གྲུབ་ན།   རྟག་པ་དང་གཅིག་ཆོས་ཅན།   དངོས་པོ་དང་འགལ་བ་ཡིན་པར་ཐལ།   ཁྱོད་དངོས་པོ་དང་ཐ་དད་ཁྱོད་ཡང་ཡིན་དངོས་པོ་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར།  མ་གྲུབ་ན།   རྟག་པ་ཆོས་ཅན།   རྟག་པ་ཆོས་ཅན།   ཁྱོད་དང་གཅིག་ཡང་ཡིན།   དངོས་པོ་ཡིན་པའི་གཞི་མཐུན་པ་མེད་པར་ཐལ།   རྟག་པ་དེ་ཡིན་དགོས་ལ་དེ་ཡང་མིན།   དེ་ལས་གཞན་པ་གཅིག་མེད་པའི་ཕྱིར།   རྟགས་གཉིས་པ་སླ།  དང་པོ་མ་གྲུབ་ན།   རྟག་པ་ཆོས་ཅན།   ཁྱོད་རྟག་པ་དང་གཅིག་ཡང་ཡིན།   དངོས་པོ་ཡིན་པའི་གཞི་མཐུན་པ་མ་ཡིན་པར་ཐལ།  ཁྱོད་དངོས་པོ་མ་ཡིན་པའི་ཕྱིར།   རྩ་བར་འདོད་ན།   རྟག་པ་དང་གཅིག་ཆོས་ཅན།   དངོས་པོ་དང་འགལ་བ་དང་འགལ་བ་མ་ཡིན་པར་ཐལ།   དངོས་པོ་དང་འགལ་བ་དང་མི་འགལ་བ་ཡིན་པའི་ཕྱིར།   མ་གྲུབ་ན།  རྟག་པ་དང་གཅིག་ཆོས་ཅན།   དངོས་པོ་དང་འགལ་བ་དང་མི་འགལ་བ་ཡིན་པར་ཐལ།   ཁྱོད་ཡང་ཡིན།   དངོས་པོ་དང་འགལ་བ་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར།     མ་གྲུབ་ན། རྟག་པ་དང་གཅིག་ཆོས་ཅན།   ཁྱོད་ཡང་ཡིན།   དངོས་པོ་དང་འགལ་བ་ཡིན་པའི་གཞི་མཐུན་པ་ཡོད་པར་ཐལ།   རྟག་པ་དེ་ཡིན་པའི་ཕྱིར།   མ་གྲུབ་ན། རྟག་པ་ཆོས་ཅན།   ཁྱོད་རྟག་པ་དང་གཅིག་ཡང་ཡིན།   དངོས་པོ་དང་འགལ་བ་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ།   ཁྱོད་རྟག་པ་དང་གཅིག་ཡིན་པ་གང་ཞིག །  དངོས་པོ་དང་འགལ་བ་ཡིན་པའི་ཕྱིར།   རྟགས་དང་པོ་མ་གྲུབ་ན།   རྟག་པ་ཆོས་ཅན།   ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ།   ཁྱོད་གཞི་གྲུབ་པའི་ཕྱིར།   རྟགས་གཉིས་པ་མ་གྲུབ་ན།   རྟག་པ་ཆོས་ཅན།   དངོས་པོ་དང་འགལ་བ་ཡིན་པར་ཐལ།   ཁྱོད་དངོས་པོ་དང་ཐ་དད།   ཁྱོད་ཡང་ཡིན་དངོས་པོ་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར།   རྟགས་དང་པོ་སླ།   གཉིས་པ་མ་གྲུབ་ན།   རྟག་པ་ཆོས་ཅན།   ཁྱོད་ཡང་ཡིན།   དངོས་པོ་ཡིན་པའི་གཞི་མཐུན་པ་མེད་པར་ཐལ།   ཁྱོད་རྟག་པ་དང་གཅིག་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། ཡོད་པ་དང་འགལ་བ་དང་འགལ་བ་ཡང་ཡིན། ཡོད་པ་དང་མི་འགལ་བ་དང་མི་འགལ་བ་ཡང་ཡིན། ཡོད་པ་དང་འབྲེལ་བ་དང་འབྲེལ་བ་ཡང་ཡིན། ཡོད་པ་དང་མ་འབྲེལ་བ་དང་མ་འབྲེལ་པ་ཡང་ཡིན་པའི་གཞི་མཐུན་པ་མེད་ཟེར་ན། དེ་ཡོད་པར་ཐལ། ཡོད་པ་དང་མ་འབྲེལ་བ་དེ་ཡིན་པའི་ཕྱིར། མ་གྲུབ་ན། ཡོད་པ་དང་མ་འབྲེལ་བ་ཆོས་ཅན། ཁྱོད་ཡོད་པ་དང་འགལ་བ་དང་འགལ་བ་ཡང་ཡིན། ཡོད་པ་དང་མི་འགལ་བ་དང་མི་འགལ་བ་ཡང་ཡིན། ཡོད་པ་དང་འབྲེལ་བ་དང་འབྲེལ་བ་ཡང་ཡིན། ཡོད་པ་དང་མ་འབྲེལ་བ་དང་མ་འབྲེལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ། ཁྱོད་ཡོད་པ་དང་འགལ་བ་དང་འགལ་བ་ཡིན་པ་གང་ཞིག །ཡོད་པ་དང་མི་འགལ་བ་དང་མི་འགལ་བ་ཡང་ཡིན། ཡོད་པ་དང་འབྲེལ་བ་དང་འབྲེལ་བ་ཡང་ཡིན། ཡོད་པ་དང་མ་འབྲེལ་བ་དང་མ་འབྲེལ་བ་ཡང་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། ཡོད་པ་དང་མ་འབྲེལ་བ་ཆོས་ཅན། ཡོད་པ་དང་འགལ་བ་དང་འགལ་བ་ཡིན་པར་ཐལ། ཁྱོད་ཡོད་པ་དང་འགལ་བ་དང་ཐ་དད། ཁྱོད་ཡང་ཡིན། ཡོད་པ་དང་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར། རྟགས་དང་པོ་སླ། གཉིས་པ་མ་གྲུབ་ན། ཡོད་པ་དང་མ་འབྲེལ་བ་ཡང་ཡིན། ཡོད་པ་དང་འགལ་བ་ཡིན་པའི་གཞི་མཐུན་པ་མེད་པར་ཐལ། ཡོད་པ་དང་འགལ་བ་ཡིན་ན་ཡོད་པ་དང་འབྲེལ་བ་ཡིན་པས་ཁྱབ་པའི་ཕྱིར། ། དེར་ཐལ། ཡོད་པ་དང་ཐ་དད་ཡིན་ན་ཡོད་པ་དང་འབྲེལ་བ་ཡིན་པས་ཁྱབ་པའི་ཕྱིར། ཆུགས་གཉིས་པ་མ་གྲུབ་ན། ཡོད་པ་དང་མ་འབྲེལ་བ་ཆོས་ཅན། ཡོད་པ་དང་མི་འགལ་བ་དང་མི་འགལ་བ་ཡིན་པར་ཐལ། ཁྱོད་ཡང་ཡིན། ཡོད་པ་དང་མི་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར། དེར་ཐལ། ཡོད་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། ཡོད་པ་ཆོས་ཅན། ཁྱོད་ཁྱོད་དང་མ་འབྲེལ་བ་ཡང་ཡིན། ཁྱོད་ཁྱོད་དང་མི་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། རྟགས་གསུམ་པ་མ་གྲུབ་ན། ཡོད་པ་དང་མ་འབྲེལ་བ་ཆོས་ཅན། ཡོད་པ་དང་འབྲེལ་བ་དང་འབྲེལ་བ་ཡིན་པར་ཐལ།ཡོད་པ་དང་འབྲེལ་བ་དང་བདག་གཅིག་འབྲེལ་ཡིན་པའི་ཕྱིར། མ་གྲུབ་ན། ཡོད་པ་དང་མ་འབྲེལ་བ་ཆོས་ཅན། ཡོད་པ་དང་འབྲེལ་བ་དང་བདག་གཅིག་འབྲེལ་ཡིན་པར་ཐལ། ཡོད་པའི་བྱེ་བྲག་ཡིན་པའི་ཕྱིར། རྟགས་བཞི་པ་མ་གྲུབ་ན། ཡོད་པ་དང་མ་འབྲེལ་བ་ཆོས་ཅན། ཁྱོད་ཁྱོད་དང་མ་འབྲེལ་བ་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། ཀྭ་བུམ་གཉིས་དང་འགལ་བ་དང་མི་འགལ་བ་ཡང་ཡིན། ཀྭ་བུམ་གཉིས་དང་མི་འགལ་བ་དང་འགལ་བ་ཡང་ཡིན། ཀྭ་བུམ་གཉིས་དང་འབྲེལ་བ་དང་མ་འབྲེལ་བ་ཡང་ཡིན། ཀྭ་བུམ་གཉིས་དང་མ་འབྲེལ་བ་དང་འབྲེལ་བ་ཡང་ཡིན་པའི་གཞི་མཐུན་པ་མེད་ཟེར་ན། དེ་ཡོད་པར་ཐལ། རྟག་པ་དང་གཅིག་དེ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པ་དང་གཅིག་ཆོས་ཅན། ཁྱོད་ཀྭ་བུམ་གཉིས་དང་འགལ་བ་དང་མི་འགལ་བ་ཡང་ཡིན། ཀྭ་བུམ་གཉིས་དང་མི་འགལ་བ་དང་འགལ་བ་ཡང་ཡིན། ཀྭ་བུམ་གཉིས་དང་འབྲེལ་བ་དང་མ་འབྲེལ་བ་ཡང་ཡིན། ཀྭ་བུམ་གཉིས་དང་མ་འབྲེལ་བ་དང་འབྲེལ་བ་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ། ཁྱོད་ཀྭ་བུམ་གཉིས་དང་འགལ་བ་དང་མི་འགལ་བ་ཡིན་པ་གང་ཞིག །ཀྭ་བུམ་གཉིས་དང་མི་འགལ་བ་དང་འགལ་བ་ཡང་ཡིན། ཀྭ་བུམ་གཉིས་དང་འབྲེལ་བ་དང་མ་འབྲེལ་བ་ཡང་ཡིན། ཀྭ་བུམ་གཉིས་དང་མ་འབྲེལ་བ་དང་འབྲེལ་བ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། རྟག་པ་དང་གཅིག་ཆོས་ཅན། ཁྱོད་ཀྭ་བུམ་གཉིས་དང་འགལ་བ་དང་མི་འགལ་བ་ཡིན་པར་ཐལ། ཁྱོད་ཡང་ཡིན། ཀྭ་བུམ་གཉིས་དང་འགལ་བ་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར། དེར་ཐལ། རྟག་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པ་ཆོས་ཅན། ཁྱོད་ཁྱོད་དང་གཅིག་ཡང་ཡིན། ཀྭ་བུམ་གཉིས་དང་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ། ཁྱོད་ཀྭ་བུམ་གཉིས་དང་འགལ་བ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། རྟག་པ་དང་གཅིག་ཆོས་ཅན། ཀྭ་བུམ་གཉིས་དང་མི་འགལ་བ་དང་འགལ་བ་ཡིན་པར་ཐལ། ཁྱོད་ཀྭ་བུམ་གཉིས་དང་མི་འགལ་བ་དང་ཐ་དད། ཁྱོད་ཡང་ཡིན། ཀྭ་བུམ་གཉིས་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར། མ་གྲུབ་ན། རྟག་པ་དང་གཅིག་ཆོས་ཅན། ཁྱོད་ཡང་ཡིན། ཀྭ་བུམ་གཉིས་དང་མི་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་མེད་པར་ཐལ། རྟག་པ་དེ་ཡིན་དགོས་ལ་མིན། དེ་ལས་གཞན་པ་གཅིག་མེད་པའི་ཕྱིར། རྟགས་གཉིས་པ་སླ། དང་པོ་མ་གྲུབ་ན། རྟག་པ་ཆོསཅན། ཁྱོད་རྟག་པ་དང་གཅིག་ཡང་ཡིན། ཀྭ་བུམ་གཉིས་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་མ་ཡིན་པར་ཐལ། ཁྱོད་ཀྭ་བུམ་གཉིས་དང་མི་འགལ་བ་མ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པ་ཆོས་ཅན། ཁྱོད་ཀྭ་བུམ་གཉིས་དང་མི་འགལ་བ་མ་ཡིན་པར་ཐལ། ཁྱོད་ཀྭ་བུམ་གཉིས་དང་འགལ་བ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པ་ཆོས་ཅན། ཁྱོད་ཀྭ་བུམ་གཉིས་དང་འགལ་བ་ཡིན་པར་ཐལ། ཁྱོད་ཀྭ་བུམ་གཉིས་དང་ཐ་དད། ཁྱོད་ཡང་ཡིན། ཀྭ་བུམ་གཉིས་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར། གོང་གི་རྟགས་གསུམ་པ་མ་གྲུབ་ན། རྟག་པ་དང་གཅིག་ཆོས་ཅན། ཀྭ་བུམ་གཉིས་དང་འབྲེལ་བ་དང་མ་འབྲེལ་བ་ཡིན་པར་ཐལ། ཀྭ་བུམ་གཉིས་དང་འབྲེལ་བ་དང་འབྲེལ་བ་མ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པ་དང་གཅིག་ཆོས་ཅན། ཀྭ་བུམ་གཉིས་དང་འབྲེལ་བ་དང་འབྲེལ་བ་མ་ཡིན་པར་ཐལ། ཀྭ་བུམ་གཉིས་དང་འབྲེལ་བ་མེད་ན་ཁྱོད་མེད་མི་དགོས་པའི་ཕྱིར། མ་གྲུབ་ན། བུམ་པའི་དགག་གཞི་ཆོས་ཅན། རྟག་པ་དང་གཅིག་མེད་པར་ཐལ། ཀྭ་བུམ་གཉིས་དང་འབྲེལ་བ་མེད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། བུམ་པའི་དགག་གཞི་ཆོས་ཅན། རྟགས་དང་གཅིག་ཡོད་པར་ཐལ། རྟག་པ་ཡོད་པའི་ཕྱིར། དེར་ཐལ། གང་ཟག་གི་བདག་མེད་ཡིན་པའི་ཕྱིར། རྟགས་བཞི་པ་མ་གྲུབ་ན། རྟག་པ་དང་གཅིག་ཆོས་ཅན། ཁྱོད་ཀྭ་བུམ་གཉིས་དང་མ་འབྲེལ་བ་དང་འབྲེལ་བ་ཡིན་པར་ཐལ། ཁྱོད་ཀྭ་བུམ་གཉིས་དང་མ་འབྲེལ་བ་དང་བདག་གཅིག་འབྲེལ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པ་དང་གཅིག་ཆོས་ཅན། ཀྭ་བུམ་གཉིས་དང་མ་འབྲེལ་བ་དང་བདག་གཅིག་འབྲེལ་ཡིན་པར་ཐལ། ཀྭ་བུམ་གཉིས་དང་མ་འབྲེལ་བ་དང་བདག་ཉིད་གཅིག་གི་སྒོ་ནས་ཐ་དད། ཀྭ་བུམ་གཉིས་དང་མ་འབྲེལ་བ་མེད་ན་ཁྱོད་མེད་དགོས་པའི་ཕྱིར། རྟགས་རེ་རེ་ནས་སླ།

རང་གི་ལུགས་ལ། 

འགལ་བའི་མཚན་ཉིད་ཡོད་དེ།  ཐ་དད་ཅིང་གཞི་མཐུན་པ་མི་སྲིད་པ་དེ་ཡིན་པའི་ཕྱིར།  མཚན་གཞི་ནི་ཡོད་དེ།  རྟག་པ་དང་དངོས་པོ་གཉིས་དེ་ཡིན་པའི་ཕྱིར།  དངོས་པོ་དང་འགལ་བའི་མཚན་ཉིད་ཡོད་དེ།  ཁྱོད་དངོས་པོ་དང་ཐ་དད།  ཁྱོད་ཡང་ཡིན།  དངོས་པོ་ཡང་ཡིན་པའི་གཞི་མཐུན་པ་མི་སྲིད་པ་དེ་ཡིན་པའི་ཕྱིར།  མཚན་གཞི་ནི་ཡོད་དེ།  ཀྭ་བུམ་གཉིས་དེ་ཡིན་པའི་ཕྱིར།  དངོས་པོ་དང་འགལ་བ་དང་འགལ་བའི་མཚན་ཉིད་ཡོད་དེ།  ཁྱོད་དངོས་པོ་དང་འགལ་བ་དང་ཐ་དད།  ཁྱོད་ཡང་ཡིན།  དངོས་པོ་དང་འགལ་བ་ཡིན་པའི་གཞི་མཐུན་པ་མི་སྲིད་པ་དེ་ཡིན་པའི་ཕྱིར།  དངོས་པོ་དང་མི་འགལ་བ་དང་འགལ་བའི་མཚན་ཉིད་ཡོད་དེ།  ཁྱོད་དངོས་པོ་དང་མི་འགལ་བ་དང་ཐ་དད།  ཁྱོད་ཡང་ཡིན།  དངོས་པོ་དང་མི་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་མི་སྲིད་པ་དེ་ཡིན་པའི་ཕྱིར། དངོས་པོ་དང་མི་འགལ་བ་དང་མི་འགལ་བ་དང་འགལ་བའི་མཚན་ཉིད་ཡོད་དེ། ཁྱོད་དངོས་པོ་དང་མི་འགལ་བ་དང་མི་འགལ་བ་དང་ཐ་དད།ཁྱོད་ཡང་ཡིན། དངོས་པོ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་མི་སྲིད་པ་དེ་ཡིན་པའི་ཕྱིར། དངོས་པོ་དང་འགལ་བ་དང་འགལ་བ་དང་འགལ་བའི་མཚན་ཉིད་ཡོད་དེ། ཁྱོད་དངོས་པོ་དང་འགལ་བ་དང་འགལ་བ་དང་ཐ་དད། ཁྱོད་ཡང་ཡིན། དངོས་པོ་དང་འགལ་བ་དང་འགལ་བ་ཡིན་པའི་གཞི་མཐུན་པ་མི་སྲིད་པ་དེ་ཡིན་པའི་ཕྱིར། བུམ་པ་དང་མི་འགལ་བའི་མཚན་ཉིད་ཡོད་དེ། ཁྱོད་བུམ་པ་དང་ཐ་མི་དད་དང་ཁྱོད་ཡང་ཡིན། བུམ་པ་ཡིན་པའི་གཞི་མཐུན་པ་ཡོད་པ་གང་རུང་དེ་ཡིན་པའི་ཕྱིར། ཀྭ་བུམ་གཉིས་དང་མི་འགལ་བའི་མཚན་ཉིད་ཡོད་དེ། ཁྱོད་ཀྭ་བུམ་གཉིས་དང་ཐ་མི་དད་དང་ཁྱོད་ཡང་ཡིན། ཀྭ་བུམ་གཉིས་ཡིན་པའི་གཞི་མཐུན་པ་ཡོད་པ་གང་རུང་དེ་ཡིན་པའི་ཕྱིར། བུམ་པ་དང་འགལ་བ་དང་མི་འགལ་བའི་མཚན་ཉིད་ཡོད་དེ། ཁྱོད་བུམ་པ་དང་འགལ་བ་དང་ཐ་མི་དད་དང་ཁྱོད་ཡང་ཡིན། བུམ་པ་དང་འགལ་བ་ཡིན་པའི་གཞི་མཐུན་པ་ཡོད་པ་གང་རུང་དེ་ཡིན་པའི་ཕྱིར། བུམ་པ་དང་མི་འགལ་བ་དང་མི་འགལ་བའི་མཚན་ཉིད་ཡོད་དེ། ཁྱོད་བུམ་པ་དང་མི་འགལ་བ་དང་ཐ་མི་དད་དང་ཁྱོད་ཡང་ཡིན། བུམ་པ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་ཡོད་པ་གང་རུང་དེ་ཡིན་པའི་ཕྱིར། བུམ་པ་དང་མི་འགལ་བ་དང་འགལ་བ་དང་མི་འགལ་བའི་མཚན་ཉིད་ཡོད་དེ། ཁྱོད་བུམ་པ་དང་མི་འགལ་བ་དང་འགལ་བ་དང་ཐ་མི་དད་དང་ཁྱོད་ཡན་གྱིན། བུམ་པ་དང་མི་འགལ་བ་དང་འགལ་བ་ཡིན་པའི་གཞི་མཐུན་པ་ཡོད་པ་གང་རུང་དེ་ཡིན་པའི་ཕྱིར། དངོས་པོ་དང་འབྲེལ་བའི་མཚན་ཉིད་ཡོད་དེ། དངོས་པོ་དང་བདག་གཅིག་འབྲེལ་དང་དངོས་པོའི་འབྲས་བུ་གང་རུང་གང་ཞིག །དངོས་པོ་མེད་ན་ཁྱོད་མེད་དགོས་པ་དེ་ཡིན་པའི་ཕྱིར། དངོས་པོ་དང་འབྲེལ་བ་ལ་དབྱེ་ན་གཉིས་ཡོད་དེ། དངོས་པོ་དང་བདག་གཅིག་འབྲེལ་དང་དངོས་པོ་དང་རྟེན་བྱུང་འབྲེལ་གཉིས་ཡོད་པའི་ཕྱིར། དངོས་པོ་དང་བདག་གཅིག་འབྲེལ་གྱི་མཚན་ཉིད་ཡོད་དེ། དངོས་པོ་དང་བདག་ཉིད་གཅིག་གི་སྒོ་ནས་ཐ་དད། དངོས་པོ་མེད་ན་ཁྱོད་མེད་དགོས་པ་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། བུམ་པ་དེ་ཡིན་པའི་ཕྱིར། དངོས་པོ་དང་རྟེན་བྱུང་འབྲེལ་གྱི་མཚན་ཉིད་ཡོད་དེ། དངོས་པོ་ལ་བརྟེན་ནས་བྱུང་བ་གང་ཞིག །དངོས་པོ་མེད་ན་ཁྱོད་མེད་དགོས་པ་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། དངོས་པོའི་ཕྱི་ལོགས་སུ་བྱུང་བ་དེ་ཡིན་པའི་ཕྱིར། དངོས་པོ་གཞན་ལ་རིགས་འདྲ།

དེ་ལ་རྩོད་པ་སྤོང་བ་ལ། 

ཁ་ཅིག་ན་རེ། ཡོད་པ་དང་མེད་པ་གཉིས་ཆོས་ཅན། ཐ་དད་ཅིང་གཞི་མཐུན་མི་སྲིད་པ་ཡིན་པར་ཐལ། འགལ་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཡོད་པ་དང་མེད་པ་གཉིས་ཆོས་ཅན། ཡོད་པར་ཐལ། ཐ་དད་ཡིན་པའི་ཕྱིར་ཟེར་ན། སྦྱོར་ལུགས་སྐྱོན་ཅན་གྱི་ལན་འདེབས།

ཁ་ཅིག་ན་རེ། དུ་བ་ཆོས་ཅན། རྟེན་བྱུང་འབྲེལ་ཡིན་པར་ཐལ། མེ་དང་རྟེན་བྱུང་འབྲེལ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་ན། དུ་བ་ཆོས་ཅན། རྟེན་བྱུང་འབྲེལ་མ་ཡིན་པར་ཐལ། འབྲེལ་བ་མ་ཡིན་པའི་ཕྱིར། མ་གྲུབ་ན། དུ་བ་ཆོས་ཅན། འབྲེལ་བ་མ་ཡིན་པར་ཐལ། ཐ་དད་མ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། འབྲེལ་བ་ཡིན་ན་ཐ་དད་ཡིན་དགོས་པའི་ཕྱིར། མ་གྲུབ་ན། འབྲེལ་བ་ཡིན་ན་ཐ་དད་ཡིན་དགོས་པར་ཐལ། བདག་གཅིག་འབྲེལ་ཡིན་ན་ཐ་དད་ཡིན་དགོས་པ་གང་ཞིག །རྟེན་བྱུང་འབྲེལ་ཡིན་ན་ཐ་དད་ཡིན་དགོས་པའི་ཕྱིར། རྟགས་རེ་རེ་ནས་སླ།

ཁ་ཅིག་ན་རེ། རྟེན་བྱུང་འབྲེལ་མེད་པར་ཐལ། དུ་བ་དེ་མ་ཡིན། བུམ་པ་དེ་ཡང་མ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་མི་ནུས་ཏེ། མེ་དུ་གཉིས་དེ་ཡིན་པའི་ཕྱིར། མ་གྲུབ་ན། མེ་དུ་གཉིས་ཆོས་ཅན། རྟེན་བྱུང་འབྲེལ་ཡིན་པར་ཐལ། རྒྱུ་འབྲས་ཡིན་པའི་ཕྱིར། མ་གྲུབ་ན། མེ་དུ་གཉིས་ཆོས་ཅན། རྒྱུ་འབྲས་ཡིན་པར་ཐལ། ཕན་ཚུན་བསྐྱེད་བྱ་སྐྱེད་བྱེད་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། བུམ་པ་ཆོས་ཅན། རྟེན་བྱུང་འབྲེལ་ཡིན་པར་ཐལ། རྒྱུ་འབྲས་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། རྒྱུ་འབྲས་ཡིན་པར་ཐལ། རྒྱུ་འབྲས་གཉིས་ཀ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། རྟགས་གྲུབ་སྟེ། དངོས་པོ་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། ཀྭ་བུམ་གཉིས་ཆོས་ཅན། རིགས་སྤྱི་ཡིན་པར་ཐལ། རིགས་ཀྱི་བྱེ་བྲག་ཡོད་པའི་ཕྱིར་ཟེར་ན། ཡང་མ་ཁྱབ།

ཁ་ཅིག་ན་རེ། དངོས་པོ་ཆོས་ཅན། བུམ་པ་དང་བདག་གཅིག་འབྲེལ་ཡིན་པར་ཐལ། བུམ་པ་དང་བདག་ཉིད་གཅིག་གི་སྒོ་ནས་ཐ་དད་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། མ་གྲུབ་ན། དངོས་པོ་ཆོས་ཅན། བུམ་པ་དང་བདག་ཉིད་གཅིག་གི་སྒོ་ནས་ཐ་དད་ཡིན་པར་ཐལ། བུམ་པ་དང་བདག་ཉིད་གཅིག་ཡིན་པ་གང་ཞིག །ཐ་དད་ཡིན་པའི་ཕྱིར། རྟགས་རེ་རེ་ནས་གྲུབ་སྟེ། བུམ་པའི་སྤྱི་ཡིན་པའི་ཕྱིར། གོང་དུ་འདོད་ན། དངོས་པོ་ཆོས་ཅན། བུམ་པ་དང་བདག་གཅིག་འབྲེལ་མ་ཡིན་པར་ཐལ། བུམ་པ་མེད་ན་ཁྱོད་མེད་པས་མ་ཁྱབ་པའི་ཕྱིར།

ཁ་ཅིག་ན་རེ། བུམ་པ་ཆོས་ཅན། ཁྱོད་ཡང་ཡིན། བུམ་པ་ཡིན་པའི་གཞི་མཐུན་པ་ཡོད་པར་ཐལ། ཁྱོད་བུམ་པ་དང་མི་འགལ་བ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་ན། བུམ་པ་དང་བུམ་པ་གཉིས་ཀྱི་གཞི་མཐུན་ཡོད་པར་ཐལ། བུམ་པ་ཡང་ཡིན། བུམ་པ་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། བུམ་པ་དང་བུམ་པ་གཉིས་ཆོས་ཅན། ཁྱོད་ཀྱི་གཞི་མཐུན་མེད་པར་ཐལ། ཁྱོད་གཅིག་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཆོས་དེ་གཉིས་ཀྱི་གཞི་མཐུན་འཇོག་པ་ལ། ཆོས་དེ་གཉིས་ཐ་དད་ཡིན་དགོས་པའི་ཕྱིར།

                                                                                                                                                                                                       རྩོམ་སྒྲིག་པ།  བློ་བཟང་བཀྲ་ཤིས།


བརྒྱུད་འགོད།
0