བསེ་བསྡུས་ལས་​ཆ་བའི་ལུགས་ཀྱི་རྫས་ལྡོག་གི་རྣམ་བཞག

སྤེལ་དུས།  2021-09-19   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  བསེ་ངག་དབང་བཀྲ་ཤིས།   ཀློག་གྲངས།  

ཆ་བའི་ལུགས་ཀྱི་རྫས་ལྡོག་གི་རྣམ་བཞག་བཤད་པ་ལ།   

      ཁ་ཅིག་ན་རེ།    ཁྱོད་ཁྱོད་རང་ཡིན་ན།    ཁྱོད་རྫས་ཆོས་ཡིན་པས་ཁྱབ་ཟེར་ན།   མེད་པ་ཆོས་ཅན།    རྫས་ཆོས་ཡིན་པར་ཐལ།    ཁྱོད་ཁྱོད་རང་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    མེད་པ་ཆོས་ཅན།    མེད་པ་ཡིན་པར་ཐལ།    ཡོད་པ་མ་ཡིན་པའི་ཕྱིར།    རྩ་བར་འདོད་ན།    མེད་པ་ཆོས་ཅན།   ཡོད་པར་ཐལ།    རྫས་ཆོས་ཡིན་པའི་ཕྱིར།    རྟགས་ཁས།    འདོད་མི་ནུས་ཏེ།    ཚད་མས་མ་གྲུབ་པ་ཡིན་པའི་ཕྱིར།   

 ཁ་ཅིག་ན་རེ།    ཡོད་པ་གང་ཞིག །   ཁྱོད་ཁྱོད་རང་ཡིན་ན།    ཁྱོད་རྫས་ཆོས་ཡིན་པས་ཁྱབ་ཟེར་ན།    རྟག་པ་ཆོས་ཅན།    རྫས་ཆོས་ཡིན་པར་ཐལ།   ཡོད་པ་གང་ཞིག །   ཁྱོད་ཁྱོད་རང་ཡིན་པའི་ཕྱིར།    རྟགས་དང་པོ་སླ།    གཉིས་པ་མ་གྲུབ་ན།    རྟག་པ་ཆོས་ཅན།    རྟག་པ་ཡིན་པར་ཐལ།    ཡོད་པ་གང་ཞིག །   དངོས་པོ་མ་ཡིན་པའི་ཕྱིར།    རྩ་བར་འདོད་ན།    རྟག་པ་ཆོས་ཅན།    ཁྱོད་གཞི་གྲུབ།    ཁྱོད་ཁྱོད་རང་ཡིན།    ཁྱོད་མ་ཡིན་པ་ཁྱོད་མ་ཡིན།    ཁྱོད་ཀྱི་ལྡོག་པ་རྫས་ཆོས་དང་མི་འགལ་བ་ཡིན་པར་ཐལ།    ཁྱོད་རྫས་ཆོས་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    རྟག་པ་ཆོས་ཅན།    ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པར་ཐལ།    ཁྱོད་རྫས་ཆོས་ཡིན་པའི་ཕྱིར།    རྟགས་ཁས།   འདོད་ན།    རྟག་པ་མ་ཡིན་པ་རྟག་པ་མ་ཡིན་པར་ཐལ།    འདོད་པའི་ཕྱིར།    འདོད་ན།    རྟག་པ་མ་ཡིན་པ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    ཡོད་པ་གང་ཞིག །   རྟག་པ་མ་ཡིན་པའི་ཕྱིར།    རྟགས་གཉིས་པ་སླ།    དང་པོ་གྲུབ་སྟེ།    སྒྲ་དེ་ཡིན་པའི་ཕྱིར།    གོང་དུ་འདོད་ན༑ རྟག་པ་ཆོས་ཅན།    ཁྱོད་མ་ཡིན་པ་དངོས་པོ་མ་ཡིན་པར་ཐལ།    ཁྱོད་མ་ཡིན་པ་རྟག་པ་ཡིན་པའི་ཕྱིར།    མ་གྲུབ་ན།    རྟག་པ་ཆོས་ཅན།    ཁྱོད་མ་ཡིན་པ་རྟག་པ་ཡིན་པར་ཐལ།    ཁྱོད་མ་ཡིན་པ་ཡོད་པའི་ཕྱིར།   

 ཁ་ཅིག་ན་རེ།    ལྡོག་ཆོས་ཡིན་ན་ལྡོག་ཆོས་དང་པོ་གསུམ་པོ་གང་རུང་ཡིན་པས་ཁྱབ་ཟེར་ན།    རྫས་ཆོས་དང་འགལ་བ་ཆོས་ཅན།    ལྡོག་ཆོས་དང་པོ་གསུམ་པོ་གང་རུང་ཡིན་པར་ཐལ།    ལྡོག་ཆོས་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    རྫས་ཆོས་དང་འགལ་བ་ཆོས་ཅན།    ལྡོག་ཆོས་ཡིན་པར་ཐལ།   རྫས་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར།    མ་གྲུབ་ན།    རྫས་ཆོས་དང་འགལ་བ་ཆོས་ཅན།    རྫས་ཆོས་ཀྱི་རྫས་མཐུན་ཡིན་པར་ཐལ།    ཁྱོད་གཞི་གྲུབ།    ཁྱོད་ཁྱོད་རང་ཡིན།    ཁྱོད་མ་ཡིན་པ་ཁྱོད་མིན།    ཁྱོད་ཀྱི་ལྡོག་པ་རྫས་ཆོས་ཀྱི་རྫས་མཐུན་དང་མི་འགལ་བ་ཡིན་པའི་ཕྱིར།    རྟགས་དང་པོ་སླ།    གཉིས་པ་མ་གྲུབ་ན།    རྫས་ཆོས་དང་འགལ་བ་ཆོས་ཅན།    རྫས་ཆོས་དང་འགལ་བ་ཡིན་པར་ཐལ།    ཁྱོད་རྫས་ཆོས་དང་ཐ་དད།    ཁྱོད་ཡང་ཡིན།    རྫས་ཆོས་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར།    རྟགས་དང་པོ་སླ།    གཉིས་པ་མ་གྲུབ་ན།   རྫས་ཆོས་ཡང་ཡིན།    རྫས་ཆོས་དང་འགལ་བ་ཡིན་པའི་གཞི་མཐུན་པ་མེད་པར་ཐལ།    རྫས་ཆོས་ཡིན་ན་རྫས་ཆོས་དང་མི་འགལ་བ་ཡིན་པས་ཁྱབ་པའི་ཕྱིར།    དེར་ཐལ།    རྫས་ཆོས་ཡིན་ན་ཁྱོད་ཁྱོད་ཡང་ཡིན།    རྫས་ཆོས་ཡིན་པའི་གཞི་མཐུན་པ་ཡིན་པས་ཁྱབ་པའི་ཕྱིར༑ གོང་དི་རྟགས་གསུམ་པ་མ་གྲུབ་ན།    རྫས་ཆོས་དང་འགལ་བ་མ་ཡིན་པ་ཆོས་ཅན།    རྫས་ཆོས་དང་འགལ་བ་མ་ཡིན་པར་ཐལ།    རྫས་ཆོས་དང་མི་འགལ་བ་ཡིན་པའི་ཕྱིར།    མ་གྲུབ་ན།   རྫས་ཆོས་དང་འགལ་བ་མ་ཡིན་པ་ཆོས་ཅན།    རྫས་ཆོས་དང་མི་འགལ་བ་ཡིན་པར་ཐལ།    ཁྱོད་ཡང་ཡིན།    རྫས་ཆོས་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར།    མ་གྲུབ་ན།    རྫས་ཆོས་དང་འགལ་བ་མ་ཡིན་པ་ཆོས་ཅན།    ཁྱོད་ཡང་ཡིན།    རྫས་ཆོས་ཡིན་པའི་གཞི་མཐུན་པ་ཡོད་པར་ཐལ།    དངོས་པོ་དེ་ཡིན་པའི་ཕྱིར།    རྩ་བར་འདོད་ན༑ རྫས་ཆོས་དང་འགལ་བ་ཆོས་ཅན།    ལྡོག་ཆོས་དང་པོ་གསུམ་པོ་གང་རུང་མ་ཡིན་པར་ཐལ།    རང་ཉིད་ལྡོག་ཆོས་མ་ཡིན་པ་གང་ཞིག །   རང་མ་ཡིན་པའི་ལྡོག་ཆོས་ཡང་མ་ཡིན།    ལྡོག་ཆོས་ཕུང་གསུམ་ཙམ་པོ་བ་ཡང་མ་ཡིན་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    རྫས་ཆོས་དང་འགལ་བ་ཆོས་ཅན།    ཁྱོད་གཞི་གྲུབ།    ཁྱོད་ཁྱོད་རང་ཡིན།    ཁྱོད་མ་ཡིན་པ་ཁྱོད་ཡིན།    ཁྱོད་ཀྱི་ལྡོག་པ་རང་ཉིད་ལྡོག་ཆོས་དང་མི་འགལ་བ་ཡིན་པར་ཐལ།    ཁྱོད་རང་ཉིད་ལྡོག་ཆོས་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    རྫས་ཆོས་དང་འགལ་བ་ཆོས་ཅན།    ཁྱོད་མ་ཡིན་པ་ཁྱོད་ཡིན་པར་ཐལ།    ཁྱོད་རང་ཉིད་ལྡོག་ཆོས་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    རྫས་ཆོས་དང་འགལ་བ་མ་ཡིན་པ་ཆོས་ཅན།    རྫས་ཆོས་དང་འགལ་བ་མ་ཡིན་པར་ཐལ།    ཁྱོད་ཡང་ཡིན།    རྫས་ཆོས་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར།    མ་གྲུབ་ན།    རྫས་ཆོས་དང་འགལ་བ་མ་ཡིན་པ་ཆོས་ཅན།    ཁྱོད་ཡང་ཡིན།    རྫས་ཆོས་ཡིན་པའི་གཞི་མཐུན་པ་ཡོད་པར་ཐལ།    ཤེས་བྱ་དེ་ཡིན་པའི་ཕྱིར།    རྟགས་གཉིས་པ་མ་གྲུབ་ན།    རྫས་ཆོས་དང་འགལ་བ་ཆོས་ཅན།    ཁྱོད་གཞི་གྲུབ།    ཁྱོད་ཁྱོད་རང་མ་ཡིན།    ཁྱོད་མ་ཡིན་པ་ཁྱོད་མ་ཡིན།    ཁྱོད་ཀྱི་ལྡོག་པ་རང་མ་ཡིན་པའི་ལྡོག་ཆོས་དང་མི་འགལ་བ་ཡིན་པར་ཐལ།    ཁྱོད་རང་མ་ཡིན་པའི་ལྡོག་ཆོས་ཡིན་པའི་ཕྱིར།   རྟགས་ཁས།    འདོད་ན།    རྫས་ཆོས་དང་འགལ་བ་ཆོས་ཅན།    ཁྱོད་ཁྱོད་རང་མ་ཡིན་པར་ཐལ།    ཁྱོད་རང་མ་ཡིན་པའི་ལྡོག་ཆོས་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    རྫས་ཆོས་དང་འགལ་བ་ཆོས་ཅན།    རྫས་ཆོས་དང་འགལ་བ་མ་ཡིན་པ་དེ་མི་འཐད་པར་ཐལ།    རྫས་ཆོས་དང་འགལ་བ་ཡིན་པའི་ཕྱིར།    མ་གྲུབ་ན།    རྫས་ཆོས་དང་འགལ་བ་ཆོས་ཅན།    རྫས་ཆོས་དང་འགལ་བ་ཡིན་པར་ཐལ།    ཁྱོད་རྫས་ཆོས་དང་ཐ་དད།    ཁྱོད་ཡང་ཡིན།    རྫས་ཆོས་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར།    རྟགས་སྔར་གྲུབ་ཟིན།    རྟགས་གསུམ་པ་མ་གྲུབ་ན།    རྫས་ཆོས་དང་འགལ་བ་ཆོས་ཅན།    ཁྱོད་གཞི་གྲུབ།    ཁྱོད་ཁྱོད་རང་མ་ཡིན།    ཁྱོད་མ་ཡིན་པ་ཁྱོད་ཡིན།    ཁྱོད་ཀྱི་ལྡོག་པ་ལྡོག་ཆོས་ཕུང་གསུམ་ཙམ་པོ་བ་དང་མི་འགལ་བ་ཡིན་པར་ཐལ།    ཁྱོད་ལྡོག་ཆོས་ཕུང་གསུམ་ཙམ་པོ་པ་ཡིན་པའི་ཕྱིར།    རྟགས་པས།    འདོད་ན།    རྫས་ཆོས་དང་འགལ་བ་ཆོས་ཅན།    ཁྱོད་མ་ཡིན་པ་ཁྱོད་ཡིན་པར་ཐལ།    ཁྱོད་ལྡོག་ཆོས་ཕུང་གསུམ་ཙམ་པོ་པ་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    རྫས་ཆོས་དང་འགལ་བ་མ་ཡིན་པ་ཆོས་ཅན།    རྫས་ཆོས་དང་འགལ་པ་མ་ཡིན་པར་ཐལ།    ཁྱོད་ཡང་ཡིན།    རྫས་ཆོས་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར།    རྟགས་སྔར་གྲུབ་ཟིན།   

 གཞན་ཡང་།    རང་མ་ཡིན་པའི་ལྡོག་ཆོས་ཆོས་ཅན།    ལྡོག་ཆོས་དང་པོ་གསུམ་པོ་གང་རུང་ཡིན་པར་ཐལ།    ལྡོག་ཆོས་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    དེ་མ་ཡིན་པའི་ལྡོག་ཆོས་ཆོས་ཅན།    ལྡོག་ཆོས་ཡིན་པར་ཐལ།    རྫས་ལྡོག་གང་རུང་གང་ཞིག །   རྫས་ཆོས་མ་ཡིན་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    རང་མ་ཡིན་པའི་ལྡོག་ཆོས་ཆོས་ཅན།    རྫས་ལྡོག་གང་རུང་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར།    རྟག་པ་གཉིས་པ་མ་གྲུབ་ན།    རང་མ་ཡིན་པའི་ལྡོག་ཆོས་ཆོས་ཅན།    ཁྱོད་ཁྱོད་རང་ཡིན་པར་ཐལ།    ཁྱོད་རྫས་ཆོས་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    རང་མ་ཡིན་པའི་ལྡོག་ཆོས་ཆོས་ཅན།    རྫས་ཆོས་མ་ཡིན་པར་ཐལ།    རང་མ་ཡིན་པའི་ལྡོག་ཆོས་ཡིན་པའི་ཕྱིར།    རྟགས་ཁས།    དེ་ལ་འདོད་དང་མ་གྲུབ།    གང་བྱས་ཀྱང་དངོས་འགལ་ཡིན།    རྩ་བར་འདོད་ན།    རང་མ་ཡིན་པའི་ལྡོག་ཆོས་ཆོས་ཅན།    ལྡོག་ཆོས་དང་པོ་གསུམ་པོ་གང་རུང་མ་ཡིན་པར་ཐལ།   རང་ཉིད་ལྡོག་ཆོས་མ་ཡིན་པ་གང་ཞིག །   རང་མ་ཡིན་པའི་ལྡོག་ཆོས་ཡང་མ་ཡིན།    ལྡོག་ཆོས་ཕུང་གསུམ་ཙམ་པོ་པ་ཡང་མ་ཡིན་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    རང་མ་ཡིན་པའི་ལྡོག་ཆོས་ཆོས་ཅན།    ཁྱོད་ཁྱོད་རང་ཡིན་པར་ཐལ།    ཁྱོད་རང་ཉིད་ལྡོག་ཆོས་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    རང་མ་ཡིན་པའི་ལྡོག་ཆོས་ཆོས་ཅན།    རང་མ་ཡིན་པའི་ལྡོག་ཆོས་མ་ཡིན་པར་ཐལ།    རང་ཉིད་ལྡོག་ཆོས་ཡིན་པའི་ཕྱིར།    རྟགས་ཁས།    དེ་ལ་འདོད་དང་མ་གྲུབ་གང་བྱས་ཀྱང་དངོས་འགལ་ཡིན།   རྟགས་གཉིས་པ་མ་གྲུབ་ན།    རང་མ་ཡིན་པའི་ལྡོག་ཆོས་ཆོས་ཅན།    ཁྱོད་ཁྱོད་རང་མ་ཡིན་པར་ཐལ།    ཁྱོད་རང་མ་ཡིན་པའི་ལྡོག་ཆོས་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    རང་མ་ཡིན་པའི་ལྡོག་ཆོས་ཆོས་ཅན།    རང་མ་ཡིན་པའི་ལྡོག་ཆོས་མ་ཡིན་པ་དེ་མི་འཐད་པར་ཐལ།    རང་མ་ཡིན་པའི་ལྡོག་ཆོས་ཡིན་པའི་ཕྱིར།    རྟགས་ཁས།    དེ་ལ་འདོད་དང་མ་གྲུབ་གང་བྱས་ཀྱང་དངོས་འགལ་ཡིན།    རྟགས་གསུམ་པ་མ་གྲུབ་ན།    རང་མ་ཡིན་པའི་ལྡོག་ཆོས་ཆོས་ཅན།    ཁྱོད་མ་ཡིན་པ་ཁྱོད་ཡིན་པར་ཐལ།   ཁྱོད་ལྡོག་ཆོས་ཕུང་གསུམ་ཙམ་པོ་བ་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    རང་མ་ཡིན་པའི་ལྡོག་ཆོས་མ་ཡིན་པ་ཆོས་ཅན།    ཁྱོད་གཞི་གྲུབ།    ཁྱོད་ཁྱོད་རང་མ་ཡིན་ཁྱོད་མ་ཡིན་པ་ཁྱོད་མ་ཡིན་ཁྱོད་ཀྱི་ལྡོག་པ་རང་མ་ཡིན་པའི་ལྡོག་ཆོས་དང་མི་འགལ་བ་ཡིན་པར་ཐལ།    ཁྱོད་རང་མ་ཡིན་པའི་ལྡོག་ཆོས་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    རང་མ་ཡིན་པའི་ལྡོག་ཆོས་མ་ཡིན་པ་མ་ཡིན་པ་ཆོས་ཅན།    རང་མ་ཡིན་པའི་ལྡོག་ཆོས་ཡིན་པར་ཐལ།    རང་མ་ཡིན་པའི་ལྡོག་ཆོས་མ་ཡིན་པ་དེ་མ་ཡིན་པའི་ཕྱིར།    རྟགས་ཁས།  

  ཁ་ཅིག་ན་རེ།    རང་མ་ཡིན་པའི་ལྡོག་ཆོས་དེ་རྫས་ལྡོག་གང་རུང་མིན་ཟེར་ན།    རང་མ་ཡིན་པའི་ལྡོག་ཆོས་ཆོས་ཅན།    རྫས་ལྡོག་གང་རུང་ཡིན་པར་ཐལ།    ལྡོག་ཆོས་ཡིན་པའི་ཕྱིར།    མ་གྲུབ་ན།    རང་མ་ཡིན་པའི་ལྡོག་ཆོས་ཆོས་ཅན།    ལྡོག་ཆོས་ཡིན་པར་ཐལ།    རང་མ་ཡིན་པའི་ལྡོག་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར།    མ་གྲུབ་ན།    རང་མ་ཡིན་པའི་ལྡོག་ཆོས་ཆོས་ཅན།    རང་མ་ཡིན་པའི་ལྡོག་ཆོས་ཀྱི་རྫས་མཐུན་ཡིན་པར་ཐལ།    ཁྱོད་གཞི་གྲུབ།    ཁྱོད་ཁྱོད་རང་མ་ཡིན།   ཁྱོད་མ་ཡིན་པ་ཁྱོད་མ་ཡིན།    ཁྱོད་ཀྱི་ལྡོག་པ་རང་མ་ཡིན་པའི་ལྡོག་ཆོས་ཀྱི་རྫས་མཐུན་དང་མི་འགལ་བ་ཡིན་པའི་ཕྱིར།    རྟགས་དང་པོ་སླ།    གཉིས་པ་མ་གྲུབ་ན།    རང་མ་ཡིན་པའི་ལྡོག་ཆོས་ཆོས་ཅན།    རང་མ་ཡིན་པའི་ལྡོག་ཆོས་མ་ཡིན་པར་ཐལ།   རང་མ་ཡིན་པའི་ལྡོག་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར།    རྟགས་གསུམ་པ་མ་གྲུབ་ན།    རང་མ་ཡིན་པའི་ལྡོག་ཆོས་མ་ཡིན་པ་ཆོས་ཅན།    རང་མ་ཡིན་པའི་ལྡོག་ཆོས་མ་ཡིན་པར་ཐལ།    རང་ཉིད་ལྡོག་ཆོས་ཡིན་པའི་ཕྱིར།    མ་གྲུབ་ན།    རང་མ་ཡིན་པའི་ལྡོགཆོས་མ་ཡིན་པ་ཆོས་ཅན།    རང་ཉིད་ལྡོག་ཆོས་ཡིན་པར་ཐལ།    ཁྱོད་གཞི་གྲུབ།    ཁྱོད་ཁྱོད་རང་ཡིན།    ཁྱོད་མ་ཡིན་པ་ཁྱོད་ཡིན།    ཁྱོད་ཀྱི་ལྡོག་པ་རང་ཉིད་ལྡོག་ཆོས་དང་མི་འགལ་བ་ཡིན་པའི་ཕྱིར།    རྟགས་དང་པོ་སླ།    གཉིས་པ་མ་གྲུབ་ན།    རང་མ་ཡིན་པའི་ལྡོག་ཆོས་མ་ཡིན་པ་ཆོས་ཅན།    རང་མ་ཡིན་པའི་ལྡོག་ཆོས་མ་ཡིན་པ་ཡིན་པར་ཐལ།    རང་ཉིད་ལྡོག་ཆོས་ཡིན་པའི་ཕྱིར།    རྟགས་གསུམ་པ་མ་གྲུབ་ན།    རང་མ་ཡིན་པའི་ལྡོག་ཆོས་མ་ཡིན་པ་མ་ཡིན་པ་རང་མ་ཡིན་པའི་ལྡོག་ཆོས་མ་ཡིན་པ་ཡིན་པར་ཐལ།    རང་མ་ཡིན་པའི་ལྡོག་ཆོས་ཡིན་པ་རང་མ་ཡིན་པའི་ལྡོག་ཆོས་མ་ཡིན་པ་ཡིན་པའི་ཕྱིར།    མ་གྲུབ་ན།    རང་མ་ཡིན་པའི་ལྡོག་ཆོས་ཡིན་པ་རང་མ་ཡིན་པའི་ལྡོག་ཆོས་མ་ཡིན་པ་ཡིན་པར་ཐལ།    རང་མ་ཡིན་པའི་ལྡོག་ཆོས་རང་མ་ཡིན་པའི་ལྡོག་ཆོས་མ་ཡིན་པ་ཡིན་པའི་ཕྱིར།    རྟགས་གོང་དུ་གྲུབ་ཟིན། 

   ཁ་ཅིག་ན་རེ།    རང་ཉིད་ལྡོག་ཆོས་དེ་རྫས་ལྡོག་གང་རུང་མིན་ཟེར་ན།    རང་ཉིད་ལྡོག་ཆོས་ཆོས་ཅན།    རྫས་ལྡོག་གང་རུང་ཡིན་པར་ཐལ།    རང་མ་ཡིན་པའི་ལྡོག་ཆོས་ཡིན་པའི་ཕྱིར།    མ་གྲུབ་ན།    རང་ཉིད་ལྡོག་ཆོས་ཆོས་ཅན།    རང་མ་ཡིན་པའི་ལྡོག་ཆོས་ཡིན་པར་ཐལ།    ཁྱོད་གཞི་གྲུབ།    ཁྱོད་ཁྱོད་རང་མ་ཡིན།    ཁྱོད་མ་ཡིན་པ་ཁྱོད་མ་ཡིན།    ཁྱོད་ཀྱི་ལྡོག་པ་རང་མ་ཡིན་པའི་ལྡོག་ཆོས་དང་མི་འགལ་བ་ཡིན་པའི་ཕྱིར།    རྟགས་དང་པོ་སླ།    གཉིས་པ་མ་གྲུབ་ན།    རང་ཉིད་ལྡོག་ཆོས་ཆོས་ཅན།    རང་ཉིད་ལྡོག་ཆོས་མ་ཡིན་པར་ཐལ།    རང་མ་ཡིན་པའི་ལྡོག་ཆོས་ཡིན་པའི་ཕྱིར།    རྟགས་གསུམ་པ་མ་གྲུབ་ན།    རང་ཉིད་ལྡོག་ཆོས་མ་ཡིན་པ་ཆོས་ཅན།    རང་ཉིད་ལྡོག་ཆོས་མ་ཡིན་པར་ཐལ།    རང་ཉིད་ལྡོག་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར།    མ་གྲུབ་ན།    རང་ཉིད་ལྡོག་ཆོས་མ་ཡིན་པ་ཆོས་ཅན།    རང་ཉིད་ལྡོག་ཆོས་ཀྱི་རྫས་མཐུན་ཡིན་པར་ཐལ།    ཁྱོད་གཞི་གྲུབ།    ཁྱོད་ཁྱོད་རང་ཡིན།    ཁྱོད་མ་ཡིན་པ་ཁྱོད་ཡིན།   ཁྱོད་ཀྱི་ལྡོག་པ་རང་ཉིད་ལྡོག་ཆོས་ཀྱི་རྫས་མཐུན་དང་མི་འགལ་བ་ཡིན་པའི་ཕྱིར།    རྟགས་དང་པོ་སླ།    གཉིས་པ་མ་གྲུབ་ན།    རང་ཉིད་ལྡོག་ཆོས་མ་ཡིན་པ་ཆོས་ཅན།    རང་ཉིད་ལྡོག་ཆོས་མ་ཡིན་པ་ཡིན་པར་ཐལ།    རང་ཉིད་ལྡོག་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར༑ རྟགས་གསུམ་པ་མ་གྲུབ་ན།    རང་ཉིད་ལྡོག་ཆོས་མ་ཡིན་པ་མ་ཡིན་པ་རང་ཉིད་ལྡོག་ཆོས་མ་ཡིན་པ་ཡིན་པར་ཐལ།    རང་ཉིད་ལྡོག་ཆོས་ཡིན་པ་རང་ཉིད་ལྡོག་ཆོས་མ་ཡིན་པ་ཡིན་པའི་ཕྱིར།    མ་གྲུབ་ན།    རང་ཉིད་ལྡོག་ཆོས་ཡིན་པ་རང་ཉིད་ལྡོག་ཆོས་མ་ཡིན་པ་ཡིན་པར་ཐལ།    རང་ཉིད་ལྡོག་ཆོས་རང་ཉིད་ལྡོག་ཆོས་མ་ཡིན་པ་ཡིན་པའི་ཕྱིར།    རྟགས་སྔར་གྲུབ་ཟིན།

    ཁ་ཅིག་ན་རེ།    རང་ཉིད་ལྡོག་ཆོས་དང་རང་ཉིད་ལྡོག་ཆོས་ཀྱི་རྫས་མཐུན་གང་རུང་དེ་རང་མ་ཡིན་པའི་ལྡོག་ཆོས་ཡིན་ལ།    རང་ཉིད་ལྡོག་ཆོས་དང་རང་ཉིད་ལྡོག་ཆོས་ཀྱི་རྫས་མཐུན་གང་རུང་མ་ཡིན་པ་དེ་རང་ཉིད་ལྡོག་ཆོས་ཀྱི་རྫས་མཐུན་ཡིན་ཟེར་ན།    འོ་ན།    རང་ཉིད་ལྡོག་ཆོས་དང་རང་ཉིད་ལྡོག་ཆོས་ཀྱི་རྫས་མཐུན་གང་རུང་མ་ཡིན་པ་ཆོས་ཅན།    ཁྱོད་ཁྱོད་རང་ཡིན་པར་ཐལ།    ཁྱོད་རང་ཉིད་ལྡོག་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    རང་ཉིད་ལྡོག་ཆོས་དང་རང་ཉིད་ལྡོག་ཆོས་ཀྱི་རྫས་མཐུན་གང་རུང་མ་ཡིན་པ་ཆོས་ཅན།    ཁྱོད་རང་ཉིད་ལྡོག་ཆོས་དང་རང་ཉིད་ལྡོག་ཆོས་ཀྱི་རྫས་མཐུན་གང་རུང་མ་ཡིན་པ་དེ་མི་འཐད་པར་ཐལ།    ཁྱོད་རང་ཉིད་ལྡོག་ཆོས་དང་རང་ཉིད་ལྡོག་ཆོས་ཀྱི་རྫས་མཐུན་གང་རུང་ཡིན་པའི་ཕྱིར།    མ་གྲུབ་ན།    རང་ཉིད་ལྡོག་ཆོས་དང་རང་ཉིད་ལྡོག་ཆོས་ཀྱི་རྫས་མཐུན་གང་རུང་མ་ཡིན་པ་ཆོས་ཅན།    ཁྱོད་རང་ཉིད་ལྡོག་ཆོས་དང་རང་ཉིད་ལྡོག་ཆོས་ཀྱི་རྫས་མཐུན་གང་རུང་ཡིན་པར་ཐལ།    ཁྱོད་རང་ཉིད་ལྡོག་ཆོས་ཀྱི་རྫས་མཐུན་ཡིན་པའི་ཕྱིར།    རྟགས་ཁས།    དེ་ལ་འདོད་དང་མ་གྲུབ་གང་བྱས་ཀྱང་དངོས་འགལ་ཡིན།    

  རང་གི་ལུགས་ལ།    རང་ཉིད་ལྡོག་ཆོས་དང་རང་ཉིད་ལྡོག་ཆོས་ཀྱི་རྫས་མཐུན་གང་རུང་དེ་རང་མ་ཡིན་པའི་ལྡོག་ཆོས་ཡིན་ལ།    རང་ཉིད་ལྡོག་ཆོས་དང་རང་ཉིད་ལྡོག་ཆོས་ཀྱི་རྫས་མཐུན་གང་རུང་མ་ཡིན་པ་དེ།    རང་ཉིད་ལྡོག་ཆོས་ཀྱི་རྫས་མཐུན་གྱི་རྫས་མཐུན་ཡིན་ཞེས་ཁས་ལེན་པར་བྱའོ།    །

   ཁ་ཅིག་ན་རེ།    ལྡོག་ཆོས་ཕུང་གསུམ་ཙམ་པོ་བ་དེ་རྫས་ལྡོག་གང་རུང་མིན་ཟེར་ན།    ལྡོག་ཆོས་ཕུང་གསུམ་ཙམ་པོ་བ་ཆོས་ཅན།    རྫས་ལྡོག་གང་རུང་ཡིན་པར་ཐལ།    རང་མ་ཡིན་པའི་ལྡོག་ཆོས་ཡིན་པའི་ཕྱིར།    མ་གྲུབ་ན།    ལྡོག་ཆོས་ཕུང་གསུམ་ཙམ་པོ་བ་ཆོས་ཅན།    རང་མ་ཡིན་པའི་ལྡོག་ཆོས་ཡིན་པར་ཐལ།    ཁྱོད་གཞི་གྲུབ།    ཁྱོད་ཁྱོད་རང་མ་ཡིན།    ཁྱོད་མ་ཡིན་པ་ཁྱོད་མ་ཡིན།    ཁྱོད་ཀྱི་ལྡོག་པ་རང་མ་ཡིན་པའི་ལྡོག་ཆོས་དང་མི་འགལ་བ་ཡིན་པའི་ཕྱིར།    རྟགས་དང་པོ་གཉིས་རེ་རེ་ནས་སླ།    རྟགས་གསུམ་པ་མ་གྲུབ་ན།    ལྡོག་ཆོས་ཕུང་གསུམ་ཙམ་པོ་བ་མ་ཡིན་པ་ཆོས་ཅན།    ལྡོག་ཆོས་ཕུང་གསུམ་ཙམ་པོ་བ་མ་ཡིན་པར་ཐལ།    རང་ཉིད་ལྡོག་ཆོས་ཡིན་པའི་ཕྱིར།  

  ཁ་ཅིག་ན་རེ།    བུམ་པའི་སྤྱི་དང་ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་དེ་རྫས་ལྡོག་གང་རུང་མིན་ཟེར་ན།    བུམ་པའི་སྤྱི་དང་ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་ཆོས་ཅན།    རྫས་ལྡོག་གང་རུང་ཡིན་པར་ཐལ།    རང་མ་ཡིན་པའི་ལྡོག་ཆོས་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་པའི་སྤྱི་དང་ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་ཆོས་ཅན།    རང་མ་ཡིན་པའི་ལྡོག་ཆོས་ཡིན་པར་ཐལ།    ཁྱོད་གཞི་གྲུབ།    ཁྱོད་ཁྱོད་རང་མ་ཡིན།    ཁྱོད་མ་ཡིན་པ་ཁྱོད་མ་ཡིན།    ཁྱོད་ཀྱི་ལྡོག་པ་རང་མ་ཡིན་པའི་ལྡོག་ཆོས་དང་མི་འགལ་བ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    བུམ་པའི་སྤྱི་དང་ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་དེ་བུམ་པའི་སྤྱི་དང་ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་མ་ཡིན་པ་དེ་མི་འཐད་པར་ཐལ།    བུམ་པའི་སྤྱི་དང་ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་བུམ་པའི་སྤྱི་དང་ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་པའི་སྤྱི་དང་ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་བུམ་པའི་སྤྱི་དང་ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་ཡིན་པར་ཐལ།    བུམ་པའི་སྤྱི་དང་ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་ཁྱོད་ཁྱོད་རང་མ་ཡིན་པ་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་པའི་སྤྱི་དང་ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་ཁྱོད་ཁྱོད་རང་མ་ཡིན་པ་ཡིན་པར་ཐལ།    བུམ་པའི་སྤྱི་དང་ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་རང་མ་ཡིན་པའི་ལྡོག་ཆོས་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།   

ཁ་ཅིག་ན་རེ།    བུམ་པའི་སྤྱི་དང་ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་ཆོས་ཅན།    ཁྱོད་བུམ་པའི་སྤྱི་དང་ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་ཡིན་པར་ཐལ།    ཁྱོད་ཁྱོད་རང་མ་ཡིན་པ་ཡིན་པའི་ཕྱིར་ཟེར་ན་འདོད་ལྡན་ཐེབས་པ་ཡིན་ཏེ།    རྩི་བའི་ཚེ་ན།    བུམ་སྤྱི་དང་ཁྱོད་ཁྱོད་དང་མ་ཡིན་པ་གང་རུང་བུམ་པའི་སྤྱི་དང་བུམ་པའི་སྤྱི་དང་ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་བུམ་པའི་སྤྱི་དང་ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་མ་ཡིན་པ་གང་རུང་ཡིན་པར་འདོད་ཅེས་རྩི་རིགས་ཞིང་འདོད་ལན་ཐེབས་པ་ཡིན་པའི་ཕྱིར།    དེར་ཐལ།    བུམ་པའི་སྤྱི་དང་ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་བུམ་པའི་སྤྱི་དང་བུམ་པའི་སྤྱི་དང་ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་བུམ་པའི་སྤྱི་དང་།    ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་མ་ཡིན་པ་གང་རུང་ཡིན་པའི་ཕྱིར།

   ཁ་ཅིག་ན་རེ།    རྫས་ཆོས་ཡིན་ན་རྟག་པ་ཡིན་པས་ཁྱབ་ཟེར་ན།    ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན།    རྟག་པ་ཡིན་པར་ཐལ།    རྫས་ཆོས་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན།    རྫས་ཆོས་ཡིན་པར་ཐལ།    རྫས་ཡོད་ཡིན་པའི་ཕྱིར།    མ་གྲུབ་ན།    ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན།    རྫས་ཡོད་ཡིན་པར་ཐལ།    རང་གི་གདུལ་བྱ་རིགས་ཅན་གསུམ་གྱི་དོན་སྒྲུབ་པར་བྱེད་པའི་ཐེག་ཆེན་གྱི་འཕགས་ལམ་ཡིན་པའི་ཕྱིར།    འཆད་པར་བྱེད་པ་ལ།    མངོན་རྟོགས་རྒྱན་ལས༑ འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་ཞེས་གསུངས་པ་ཡིན་པའི་ཕྱིར།    

ཁ་ཅིག་ན་རེ།    བུམ་པའི་སྤྱི་དང་ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་ཁྱོད་ཁྱོད་རང་ཡིན་པར་ཐལ།    བུམ་པའི་སྤྱི་དང་ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་བུམ་པའི་སྤྱི་དང་ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་མ་ཡིན་པའི་ཕྱིར་ན་འདོད་བྱས་པ་ལ།    བུམ་པའི་སྤྱི་དང་ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་ཆོས་ཅན།    རང་མ་ཡིན་པའི་ལྡོག་ཆོས་མ་ཡིན་པར་ཐལ།    ཁྱོད་ཁྱོད་རང་ཡིན་པའི་ཕྱིར་ཟེར་ན་རྟགས་མ་གྲུབ་པ་ཡིན་ཏེ།    རྩི་བའི་ཚེ་ན།    བུམ་པའི་སྤྱི་དང་ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་བུམ་པའི་སྤྱི་དང་ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་ཡིན་པར་རྟགས་མ་གྲུབ་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།   

 དེ་ལ་ཁ་ཅིག་ན་རེ།    ཁྱོད་ཁྱོད་རང་མ་ཡིན་པ་རང་མ་ཡིན་པའི་ལྡོག་ཆོས་ཡིན་ལ་ཁྱོད་ཁྱོད་རང་རྫས་ཆོས་ཡིན་ཟེར་ན།    འོ་ན།    ཁྱོད་ཁྱོད་རང་ཆོས་ཅན།    ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པར་ཐལ།    ཁྱོད་རྫས་ཆོས་ཡིན་པའི་ཕྱིར།    རྟགས་ཁས།    བྱས་པ་ལ་ཁོ་ན་རེ།    ཁྱོད་ཁྱོད་རང་མ་ཡིན་པ་ཁྱོད་ཁྱོད་རང་མ་ཡིན་པ་ཡིན་པར་འདོད་ཟེར་ན།    ཁྱོད་ཁྱོད་རང་མ་ཡིན་པ་ཆོས་ཅན།    རང་མ་ཡིན་པའི་ལྡོག་ཆོས་མ་ཡིན་པར་ཐལ།    ཁྱོད་ཁྱོད་རང་ཡིན་པའི་ཕྱིར།    རྟགས་ཁས།    དེ་ལ་འདོད་དང་མ་གྲུབ་གང་བྱས་ཀྱང་ངོས་འགལ་ཡིན།    

ཁ་ཅིག་ན་རེ།    བུམ་པ་དང་འགལ་བ་དང་འགལ་བ་ཡང་ཡིན།    བུམ་པ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་དེ་རང་ཉིད་ལྡོག་ཆོས་ཡིན་ཟེར་ན།    བུམ་པ་དང་འགལ་བ་དང་འགལ་བ་ཡང་ཡིན།    བུམ་པ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་ཆོས་ཅན།    ཁྱོད་ཁྱོད་རང་ཡིན་པར་ཐལ།    ཁྱོད་རང་ཉིད་ལྡོག་ཆོས་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    བུམ་པ་དང་འགལ་བ་དང་འགལ་བ་ཡང་ཡིན།    བུམ་པ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་ཆོས་ཅན།    ཁྱོད་བུམ་པ་དང་འགལ་བ་དང་འགལ་བ་ཡིན་པར་ཐལ།    ཁྱོད་བུམ་པ་དང་འགལ་བ་དང་འགལ་བ་ཡང་ཡིན།    ཁྱོད་བུམ་པ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    བུམ་པ་དང་འགལ་བ་དང་འགལ་བ་ཡང་ཡིན།    བུམ་པ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་ཆོས་ཅན།    ཁྱོད་བུམ་པ་དང་འགལ་བ་དང་འགལ་བ་མ་ཡིན་པར་ཐལ།    ཁྱོད་ཡང་ཡིན།    བུམ་པ་དང་འགལ་བ་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར།    མ་གྲུབ་ན།    བུམ་པ་དང་འགལ་བ་དང་འགལ་བ་ཡང་ཡིན།    བུམ་པ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་ཆོས་ཅན༑ ཁྱོད་ཡང་ཡིན།    བུམ་པ་དང་འགལ་བ་ཡིན་པའི་གཞི་མཐུན་པ་ཡོད་པར་ཐལ།    བུམ་པ་དང་གཅིག་དང་གཅིག་དེ་ཡིན་པའི་ཕྱིར།    

གཞན་ཡང་།    བུམ་པ་དང་འགལ་བ་དང་འགལ་བ་ཡང་ཡིན།    བུམ་པ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་ཆོས་ཅན།    ཁྱོད་མ་ཡིན་པ་ཁྱོད་ཡིན་པར་ཐལ།    ཁྱོད་རང་ཉིད་ལྡོག་ཆོས་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    བུམ་པ་དང་འགལ་བ་དང་འགལ་བ་ཡང་ཡིན།    བུམ་པ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་མ་ཡིན་པ་ཆོས་ཅན།    ཁྱོད་བུམ་པ་དང་འགལ་བ་དང་འགལ་བ་ཡིན་པར་ཐལ།    ཁྱོད་བུམ་པ་དང་འགལ་བ་དང་འགལ་བ་ཡང་ཡིན།    བུམ་པ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    བུམ་པ་དང་འགལ་བ་དང་འགལ་བ་ཡང་ཡིན།    བུམ་པ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་མ་ཡིན་པ་ཆོས་ཅན།    ཁྱོད་ཡང་ཡིན།    བུམ་པ་དང་འགལ་བ་ཡིན་པའི་གཞི་མཐུན་པ་མེད་པར་ཐལ།    ཁྱོད་བུམ་པ་དང་འགལ་བ་དང་འགལ་བ་ཡིན་པའི་ཕྱིར།    རྟགས་ཁས།    འདོད་མི་ནུས་ཏེ།    ཀྭ་བུམ་གཉིས་དེ་ཡིན་པའི་ཕྱིར།    

ཁ་ཅིག་ན་རེ།    ཡོད་པ་དང་འགལ་བ་དང་འགལ་བ་ཡང་ཡིན༑ ཡོད་པ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་དེ་རང་མ་ཡིན་པའི་ལྡོག་ཆོས་ཡིན་ཟེར་ན།    ཡོད་པ་དང་འགལ་བ་དང་འགལ་བ་ཡང་ཡིན།    ཡོད་པ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་ཆོས་ཅན།    ཁྱོད་ཁྱོད་རང་མ་ཡིན་པར་ཐལ།    ཁྱོད་རང་མ་ཡིན་པའི་ལྡོག་ཆོས་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    ཡོད་པ་དང་འགལ་བ་དང་འགལ་བ་ཡང་ཡིན།    ཡོད་པ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་ཆོས་ཅན།    ཁྱོད་ཡོད་པ་དང་འགལ་བ་དང་འགལ་བ་ཡང་ཡིན།    ཁྱོད་ཡོད་པ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་མ་ཡིན་པ་དེ་མི་འཐད་པ་ཡིན་པར་ཐལ།    ཁྱོད་ཡོད་པ་དང་འགལ་བ་དང་འགལ་བ་ཡང་ཡིན།    ཡོད་པ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་ཡིན་པའི་ཕྱིར།    མ་གྲུབ་ན།    །   ཡོད་པ་དང་འགལ་བ་དང་འགལ་བ་ཡང་ཡིན།    ཡོད་པ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་ཆོས་ཅན་ཁྱོད་ཡོད་པ་དང་འགལ་བ་དང་འགལ་བ་ཡང་ཡིན།    ཁྱོད་ཡོད་པ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ།    ཁྱོད་ཡོད་པ་དང་འགལ་བ་དང་འགལ་བ་ཡིན་པ་གང་ཞིག །   ཡོད་པ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    ཡོད་པ་དང་འགལ་བ་དང་འགལ་བ་ཡང་ཡིན།    ཡོད་པ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་ཆོས་ཅན།    ཁྱོད་ཡོད་པ་དང་འགལ་བ་དང་འགལ་བ་ཡིན་པར་ཐལ།    ཁྱོད་ཡོད་པ་དང་འགལ་བ་དང་ཐ་དད།    ཁྱོད་ཡང་ཡིན།    ཡོད་པ་དང་འགལ་བ་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར།    རྟགས་དང་པོ་སླ།    གཉིས་པ་མ་གྲུབ་ན།    ཡོད་པ་དང་འགལ་བ་དང་འགལ་བ་ཡང་ཡིན།    ཡོད་པ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་ཆོས་ཅན།    ཁྱོད་ཡང་ཡིན།    ཡོད་པ་དང་འགལ་བ་ཡིན་པའི་གཞི་མཐུན་པ་མེད་པར་ཐལ།    ཁྱོད་ཡིན་ན་ཡོད་པ་དང་མི་འགལ་བ་ཡིན་པས་ཁྱབ་པའི་ཕྱིར།    གོང་གི་རྟགས་གཉིས་པ་མ་གྲུབ་ན།    ཡོད་པ་དང་འགལ་བ་དང་འགལ་བ་ཡང་ཡིན།    ཡོད་པ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་ཆོས་ཅན།    ཁྱོད་ཡོད་པ་དང་མི་འགལ་བ་དང་མི་འགལ་བ་ཡིན་པར་ཐལ།    ཁྱོད་ཡང་ཡིན།    ཡོད་པ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར།    མ་གྲུབ་ན།    ཡོད་པ་དང་འགལ་བ་དང་འགལ་བ་ཡང་ཡིན།    ཡོད་པ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་ཆོས་ཅན།    ཁྱོད་ཡང་ཡིན།    ཡོད་པ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་ཡོད་པར་ཐལ།    ཡོད་པ་དང་གཅིག་དེ་ཡིན་པའི་ཕྱིར།    མ་གྲུབ་ན།    ཡོད་པ་དང་གཅིག་ཆོས་ཅན།    ཁྱོད་ཡོད་པ་དང་འགལ་བ་དང་འགལ་བ་ཡང་ཡིན།    ཡོད་པ་དང་མི་འགལ་བ་དང་མི་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡང་ཡིན།    ཡོད་པ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ།    ཁྱོད་ཡོད་པ་དང་འགལ་བ་དང་འགལ་བ་ཡང་ཡིན།    ཡོད་པ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་གཞི་མཐུན་པ་ཡིན་པ་གང་ཞིག །   ཡོད་པ་དང་མི་འགལ་བ་ཡིན་པའི་ཕྱིར།    རྟགས་རེ་རེ་ནས་སླ། 

   ཁ་ཅིག་ན་རེ།    སྤྱིའི་སྤྱི་ཡང་ཡིན།    བྱེ་བྲག་གི་བྱེ་བྲག་ཡིན་པའི་གཞི་མཐུན་པ་དེ་རྫས་ཆོས་ཡིན་ཟེར་ན།    སྤྱིའི་སྤྱི་ཡང་ཡིན།    བྱེ་བྲག་གི་བྱེ་བྲག་ཡིན་པའི་གཞི་མཐུན་པ་ཆོས་ཅན།    ཁྱོད་ཁྱོད་རང་ཡིན་པར་ཐལ།    ཁྱོད་རྫས་ཆོས་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    སྤྱིའི་སྤྱི་ཡང་ཡིན༑ བྱེ་བྲག་གི་བྱེ་བྲག་ཡིན་པའི་གཞི་མཐུན་པ་ཆོས་ཅན།    སྤྱིའི་སྤྱི་ཡིན་པར་ཐལ།    སྤྱིའི་སྤྱི་ཡང་ཡིན།    བྱེ་བྲག་གི་བྱེ་བྲག་ཡིན་པའི་གཞི་མཐུན་པ་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    སྤྱིའི་སྤྱི་ཡང་ཡིན།    བྱེ་བྲག་གི་བྱེ་བྲག་ཡིན་པའི་གཞི་མཐུན་པ་ཆོས་ཅན།   སྤྱི་ཁྱོད་ཀྱི་བྱེ་བྲག་ཡིན་པར་ཐལ།    ཁྱོད་སྤྱིའི་སྤྱི་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    སྤྱི་ཆོས་ཅན།    ཁྱོད་སྤྱིའི་སྤྱི་ཡང་ཡིན།    བྱེ་བྲག་གི་བྱེ་བྲག་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ།    ཁྱོད་སྤྱིའི་སྤྱི་ཡང་ཡིན།    བྱེ་བྲག་གི་བྱེ་བྲག་ཡིན་པའི་གཞི་མཐུན་བའི་བྱེ་བྲག་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    སྤྱི་ཆོས་ཅན།    སྤྱིའི་སྤྱི་ཡིན་པར་ཐལ།    སྤྱིའི་སྤྱི་ཡང་ཡིན།    བྱེ་བྲག་གི་བྱེ་བྲག་ཡིན་པའི་གཞི་མཐུན་པ་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    སྤྱི་ཆོས་ཅན།    ཁྱོད་ཁྱོད་ཀྱི་སྤྱི་མ་ཡིན་པར་ཐལ།    ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར།  

  གཞན་ཡང་།    སྤྱིའི་སྤྱི་ཡང་ཡིན།    བྱེ་བྲག་གི་བྱེ་བྲག་ཡིན་པའི་གཞི་མཐུན་པ་ཆོས་ཅན།    ཁྱོད་མ་ཡིན་པ་ཁྱོད་མ་ཡིན་པར་ཐལ།    ཁྱོད་རྫས་ཆོས་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    སྤྱིའི་སྤྱི་ཡང་ཡིན།    བྱེ་བྲག་གི་བྱེ་བྲག་ཡིན་པའི་གཞི་མཐུན་པ་མ་ཡིན་པ་ཆོས་ཅན།    ཁྱོད་སྤྱིའི་སྤྱི་ཡང་ཡིན།    བྱེ་བྲག་གི་བྱེ་བྲག་ཡིན་པའི་གཞི་མཐུན་པ་མ་ཡིན་པ་དེ་མི་འཐད་པར་ཐལ།    ཁྱོད་སྤྱིའི་སྤྱི་ཡང་ཡིན།    བྱེ་བྲག་གི་བྱེ་བྲག་ཡིན་པའི་གཞི་མཐུན་པ་ཡིན་པའི་ཕྱིར།    མ་གྲུབ་ན།    སྤྱིའི་སྤྱི་ཡང་ཡིན།    བྱེ་བྲག་གི་བྱེ་བྲག་ཡིན་པའི་གཞི་མཐུན་པ་མ་ཡིན་པ་ཆོས་ཅན།    ཁྱོད་སྤྱིའི་སྤྱི་ཡང་ཡིན།    བྱེ་བྲག་གི་བྱེ་བྲག་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ།    ཁྱོད་སྤྱིའི་སྤྱི་ཡིན་པ་གང་ཞིག །   བྱེ་བྲག་གི་བྱེ་བྲག་ཡིན་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    སྤྱིའི་སྤྱི་ཡང་ཡིན།   བྱེ་བྲག་གི་བྱེ་བྲག་ཡིན་པའི་གཞི་མཐུན་པ་མ་ཡིན་པ་ཆོས་ཅན།    ཁྱོད་སྤྱིའི་སྤྱི་ཡིན་པར་ཐལ།    སྤྱི་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར།    མ་གྲུབ་ན།    སྤྱི་ཆོས་ཅན།    ཁྱོད་སྤྱིའི་སྤྱི་ཡང་ཡིན།    བྱེ་བྲག་གི་བྱེ་བྲག་ཡིན་པའི་གཞི་མཐུན་པ་མ་ཡིན་པའི་བྱེ་བྲག་ཡིན་པར་ཐལ།   ཁྱོད་དེ་འདྲའི་གཞི་མཐུན་པ་མ་ཡིན་པ་ཡིན།    ཁྱོད་དེ་འདྲ་བའི་གཞི་མཐུན་པ་མ་ཡིན་པ་དང་བདག་གཅིག་ཏུ་འབྲེལ།    ཁྱོད་མ་ཡིན་ཞིང་སྤྱིའི་སྤྱི་ཡང་ཡིན།    བྱེ་བྲག་གི་བྱེ་བྲག་ཡིན་པའི་གཞི་མཐུན་པ་མ་ཡིན་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར།    རྟགས་དང་པོ་གཉིས་རེ་རེ་ནས་སླ།    རྟགས་གསུམ་པ་མ་གྲུབ་ན།    སྤྱི་ཆོས་ཅན།    ཁྱོད་མ་ཡིན་ཞིང་སྤྱིའི་སྤྱི་ཡང་ཡིན།    བྱེ་བྲག་གི་བྱེ་བྲག་ཡིན་པའི་གཞི་མཐུན་པ་མ་ཡིན་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ།    ཀྭ་བུམ་གཉིས་དེ་ཡང་དེ་ཡིན།    རྟག་དངོས་གཉིས་དེ་ཡང་དེ་ཡིན་པའི་ཕྱིར།  

  ཁ་ཅིག་ན་རེ།    རྟག་པའི་སྤྱིའི་བྱེ་བྲག་ཡང་ཡིན།    དངོས་པོའི་སྤྱིའི་བྱེ་བྲག་ཡིན་པའི་གཞི་མཐུན་པ་དེ་རང་ཉིད་ལྡོག་ཆོས་ཡིན་ཟེར་ན།    རྟག་པའི་སྤྱིའི་བྱེ་བྲག་ཡང་ཡིན།    དངོས་པོའི་སྤྱིའི་བྱེ་བྲག་ཡིན་པའི་གཞི་མཐུན་པ་ཆོས་ཅན།    ཁྱོད་ཁྱོད་རང་ཡིན་པར་ཐལ།    ཁྱོད་རང་ཉིད་ལྡོག་ཆོས་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    རྟག་པའི་སྤྱིའི་བྱེ་བྲག་ཡང་ཡིན།    དངོས་པོའི་སྤྱིའི་བྱེ་བྲག་ཡིན་པའི་གཞི་མཐུན་པ་ཆོས་ཅན།    དངོས་པོའི་སྤྱིའི་བྱེ་བྲགཡིན་པར་ཐལ།    རྟག་པའི་སྤྱིའི་བྱེ་བྲག་ཡང་ཡིན།    དངོས་པོའི་སྤྱིའི་བྱེ་བྲག་ཡིན་པའི་གཞི་མཐུན་པ་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    རྟག་པའི་སྤྱིའི་བྱེ་བྲག་ཡང་ཡིན།    དངོས་པོའི་སྤྱིའི་བྱེ་བྲག་ཡིན་པའི་གཞི་མཐུན་པ་ཆོས་ཅན།    དངོས་པོའི་སྤྱིའི་བྱེ་བྲག་མ་ཡིན་པར་ཐལ།    དངོས་པོའི་སྤྱི་མ་ཡིན་པའི་ཕྱིར།    མ་གྲུབ་ན།    རྟག་པའི་སྤྱིའི་བྱེ་བྲག་ཡང་ཡིན།    དངོས་པོའི་སྤྱིའི་བྱེ་བྲག་ཡིན་པའི་གཞི་མཐུན་པ་ཆོས་ཅན།    དངོས་པོའི་སྤྱི་མ་ཡིན་པར་ཐལ།    དངོས་པོ་ཁྱོད་ཀྱི་བྱེ་བྲག་མ་ཡིན་པའི་ཕྱིར།    མ་གྲུབ་ན།   དངོས་པོ་ཆོས་ཅན།    ཁྱོད་རྟག་པའི་སྤྱིའི་བྱེ་བྲག་ཡང་ཡིན།    དངོས་པོའི་སྤྱིའི་བྱེ་བྲག་ཡིན་པའི་གཞི་མཐུན་པའི་བྱེ་བྲག་མ་ཡིན་པར་ཐལ།    ཁྱོད་རྟག་པའི་སྤྱིའི་བྱེ་བྲག་ཡང་ཡིན།    དངོས་པོའི་སྤྱིའི་བྱེ་བྲག་ཡིན་པའི་གཞི་མཐུན་པ་མ་ཡིན་པའི་ཕྱིར།    རྟགས་སླ།   ། 

                                                                                                                                                                                                                     རྩོམ་སྒྲིག་པ།  བློ་བཟང་བཀྲ་ཤིས།

བརྒྱུད་འགོད།
0