བསེ་བསྡུས་ལས་ཁྱབ་མཐའ་འགོད་ཚུལ་གྱི་རྣམ་བཞག

སྤེལ་དུས།  2021-09-19   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  བསེ་ངག་དབང་བཀྲ་ཤིས།   ཀློག་གྲངས།  

   ཁྱབ་མཐའ་འགོད་ཚུལ་གྱི་རྣམ་བཞག་བཤད་པ་ལ།  

       ཁ་ཅིག་ན་རེ།    ཀྭ་བུམ་གཉིས་ཡིན་ན།    ཀྭ་བུམ་གཉིས་ཡིན་པས་ཁྱབ་ན།    ཀྭ་བུམ་གཉིས་ཡིན་པས་ཁྱབ་ཟེར་ན།    རི་བོང་རྭ་ཆོས་ཅན།    ཀྭ་བུམ་གཉིས་ཡིན་པར་ཐལ།    ཀྭ་བུམ་གཉིས་ཡིན་ན།    ཀྭ་བུམ་གཉིས་ཡིན་པས་ཁྱབ་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    རི་བོང་རྭ་ཆོས་ཅན།    ཀྭ་བུམ་གཉིས་ཡིན་ན།    ཀྭ་བུམ་གཉིས་ཡིན་པས་ཁྱབ་པར་ཐལ།    ཀྭ་བུམ་གཉིས་ཡིན་ན་གང་དྲན་དྲན་ཡིན་པས་ཁྱབ་པའི་ཕྱིར།    མ་གྲུབ་ན།    རི་བོང་རྭ་ཆོས་ཅན།    ཀྭ་བུམ་གཉིས་ཡིན་ན་གང་དྲན་དྲན་ཡིན་པས་ཁྱབ་པར་ཐལ།    གང་ཟག་གི་བདག་མེད་ཡིན་པའི་ཕྱིར།    རྩ་བར་འདོད་ན།    རི་བོང་རྭ་ཆོས་ཅན།    ཀྭ་བུམ་གཉིས་མ་ཡིན་པར་ཐལ།    གང་ཟག་གི་བདག་མེད་ཡིན་པའི་ཕྱིར།   

 ཁ་ཅིག་ན་རེ།    ཡོད་མེད་གང་རུང་ཡིན་ན།    ཡོད་མེད་གང་རུང་ཡིན་ན་ཡོད་པ་ཡིན་པས་ཁྱབ་ཟེར་ན།    རི་བོང་རྭ་ཆོས་ཅན།    ཡོད་པ་ཡིན་པར་ཐལ།    ཡོད་མེད་གང་རུང་ཡིན་ན།    ཡོད་མེད་གང་རུང་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    རི་བོང་རྭ་ཆོས་ཅན།    ཡོད་མེད་གང་རུང་ཡིན་ན།    ཡོད་མེད་གང་རུང་ཡིན་པར་ཐལ།    ཡོད་མེད་གང་རུང་ཡིན་ན།    ཡོད་མེད་གང་རུང་ཡིན་པས་ཁྱབ་པའི་ཕྱིར།    མ་གྲུབ་ན།    ཡོད་མེད་གང་རུང་ཆོས་ཅན།    ཁྱོད་ཡིན་ན་ཁྱོད་ཡིན་པས་ཁྱབ་པར་ཐལ༑ ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར།    རྩ་བར་འདོད་མི་ནུས་ཏེ།    མེད་པ་ཡིན་པའི་ཕྱིར།   

 ཁ་ཅིག་ན་རེ།    ཡོད་མེད་གང་རུང་ཡིན་ན་ཡོད་མེད་གང་རུང་མ་ཡིན་པར་ཐལ།    ཡོད་མེད་གང་རུང་ཡིན་ན་ཡོད་པ་མ་ཡིན་པ་གང་ཞིག །   ཡོད་མེད་གང་རུང་ཡིན་ན་མེད་པ་མ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    འོ་ན།    ཁྱོད་རང་ལ་ཡོད་མེད་གང་རུང་ཡིན་ན།    ཡོད་མེད་གང་རུང་ཡིན་པས་མ་ཁྱབ་པར་ཐལ།    ཡོད་མེད་གང་རུང་ཡིན་ན་ཡོད་པ་ཡིན་པས་མ་ཁྱབ་པ་གང་ཞིག །   ཡོད་མེད་གང་རུང་ཡིན་ན་མེད་པ་ཡིན་པས་མ་ཁྱབ་པའི་ཕྱིར།    ཁྱབ་པ་འགྲིག །  

 ཁ་ཅིག་ན་རེ།    ཡོད་མེད་གང་རུང་ཡིན་ན།    མེད་པ་ཡིན་ཟེར་ན།    ཡོད་མེད་གང་རུང་ཡིན་ན་མེ་དང་ཡིན་དགོས་པར་ཐལ།    ཡོད་མེད་གང་རུང་ཡིན་ན་མེད་པ་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    བུམ་པ་ཆོས་ཅན།    མེད་པ་ཡིན་པར་ཐལ།    ཡོད་མེད་གང་རུང་ཡིན་པའི་ཕྱིར།    ཁྱབ་པ་ཁས།   

 ཁ་ཅིག་ན་རེ།    རི་བོང་རྭ་ཡིན་ན།    གང་དྲན་དྲན་ཡིན་པར་ཐལ།    རི་བོང་རྭ་ཡིན་ན།    གང་དྲན་དྲན་ཡིན་པས་ཁྱབ་པའི་ཕྱིར།    ཁྱབ་པ་ཁས་ཟེར་ན།    འདོད་བྱས་པ་ལ།    རི་བོང་རྭ་ཡིན་ན་ཆོས་ཅན།    གང་དྲན་དྲན་མ་ཡིན་པར་ཐལ།    གང་ཟག་གི་བདག་མེད་ཡིན་པའི་ཕྱིར་ཟེར་ན།    འདོད་བྱས་པ་ལ།    དངོས་འགལ་དུ་འགྲོ་ཟེར་ན།    མི་འགྲོ་སྟེ།    རི་བོང་རྭ་ཡིན་ན་གང་དྲན་དྲན་ཡིན་པར་ཁས་བླངས་པས་རི་བོང་རྭ་ཡིན་ན་གང་དྲན་དྲན་མ་ཡིན་པར་ཁས་བླངས་ཆོག་པ་ཡིན་པའི་ཕྱིར།    དེར་ཐལ།    གང་དྲན་དྲན་བྱས་པའི་དོན་འཇོག་ཚུལ་ཡོད་པའི་ཕྱིར།  

  ཁ་ཅིག་ན་རེ།    དུས་དང་རྣམ་པ་ཐམས་ཅད་དུ་ཡོད་མེད་གང་རུང་ཡིན་ན།    དུས་དང་རྣམ་པ་ཐམས་ཅད་དུ་ཡོད་པ་ཡིན་པས་ཁྱབ་ཟེར་ན།    བུམ་པ་ཆོས་ཅན།    དུས་དང་རྣམ་པ་ཐམས་ཅད་དུ་ཡོད་པ་ཡིན་པར་ཐལ།    དུས་དང་རྣམ་པར་ཐམས་ཅད་དུ་ཡོད་མེད་གང་རུང་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    བུམ་པ་ཆོས་ཅན།    དུས་དང་རྣམ་པ་ཐམས་ཅད་དུ་ཡོད་མེད་གང་རུང་ཡིན་པར་ཐལ།    ཁྱོད་ཡོད་མེད་གང་རུང་མ་ཡིན་པའི་དུས་དང་རྣམ་པ་ཐམས་ཅད་མི་སྲིད་པའི་ཕྱིར།    མ་གྲུབ་ན།    བུམ་པ་ཡོད་མེད་གང་རུང་མ་ཡིན་པའི་དུས་དང་རྣམ་པ་ཐམས་ཅད་མི་གྲིད་པར་ཐལ།    བུམ་པ་ཡོད་མེད་གང་རུང་མ་ཡིན་པའི་དུས་མི་སྲིད་པའི་ཕྱིར།    མ་གྲུབ་ན།    བུམ་པ་ཡོད་མེད་གང་རུང་མ་ཡིན་པའི་དུས་མི་སྲིད་པར་ཐལ།    དུས་ཡིན་ན།    བུམ་པ་ཡོད་མེད་གང་རུང་གི་དུས་ཡིན་པས་ཁྱབ་པའི་ཕྱིར།    རྩ་བར་འདོད་ན།    བུམ་པ་ཆོས་ཅན།    དུས་དང་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་པར་ཐལ།    དུས་ཐམས་ཅད་དུ་ཡོད་པ་མ་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་པ་ཆོས་ཅན།    དུས་ཐམས་ཅད་དུ་ཡོད་པ་མ་ཡིན་པར་ཐལ།    རང་གི་རྒྱུ་དུས་སུ་ཡོད་པ་མ་ཡིན།    རང་གི་འབྲས་བུའི་དུས་སུ་ཡོད་པ་མ་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་པ་ཆོས་ཅན།    ཁྱོད་རང་གི་རྒྱུ་དུས་དང་རང་གི་འབྲས་དུས་རེ་རེའི་ཚེ་ཡོད་པ་མ་ཡིན་པར་ཐལ།    ཁྱོད་དངོས་པོ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    བུམ་པ་ཆོས་ཅན།   དུས་དང་རྣམ་པ་ཐམས་ཅད་དུ་མེད་པ་ཡིན་པར་ཐལ།    དུས་དང་རྣམ་པ་ཐམས་ཅད་དུ་ཡོད་མེད་གང་རུང་ཡིན་པ་གང་ཞིག །   དུས་དང་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    རྟགས་དང་པོ་མ་གྲུབ་ན།    བུམ་པ་ཆོས་ཅན།    དུས་དང་རྣམ་པ་ཐམས་ཅད་དུ་ཡོད་མེད་གང་རུང་ཡིན་པར་ཐལ།    ཡོད་མེད་གང་རུང་ཡིན་པའི་ཕྱིར།    རྩ་བར་འདོད་ན།    བུམ་པ་ཆོས་ཅན།    དུས་དང་རྣམ་པ་ཐམས་ཅད་དུ་མེད་པ་མ་ཡིན་པར་ཐལ།    དུས་ཐམས་ཅད་དུ་མེད་པ་མ་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་པ་ཆོས་ཅན།    དུས་ཐམས་ཅད་དུ་མེད་པ་མ་ཡིན་པར་ཐལ།    རང་དུས་སུ་༈ མེད་པ་མ་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་པ་ཆོས་ཅན།    རང་དུས་སུ་མེད་པ་མ་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར།   །    

  རང་གི་ལུགས་ལ།    ཡོད་པ་ཡིན་ན་རྟག་དངོས་གང་རུང་ཡིན་པས་ཁྱབ་ཅེས་པ་དང་།    ཡོད་པ་ཡིན་ན་རྟག་དངོས་གང་རུང་ཡིན་དགོས་ཞེས་པ་དང་།    ཡོད་པ་ཡིན་ན་རྟག་དངོས་གང་རུང་ཡིན་ཞེས་པ་རྣམས་ལ་ཁྱད་པར་མེད་དེ།    ཁྱབ་མཐའི་མིང་གི་རྣམ་གྲངས་ཡིན་པའི་ཕྱིར།   །    

 དེ་ལ་རྩོད་པ་སྤོང་པ་ལ།    ཁ་ཅིག་ན་རེ།    ཡོད་པ་ཡིན་ན།    རྟག་དངོས་གང་རུང་ཡིན་པར་ཐལ།    ཡོད་པ་ཡིན་ན་རྟག་དངོས་གང་རུང་ཡིན་པས་ཁྱབ་པ་གང་ཞིག །   དེ་གཉིས་ཁྱབ་མཐའི་མིང་གི་རྣམ་གྲངས་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    ཡོད་པ་ཡིན་ན་ཆོས་ཅན།    རྟག་དངོས་གང་རུང་མ་ཡིན་པར་ཐལ།   རྟག་པ་མ་ཡིན་པ་གང་ཞིག །   དངོས་པོ་མ་ཡིན་པའི་ཕྱིར་ཟེར་ན་དེ་ལ་རྩོད་གཞི་སྐྱོན་ཅན་གྱི་ལན་འདེབས་པ་ཡིན་པའི་ཕྱིར།   །   

                                                                                                                                                                                           རྩོམ་སྒྲིག་པ།  བློ་བཟང་བཀྲ་ཤིས།

བརྒྱུད་འགོད།
0