བསེ་བསྡུས་ལསཁྱབ་པ་སྒོ་བརྒྱད་ཀྱི་རྣམ་བཞག་

སྤེལ་དུས།  2021-09-19   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  བསེ་ངག་དབང་བཀྲ་ཤིས།   ཀློག་གྲངས།  

ཁྱབ་པ་སྒོ་བརྒྱད་ཀྱི་རྣམ་བཞག་བཤད་པ་ལ། 

       ཁ་ཅིག་ན་རེ།    ཐལ་འགྱུར་དེའི་རྗེས་ཁྱབ་རྣལ་མ་ངེས་ན།    ཐལ་འགྱུར་དེའི་འགལ་ཁྱབ་རྣལ་མ་ངེས་པས་ཁྱབ་ཟེར་ན།    ཤེས་བྱ་ཆོས་ཅན།    ཀྭ་བུམ་གཉིས་ཡིན་པར་ཐལ།    རྟག་དངོས་གཉིས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་འགལ་ཁྱབ་རྩལ་མ་མ་ངེས་པར་ཐལ།    ཁྱོད་ཀྱི་རྗེས་ཁྱབ་རྣལ་མ་ངེས་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    ཤེས་བྱ་ཆོས་ཅན།    ཀྭ་བུམ་གཉིས་ཡིན་པར་ཐལ།    རྟག་དངོས་གཉིས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་རྗེས་ཁྱབ་རྣལ་མ་ངེས་པར་ཐལ།    ཁྱོད་ཀྱི་རྗེས་ཁྱབ་གློང་བའི་ཚེ་ན།    རྟག་དངོས་གཉིས་ཡིན་ན།    ཀྭ་བུམ་གཉིས་ཡིན་པས་ཁྱབ་པ་གློང་རིགས་པ་གང་ཞིག །   རྟག་དངོས་གཉིས་ཡིན་ན།    ཀྭ་བུམ་གཉིས་ཡིན་པས་ཁྱབ་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    ཤེས་བྱ་ཆོས་ཅན།    ཀྭ་བུམ་གཉིས་ཡིན་པར་ཐལ།    རྟག་དངོས་གཉིས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་རྗེས་ཁྱབ་གློང་བའི་ཚེ་ན།    རྟག་དངོས་གཉིས་ཡིན་ན།    ཀྭ་བུམ་གཉིས་ཡིན་པས་ཁྱབ་པ་གློང་རིགས་པར་ཐལ།    ཁྱོད་ཀྭ་བུམ་གཉིས་ཀྱིས་གསལ་བ།    རྟག་དངོས་གཉིས་ཀྱིས་རྟགས་བྱས་པའི་རྟགས་གསལ་གཉིས་ཀ་དང་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    ཐལ་འགྱུར་གང་དང་གང་གི་རྗེས་ཁྱབ་གློང་བའི་ཚེ་ན་རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་པ་ཀློང་རིགས་པ་ཡིན་པའི་ཕྱིར།    རྩ་བར་འདོད་ན།    ཤེས་བྱ་ཆོས་ཅན།    ཀྭ་བུམ་གཉིས་ཡིན་པར་ཐལ།    རྟག་དངོས་གཉིས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་འགལ་ཁྱབ་རྣལ་མ་ངེས་པར་ཐལ།    ཁྱོད་ཀྱི་འགལ་ཁྱབ་ཀློང་བའི་ཚེ་ན།    རྟག་དངོས་གཉིས་ཡིན་ན་ཀྭ་བུམ་གཉིས་མ་ཡིན་པས་ཁྱབ་པ་ཀློང་རིགས་པ་གང་ཞིག །   རྟག་དངོས་གཉིས་ཡིན་ན་ཀྭ་བུམ་གཉིས་མ་ཡིན་པས་ཁྱབ་པའི་ཕྱིར།

    ཁ་ཅིག་ན་རེ།    ཐལ་འགྱུར་དེའི་རྗེས་ཁྱབ་རྣལ་མ་ངེས་ན།    ཐལ་འགྱུར་དེའི་ལྡོག་ཁྱབ་རྣལ་མ་ངེས་པས་ཁྱབ་ཟེར་ན།    རྟག་པ་ཡིན་པར་ཐལ།    ཡོད་པ་གང་ཞིག །   དངོས་པོ་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་ལྡོག་ཁྱབ་རྣལ་མ་ངེས་པར་ཐལ།    ཁྱོད་ཀྱི་རྗེས་ཁྱབ་རྣལ་མ་ངེས་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    རྟག་པ་ཡིན་པར་ཐལ།    ཡོད་པ་གང་ཞིག །   དངོས་པོ་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་རྗེས་ཁྱབ་རྣལ་མ་ངེས་པར་ཐལ།    ཁྱོད་ཀྱི་རྗེས་ཁྱབ་ཀློང་བའི་ཚེ་ན་ཡོད་པ་གང་ཞིག །   དངོས་པོ་མ་ཡིན་ན།    རྟག་པ་ཡིན་པས་ཁྱབ་པ་ཀློང་རིགས་པ་གང་ཞིག །   ཡོད་པ་གང་ཞིག །   དངོས་པོ་མ་ཡིན་ན།    རྟག་པ་ཡིན་པས་ཁྱབ་པའི་ཕྱིར།    རྟགས་དང་པོ་སླ།    གཉིས་པ་མ་གྲུབ་ན།    ཡོད་པ་གང་ཞིག །   དངོས་པོ་མ་ཡིན་ན།    རྟག་པ་ཡིན་པས་ཁྱབ་པར་ཐལ།    ཡོད་པ་ལ་རྟག་དངོས་གཉིས་སུ་གྲངས་ངེས་ཤིང་དེ་གཉིས་གང་རུང་མ་ཡིན་པའི་ཕུང་གསུམ་མི་སྲིད་པ་ཡིན་པའི་ཕྱིར།    དེར་ཐལ།    ཡོད་པ་ཡིན་ན།   རྟག་དངོས་གང་རུང་ཡིན་པས་ཁྱབ་པའི་ཕྱིར།    རྩ་བར་འདོད་ན།    རྟག་པ་ཡིན་པར་ཐལ།    ཡོད་པ་གང་ཞིག །   དངོས་པོ་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་ལྡོག་ཁྱབ་རྣལ་མ་མ་ངེས་པར་ཐལ།    ཁྱོད་ཀྱི་ལྡོག་ཁྱབ་ཀློང་བའི་ཚེ་ན།    རྟག་པ་མ་ཡིན་ན།    ཡོད་པ་གང་ཞིག །   དངོས་པོ་མ་ཡིན་པ་མ་ཡིན་པས་ཁྱབ་པ་ཀློང་རིགས་པ་གང་ཞིག །   རྟག་པ་མ་ཡིན་ན་ཡོད་པ་གང་ཞིག །   དངོས་པོ་མ་ཡིན་པ་མ་ཡིན་པས་མ་ཁྱབ་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    རྟག་པ་ཡིན་པར་ཐལ།    ཡོད་པ་གང་ཞིག །   དངོས་པོ་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་ལྡོག་ཁྱབ་ཀློང་བའི་ཚེ་ན་རྟག་པ་མ་ཡིན་ན་ཡོད་པ་གང་ཞིག །   དངོས་པོ་མ་ཡིན་པ་མ་ཡིན་པས་ཁྱབ་པ་ཀློང་རིགས་པར་ཐལ།    ཁྱོད་རྟག་པས་གསལ་བ་ཡོད་པ་གང་ཞིག །   དངོས་པོ་མ་ཡིན་པས་རྟགས་བྱས་པའི་ཐལ་འགྱོར་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    ཐལ་འགྱུར་གང་དང་གང་གི་ལྡོག་ཁྱབ་ཀློང་བའི་ཚེ་ན་གསལ་བ་དེ་མ་ཡིན་ན།    རྟགས་དེ་མ་ཡིན་པས་ཁྱབ་པ་ཀློང་དགོས་པའི་ཕྱིར།    རྟགས་གཉིས་པ་མ་གྲུབ་ན།    རི་བོང་རྭ་ཆོས་ཅན།    ཡོད་པ་གང་ཞིག །   དངོས་པོ་མ་ཡིན་པ་མ་ཡིན་པར་ཐལ།    རྟག་པ་མ་ཡིན་པའི་ཕྱིར།    ཁྱབ་པ་ཁས།    འདོད་ན།    རི་བོང་རྭ་ཆོས་ཅན།    ཡོད་པ་གང་ཞིག །   དངོས་པོ་ཡིན་པར་ཐལ།    ཡོད་པ་གང་ཞིག །   དངོས་པོ་མ་ཡིན་པ་མ་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    རི་བོང་རྭ་ཆོས་ཅན།    ཡོད་པ་དང་དངོས་པོ་གཉིས་ཀ་ཡིན་པར་ཐལ།    ཡོད་པ་གང་ཞིག །   དངོས་པོ་ཡིན་པའི་ཕྱིར།    རྟགས་ཁས།    འདོད་མི་ནུས་ཏེ།    མེད་པ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    ཐལ་འགྱུར་དེའི་ཐུར་ཁྱབ་རྣལ་མ་ངེས་པའི་ཐུར་ཁྱབ་རྣལ་མ་ངེས་ན་ཐལ་འགྱུར་དེའི་ཐུར་ཁྱབ་རྣལ་མ་ངེས་པ་ཁྱབ་ཟེར་ན།    སྒྲ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    གཟུགས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་ཐུར་ཁྱབ་རྣལ་མ་ངེས་པར་ཐལ།   ཁྱོད་ཀྱི་ཐུར་ཁྱབ་རྣལ་མ་ངེས་པའི་ཐུར་ཁྱབ་རྣལ་མ་ངེས་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    སྒྲ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    གཟུགས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་ཐུར་ཁྱབ་རྣལ་མ་ངེས་པའི་ཐུར་ཁྱབ་རྣལ་མ་ངེས་པར་ཐལ།    ཁྱོད་ཀྱི་ཐུར་ཁྱབ་ཀློང་པའི་ཚེ་ན་དངོས་པོ་ཡིན་ན་གཟུགས་ཡིན་པས་ཁྱབ་པ།    གཟུགས་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་ཐུར་ཁྱབ་ཀོང་བའི་ཚེ་ན་གཟུགས་ཡིན་ན་དངོས་པོ་ཡིན་པས་ཁྱབ་པ་ཀློང་རིགས་པ་གང་ཞིག །   གཟུགས་ཡིན་ན་དངོས་པོ་ཡིན་པས་ཁྱབ་པའི་ཕྱིར།    རྩ་བར་འདོད་ན།    སྒྲ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    གཟུགས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་ཐུར་ཁྱབ་རྣལ་མ་མ་ངེས་པར་ཐལ།    ཁྱོད་ཀྱི་ཐུར་ཁྱབ་ཀློང་བའི་ཚེ་ན།    དངོས་པོ་ཡིན་ན་གཟུགས་ཡིན་པས་ཁྱབ་པ་ཀློང་རིགས་པ་གང་ཞིག །   དངོས་པོ་ཡིན་ན་གཟུགས་ཡིན་པས་མ་ཁྱབ་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    སྒྲ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    གཟུགས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་ཐུར་ཁྱབ་ཀློང་བའི་ཚེ་ན་དངོས་པོ་ཡིན་ན་གཟུགས་ཡིན་པས་ཁྱབ་པ་ཀློང་རིགས་པར་ཐལ།    ཁྱོད་དངོས་པོས་གསལ་བ་དང་གཟུགས་ཀྱིས་རྟགས་བྱས་པའི་རྟགས་གསལ་གཉིས་ཀ་དང་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    རྟགས་གསལ་གཉིས་ཀ་དང་ལྡན་པའི་ཐལ་འགྱུར་གང་དང་གང་གི་ཐུར་ཁྱབ་ཀློང་བའི་ཚེ་ན་གསལ་བ་དེ་ཡིན་ན།    རྟགས་དེ་ཡིན་པས་ཁྱབ་པ་ཀློང་དགོས་པའི་ཕྱིར།

    ཁ་ཅིག་ན་རེ།    ཐལ་འགྱུར་དེའི་འགལ་ཁྱབ་རྣལ་མ་ངེས་པའི་ཐུར་ཁྱབ་རྣལ་མ་ངེས་ན་ཐལ་འགྱུར་དེའི་ཐུར་ཁྱབ་རྣལ་མ་ངེས་པས་ཁྱབ་ཟེར་ན།    མེད་པ་ཡིན་པར་ཐལ།    ཡོད་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་ཐུར་ཁྱབ་རྣལ་མ་ངེས་པར་ཐལ།    ཁྱོད་ཀྱི་འགལ་ཁྱབ་རྣལ་མ་ངེས་པའི་ཐུར་ཁྱབ་རྣལ་མ་ངེས་པའི་ཕྱིར༑ ཁྱབ་པ་ཁས།    མ་གྲུབ་ན།    མེད་པ་ཡིན་པར་ཐལ།    ཡོད་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་འགལ་ཁྱབ་རྣལ་མ་ངེས་པའི་ཐུར་ཁྱབ་རྣལ་མ་ངེས་པར་ཐལ།    ཁྱོད་ཀྱི་འགལ་ཁྱབ་ཀློང་བའི་ཚེ་ན་ཡོད་པ་ཡིན་ན་མེད་པ་མ་ཡིན་པས་ཁྱབ་པ།    མེད་པ་མ་ཡིན་པར་ཐལ།    ཡོད་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་ཐུར་ཁྱབ་ཀློང་བའི་ཚེ་ན་མེད་པ་མ་ཡིན་ན་ཡོད་པ་ཡིན་པས་ཁྱབ་པ་ཀློང་རིགས་པ་གང་ཞིག །   མེད་པ་མ་ཡིན་ན་ཡོད་པ་ཡིན་པས་ཁྱབ་པའི་ཕྱིར།    རྩ་བར་འདོད་ན།    མེད་པ་ཡིན་པར་ཐལ།    ཡོད་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་ཐུར་ཁྱབ་རྣལ་མ་མ་ངེས་པར་ཐལ།    ཁྱོད་ཀྱི་ཐུར་ཁྱབ་ཀློང་བའི་ཚེ་ན་མེད་པ་ཡིན་ན་ཡོད་པ་ཡིན་པ་ཁྱབ་པ་ཀློང་རིགས་པ་གང་ཞིག །   མེད་པ་ཡིན་ན་ཡོད་པ་ཡིན་པས་མ་ཁྱབ་པའི་ཕྱིར།   ། 

                                                                                                                                                                            རྩོམ་སྒྲིག་པ།   བློ་བཟང་བཀྲ་ཤིས།

བརྒྱུད་འགོད།
0