​ བསེ་བསྡུས་ལས་ཁས་ལེན་སོང་ཚུལ་གྱི་རྣམ་བཞག

སྤེལ་དུས།  2021-09-20   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  བསེ་ངག་དབང་བཀྲ་ཤིས།   ཀློག་གྲངས།  

  ཁས་ལེན་སོང་ཚུལ་གྱི་རྣམ་བཞག་བཤད་པ་ལ།

        ཁ་ཅིག་ན་རེ།    རྟག་དངོས་གཉིས་ཀྱི་ནང་ནས་དངོས་པོ་ཡིན་པར་ཁས་ལེན་ཟེར་ན།    འོ་ན།    ཁྱོད་དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    ཁྱོད་ཀྱི་རྒྱུ་ཁྱོད་ཀྱི་རྒྱུ་ཡིན་པར་ཐལ།    ཁྱོད་དངོས་པོ་ཡིན་པའི་ཕྱིར།    འདོད་ན།    ཁྱོད་ཀྱི་རྒྱུ་མེད་ན་ཁྱོད་མེད་དགོས་པར་ཐལ།    ཁྱོད་ཀྱི་རྒྱུ་ཁྱོད་ཀྱི་རྒྱུ་ཡིན་པའི་ཕྱིར།    འདོད་ན།    ཤེས་བྱ་ཆོས་ཅན།    ཁྱོད་མེད་པར་ཐལ།    ཁྱོད་ཀྱི་རྒྱུ་མེད་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    ཤེས་བྱ་ཆོས་ཅན།    ཁྱོད་ཀྱི་རྒྱུ་མེད་པར་ཐལ།    ཁྱོད་རྟག་པ་ཡིན་པའི་ཕྱིར།    གོང་དུ་འདོད་མི་ནུས་ཏེ།    གང་ཟག་གི་བདག་མེད་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    ཁྱོད་རྟག་པ་ཡིན་ལ།    རང་དངོས་པོ་ཡིན་ཟེར་ན།    རང་གི་རྒྱུ་ཡོད་པར་ཐལ།    རང་དངོས་པོ་ཡིན་པའི་ཕྱིར།    འདོད་ན།    རང་གི་རྒྱུ་མེད་ན་རང་མེད་དགོས་པར་ཐལ།    རང་གི་རྒྱུ་ཡོད་པའི་ཕྱིར།    འདོད་ན།    ཡོད་པ་ཆོས་ཅན།    རང་མེད་པར་ཐལ།    རང་གི་རྒྱུ་མེད་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    ཡོད་པ་ཆོས་ཅན།    རང་གི་རྒྱུ་མེད་པར་ཐལ།    རང་རྟག་པ་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    ཤེས་བྱ་ཆོས་ཅན།    རང་གི་རྒྱུ་ཡོད་པར་ཐལ།    རང་ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རང་གི་རྒྱུ་ཡོད་པར་འདོད་ཅིས་རྩི་རིགས་ཟེར་ན།    དེ་མི་རིགས་པར་ཐལ།    དེ་ལ་འདོད་ལན་བཏབ་པས་ཤེས་བྱའི་རྒྱུ་ཡོད་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    མྱུ་གུ་ཆོས་ཅན།    རང་གི་རྒྱུ་ཡོད་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་བས་མྱུ་གུའི་རྒྱུ་ཡོད་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    མྱུ་གུ་ཆོས་ཅན།    རང་གི་རྒྱུ་ལས་སྐྱེས་པ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་མྱུ་གུ་མྱུ་གུའི་རྒྱུ་ལས་སྐྱེ་བ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    དངོས་པོ་ཡིན་ན་རང་གི་རྒྱུ་ལས་སྐྱེས་པ་ཡིན་པས་ཁྱབ་པའི་ཕྱིར།

    ཁ་ཅིག་ན་རེ།    དངོས་པོ་ཡིན་ན་རང་གི་རྒྱུ་ལས་སྐྱེས་པ་ཡིན་པས་མ་ཁྱབ་པར་ཐལ།    བུམ་པ་ཆོས་ཅན།    རང་གི་རྒྱུ་ལས་སྐྱེས་པ་ཡིན་པར་ཐལ༑ དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་མི་ཐེབས་པའི་ཕྱིར།    དེར་ཐལ།    དེ་ལ་འདོད་ལན་བཏབ་པས་བུམ་པའི་རྒྱུ་ལས་སྐྱེས་པ་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   བུམ་པའི་རྒྱུ་ལས་སྐྱེས་པ་མ་ཡིན་པའི་ཕྱིར༑ རྟགས་དང་པོ་མ་གྲུབ་ན།    དེ་ལ་འདོད་ལན་བཏབ་པས་དེ་ལྟར་དུ་རྩི་རིགས་པ་ཡིན་པར་ཐལ།    བུམ་པ་ཆོས་ཅན།    རང་གི་ལྡོག་པ་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བུམ་པའི་ལྡོགཔ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    བུམ་པ་ཆོས་ཅན།    རང་དང་གཅིག་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བུམ་པ་དང་གཅིག་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    བུམ་པ་ཆོས་ཅན།    རང་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བུམ་པ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ་བུམ་པ་ཆོས་ཅན།    ཁྱོད་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བུམ་པ་ཡིན་པར་འདོད་ཅེས་རྩི་རིགས་ཞིང་འདོད་ལན་མི་ཐེབས་པ་དེ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།

    ཁ་ཅིག་ན་རེ།    བུམ་པ་ཆོས་ཅན།   ཁྱོད་ཀྱི་ལྡོག་པ་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བུམ་པའི་ལྡོག་པ་ཡིན་པར་འདོད་ཅེས་རྩི་མི་རིགས་པར་ཐལ།    དེ་ལ་འདོད་ལན་བཏབ་པས་བུམ་པ་བུམ་པའི་ལྡོག་པ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    བུམ་པ་ཆོས་ཅན།    ཁྱོད་ཀྱི་རྒྱུ་ལས་སྐྱེས་པ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བུམ་པ་བུམ་པའི་རྒྱུ་ལས་སྐྱེས་པ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    བུམ་པ་ཆོས་ཅན།    བདག་ལས་སྐྱེས་པ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བུམ་པ་བུམ་པ་ལས་སྐྱེས་པ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    རྟགས་གྲུབ་པ་ཡིན་ཏེ།    བུམ་པ་ཆོས་ཅན།    བདག་སྐྱེས་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བུམ་པ་བུམ་པ་ལས་སྐྱེས་པ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    དངོས་པོ་ཡིན་ན་བདག་སྐྱེས་མ་ཡིན་པས་ཁྱབ་པའི་ཕྱིར།

    ཁ་ཅིག་ན་རེ།    བུམ་པ་ཆོས་ཅན།    བདག་ལས་སྐྱེས་པ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བུམ་པ་བུམ་པ་ལས་སྐྱེས་པ་ཡིན་པར་འདོད་ཅེས་རྩི་མི་རིགས་པར་ཐལ།    དེ་ལ་འདོད་ལན་བཏབ་བས་བུམ་པ་བདག་ལས་སྐྱེས་པ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    བུམ་པ་ཆོས་ཅན།    བདག་ཡོད་པར་ཐལ།    གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྩོད་གཞི་ཆད་ནས་བདག་ཡོད་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    རྟགས་གྲུབ་པ་ཡིན་ཏེ།    བུམ་པ་ཆོས་ཅན།    གང་ཟག་ཡོད་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྩོད་གཞི་ཆད་ནས་གང་ཟག་ཡོད་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   བདག་དང་ང་དང་གང་ཟག་གསུམ་དོན་གཅིག་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    བུམ་པ་ཆོས་ཅན།    བདག་ཉིད་ཡོད་པར་ཐལ།    གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བདག་ཉིད་ཡོད་པར་འདོད་ཅེས་རྩི་རིགས་པར་ཐལ།    བུམ་པ་ཆོས་ཅན།    བདག་ཡོད་པར་ཐལ།    གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བདག་ཡོད་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    འདོད་མི་ནུས་ཏེ།    དེ་ལ་འདོད་ལན་བཏབ་པས་བུམ་པ་ཡོད་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    བུམ་པ་ཆོས་ཅན།    བདག་ཉིད་ཀྱི་ལྡོག་པ་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བུམ་པ་བུམ་པའི་ལྡོག་པ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    བུམ་པ་ཆོས་ཅན།    བདག་ཉིད་ཀྱི་རྒྱུ་ལས་སྐྱེས་པ་ཡིན་པར་ཐལ།   དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་པ་ལ་འདོད་ལན་བཏབ་པས་བུམ་པ་བུམ་པའི་རྒྱུ་ལས་སྐྱེས་པ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    བདག་གི་འབྲས་བུ་ཆོས་ཅན།    བདག་ལས་སྐྱེས་པ་ཡིན་པར་ཐལ།   དངོས་པོ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    འདོད་མི་ནུས་ཏེ།    དེ་ལ་འདོད་ལན་བཏབ་པས་བདག་གི་འབྲས་བུ་བདག་གི་འབྲས་བུ་ལས་སྐྱེས་པ་ཡིན་པར་འདོད་ཅེས་རྩི་རིགས་ཞིང་འདོད་ལན་མི་ཐེབས་པ་དེ་ཡིན་པའི་ཕྱིར།    ཁ་ཅིག་ན་རེ།    བདག་ཆོས་ཅན༑ ཁྱོད་ཀྱི་འབྲས་བུ་ཁྱོད་ལས་སྐྱེས་པ་ཡིན་པར་ཐལ།    ཁྱོད་དངོས་པོ་ཡིན་པའི་ཕྱིར་ཟེར་ན་འདོད་ལན་ཐེབས་པ་ཡིན་ཏེ།    རྩི་པའི་ཚེ་ན་བདག་དེའི་འབྲས་བུ་བདག་དེ་ལས་སྐྱེས་པ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།   གཟུགས་ཆོས་ཅན།    ཁྱོད་ཀྱི་འབྲས་བུ་ཁྱོད་ལས་སྐྱེས་པ་ཡིན་པར་ཐལ།    ཁྱོད་དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་གཟུགས་དེའི་འབྲས་བུ་གཟུགས་དེ་ལས་སྐྱེས་པ་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   དེའི་རིགས་འགྲོས་ཀྱིས་ཤེས་པའི་ཕྱིར། 

    ཁ་ཅིག་ན་རེ།    དངོས་པོ་ཡིན་པར་ཐལ།    བུམ་པ་དང་དངོས་པོ་གང་རུང་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་པ་ཆོས་ཅན།    ཁྱོད་དང་དངོས་པོ་གང་རུང་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    དངོས་པོ་ཡིན་ན་ཁྱོད་དང་དངོས་པོ་གང་རུང་ཡིན་པས་མ་ཁྱབ་པའི་ཕྱིར།    རྟགས་མ་གྲུབ་ཀྱི་ལན་མི་ཐེབ་པ་ཡིན་ཏེ།    དེ་ལ་རྟགས་མ་གྲུབ་ཀྱི་ལན་བཏབ་པས་བུམ་པ་དངོས་པོ་ཡིན་པར་རྟགས་མ་གྲུབ་ཅེས་རྩི་དགོས་ཞིང་།    བུམ་པ་དངོས་པོ་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    དངོས་པོ་ཡིན་པར་ཐལ།    བུམ་པ་དང་གཅིག་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་པ་ཆོས་ཅན།    ཁྱོད་དང་གཅིག་ཡིན་པར་ཐལ།    བུམ་པ་དང་གཅིག་ཡིན་པ་གང་ཞིག །   བུམ་པ་དང་གཅིག་ཡིན་ན་ཁྱོད་དང་གཅིག་ཡིན་དགོས་པའི་ཕྱིར་ཟེར་ན་མ་ཁྱབ།    དེ་ལ་རྟགས་མ་གྲུབ་ཀྱི་ལན་མི་ཐེབས་པ་ཡིན་ཏེ།    དེ་ལ་རྟགས་དང་པོ་མ་གྲུབ་ཀྱི་ལན་ཡང་མི་ཐེབས།    གཉིས་པ་མ་གྲུབ་ཀྱི་ལན་ཡང་མི་ཐེབས།    བསྡོམས་རྟགས་མ་གྲུབ་ཀྱི་ལན་ཡང་མི་ཐེབས་པ་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་པ་ཆོས་ཅན།    ཁྱོད་དང་གཅིག་ཡིན་པར་ཐལ།    བུམ་པ་དང་གཅིག་ཡིན་པ་གང་ཞིག །   བུམ་པ་དང་གཅིག་ཡིན་ན་ཁྱོད་དང་གཅིག་ཡིན་དགོས་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདིའི་རྟགས་དང་པོ་མ་གྲུབ་ཀྱི་ལན་མི་ཐེབས་པ་ཡིན་ཏེ།    དེ་ལ་རྟགས་དང་པོ་མ་གྲུབ་ཀྱི་ལན་བཏབ་བས་བུམ་པ་བུམ་པ་དང་གཅིག་ཡིན་པར་རྟགས་མ་གྲུབ་ཅེས་རྩི་རིགས་དགོས་ཤིང་།    བུམ་པ་བུམ་པ་དང་གཅིག་ཡིན་པའི་ཕྱིར།    དེ་འདྲ་བའི་ཐལ་འགྱུར་གྱི་རྟགས་གཉིས་པ་མ་གྲུབ་ཀྱི་ལན་མི་ཐེབས་པ་ཡིན་ཏེ།    དེ་ལ་རྟགས་གཉིས་པ་མ་གྲུབ་ཀྱི་ལན་བཏབ་པས་བུམ་པ་དང་གཅིག་ཡིན་ན་བུམ་པ་དང་གཅིག་ཡིན་པར་རྟགས་མ་གྲུབ་ཅེས་རྩི་དགོས་ཞིང་།    བུམ་པ་དང་གཅིག་ཡིན་ན་བུམ་པ་དང་གཅིག་ཡིན་དགོས་པའི་ཕྱིར།    དེ་ལ་བསྡོམས་རྟགས་མ་གྲུབ་ཀྱི་ལན་མི་ཐེབས་པ་ཡིན་ཏེ།    དེ་ལ་བསྡོམས་རྟགས་མ་གྲུབ་ཀྱི་ལན་བཏབ་པས་བུམ་པ་བུམ་པ་དང་གཅིག་ཡིན་པ་གང་ཞིག །   བུམ་པ་དང་གཅིག་ཡིན་ན་བུམ་པ་དང་གཅིག་ཡིན་དགོས་པར་རྟགས་མ་གྲུབ་ཅེས་རྩི་དགོས་ཤིང་བུམ་པ་བུམ་པ་དང་གཅིག་ཡིན་པ་གང་ཞིག །   བུམ་པ་དང་གཅིག་ཡིན་ན།    བུམ་པ་དང་གཅིག་ཡིན་དགོས་པའི་ཕྱིར།

    ཁ་ཅིག་ན་རེ།    ཁྱོད་ཀྱིས་དེའི་རྟགས་ཕྱི་མ་མ་གྲུབ་ཀྱི་ལན་འདེབས་ཚུལ་དེ་མི་འཐད་པ་ཡིན་པར་ཐལ།    དེའི་རྟགས་ཕྱི་མ་མ་གྲུབ་ཀྱི་ལན་བཏབ་པས་བུམ་པ་བུམ་པ་དང་གཅིག་ཡིན་ན་བུམ་པ་དང་གཅིག་ཡིན་དགོས་པར་རྟགས་མ་གྲུབ་ཅེས་རྩི་དགོས་ཤིང་།    དེ་ལྟར་དུ་རྟགས་མ་གྲུབ་ཀྱི་ལན་ཡང་ཐེབས་པའི་ཕྱིར་ཟེར་ན།    འོ་ན།    ཁྱོད་རང་ལ་བུམ་པ་ཆོས་ཅན།    བུམ་པ་དང་གཅིག་ཡིན་ན་ཁྱོད་དང་གཅིག་ཡིན་དགོས་པར་ཐལ།    གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བུམ་པ་བུམ་པ་དང་གཅིག་ཡིན་ན།    བུམ་པ་དང་གཅིག་ཡིན་དགོས་པར་འདོད་ཅེས་རྩི་རིགས་པར་ཐལ།    ཁྱོད་ཀྱིས་དེའི་རྟགས་ཕྱི་མ་མ་གྲུབ་ཀྱི་ལན་འདེབས་ཚུལ་འཐད་པའི་ཕྱིར།    འདོད་མི་ནུས་ཏེ།    དེ་ལ་འདོད་ལན་བཏབ་པས་བུམ་པ་དང་གཅིག་ཡིན་ན་བུམ་པ་དང་གཅིག་ཡིན་དགོས་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    བུམ་པ་ཆོས་ཅན།    བུམ་པ་དང་གཅིག་ཡིན་ན།    ཁྱོད་དང་གཅིག་ཡིན་པས་ཁྱབ་པ་ཡོད་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བུམ་པ་དང་གཅིག་ཡིན་ན་བུམ་པ་དང་གཅིག་ཡིན་པས་ཁྱབ་པ་ཡོད་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    བུམ་པ་ཆོས་ཅན།    བུམ་པ་ཡིན་ན་བུམ་པ་ཡིན་པས་ཁྱབ་པ་ཡོད་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བུམ་པ་ཡིན་ན་བུམ་པ་ཡིན་པས་ཁྱབ་པ་ཡོད་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   དེའི་རིགས་འགྲོས་ཀྱིས་ཤེས་པའི་ཕྱིར།

    ཁ་ཅིག་ན་རེ།    དངོས་པོ་ཡིན་པར་ཐལ།    སྒྲ་ཆོས་ཅན་གྱི་སྟེང་དུ་དངོས་པོ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    སྒྲ་ཆོས་ཅན།    ཁྱོད་ཆོས་ཅན་གྱི་སྟེང་དུ་དངོས་པོ་ཡིན་པར་ཐལ།    ཁྱོད་དངོས་པོ་ཡིན་པའི་ཕྱིར།    མ་ཁྱབ་ཟེར་ན་སྒྲ་ཆོས་ཅན།    ཁྱོད་དངོས་པོ་ཡིན་ན་ཁྱོད་ཆོས་ཅན་གྱི་སྟེང་དུ་དངོས་པོ་ཡིན་པས་ཁྱབ་པར་ཐལ།    ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར།    ཁ་ཅིག་ན་རེ།    དངོས་པོ་ཡིན་པར་ཐལ།    ཀྭ་བུམ་གཉིས་མ་ཡིན་པ་དང་དངོས་པོ་གཉིས་ཀ་ཡིན་པའི་ཕྱིར།    མ་གྲུབ་ན།    ཀྭ་བུམ་གཉིས་མ་ཡིན་པ་དང་དངོས་པོ་གཉིས་ཀ་ཡིན་པར་ཐལ།    ཀྭ་བུམ་གཉིས་མ་ཡིན་པར་གྱུར་པའི་དངོས་པོ་ཡིན་པའི་ཕྱིར།    མ་གྲུབ་ན།    ཀྭ་བུམ་གཉིས་ཆོས་ཅན༑ མ་ཡིན་པར་གྱུར་པའི་དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།

    བྱས་པ་ལ་ཁོ་ན་རེ།    ཀྭ་བུམ་གཉིས་མ་ཡིན་པ་དང་དངོས་པོ་གཉིས་ཀ་ཡིན་པར་ཐལ།    ཀྭ་བུམ་གཉིས་མ་ཡིན་པ་དང་དངོས་པོ་གཉིས་ཀའི་གཞི་མཐུན་ཡིན་པའི་ཕྱིར།    དེར་ཐལ།    མ་ཡིན་པ་དང་དངོས་པོ་གཉིས་ཀའི་གཞི་མཐུན་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ།    རྟགས་གྲུབ་པ་ཡིན་ཏེ།    ས་སེར་པོ་དེ་ཡིན་པའི་ཕྱིར།    རྩ་བར་འདོད་ན།    ཀྭ་བུམ་གཉིས་མ་ཡིན་པ་དང་དངོས་པོ་གཉིས་ཀ་མ་ཡིན་པར་ཐལ།   ཀྭ་བུམ་གཉིས་མ་ཡིན་པ་དང་རྟག་པ་གཉིས་ཀ་ཡིན་པའི་ཕྱིར།    མ་གྲུབ་ན།    ཀྭ་བུམ་གཉིས་མ་ཡིན་པ་དང་རྟག་པ་གཉིས་ཀ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    རྟག་པ་ཡིན་ན་ཀྭ་བུམ་གཉིས་མ་ཡིན་པ་དང་རྟག་པ་གཉིས་ཀ་ཡིན་པས་ཁྱབ་པའི་ཕྱིར།    མ་གྲུབ་ན།    རྟག་པ་ཡིན་ན་ཀྭ་བུམ་གཉིས་མ་ཡིན་པ་དང་།    རྟག་པ་གཉིས་ཀ་ཡིན་པས་ཁྱབ་པར་ཐལ།    རྟག་པ་ཡིན་ན་དངོས་པོ་མ་ཡིན་པ་དང་རྟག་པ་གཉིས་ཀ་ཡིན་པས་ཁྱབ་པའི་ཕྱིར།    མ་གྲུབ་ན།    རྟག་པ་ཡིན་ན་དངོས་པོ་མ་ཡིན་པ་དང་རྟག་པ་གཉིས་ཀ་ཡིན་པས་ཁྱབ་པར་ཐལ།    རྟག་པ་ཡིན་ན་དངོས་པོ་མ་ཡིན་པ་དང་རྟག་པ་གཉིས་ཀའི་གཞི་མཐུན་ཡིན་པས་ཁྱབ་པའི་ཕྱིར།    མ་གྲུབ་ན།    དངོས་པོ་མ་ཡིན་པ་དང་།    རྟགཔ་གཉིས་ཀ་ཆོས་ཅན།    འགལ་བ་ཡིན་པར་ཐལ།    ཐ་དད་ཅིང་གཞི་མཐུན་མི་སྲིད་པ་ཡིན་པའི་ཕྱིར།    རྟགས་རེ་རེ་ནས་ཁས།    འདོད་ན།    དངོས་པོ་མ་ཡིན་པ་དང་རྟག་པ་གཉིས་ཀ་ཆོས་ཅན།    བདག་མེད་ཡིན་ན་ཁྱོད་མ་ཡིན་པས་ཁྱབ་པར་ཐལ།   ཁྱོད་ཕན་ཚུན་ཐ་དད་ཅིང་གཞི་མཐུན་མི་སྲིད་པ་ཡིན་པའི་ཕྱིར།    རྟགས་ཁས།    འདོད་མི་ནུས་ཏེ།    རྟག་པ་ཡིན་ན་ཁྱོད་གཉིས་ཀ་ཡིན་པས་ཁྱབ་པའི་ཕྱིར། 

   ཁ་ཅིག་ན་རེ།    ཀྭ་བུམ་གཉིས་ཡོད་པ་དང་དངོས་པོ་གཉིས་ཀ་ཡིན་པར་ཁས་བླང་བས་ཀྭ་བུམ་གཉིས་དེ་མ་སོང་བ་ཡིན་པར་ཐལ།    དེ་ལྟར་དུ་ཁས་བླང་བས་སྤྱིར་སོང་བ་ཡིན་པའི་ཕྱིར་ཟེར་ན།    དེ་མི་འཐད་པ་ཡིན་པར་ཐལ།    ཀྭ་བུམ་གཉིས་ཡོད་པ་དང་དངོས་པོ་གཉིས་ཀ་ཡིན་པར་ཁས་བླངས་པས་སྤྱིར་མ་སོང་བར་ཀྭ་བུམ་གཉིས་དེ་སོང་བ་ཡིན་པའི་ཕྱིར།    དེར་ཐལ།    ཀྭ་བུམ་གཉིས་ཡོད་པ་དང་དངོས་པོ་གཉིས་ཀ་ཡིན་པར་ཁས་བླང་བས་ཡོད་པ་དང་དངོས་པོ་གཉིས་ཀའི་ཡིན་པ་ལ་ཀྭ་བུམ་གཉིས་དེ་འཇོག་པར་ཁས་བླངས་སོང་བ་ཡིན་པའི་ཕྱིར།    དེར་ཐལ།    རི་བོང་རྭ་མེད་པ་དང་ཚད་མས་མི་དམིགས་པ་གཉིས་ཀ་ཡིན་པར་ཁས་བླང་བས་མེད་པ་དང་ཚད་མས་མི་དམིགས་པ་གཉིས་ལ་རི་བོང་རྭ་དེ་འཇོག་པར་ཁས་བླང་སོང་བ་ཡིན་པ་གང་ཞིག །   དེའི་རིགས་འགྲོས་ཀྱིས་ཤེས་པའི་ཕྱིར། 

   ཁ་ཅིག་ན་རེ།    རྟག་པ་མ་ཡིན་པར་ཐལ།    རྟག་པར་རྟོགས་པའི་ཚད་མ་མེད་པའི་ཕྱིར།    མ་གྲུབ་ན།    རྟག་པར་རྟོགས་པའི་ཚད་མ་མེད་པར་ཐལ།    རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པ་གཉིས་ཀ་མ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པ་གཉིས་ཀ་མ་ཡིན་པར་ཐལ།    རྟག་པར་རྟོགས་པའི་ཚད་མ་རྟག་དངོས་གང་རུང་དང་རྟག་པ་གཉིས་ཀ་མ་ཡིན་པའི་ཕྱིར།    མ་གྲུབ་ན།    རྟག་པར་རྟོགས་པའི་ཚད་མ་རྟག་དངོས་གང་རུང་དང་རྟག་པ་གཉིས་ཀ་མ་ཡིན་པར་ཐལ།    རྟག་པར་རྟོགས་པའི་ཚད་མ་དངོས་པོ་དང་རྟག་པ་གཉིས་ཀ་མ་ཡིན་པ་གང་ཞིག །   རྟག་པར་རྟོགས་པའི་ཚད་མ་རྟག་པ་དང་རྟག་པ་གཉིས་ཀ་མ་ཡིན་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    རྟག་པར་རྟོགས་པའི་ཚད་མ་ཆོས་ཅན།    དངོས་པོ་དང་རྟག་པ་གཉིས་ཀ་མ་ཡིན་པར་ཐལ།    གང་ཟག་གི་བདག་མེད་ཡིན་པའི་ཕྱིར།    རྟགས་གཉིས་པ་མ་གྲུབ་ན།    རྟག་པར་རྟོགས་པའི་ཚད་མ་ཆོས་ཅན།    རྟག་པ་དང་རྟག་པ་གཉིས་ཀ་མ་ཡིན་པར་ཐལ།    རྟག་པ་མ་ཡིན་པའི་ཕྱིར།    མ་གྲུབ་ན།    རྟག་པར་རྟོགས་པའི་ཚད་མ་ཆོས་ཅན།    རྟག་པ་མ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར།    མ་གྲུབ་ན།    རྟག་པར་རྟོགས་པའི་ཚད་མ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པ་གཉིས་ཀ་ཡིན་པར་ཐལ།    ཤེས་བྱ་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པ་གཉིས་ཀ་ཡིན་པའི་ཕྱིར།    མ་གྲུབ་ན།    ཤེས་བྱ་ཆོས་ཅན།    རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པ་གཉིས་ཀ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཟེར་ན་འགལ་ཁྱབ་ལ་འབུད་རིགས་པ་ཡིན་ཏེ།    རྟག་པ་ཡིན་ན་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོ་གཉིས་ཡིན་པས་ཁྱབ་པའི་ཕྱིར།    དེར་ཐལ།    ཤེས་བྱ་རྟག་པར་རྟ་བོས་བའི་ཚད་མ་ཡོད་པ་དང་དངོས་པོ་གཉིས་ཀ་ཡིན་པའི་ཕྱིར།    མ་གྲུབ་ན།    ཤེས་བྱ་རྟགཔར་རྟོགས་པའི་ཚད་མ་ཆོས་ཅན།    ཡོད་པ་དང་དངོས་པོ་གཉིས་ཀ་ཡིན་པར་ཐལ།    རྟག་དངོས་གང་རུང་དང་དངོས་པོ་གཉིས་ཀ་ཡིན་པའི་ཕྱིར།    མ་གྲུབ་ན།    ཤེས་བྱ་རྟག་པར་རྟོགས་པའི་ཚད་མ་ཆོས་ཅན།    རྟག་དངོས་གང་རུང་དང་དངོས་པོ་གཉིས་ཀ་ཡིན་པར་ཐལ།    རྟག་དངོས་གང་རུང་དང་དངོས་པོ་གཉིས་ཀའི་གཞི་མཐུན་ཡིན་པའི་ཕྱིར།    མ་གྲུབ་ན།    ཤེས་བྱ་རྟག་པར་རྟོགས་པའི་ཚད་མ་ཆོས་ཅན།    རྟག་དངོས་གང་རུང་དང་དངོས་པོ་གཉིས་ཀའི་གཞི་མཐུན་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར།

   ཁ་ཅིག་ན་རེ།    ཤེས་བྱ་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པ་གཉིས་ཀ་ཡིན་པར་ཐལ།    ཤེས་བྱ་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པ་གཉིས་ཀ་ཡིན་པར་ཁས་བླང་བས་ཤེས་བྱ་རྟག་པར་རྟོགས་པའི་ཚད་མ་དེ་སོང་བ་མ་ཡིན་པའི་ཕྱིར།    དེར་ཐལ།    ཤེས་བྱ་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པ་གཉིས་ཀ་ཡིན་པར་ཁས་བླང་བས་ཤེས་བྱ་དེ་སོང་བ་ཡིན་པའི་ཕྱིར།    དེར་ཐལ།    ཤེས་བྱ་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པ་གཉིས་ཀ་ཡིན་པར་ཁས་བླང་བས་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པ་གཉིས་ཀའི་གཞི་མཐུན་དུ་ཤེས་བྱ་དེ་འཇོག་པར་ཁས་བླང་སོང་བ་ཡིན་པའི་ཕྱིར།    དེར་ཐལ།    ཤེས་བྱ་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པར་རྟོགས་པའི་ཚད་མའི་དགག་གཞི་གཉིས་ཀ་ཡིན་པར་ཁས་བླང་བས་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པར་རྟོགས་པའི་ཚད་མའི་དགག་གཞི་གཉིས་ལ་ཤེས་བྱ་དེ་འཇོག་པར་ཁས་བླང་སོང་བ་ཡིན་པའི་ཕྱིར་ཟེར་ན་ཁ་ཅིག་མ་ཁྱབ་ཟེར།

    ཁ་ཅིག་ན་རེ།    ཤེས་བྱ་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པ་གཉིས་ཀ་ཡིན་ཞེས་ཁས་བླང་བ་འདི་དང་ཤེས་བྱ་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པར་རྟོགས་པའི་ཚད་མའི་དགག་གཞི་གཉིས་ཀ་ཡིན་ཞེས་ཁས་བླང་བ་འདི་གཉིས་ཀྱི་ཁས་ལེན་སོང་ཚུལ་མི་འདྲ་བ་ཡིན་པར་ཐལ།    ཤེས་བྱ་ཆོས་ཅན།    རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པ་གཉིས་ཀ་ཡིན་པར་ཐལ།    ཞེས་འཕང་བའི་ཚེ་གང་བཀོད་པ་ལྟར་ཤེས་བྱ་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པ་གཉིས་ཀ་ཡིན་པར་འདོད་ཅེས་རྩི་དགོས་ལ།    ཤེས་བྱ་ཆོས་ཅན།   རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པར་རྟོགས་པའི་ཚད་མའི་དགག་གཞི་གཉིས་ཀ་ཡིན་པར་ཐལ།    ཞེས་འཕང་བའི་ཚེ་ན་ཤེས་བྱ་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་ཤེས་བྱ་རྟག་པར་རྟོགས་པའི་ཚད་མའི་དགག་གཞི་གཉིས་ཀ་ཡིན་པར་འདོད་ཅེས་རྩི་དགོས་པའི་ཕྱིར་ན་འདིར་མ་ཁྱབ།    རྟགས་དང་པོ་མ་གྲུབ་ན།    དེ་ལ་འདོད་ལན་བཏབས་པས་དེ་ལྟར་དུ་རྩི་རིགས་པར་ཐལ།    ཤེས་བྱ་ཆོས་ཅན།    རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོ་གཉིས་ཀ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་ཤེས་བྱ་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོ་གཉིས་ཀ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    ཤེས་བྱ་ཆོས་ཅན༑ རྟག་པ་དང་རྟག་པ་གཉིས་ཀ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་ཤེས་བྱ་རྟག་པ་དང་རྟག་པ་གཉིས་ཀ་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   དེའི་རིགས་འགྲོས་ཀྱིས་ཤེས་པའི་ཕྱིར།    རྟགས་གཉིས་པ་མ་གྲུབ་ན།    ཤེས་བྱ་ཆོས་ཅན།    རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པར་རྟོགས་པའི་ཚད་མའི་དགག་གཞི་གཉིས་ཀ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་བས་ཤེས་བྱ་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་ཤེས་བྱ་རྟག་པར་རྟོགས་པའི་ཚད་མའི་དགག་གཞི་གཉིས་ཀ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པར་ཐལ།    ཤེས་བྱ་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མའི་དགག་གཞི་དང་དངོས་པོར་རྟོགས་པའི་ཚད་མའི་དགག་གཞི་གཉིས་ཀ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་ཤེས་བྱ་ཤེས་བྱ་དངོས་པོར་རྟོགས་པའི་ཚད་མའི་དགག་གཞི་དང་ཤེས་བྱ་དངོས་པོར་རྟོགས་པའི་ཚད་མའི་དགག་གཞི་གཉིས་ཀ་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   དེ་གཉིས་ཀྱི་རྩི་ཚུལ་ལ་མི་འདྲ་བའི་ཁྱད་པར་མེད་པའི་ཕྱིར། 

   ཁ་ཅིག་ན་རེ།    ཤེས་བྱ་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོ་གཉིས་ཀ་མ་ཡིན་པར་ཐལ།    ཤེས་བྱ་རྟགཔར་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོར་རྟོགས་པའི་ཚད་མ་ཡོད་པ་གཉིས་ཀ་མ་ཡིན་པའི་ཕྱིར།    མ་གྲུབ་ན།    ཤེས་བྱ་ཆོས་ཅན།    རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོར་རྟོགས་པའི་ཚད་མ་ཡོད་པ་གཉིས་ཀ་མ་ཡིན་པར་ཐལ།    གང་ཟག་གི་བདག་མེད་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།

    ཁ་ཅིག་ན་རེ།    བདག་མེད་ཡིན་ན་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོར་རྟོགས་པའི་ཚད་མ་ཡོད་པ་གཉིས་ཀ་མ་ཡིན་པས་ཁྱབ་པར་ཐལ།    བདག་མེད་ཡིན་ན་དངོས་པོར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པར་རྟོགས་པའི་ཚད་མ་ཡོད་པ་གཉིས་ཀ་མ་ཡིན་པས་ཁྱབ་པའི་ཕྱིར་ཟེར་ན་མ་ཁྱབ།    རྟགས་གྲུབ་སྟེ།    བདག་མེད་ཡིན་ན་དངོས་པོ་དང་རྟག་པ་གཉིས་ཀ་མ་ཡིན་པས་ཁྱབ་པའི་ཕྱིར། 

   ཁ་ཅིག་ན་རེ།    རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོ་གཉིས་ཀ་མ་ཡིན་པར་ཐལ།    རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་རྟག་པར་རྟོགས་པའི་ཚད་མ་མེད་པ་གཉིས་ཀ་མ་ཡིན་པའི་ཕྱིར།    མ་གྲུབ་ན།    རྟག་པར་རྟོགས་པའི་ཚད་མ་ཆོས་ཅན།    ཁྱོད་ཡོད་པ་དང་ཁྱོད་མེད་པ་གཉིས་ཀ་མ་ཡིན་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    བདག་མེད་ཡིན་ན་ཁྱོད་ཡོད་པ་དང་ཁྱོད་མེད་པ་གཉིས་ཀ་མ་ཡིན་པས་མ་ཁྱབ་ཀྱང་།    བདག་མེད་ཡིན་ན་ཡོད་པ་དང་མེད་པ་གཉིས་ཀ་མ་ཡིན་པས་ཁྱབ་ཅེས་ཁས་ལེན་དགོས་པ་དེ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    རྟག་པ་མ་ཡིན་པར་ཐལ།    ཡིན་པར་གྱུར་པའི་རྟག་པ་དང་མ་ཡིན་པར་གྱུར་པའི་རྟག་པ་གང་རུང་མ་ཡིན་པའི་ཕྱིར།    མ་གྲུབ་ན།    ཡིན་པར་གྱུར་པའི་རྟག་པ་དང་མ་ཡིན་པར་གྱུར་པའི་རྟག་པ་གང་རུང་མ་ཡིན་པར་ཐལ།    ཡིན་པར་གྱུར་པའི་རྟག་པ་མ་ཡིན་པ་གང་ཞིག །   མ་ཡིན་པར་གྱུར་པའི་རྟག་པ་མ་ཡིན་པའི་ཕྱིར་ཟེར་ན།    རང་ལུགས་ལ།    རྟགས་ཕྱི་མ་མ་གྲུབ་ཀྱི་ལན་འདེབས།    བྱས་པ་ལ་ཁོ་ན་རེ།    མ་ཡིན་པར་གྱུར་པའི་རྟག་པ་མ་ཡིན་པར་ཐལ།    ཡིན་པར་གྱུར་པའི་རྟག་པ་ཡིན་པའི་ཕྱིར།    མ་གྲུབ་ན།    ཡིན་པར་གྱུར་པའི་རྟག་པ་ཡིན་པར་ཐལ།    ཡིན་པ་དང་རྟག་པ་གཉིས་ཀ་ཡིན་པའི་ཕྱིར།    མ་གྲུབ་ན།    ཡིན་པ་དང་རྟག་པ་གཉིས་ཀ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།

    ཁ་ཅིག་ན་རེ།    མ་ཡིན་པར་གྱུར་པའི་རྟག་པ་ཡིན་ན་རྟག་པ་ཡིན་པས་ཁྱབ་པར་ཐལ།    མ་ཡིན་པར་གྱུར་པའི་རྟག་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    འདོད་ན།    དངོས་པོ་ཆོས་ཅན།    རྟག་པ་ཡིན་པར་ཐལ།    མ་ཡིན་པར་གྱུར་པའི་རྟག་པ་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    དངོས་པོ་མ་ཡིན་པར་གྱུར་པའི་རྟག་པ་ཡིན་པར་ཐལ།    དངོས་པོ་མ་ཡིན་པ་དང་རྟག་པ་གཉིས་ཀ་ཡིན་པའི་ཕྱིར།    མ་གྲུབ་ན།    དངོས་པོ་མ་ཡིན་པ་དང་རྟག་པ་གཉིས་ཀ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    ཡིན་པར་གྱུར་པའི་རྟག་པ་ཡིན་པར་ཐལ།    ཡིན་པ་ཡིན་པའི་ཕྱིར་ཟེར་ན་འོ་ན།    མ་ཡིན་པ་མ་ཡིན་པར་ཐལ།    ཡིན་པ་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    མ་ཡིན་པ་མ་ཡིན་པ་དང་།    ཡིན་པ་གཉིས་ཀ་ཡིན་པར་ཐལ།    མ་ཡིན་པ་མ་ཡིན་པ་གང་ཞིག །   ཡིན་པ་ཡིན་པའི་ཕྱིར།    རྟགས་རེ་རེ་ནས་ཁས།    འདོད་ན།    མ་ཡིན་པ་ཆོས་ཅན།    མ་ཡིན་པ་དང་ཡིན་པ་གཉིས་ཀ་མ་ཡིན་པར་ཐལ།    གང་ཟག་གི་བདག་མེད་ཡིན་པའི་ཕྱིར། 

   ཁ་ཅིགན་རེ།   ཡིན་པ་ཡིན་པར་ཐལ།    ཡིན་མིན་གང་རུང་གང་ཞིག །   མ་ཡིན་པ་མ་ཡིན་པའི་ཕྱིར་ཟེར་ན།    རང་ལུགས་ལ་རྟགས་ཕྱི་མ་མ་གྲུབ།    བྱས་པ་ལ་ཁོ་ན་རེ།    མ་ཡིན་པ་མ་ཡིན་པ་དང་།    མ་ཡིན་པ་ཡིན་པ་གཉིས་ཀ་ཡིན་པར་ཐལ།    མ་ཡིན་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    འདོད་ན།    མ་ཡིན་པ་ཡིན་པ་དང་མ་ཡིན་པ་ཡིན་པ་གཉིས་ཀ་མ་ཡིན་པར་ཐལ།    མ་ཡིན་པ་ཡིན་པ་དང་།    མ་ཡིན་པ་མ་ཡིན་པ་གཉིས་ཀ་ཡིན་པའི་ཕྱིར།    མ་གྲུབ་ན།    མ་ཡིན་པ་ཆོས་ཅན།    ཁྱོད་ཡིན་པ་དང་མ་ཡིན་པ་མ་ཡིན་པ་གཉིས་ཀ་ཡིན་པར་ཐལ།    ཁྱོད་ཡིན་པ་ཡིན་པའི་ཕྱིར།   

 རང་གི་ལུགས་ལ།    ཁས་ལེན་སོང་ཚུལ་ཡོད་དེ།    ཡོད་མེད་གཉིས་ཀྱི་ནང་གི་ཡོད་པ་དང་སྤྱི་དང་བྱེ་བྲག་གཉིས་ཀྱི་ནང་གི་བྱེ་བྲག་དང་།    རྟག་མི་རྟག་གཉིས་ཀྱི་ནང་གི་རྟག་པ་དང་།    ཡིན་མིན་གཉིས་ཀྱི་ནང་གི་མ་ཡིན་པ་ཡིན་པར་ཁས་ལེན་དགོས་པ་དེ་ཡིན་པའི་ཕྱིར།    ཀྭ་བུམ་གཉིས་མ་ཡིན་པ་དང་དངོས་པོ་གཉིས་ཀ་ཡིན་པར་ཁས་བླང་བས་ཀྭ་བུམ་གཉིས་དེ་མ་སོང་བ་ཡིན་ཏེ།    དེ་ལྟར་ཁས་བླང་བས་སྤྱིར་སོང་བ་ཡིན་པའི་ཕྱིར།    ཀྭ་བུམ་གཉིས་ཡོད་པ་དང་དངོས་པོ་གཉིས་ཀ་ཡིན་པར་ཁས་བླང་བས་སྤྱིར་མ་སོང་བ་ཡིན་ཏེ།    དེ་ལྟར་དུ་ཁས་བླང་བས་ཀྭ་བུམ་གཉིས་དེ་སོང་བ་ཡིན་པའི་ཕྱིར།    མ་གྲུབ་ན།    ཀྭ་བུམ་གཉིས་ཡོད་པ་དང་དངོས།   པོ་གཉིས་ཀ་ཡིན་པར་ཁས་བླང་བས་སྤྱིར་མ་སོང་བར་ཀྭ་བུམ་གཉིས་དེ་སོང་བ་ཡིན་པར་ཐལ།    ཀྭ་བུམ་གཉིས་ཡོད་པ་དང་།    དངོས་པོ་གཉིས་ཀའི་གཞི་མཐུན་དུ་འཇོག་པར་ཁས་བླང་བས་སྤྱིར་མ་སོང་བར་ཀྭ་བུམ་གཉིས་དེ་སོང་བ་ཡིན་པའི་ཕྱིར།    དེར་ཐལ།    གཞི་གྲུབ་ན་ཡོད་པ་དང་དངོས་པོ་གཉིས་ཀའི་གཞི་མཐུན་མ་ཡིན་པས་མ་ཁྱབ་པའི་ཕྱིར།    རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོ་གཉིས་ཀ་ཡིན་པར་ཁས་བླང་བས་སྤྱིར་མ་སོང་བར་རྟག་པར་རྟོགས་པའི་ཚད་མ་དེ་སོང་བ་ཡིན་ཏེ།    རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོ་གཉིས་ཀའི་གཞི་མཐུན་དུ་འཇོག་པར་ཁས་བླང་པས་སྤྱིར་མ་སོང་པར་རྟག་པར་རྟོགས་པའི་ཚད་མ་དེ་སོང་བ་ཡིན་པའི་ཕྱིར།    དེར་ཐལ།    གཞི་གྲུབ་ན་ཡོད་པ་དང་དངོས་པོ་གཉིས་ཀའི་གཞི་མཐུན་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་ལ་རྟག་པར་རྟོགས་པའི་ཚད་མ་དེ་བཞག་ཆོག་པ་ཡིན་པའི་ཕྱིར།    ཤེས་བྱ་རྟག་པར་རྟོགས་པའི་ཚད་མ་ཡོད་པ་དང་དངོས་པོ་གཉིས་ཀ་ཡིན་པར་ཁས་བླང་པས་ཤེས་བྱ་རྟགཔར་རྟོགས་པའི་ཚད་མ་དེ་སོང་བ་ཡིན་ཏེ།    གཞི་གྲུབ་ན།    ཡོད་པ་དང་དངོས་པོ་གཉིས་ཀ་མ་ཡིན་པས་མ་ཁྱབ་ཀྱི་སྐྱོན་ལ་ཤེས་བྱ་རྟག་པར་རྟོགས་པའི་ཚད་མ་དེ་བཞག་ཆོག་པ་ཡིན་པའི་ཕྱིར།    ཤེས་བྱ་རྟག་པར་རྟོགས་པའི་ཚད་མའི་དགགགཞི་དང་དངོས་པོ་གཉིས་ཀ་ཡིན་པར་ཁས་བླང་བས་ཤེས་བྱ་དེ་སོང་བ་ཡིན་ཏེ།    དེ་ལྟར་སོང་ལུགས་སྔར་བཤད་ཟིན་བལྟར་ཡིན་པའི་ཕྱིར།    ཀྭ་བུམ་གཉིས་མ་ཡིན་པ་དང་ཡིན་པ་གཉིས་ཀ་ཡིན་པར་ཁས་བླང་བས་སྤྱིར་སོང་ཀྱང་མ་ཡིན་པ་མ་ཡིན་པ་དང་ཡིན་པ་གཉིས་ཀ་ཡིན་པར་ཁས་བླང་བས་སྤྱིར་མ་སོང་བར་དེ་ལྟར་དུ་ཁས་བླང་བས་མ་ཡིན་པ་དེ་སོང་བ་ཡིན་པའི་ཕྱིར།    དེར་ཐལ།    དེའི་རྒྱུ་མཚན་གྱིས་མ་ཡིན་པ་མ་ཡིན་པ་དང་ཡིན་པ་གཉིས་ཀ་ཡིན་ཞེས་ཁས་ལེན་མི་རིགས་པ་དེ་ཡིན་པའི་ཕྱིར།  

 དེ་ལ་རྩོད་པ་སྤོང་བ་ལ་ཁོ་ན་རེ།    རྟག་པ་མ་ཡིན་པར་ཐལ།    རྟག་པ་མ་ཡིན་པ་དང་གང་ཟག་གི་བདག་མེད་ཡིན་པའི་ཕྱིར།    མ་གྲུབ་ན།    རྟག་པ་མ་ཡིན་པ་དང་གང་ཟག་གི་བདག་མེད་ཡིན་པར་ཐལ།    རྟག་པ་མ་ཡིན་པ་དང་མེད་པ་ཡིན་པའི་ཕྱིར།    མ་གྲུབ་ན།    རྟག་པ་མ་ཡིན་པ་དང་མེད་པ་ཡིན་པར་ཐལ།    རྟག་པ་མ་ཡིན་པ་དང་མེད་པའི་ཕྱིར་ཟེར་ན་མ་ཁྱབ།

    ཁ་ཅིག་ན་རེ།    དངོས་པོ་དང་ཆོས་ཅན།    མེད་པ་ཡིན་པར་ཐལ།    ཡོད་པ་མ་ཡིན་པའི་ཕྱིར་ཟེར་ན་སྦྱོར་ལུགས་སྐྱོན་ཅན་གྱི་ལན་འདེབས།    འོ་ན།    ཁྱོད་རང་ལ་ཡོད་མེད་གང་རུང་ཡིན་ན་ཆོས་ཅན།    མེད་པ་ཡིན་པར་ཐལ།    ཡོད་པ་མ་ཡིན་པའི་ཕྱིར།    ཁྱབ་པ་འགྲིག ། 

  ཁ་ཅིག་ན་རེ།    དངོས་པོ་དང་མེད་པ་ཡིན་པར་ཐལ།    དངོས་པོར་གྱུར་པའི་མེད་པ་ཡིན་པའི་ཕྱིར།    མ་གྲུབ་ན།    དངོས་པོར་གྱུར་བའི་མེད་པ་ཡིན་པར་ཐལ།    དངོས་པོར་གྱུར་བའི་མེད་པའི་ཕྱིར་ཟེར་ན་མ་ཁྱབ།   །  

                                                                                                                                                                           རྩོམ་སྒྲིག་པ།    བློ་བཟང་བཀྲ་ཤིས།

བརྒྱུད་འགོད།
0