བསེ་བསྡུས་ལས་དུས་གསུམ་གྱི་རྣམ་བཞག

སྤེལ་དུས།  2021-09-30   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  བསེ་ངག་དབང་བཀྲ་ཤིས།   ཀློག་གྲངས།  

དུས་གསུམ་གྱི་རྣམ་བཞག་བཤད་པ་ལ།  

      ཁ་ཅིག་ན་རེ།    གཞི་གྲུབ་ན།    ད་ལྟ་བ་ཡིན་པས་ཁྱབ་ཟེར་ན།    རྟག་པ་ཆོས་ཅན།    ད་ལྟ་བ་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར།    ཁྱབ་པ་ཁས།    འདོད་ན།    རྟག་པ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    ད་ལྟ་བ་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་ཡོད་པར་ཐལ།    དངོས་པོ་དང་ད་ལྟ་བ་གཉིས་དོན་གཅིག་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    བུམ་པའི་དུས་སུ་འདས་པ་ཡིན་ན་བུམ་པའི་འདས་པ་ཡིན་པས་ཁྱབ།    བུམ་པའི་དུས་སུ་མ་འོང་བ་ཡིན་ན་བུམ་པའི་མ་འོང་བ་ཡིན་པས་ཁྱབ་ཟེར་ན།    དང་པོ་ལ།    བུམ་པའི་རྒྱུ་ཆོས་ཅན།    བུམ་པའི་འདས་པ་ཡིན་པར་ཐལ།    བུམ་པའི་དུས་སུ་འདས་པ་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    བུམ་པ་ཆོས་ཅན།    ཁྱོད་ཀྱི་རྒྱུ་ཁྱོད་ཀྱི་དུས་སུ་འདས་པ་ཡིན་པར་ཐལ།    ཁྱོད་དངོས་པོ་ཡིན་པའི་ཕྱིར།   གོང་དུ་འདོད་ན།    བུམ་པའི་རྒྱུ་ཆོས་ཅན།    བུམ་པའི་འདས་པ་མ་ཡིན་པར་ཐལ།    བུམ་པའི་རྗེས་སུ་གྲུབ་པ་མ་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    བུམ་པའི་འདས་པ་དང་བུམ་པ་འགག་པ་གཉིས་དུས་མཉམ་དུ་གྲུབ་པ་ཡིན་པའི་ཕྱིར།   མ་གྲུབ་ན།    བུམ་པ་ཆོས་ཅན།    ཁྱོད་ཀྱི་འདས་པ་དང་།    ཁྱོད་འགག་པ་གཉིས་དུས་མཉམ་དུ་གྲུབ་པ་ཡིན་པར་ཐལ།    ཁྱོད་དངོས་པོ་ཡིན་པའི་ཕྱིར།    གཉིས་པ་ལ།    བུམ་པའི་འབྲས་བུ་ཆོས་ཅན།    བུམ་པའི་མ་འོང་བ་ཡིན་པར་ཐལ།    བུམ་པའི་དུས་སུ་མ་འོང་བ་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    བུམ་པ་ཆོས་ཅན།    ཁྱོད་ཀྱི་འབྲས་བུ་ཁྱོད་ཀྱི་དུས་མ་འོང་བ་ཡིན་པར་ཐལ།    ཁྱོད་དངོས་པོ་ཡིན་པའི་ཕྱིར།    གོང་དུ་འདོད་ན།    བུམ་པའི་འབྲས་བུ་ཆོས་ཅན།    བུམ་པའི་སྔ་རོལ་ཏུ་གྲུབ་པ་ཡིན་པར་ཐལ།    བུམ་པའི་མ་འོང་བ་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    བུམ་པའི་མ་འོང་བ་ཡིན་ན།    བུམ་པའི་སྔ་རོལ་ཏུ་གྲུབ་པ་ཡིན་དགོས་པའི་ཕྱིར།    མ་གྲུབ་ན།    བུམ་པ་ཆོས་ཅན།    ཁྱོད་ཀྱི་མ་འོང་བ་ཡིན་ན།    ཁྱོད་ཀྱི་སྔ་རོལ་ཏུ་གྲུབ་པ་ཡིན་དགོས་པར་ཐལ།    ཁྱོད་དངོས་པོ་ཡིན་པའི་ཕྱིར།   

 ཁ་ཅིག་ན་རེ།    མ་འོང་པ་མེད་པར་ཐལ།    སྐྱེ་བ་ལ་མངོན་དུ་ཕྱོགས་པ་མེད་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    སྐྱེ་བ་ལ་མངོན་དུ་ཕྱོགས་པ་མེད་པར་ཐལ།    དངོས་པོ་ཡིན་ན།    སྐྱེ་བ་ལ་མངོན་དུ་ཕྱོགས་པ་མ་ཡིན་པས་ཁྱབ།    རྟག་པ་ཡིན་ན།    སྐྱེ་བ་ལ་མངོན་དུ་ཕྱོགས་པ་མ་ཡིན་པས་ཁྱབ་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    དངོས་པོ་ཡིན་ན།    སྐྱེ་བ་ལ་མངོན་དུ་ཕྱོགས་པ་མ་ཡིན་པས་ཁྱབ་པར་ཐལ།    དངོས་པོ་ཡིན་ན།    སྐྱེ་དགོས་མ་ཡིན་པས་ཁྱབ་པའི་ཕྱིར།    དེར་ཐལ།    དངོས་པོ་ཡིན་ན་སྐྱེས་ཟིན་ཡིན་པས་ཁྱབ་པའི་ཕྱིར།    རྟགས་གཉིས་པ་མ་གྲུབ་ན།    རྟག་པ་ཡིན་ན་སྐྱེ་བ་ལ་མངོན་དུ་ཕྱོགས་པ་མ་ཡིན་པས་ཁྱབ་པར་ཐལ།    རྟག་པ་ཡིན་ན་སྐྱེ་དགོས་མ་ཡིན་པས་ཁྱབ་པའི་ཕྱིར།    དེར་ཐལ།   རྟག་པ་ཡིན་ན་གཏན་ནས་མི་སྐྱེ་བས་ཁྱབ་པ་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཡོད་པར་ཐལ།    མྱུ་གུ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    མྱུ་གུ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཡོད་པར་ཐལ།    མྱུ་གུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དུས་ཡོད་པའི་ཕྱིར།    མ་གྲུབ་ན།    མྱུ་གུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དུས་ཡོད་པར་ཐལ།    མྱུ་གུ་སྐྱེ་བཞིན་པའི་དུས་ཡོད་པའི་ཕྱིར།    མ་གྲུབ་ན།    མྱུ་གུ་སྐྱེ་བཞིན་པའི་དུས་ཡོད་པར་ཐལ།    མྱུ་གུའི་རྒྱུ་དུས་དེ་ཡིན་པའི་ཕྱིར།    མ་གྲུབ་ན།    མྱུ་གུ་ཆོས་ཅན།    ཁྱོད་ཀྱི་རྒྱུ་དུས་དེ་ཁྱོད་སྐྱེ་བཞིན་པའི་དུས་ཡིན་པར་ཐལ།    ཁྱོད་དངོས་པོ་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཡོད་པར་ཐལ།    འགག་པ་ལ་མངོན་དུ་ཕྱོགས་པ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    འགགཔ་ལ་མངོན་དུ་ཕྱོགས་པ་ཡོད་པར་ཐལ།    དངོས་པོ་ཡིན་ན་འགག་པ་ལ་མངོན་དུ་ཕྱོགས་པ་ཡིན་པས་ཁྱབ་པའི་ཕྱིར།    མ་གྲུབ་ན།    དངོས་པོ་ཡིན་ན།    འགག་པ་ལ་མངོན་དུ་ཕྱོགས་པ་ཡིན་པས་ཁྱབ་པར་ཐལ།    དངོས་པོ་ཡིན་ན་འགག་བཞིན་པ་ཡིན་པས་ཁྱབ་པའི་ཕྱིར།    མ་གྲུབ་ན།    དངོས་པོ་ཡིན་ན།    འགག་བཞིན་པ་ཡིན་པས་ཁྱབ་པར་ཐལ།    དངོས་པོ་ཡིན་ན།    འཇིག་བཞིན་པ་ཡིན་པས་ཁྱབ་པའི་ཕྱིར།    མ་གྲུབ་ན།    དངོས་པོ་ཡིན་ན་འཇིག་བཞིན་པ་ཡིན་པས་ཁྱབ་པར་ཐལ།    དངོས་པོ་ཡིན་ན་འཇིག་དོགས་ཡིན་པས་ཁྱབ་པའི་ཕྱིར།

    ཁ་ཅིག་ན་རེ།    མྱུ་གུ་སྐྱེ་བ་དང་།    ས་བོན་འགག་པ་དུས་མཉམ་ཡིན་པར་ཐལ།    མྱུ་གུ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་ས་བོན་འགག་པ་ལ་མངོན་དུ་ཕྱོགས་པ་གཉིས་དུས་མཉམ་ཡིན་པའི་ཕྱིར།    མ་གྲུབ་ན།    མྱུ་གུ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་།    ས་བོན་འགག་པ་ལ་མངོན་དུ་ཕྱོགས་པ་གཉིས་དུས་མཉམ་ཡིན་པར་ཐལ།    མྱུ་གུ་དང་ས་བོན་གཉིས་དངོས་སུ་སྐྱེད་བྱ་སྐྱེད་བྱེད་ཡིན་པའི་ཕྱིར།    འདོད་ན།    མྱུ་གུ་སྐྱེས་ན་ས་བོན་འགག་པའི་ཁྱབ་པར་ཐལ།    དེ་གཉིས་དུས་མཉམ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    འདོད་ན།    ཤེས་བྱ་ཆོས་ཅན།    ས་བོན་འགག་པར་ཐལ།    མྱུ་གུ་སྐྱེས་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    ཤེས་བྱ་ཆོས་ཅན།    མྱུ་གུ་སྐྱེས་པར་ཐལ།    མྱུ་གུ་དངོས་པོ་ཡིན་པའི་ཕྱིར།    གོང་དུ་འདོད་ན།    ཤེས་བྱ་ཆོས་ཅན།    ས་བོན་མ་འགག་པར་ཐལ།    ས་བོན་འགག་དགོས་ཡིན་པའི་ཕྱིར།    མ་གྲུབ་ན།    ཤེས་བྱ་ཆོས་ཅན།    ས་བོན་འགག་དགོས་ཡིན་པར་ཐལ།    ས་བོན་དངོས་པོ་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    ས་བོན་འགག་པ་དང་མྱུ་གུ་སྐྱེ་བ་དུས་མཉམ་མ་ཡིན་པར་ཐལ།   ས་བོན་འགག་པའི་དུས་དང་མྱུ་གུ་སྐྱེ་བའི་དུས་གཅིག་མ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    ས་བོན་འགག་པའི་དུས་དང་།    མྱུ་གུ་སྐྱེ་བའི་དུས་གཅིག་མ་ཡིན་པར་ཐལ།    མྱུ་གུ་སྐྱེ་དུས་ཡིན་ན།    ས་བོན་འགག་དུས་ཡིན་པས་མ་ཁྱབ་པའི་ཕྱིར།    མ་གྲུབ་ན།    མྱུ་གུ་སྐྱེ་དུས་ཡིན་ན་ས་བོན་འགག་དུས་ཡིན་པས་མ་ཁྱབ་པར་ཐལ།    ས་བོན་ཀྐད་ཅིག་ཐ་མའི་དུས་དེ་མྱུ་གུ་སྐྱེ་དུས་ཡིན་པ་གང་ཞིག །   ས་བོན་འགག་དུས་མ་ཡིན་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    ས་བོན་ཀྐད་ཅིག་ཐ་མའི་དུས་དེ་མྱུ་གུ་སྐྱེ་དུས་ཡིན་པར་ཐལ།    མྱུ་གུའི་དངོས་རྒྱུའི་དུས་དེ་མྱུ་གུ་སྐྱེ་དུས་ཡིན་པའི་ཕྱིར།    མ་གྲུབ་ན།    མྱུ་གུ་ཆོས་ཅན།    ཁྱོད་ཀྱི་དངོས་རྒྱུའི་དུས་དེ་ཁྱོད་སྐྱེ་དུས་ཡིན་པར་ཐལ།    ཁྱོད་དངོས་པོ་ཡིན་པའི་ཕྱིར།    གོང་དུ་འདོད་ན།    ས་བོན་སྐད་ཅིག་ཐ་མའི་དུས་དེ་ས་བོན་འགག་དུས་མ་ཡིན་པར་ཐལ།    ས་བོན་སྐད་ཅིག་ཐ་མའི་དུས་དེ་ས་བོན་གྱི་རང་དུས་ཡིན་པའི་ཕྱིར།    མ་གྲུབ་ན།    ས་བོན་ཆོས་ཅན།    ཁྱོད་སྐད་ཅིག་ཐ་མའི་དུས་དེ་ཁྱོད་ཀྱི་རང་དུས་ཡིན་པར་ཐལ།    ཁྱོད་དངོས་པོ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    མྱུ་གུའི་དངོས་རྒྱུའི་དུས་དེ་མྱུ་གུ་སྐྱེ་དུས་མ་ཡིན་པར་ཐལ།    མྱུ་གུ་སྐད་ཅིག་དང་པོའི་དུས་དེ་མྱུ་གུ་སྐྱེ་དུས་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    མྱུ་གུ་སྐད་ཅིག་དང་པོའི་དུས་དེ་མྱུ་གུ་སྐྱེ་དུས་ཡིན་པར་ཐལ།    མྱུ་གུ་ཀྐད་ཅིག་དང་པོའི་དུས་དེ་ས་བོན་འགག་དུས་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    ས་བོན་འགག་པ་དང་མྱུ་གུ་སྐྱེ་བའི་དུས་གཅིག་ཡིན་པའི་ཕྱིར།    དེར་ཐལ།    མྱུ་གུ་སྐྱེ་བ་དང་ས་བོན་འགག་པ་དུས་མཉམ་ཡིན་པའི་ཕྱིར།    བྱས་པ་ལ་ཁོ་ན་རེ།    མྱུ་གུ་སྐད་ཅིག་དང་པོའི་དུས་ཆོས་ཅན།   མྱུ་གུ་སྐྱེ་དུས་མ་ཡིན་པར་ཐལ།    མྱུ་གུ་སྐྱེ་དགོས་ཀྱི་དུས་མ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    འདོད་ན།    མྱུ་གུ་ཆོས་ཅན།    ཁྱོད་སྐད་ཅིག་དང་པོའི་དུས་དེ་ཁྱོད་སྐྱེ་དུས་ཡིན་པར་ཐལ།    ཁྱོད་དངོས་པོ་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    ས་བོན་སྐད་ཅིག་ཐ་མའི་དུས་དེ་ས་བོན་འགག་དུས་ཡིན་པར་ཐལ།    ས་བོན་གྱི་དུས་དེ་ས་བོན་འགག་དུས་ཡིན་པའི་ཕྱིར།    མ་གྲུབ་ན།    ས་བོན་གྱི་དུས་དེ་ས་བོན་འགག་དུས་ཡིན་པར་ཐལ།    མྱུ་གུའི་དུས་དེ་མྱུ་གུ་འགག་དུས་ཡིན་པའི་ཕྱིར།    མ་གྲུབ་ན།    མྱུ་གུའི་དུས་དེ་མྱུ་གུ་འགག་དུས་ཡིན་པར་ཐལ།    མྱུ་གུའི་དུས་དེ་མྱུ་གུ་འཇིག་དུས་ཡིན་པའི་ཕྱིར།    མ་གྲུབ་ན།    མྱུ་གུའི་དུས་དེ་མྱུ་གུ་འཇིག་དུས་ཡིན་པར་ཐལ།    མྱུ་གུའི་དུས་དེ་མྱུ་གུ་འཇིག་པ་ཡོད་དུས་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    མྱུ་གུའི་དུས་དེ་མྱུ་གུ་འཇིག་པ་ཡོད་དུས་ཡིན་པར་ཐལ།    མྱུ་གུའི་དུས་དེ་མྱུ་གུ་འཇིག་པ་གྲུབ་དུས་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    མྱུ་གུ་དང་མྱུ་གུ་འཇིག་པ་གྲུབ་པ་དུས་མཉམ་ཡིན་པའི་ཕྱིར།    དེར་ཐལ།    མྱུ་གུ་དང་མྱུ་གུ་འཇིག་པ་ལ་མངོན་དུ་ཕྱོགས་པ་གྲུབ་པ་དུས་མཉམ་ཡིན་པའི་ཕྱིར།    དེར་ཐལ།    མྱུ་གུ་རང་དུས་ན་འཇིག་པ་ལ་མངོན་དུ་ཕྱོགས་པ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    མྱུ་གུའི་དུས་དེ་མྱུ་གུ་འཇིག་དུས་ཡིན་པར་ཐལ།    མྱུ་གུའི་དུས་དེ་མྱུ་གུ་འཇིག་པའི་རང་དུས་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།   མྱུ་གུའི་དུས་དེ་མྱུ་གུ་འཇིག་པའི་རང་དུས་ཡིན་པར་ཐལ།    མྱུ་གུའི་དུས་དེ་མྱུ་གུ་འཇིག་པ་གནས་དུས་ཡིན་པའི་ཕྱིར།    དེར་ཐལ།    མྱུ་གུ་འཇིག་པ་གནས་དུས་བཞག་ཏུ་ཡོད་པའི་ཕྱིར།    གོང་དུ་འདོད་ན།    མྱུ་གུའི་དུས་ཆོས་ཅན་མྱུ་གུ་འཇིག་དུས་མ་ཡིན་པར་ཐལ།    མྱུ་གུ་འཇིག་པ་ལ་མངོན་དུ་ཕྱོགས་པའི་དུས་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    མྱུ་གུ་འཇིག་པ་ལ་མངོན་དུ་ཕྱོགས་པའི་དུས་དང་།    མྱུ་གུ་འཇིག་དུས་མི་གཅིག་པ་དེ་ཡིན་པའི་ཕྱིར།    དེར་ཐལ།    འཚང་རྒྱབ་ལ་མངོན་དུ་ཕྱོགས་པའི་དུས་དང་།    འཚང་རྒྱབ་དུས་མི་གཅིག་པ་དེ་བཞིན་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    མྱུ་གུ་སྐད་ཅིག་གཉིས་པའི་དུས་དེ།    མྱུ་གུ་འཇིག་དུས་ཡིན་ཟེར་ན།    མྱུ་གུ་སྐད་ཅིག་གཉིས་པའི་དུས་ཆོས་ཅན།    མྱུ་གུ་འཇིག་དུས་མ་ཡིན་པར་ཐལ།    མྱུ་གུ་གནས་དུས་ཡིན་པའི་ཕྱིར།    མ་གྲུབ་ན།    མྱུ་གུ་སྐད་ཅིག་གཉིས་པའི་དུས་དེ་མྱུ་གུ་གནས་དུས་ཡིན་པར་ཐལ།    མྱུ་གུ་སྐད་ཅིག་སྔ་ཕྱི་བར་གསུམ་གའི་དུས་དེ་མྱུ་གུ་གནས་དུས་ཡིན་པའི་ཕྱིར།    མ་གྲུབ་ན།    མྱུ་གུ་ཆོས་ཅན།    ཁྱོད་སྐད་ཅིག་སྔ་ཕྱི་བར་གསུམ་གའི་དུས་དེ་ཁྱོད་ཀྱི་གནས་དུས་ཡིན་པར་ཐལ།    ཁྱོད་སྐད་ཅིག་སྔ་ཕྱི་བར་གསུམ་གྱི་བདག་ཉིད་ཅན་གྱི་དངོས་པོ་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    མྱུ་གུ་འཇིག་དུས་མེད་པར་ཐལ།    མྱུ་གུ་སྐད་ཅིག་གཉིས་པའི་དུས་དེ་མ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    མྱུ་གུའི་རང་དུས་དེ་ལས་དེའི་སྐད་ཅིག་གཉིས་པའི་དུས་དེ་མྱུ་གུ་འཇིག་དུས་ལ་འཇོག་དགོས་པའི་ཕྱིར།    དེར་ཐལ།    མྱུ་གུ་དེ་ནམ་འཇིག་ཅེ་ན།    རང་དུས་དེ་ལས་དུས་སྐད་ཅིག་གཉིས་པར་འཇིག་ཅེས་བཤད་དགོས་པའི་ཕྱིར།    ཁ་ཅིག་ན་རེ།    མྱུ་གུའི་རང་དུས་དེ་ལས་དེའི་སྐད་ཅིག་གཉིས་པའི་དུས་དེ་མྱུ་གུ་འཇིག་དུས་མ་ཡིན་པར་ཐལ།    མྱུ་གུའི་རང་དུས་དེ་ལས་དེའི་སྐད་ཅིག་གཉིས་པའི་དུས་དེ་མྱུ་གུ་ཞིག་ཟིན་པའི་དུས་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    མྱུ་གུའི་རང་དུས་དེ་ལས་དུས་སྐད་ཅིག་གཉིས་པའི་དུས་དེ་མྱུ་གུ་ཞིག་ཟིན་པའི་དུས་ཡིན་པར་ཐལ།    མྱུ་གུའི་རང་དུས་དེ་ལས་དུས་སྐད་ཅིག་གཉིས་པའི་དུས་དེ་མྱུ་གུའི་འབྲས་དུས་ཡིན་པའི་ཕྱིར།    མ་གྲུབ་ན།    མྱུ་གུ་ཆོས་ཅན།    ཁྱོད་ཀྱི་རང་དུས་དེ་ལས་དུས་སྐད་ཅིག་གཉིས་པའི་དུས་དེ་ཁྱོད་ཀྱི་འབྲས་དུས་ཡིན་པར་ཐལ།    ཁྱོད་དངོས་པོ་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    ཞིག་པའི་དངོས་པོ་ཡོད་པར་ཐལ།    དངོས་པོ་ཡིན་ན་འཇིག་པས་ཁྱབ་པའི་ཕྱིར་ཟེར་ན་མ་ཁྱབ།    འདོད་མི་ནུས་པ་ཡིན་ཏེ།    དངོས་པོ་ཡིན་ནམ་ཞིག་པས་ཁྱབ་པའི་ཕྱིར།    དེར་ཐལ།    དངོས་པོ་ཡིན་ན་འཇིག་དགོས་ཡིན་པས་ཁྱབ་པའི་ཕྱིར།    ཁ་ཅིག་ན་རེ།    ཞིག་པའི་དངོས་པོ་ཡོད་པར་ཐལ།    འགག་པའི་དངོས་པོ་ཡོད་པའི་ཕྱིར།    མ་གྲུབ་ན།    འགག་པའི་དངོས་པོ་ཡོད་པར་ཐལ།    ཤི་བའི་མི་ཡོད་པའི་ཕྱིར།    མ་གྲུབ་ན།    ཤི་བའི་མི་ཡོད་པར་ཐལ།    མི་ཤི་བ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    ཤི་བའི་མི་ཡོད་པར་ཐལ།    མི་ཤི་བ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    མི་ཤི་བ་ཡོད་པར་ཐལ།    མི་བསད་པ་ཡོད་པའི་ཕྱིར།    མ་གྲུབ་ན།    མི་བསད་པ་ཡོད་པར་ཐལ།    མི་བསད་པའི་ལས་ཡོད་པའི་ཕྱིར།

    ཁ་ཅིག་ན་རེ།   བསད་པའི་མི་ཡོད་པར་ཐལ།    ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་གླང་དར་མ་བསད་པའི་ཕྱིར་ཟེར་ན་མ་ཁྱབ།    བྱས་པ་ལ་ཁོ་ན་རེ།    ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་གླང་དར་མའི་སྲོག་དབང་འགག་པར་བྱས་པར་ཐལ།    ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་གླང་དར་མ་བསད་པ་ཡིན་པའི་ཕྱིར།    འདོད་ན།    རྒྱལ་པོ་གླང་དར་མའི་སྲོག་དབང་འགག་པར་ཐལ།    ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་གླང་དར་མའི་སྲོག་དབང་འགག་པར་བྱས་པའི་ཕྱིར་ཟེར་ན་མ་ཁྱབ།    འོ་ན་ཁྱོད་རང་ལ།    སྣད་པས་གསལ་བྱའི་མུན་པ་འགག་པར་ཐལ།    སྣང་བས་རང་གི་གསལ་བྱའི་མུན་པ་འགག་པར་བྱས་པའི་ཕྱིར།    ཁྱབ་པ་འགྲིག །   གཞན་ཡང་།    སྒྲིབ་པ་འགག་པར་ཐལ།    རྒྱུན་མཐའི་བར་ཆད་མེད་ལམ་གྱིས་སྒྲིབ་པ་འགག་པར་བྱས་པའི་ཕྱིར།    ཁྱབ་པ་འགྲིག   

  ཁ་ཅིག་ན་རེ།    ཞིག་པའི་དངོས་པོ་ཡོད་པར་ཐལ།    འདས་པའི་དངོས་པོ་ཡོད་པའི་ཕྱིར།    མ་གྲུབ་ན།    འདས་པའི་དངོས་པོ་ཡོད་པར་ཐལ།    འདས་པའི་མི་ཡོད་པའི་ཕྱིར།    མ་གྲུབ་ན།    འདས་པའི་མི་ཡོད་པར་ཐལ།    འདས་པའི་སངས་རྒྱས་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    འདས་པའི་སངས་རྒྱས་ཡོད་པར་ཐལ།    དུས་གསུམ་གྱི་སངས་རྒྱས་ཡོད་པའི་ཕྱིར།    ཁ་ཅིག་ན་རེ།    འདས་པའི་མི་ཡོད་པར་ཐལ།    འདས་པའི་མི་དྲན་ཚུལ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ།    རང་དུས་ན་འདས་པའི་མི་དྲན་པ་ཡིན་པ་བཞིན་དུ་དེ་ལ་བརྟེན་ནས་སངས་རྒྱས་འཇོག་དགོས་པ་ཡིན་པའི་ཕྱིར།   

  རང་གི་ལུགས་ལ།    ད་ལྟ་བའི་མཚན་ཉིད་ཡོད་དེ།    སྐྱེས་ལ་མ་འགག་པ་དེ་ཡིན་པའི་ཕྱིར།    ད་ལྟ་བ་དང་དངོས་པོ་གཉིས་དོན་གཅིག །   མྱུ་གུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དུས་བཞག་ཏུ་ཡོད་དེ།    མྱུ་གུའི་རྒྱུ་དུས་དེ་ཡིན་པའི་ཕྱིར།    མྱུ་གུ་སྐྱེ་དུས་བཞག་ཏུ་ཡོད་དེ།    མྱུ་གུ་ཀྐད་ཅིག་དང་པོའི་དུས་དེ་ཡིན་པའི་ཕྱིར།    མྱུ་གུ་གནས་དུས་བཞག་ཏུ་ཡོད་དེ།    མྱུ་གུ་སྐད་ཅིག་སྔ་ཕྱི་བར་གསུམ་གའི་དུས་དེ་ཡིན་པའི་ཕྱིར།    མྱུ་གུ་འཇིག་དུས་བཞག་ཏུ་ཡོད་དེ།    མྱུ་གུའི་རང་དུས་དེ་ལས་དེའི་སྐད་ཅིག་གཉིས་པའི་དུས་དང་།    མྱུ་གུའི་འབྲས་བུ་སྐད་ཅིག་དང་པོའི་དུས་གཉིས་ཀ་རེ་རེ་ནས་དེ་ཡིན་པའི་ཕྱིར།    མ་འོང་བའི་མཚན་ཉིད་ཡོད་དེ།    དངོས་པོ་དེ་སྐྱེ་བའི་རྒྱུ་ཡོད་ལ།    རྐྱེན་མ་ཚང་བའི་དབང་གིས་རེ་ཞིག་མ་སྐྱེས་པའི་ཆར་གྱུར་བའི་མེད་དགག་དེ་ཡིན་པའི་ཕྱིར།    མྱུ་གུའི་མ་འོང་བའི་མཚན་ཉིད་ཡོད་དེ།    མྱུ་གུ་སྐྱེ་བའི་རྒྱུ་ཡོད་ལ།    རྐྱེན་མ་ཚང་བའི་དབང་གིས་རེ་ཞིག་མྱུ་གུ་མ་སྐྱེས་པའི་ཆར་གྱུར་བའི་མེད་དགག་དེ་ཡིན་པའི་ཕྱིར།    མྱུ་གུའི་མ་འོང་བ་དང་།    མྱུ་གུའི་མ་འོང་བའི་དུས་གཉིས་མི་གཅིག་པ་ཡིན་ཏེ།    དེ་གཉིས་འགལ་བ་ཡིན་པའི་ཕྱིར།    དེར་ཐལ།    མྱུ་གུའི་རྒྱུ་དུས་དེ་མྱུ་གུ་མ་འོང་བའི་དུས་ཡིན་ལ།    མྱུ་གུའི་མ་འོང་བ་མ་ཡིན་པའི་ཕྱིར།   མྱུ་གུའི་རྒྱུ་དུས་སུ་མྱུ་གུ་མ་སྐྱེས་པའི་ཆ་དེ་མྱུ་གུའི་མ་འོང་པ་ཡིན་ལ།    མྱུ་གུའི་མ་འོང་བའི་དུས་མ་ཡིན་པའི་ཕྱིར།    འདས་པའི་མཚན་ཉིད་ཡོད་དེ།    རང་གི་དགག་བྱའི་དངོས་པོ་དེ་ཞིག་པའི་ཆར་གྱུར་བའི་མེད་དགག་དེ་ཡིན་པའི་ཕྱིར།    མྱུ་གུའི་འདས་པའི་མཚན་ཉིད་ཡོད་དེ།    མྱུ་གུ་ཞིག་པའི་ཆར་གྱུར་པའི་མེད་དགག་དེ་ཡིན་པའི་ཕྱིར།    མྱུ་གུའི་འདས་པ་དང་མྱུ་གུའི་ཞིག་པ་གཉིས་དོན་གཅིག །   མྱུ་གུའི་འདས་པ་དང་མྱུ་གུའི་འདས་པའི་དུས་གཉིས་མི་གཅིག་པ་ཡིན་ཏེ།    མྱུ་གུའི་འབྲས་དུས་དེ་མྱུ་གུའི་འདས་པའི་དུས་ཡིན་ལ།    མྱུ་གུའི་འདས་པ་མ་ཡིན་པའི་ཕྱིར།    མྱུ་གུའི་ཞིག་པ་དེ་མྱུ་གུའི་འདས་པ་ཡིན་ལ།    མྱུ་གུའི་འདས་པའི་དུས་མ་ཡིན་པའི་ཕྱིར།   

  དེ་ལ་རྩོད་པ་སྤོང་བ་ལ།    ཁ་ཅིག་ན་རེ།    མྱུ་གུའི་འདས་པ་ཆོས་ཅན།    ཞིག་པ་ཡིན་པར་ཐལ།    མྱུ་གུའི་ཞིག་པ་ཡིན་པའི་ཕྱིར།    མ་གྲུབ་ན།    མྱུ་གུའི་འདས་པ་ཆོས་ཅན།    མྱུ་གུའི་ཞིག་པ་ཡིན་པར་ཐལ།    མྱུ་གུའི་འདས་པ་ཡིན་པའི་ཕྱིར།    འདོད་ན།    མྱུ་གུའི་འདས་པ་ཆོས་ཅན།    ཞིག་པ་མ་ཡིན་པར་ཐལ།    མ་ཞིག་པ་ཡིན་པའི་ཕྱིར།    མ་གྲུབ་ན།    མྱུ་གུའི་འདས་པ་ཆོས་ཅན།    མ་ཞིག་པ་ཡིན་པར་ཐལ།    མ་ཞིག་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    མྱུ་གུའི་འདས་པ་ཆོས་ཅན།    མ་ཞིག་པར་ཐལ།    གཞི་གྲུབ་པའི་ཕྱིར། 

   ཁ་ཅིག་ན་རེ།    རྟག་པ་ཆོས་ཅན།    ཁྱོད་སྐྱེ་བའི་རྒྱུ་ཡོད་ལ།    རྐྱེན་མ་ཚང་བའི་དབང་གིས་རེ་ཞིག་མ་སྐྱེས་པའི་ཆ་ཡོད་པར་ཐལ།    ཁྱོད་མ་འོང་བ་ཡོད་པའི་ཕྱིར།    མ་གྲུབ་ན།    རྟག་པ་ཆོས་ཅན།    ཁྱོད་མ་འོང་བ་ཡོད་པར་ཐལ།   ཁྱོད་མ་སྐྱེས་པ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    རྟག་པ་ཆོས་ཅན།    ཁྱོད་མ་སྐྱེས་པ་ཡོད་པར་ཐལ།    ཁྱོད་མ་སྐྱེས་པ་ཡིན་པའི་ཕྱིར།    གོང་དུ་འདོད་ན།    རྟག་པ་ཆོས་ཅན།    ཁྱོད་སྐྱེ་བའི་རྒྱུ་ཡོད་ལ།    རྐྱེན་མ་ཚང་བའི་དབང་གིས་རེ་ཞིག་མ་སྐྱེས་པའི་ཆ་མེད་པར་ཐལ།    ཁྱོད་སྐྱེ་བའི་རྒྱུ་མེད་པའི་ཕྱིར།

    ཁ་ཅིག་ན་རེ།    འདས་པའི་དུས་མེད་པར་ཐལ།    འདས་པའི་རང་དུས་མེད་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    འདས་པ་ཆོས་ཅན།    ཁྱོད་ཀྱི་རང་དུས་མེད་པར་ཐལ།    ཁྱོད་དུས་བྲལ་ཡིན་པའི་ཕྱིར།    མ་གྲུབ་ན།    འདས་པ་ཆོས་ཅན།    ཁྱོད་དུས་བྲལ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར།    ཁྱབ་སྟེ།    རྟག་པ་ལ་དུས་འཇོག་མི་ཉན་པ་དེ་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    འདས་པའི་དངོས་པོ་ཡོད་པར་ཐལ།    འདས་པའི་དུས་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ།    ཁོ་ན་རེ།    ཁྱབ་པ་ཡོད་པར་ཐལ།    དུས་ཡིན་ན་དངོས་པོ་ཡིན་དགོས་པའི་ཕྱིར་ཟེར་ན་ཡང་མ་ཁྱབ།

    ཁ་ཅིག་ན་རེ།    འདས་པའི་དུས་ཆོས་ཅན།    འདས་པའི་དུས་མ་ཡིན་པར་ཐལ།    ད་ལྟ་བའི་དུས་ཡིན་པའི་ཕྱིར།    མ་གྲུབ་ན།    འདས་པའི་དས་ཆོས་ཅན།    ད་ལྟ་བའི་དུས་ཡིན་པར་ཐལ།    ད་ལྟ་བ་དང་དུས་གཉིས་ཀ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    རྟགས་གྲུབ་སྟེ།    དུས་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    འདས་པའི་སངས་རྒྱས་མེད་པར་ཐལ།    སངས་རྒྱས་མར་མེ་མཛད་དེ་མ་ཡིན་པའི་ཕྱིར།    མ་གྲུབ་ན།    སངས་རྒྱས་མར་མེ་མཛད་ཆོས་ཅན།    འདས་པའི་སངས་རྒྱས་མ་ཡིན་པར་ཐལ།    ད་ལྟ་བའི་སངས་རྒྱས་ཡིན་པའི་ཕྱིར།    མ་གྲུབ་ན།    སངས་རྒྱས་མར་མེ་མཛད་ཆོས་ཅན།    ད་ལྟ་བའི་སངས་རྒྱས་ཡིན་པར་ཐལ།    ད་ལྟ་བ་དང་སངས་རྒྱས་གཉིས་ཀ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    དེ་ལྟར་གྱི་དུས་ལ་འདས་པའི་སངས་རྒྱས་ཡིན་པས་འདས་པའི་སངས་རྒྱས་ལ་བཞག་པ་ཡིན་པའི་ཕྱིར།    འདས་པའི་དངོས་པོ་ཡོད་པར་ཐལ།    ད་ལྟར་གྱི་དུས་ལ་འདས་ལ་འདས་པའི་དངོས་པོ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ།    ཁོ་ན་རེ།    ཁྱབ་པ་ཡོད་པར་ཐལ།    ད་ལྟ་གྱི་དུས་ལ་འདས་པའི་སངས་རྒྱས་ཡོད་པས་འདས་པའི་སངས་རྒྱས་ལ་བཞག་པ་ཡིན་པའི་ཕྱིར་ཟེར་ན་ཡང་མ་ཁྱབ།    དེ་གཉིས་ཀྱི་དོན་གཏན་ནས་མི་འདྲ་བ་ཡིན་པའི་ཕྱིར།    གོང་དུ་འདོད་ན།    འདས་པའི་དངོས་པོ་མེད་པར་ཐལ།    ཞིག་པའི་དངོས་པོ་མེད་པའི་ཕྱིར།    མ་གྲུབ་ན།    ཞིག་པའི་དངོས་པོ་མེད་པར་ཐལ།    ཤི་བའི་མི་མེད་པའི་ཕྱིར།    མ་གྲུབ་ན།    ཤི་བའི་མི་མེད་པར་ཐལ།    སྲོག་དབང་དང་མི་ལྡན་པའི་མི་མེད་པའི་ཕྱིར།    མ་གྲུབ་ན།    སྲེག་དབང་དང་མི་ལྡན་པའི་མི་མེད་པར་ཐལ།    སྲོག་དབང་དང་མི་ལྡན་པའི་གང་ཟག་མེད་པའི་ཕྱིར།    དེར་ཐལ།    གང་ཟག་ཡིན་ན་སྲོག་དབང་དང་ལྡན་པས་ཁྱབ་པའི་ཕྱིར།   ། 

                                                                                                                                                                                 རྩོམ་སྒྲིག་པ།   བློ་བཟང་བཀྲ་ཤིས།

བརྒྱུད་འགོད།
0