བསེ་བསྡུས་ལས་​རང་མཚན་དང་སྤྱི་མཚན་གྱི་རྣམ་བཞག

སྤེལ་དུས།  2021-09-30   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  བསེ་ངག་དབང་བཀྲ་ཤིས།   ཀློག་གྲངས།  

རང་མཚན་དང་སྤྱི་མཚན་གྱི་རྣམ་བཞག་བཤད་པ་ལ། 

        ཁ་ཅིག་ན་རེ།    གཞི་གྲུབ་ན།    རང་མཚན་ཡིན་པས་ཁྱབ་ཟེར་ན།    འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།    རང་མཚན་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར།    གཞི་གྲུབ་པའི་ཕྱིར།    ཁྱབ་པ་ཁས།    འདོད་ན།    འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།    རང་གི་མཚན་ཉིད་ཀྱིས་གྲུབ་པར་ཐལ།    རང་མཚན་ཡིན་པའི་ཕྱིར།    འདོད་ན།    འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།    རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་ཐལ།    རྟོག་པས་བཏགས་ཙམ་ཡིན་པའི་ཕྱིར།    མ་གྲུབ་ན།    འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།    རྟོག་པས་བཏགས་ཙམ་ཡིན་པར་ཐལ།    འདུས་མ་བྱས་ཀྱི་ཆོས་ཡིན་པའི་ཕྱིར།    གཞན་ཡང་།    འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།    དོན་དམ་བདེན་པ་ཡིན་པར་ཐལ།    རང་མཚན་ཡིན་པའི་ཕྱིར།    འདོད་ན།    འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།    བློ་དོན་དམ་པ་མངོན་སུམ་གྱི་ཚད་མའི་དངོས་གཞལ་ཡིན་པར་ཐལ།    དོན་དམ་བདེན་པ་ཡིན་པའི་ཕྱིར།    འདོད་ན།    འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།    མངོན་སུམ་གྱི་ཚད་མའི་དངོས་གཞལ་ཡིན་པར་ཐལ།    འདོད་པའི་ཕྱིར།    འདོད་མི་ནུས་ཏེ།    སྤྱི་མཚན་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    མངོན་སུམ་གྱི་ཚད་མའི་དངོས་གཞལ་དང་རང་མཚན་དང་དངོས་པོ་རྣམས་དོན་གཅིག་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།   རྟོག་པས་བཏགས་ཙམ་ཡིན་ན།    སྤྱི་མཚན་ཡིན་པས་ཁྱབ་ཟེར་ན།    རི་བོང་རྭ་ཆོས་ཅན།    སྤྱི་མཚན་ཡིན་པར་ཐལ།    རྟོག་པས་བཏགས་ཙམ་ཡིན་པའི་ཕྱིར།    ཁྱབ་པ་ཁས།    འདོད་ན།    རི་བོང་རྭ་ཆོས་ཅན།    ཡོད་པར་ཐལ།    སྤྱི་མཚན་ཡིན་པའི་ཕྱིར།    འདོད་མི་ནུས་ཏེ།    མེད་པ་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    ཡུལ་དུས་རང་བཞིན་མ་འདྲེས་པའི་ཆོས་ཡིན་ན།    རང་མཚན་ཡིན་པས་ཁྱབ་ཟེར་ན།    ཤེས་བྱ་ཆོས་ཅན།    རང་མཚན་ཡིན་པར་ཐལ།    ཡུལ་དུས་རང་བཞིན་མ་འདྲེས་པའི་ཆོས་ཡིན་པའི་ཕྱིར།    དེར་ཐལ།    གཞི་གྲུབ་པའི་ཕྱིར།    རྩ་བར་འདོད་ན།    ཤེས་བྱ་ཆོས་ཅན།    རང་མཚན་མ་ཡིན་པར་ཐལ།    དོན་དམ་བདེན་པ་མ་ཡིན་པའི་ཕྱིར།    མ་གྲུབ་ན།    ཤེས་བྱ་ཆོས་ཅན།    དོན་དམ་བདེན་པ་མ་ཡིན་པར་ཐལ།    ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར།    མ་གྲུབ་ན།    ཤེས་བྱ་ཆོས་ཅན།    ཀུན་རྫོབ་བདེན་པ་ཡིན་པར་ཐལ།    སྤྱི་མཚན་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    རིགས་པ་དང་རྒྱུན་གང་རུང་ཡིན་ན།    རང་མཚན་མ་ཡིན་པས་ཁྱབ་ཟེར་ན།    བུམ་པ་ཆོས་ཅན།    རང་མཚན་མ་ཡིན་པར་ཐལ།    རིགས་པ་དང་རྒྱུན་གང་རུང་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    བུམ་པ་ཆོས་ཅན།    རིགས་པ་དང་རྒྱུན་གང་རུང་ཡིན་པར་ཐལ།    རིགས་པ་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་པ་ཆོས་ཅན།    རིགས་པ་ཡིན་པར་ཐལ།   བསགས་རྡུལ་ཕྲ་རབ་དུ་མ་འདུས་པའི་གོང་བུ་ཡིན་པའི་ཕྱིར།    རྩ་བར་འདོད་ན།    བུམ་པ་ཆོས་ཅན།    རང་མཚན་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར།

    གཞན་ཡང་།    ཤེས་པ་ཆོས་ཅན།    རང་མཚན་མ་ཡིན་པར་ཐལ།    རྒྱུན་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    ཤེས་པ་ཆོས་ཅན།    རྒྱུན་ཡིན་པར་ཐལ།    སྐད་ཅིག་སྔ་ཕྱི་མང་པོ་འཚོགས་པའི་རྒྱུན་ཡིན་པའི་ཕྱིར།    མ་གྲུབ་ན།    ཤེས་པ་ཆོས་ཅན།    སྐད་ཅིག་སྔ་ཕྱི་མང་པོ་འཚོགས་པའི་རྒྱུན་ཡིན་པར་ཐལ།    ཤེས་པ་དང་གཅིག་ཡིན་པའི་ཕྱིར།    རྩ་བར་འདོད་ན།    ཤེས་པ་ཆོས་ཅན།    རང་མཚན་ཡིན་པར་ཐལ།    དོན་དམ་བདེན་པ་ཡིན་པའི་ཕྱིར།    མ་གྲུབ་ན།    ཤེས་པ་ཆོས་ཅན།    དོན་དམ་བདེན་པ་ཡིན་པར་ཐལ།   མངོན་སུམ་གྱི་ཚད་མའི་དངོས་གཞལ་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    དོན་དམ་བདེན་པ་དང་རང་མཚན་དང་མངོན་སུམ་གྱི་ཚད་མའི་དངོས་གཞལ་རྣམས་དོན་གཅིག་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    ཡུལ་དུས་རང་བཞིན་མ་འདྲེས་པའི་ཆོས་དེ་རང་མཚན་གྱི་མཚན་ཉིད་ཡིན་ལ།    ཡུལ་དུས་རང་བཞིན་མ་འདྲེས་པའི་དོན་ནི་ཤར་ན་ཡོད་ན་ནུབ་ན་མེད་པས་ཁྱབ་པ་ལྟ་བུ་ཡུལ་མ་འདྲེས་པའི་དོན་དང་།    ཁ་སང་གི་དུས་སུ་ཡོད་ན་དེ་རིང་གི་དུས་སུ་མེད་པས་ཁྱབ་པ་ལྟ་བུ་དུས་མ་འདྲེས་པའི་དོན་དང་།    བུམ་པ་ལ་རྗེས་སུ་སོང་ན་ཀྭ་བ་ལ་རྗེས་སུ་མ་སོང་བས་ཁྱབ་པ་ལྟ་བུ་རང་བཞིན་མ་འདྲེས་པའི་དོན་ཡིན་ཟེར་ན།    དང་པོ་ལ་འོ་ན།    ཤར་ན་ཡོད་ན།    ནུབ་ན་མེད་པས་ཁྱབ་པ་ཡོད་པར་ཐལ།    དེ་ཡུལ་མ་འདྲེས་པའི་དོན་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    ཤེས་བྱ་ཆོས་ཅན།    ནུབ་ན་མེད་པར་ཐལ།    ཤར་ན་ཡོད་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    ཤེས་བྱ་ཆོས་ཅན།    ཤར་ན་ཡོད་པར་ཐལ།    ཤར་ཁྱོད་ཀྱི་དགག་གཞི་མ་ཡིན་པའི་ཕྱིར།    རྩ་བར་འདོད་མི་ནུས་ཏེ།    ནུབ་ན་ཡང་ཡོད་པའི་ཕྱིར།    མ་གྲུབ་ན།    ཤེས་བྱ་ཆོས་ཅན།    ནུབ་ན་ཡོད་པར་ཐལ།    ནུབ་ཁྱོད་ཀྱི་དགག་གཞི་མ་ཡིན་པའི་ཕྱིར།

    གཉིས་པ་ལ།    འོ་ན།    ཁྱོད་རང་ལ།    བུམ་པ་ལ་རྗེས་སུ་སོང་ན།    ཀྭ་བ་ལ་རྗེས་སུ་མ་སོང་བས་ཁྱབ་པ་དང་ཀྭ་བ་ལ་རྗེས་སུ་སོང་ན།    བུམ་པ་ལ་རྗེས་སུ་མ་སོང་བས་ཁྱབ་པ་ལ་གཉིས་ཀ་རེ་རེ་ནས་ཡོད་པར་ཐལ།    དེ་རང་བཞིན་མ་འདྲེས་པའི་དོན་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    དངོས་པོ་ཆོས་ཅན།    ཀྭ་བ་ལ་རྗེས་སུ་མ་སོང་བར་ཐལ།    བུམ་པ་ལ་རྗེས་སུ་སོང་བའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    དངོས་པོ་ཆོས་ཅན།    བུམ་པ་ལ་རྗེས་སུ་སོང་བར་ཐལ།    བུམ་པའི་སྤྱི་ཡིན་པའི་ཕྱིར།    རྩ་བར་འདོད་མི་ནུས་ཏེ།    ཀྭ་བ་ལ་རྗེས་སུ་སོང་བའི་ཕྱིར།    མ་གྲུབ་ན།    དངོས་པོ་ཆོས་ཅན།    ཀྭ་བ་ལ་རྗེས་སུ་སོང་བར་ཐལ།    ཀྭ་བའི་སྤྱི་ཡིན་པའི་ཕྱིར། 

   གསུམ་པ་ལ།    འོ་ན།    ཁ་སང་གི་དུས་སུ་ཡོད་ན།    དེ་རིང་ས་དུས་སུ་མེད་པས་ཁྱབ་པ་ཡོད་པར་ཐལ།    དེ་དུས་མ་འདྲེས་པའི་དོན་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན་རྟག་པ་ཆོས་ཅན།    དེ་རིང་གི་དུས་སུ་མེད་པར་ཐལ།    ཁ་སང་གི་དུས་སུ་ཡོད་པའི་ཕྱིར།    རྟགས་ཁྱབ་ཁས།    འདོད་མི་ནུས་ཏེ།    དེ་རིང་གི་དུས་སུ་ཡོད་པའི་ཕྱིར།    དེར་ཐལ།    རྟག་པ་དང་གཅིག་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    ཤེས་བྱ་འཛིན་པའི་རྟོག་པ་ཆོས་ཅན།    སྤྱི་མཚན་ཡིན་པར་ཐལ།    ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར།    མ་གྲུབ་ན།    ཤེས་བྱ་འཛིན་པའི་རྟོག་པའི་རྟོག་པ་ཆོས་ཅན།    ཀུན་རྫོབ་བདེན་པ་ཡིན་པར་ཐལ།    ཀུན་རྫོབ་བདེན་པ་ཞེས་པའི་ཚིག་ཟུར་གྱི་ཀུན་རྫོབ་དེ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    རྟགས་གྲུབ་སྟེ།    ཀུན་རྫོབ་བདེན་པ་ཞེས་པའི་ཚིག་ཟུར་གྱི་ཀུན་རྫོབ་དེ་རྟོག་པ་ལ་བྱས་ནས།    ཤེས་བྱ་དེའི་ཡུལ་དུ་ཡོད་པས་ན།    ཀུན་རྫོབ་བདེན་པ་ཞེས་སྒྲ་བཤད་པ་ཡིན་པའི་ཕྱིར།    རྩ་བར་འདོད་ན།    སྤྱི་མཚན་སྣང་ཡུལ་དུ་བྱེད་པའི་མངོན་སུམ་གྱི་ཚད་མ་ཡོད་པར་ཐལ།    ཤེས་བྱ་འཛིན་པའི་རྟོག་པ་དེ་སྤྱི་མཚན་ཡིན་པ་གང་ཞིག །   དེ་སྣང་ཡུལ་དུ་བྱེད་པའི་མངོན་སུམ་གྱི་ཚད་མ་ཡོད་པའི་ཕྱིར།    རྟགས་དང་པོ་ཁས།    གཉིས་པ་མ་གྲུབ་ན།    ཤེས་བྱ་འཛིན་པའི་རྟོག་པ་ཆོས་ཅན།    ཁྱོད་སྣང་ཡུལ་དུ་བྱེད་པའི་མངོན་སུམ་གྱི་ཚད་མ་ཡོད་པར་ཐལ།    ཁྱོད་ཉམས་མྱོང་གི་རང་རིག་དེ་ཡིན་པའི་ཕྱིར།    དེར་ཐལ།    ཁྱོད་ཤེས་པ་ཡིན་པའི་ཕྱིར།    རྩ་བར་འདོད་ན།    སྤྱི་མཚན་ཆོས་ཅན།    དོན་དམ་བདེན་པ་ཡིན་པར་ཐལ།    ཁྱོད་སྣང་ཡུལ་དུ་བྱེད་པའི་མངོན་སུམ་གྱི་ཚད་མ་ཡོད་པའི་ཕྱིར།    རྟགས་ཁས།    འདོད་མི་ནུས་ཏེ།    ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར།    དེར་ཐལ།    ཀུན་རྫོབ་བདེན་པ་དང་།    སྤྱི་མཚན་གཉིས་དོན་གཅིག་ཡིན་པའི་ཕྱིར།  

      ཁ་ཅིག་ན་རེ།    ནམ་མཁའི་སྟེང་གི་གཞན་དབང་ཡིན་ན།    གཞན་དབང་ཡིན་པས་ཁྱབ་ཟེར་ན།    ནམ་མཁའ་ཆོས་ཅན།    གཞན་དབང་ཡིན་པར་ཐལ།    ནམ་མཁའི་སྟེང་གི་གཞན་དབང་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    ནམ་མཁའ་ཆོས་ཅན།    ཁྱོད་ཁྱོད་ཀྱི་སྟེང་གི་གཞན་དབང་ཡིན་པར་ཐལ།    ཁྱོད་གཞི་གྲུབ་པའི་ཕྱིར།    རྩ་བར་འདོད་ན།    ནམ་མཁའ་ཆོས་ཅན།    གཞན་དབང་མ་ཡིན་པར་ཐལ།    དངོས་པོ་མ་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    དངོས་པོ་དང་གཞན་དང་དང་རང་མཚན་རྣམས་དོན་གཅིག་ཡིན་པའི་ཕྱིར།    ཁ་ཅིག་ན་རེ།    ནམ་མཁའ་ཆོས་ཅན།    ནམ་མཁའི་སྟེང་གི་གཞན་དབང་མ་ཡིན་པར་ཐལ།    ནམ་མཁའི་སྟེང་གི་ཀུན་བཏགས་ཡིན་པའི་ཕྱིར།    མ་གྲུབ་ན།    ནམ་མཁའ་ཆོས་ཅན།    ནམ་མཁའི་སྟེང་གི་ཀུན་བཏགས་ཡིན་པར་ཐལ།    ནམ་མཁའི་སྟེང་གི་རྟོགས་པས་བཏགས་ཙམ་གྱི་ཆོས་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    

 རང་གི་ལུགས་ལ།    སྒྲ་རྟོག་གིས་བཏགས་བཙམ་མ་ཡིན་པར་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་དེ་རང་མཚན་གྱི་མཚན་ཉིད།   རང་མཚན་དང་།    དོན་དམ་བདེན་པ་དང་།    གཞན་དབང་དང་།    མངོན་སུམ་གྱི་ཚན་མའི་དངོས་ཡུལ་རྣམས་དོན་གཅིག །   མཚན་གཞི་ནི་ཡོད་དེ།    ཡུལ་དུས་རང་བཞིན་མ་འདྲེས་པའི་དངོས་པོ་རྣམས་དེ་ཡིན་པའི་ཕྱིར།    གཟུགས་ཆོས་ཅན།    ཁྱོད་ལ་རང་མཚན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།    དགག་བྱ་བཅད་པ་དང་།    དོན་སྤྱི་བརྒྱུད་པ་སོགས་ལ་མ་ལྟོས་པར་མངོན་སུམ་གྱི་ཚད་མའི་ངོ་བོར་འཆར་རྒྱུ་ཡོད་པའི་ཆོས་ཡིན་པས་ན།    དེ་ལྟར་ཞེས་བརྗོད་པ་ཡིན་པའི་ཕྱིར།    ཡུལ་དུས་རང་བཞིན་མ་འདྲེས་པའི་དོན་ཡོད་དེ།    དངོས་པོ་དེ་ཤར་ནུབ་གཉིས་ཀ་ན་ཡོད་ཀྱང་།    ཤར་ན་ཡོད་པའི་ཆད་དེ་ཉིད།    ནུབ་ན་ཡོད་པ་མ་ཡིན་པ་དེ་ཡུལ་མ་འདྲེས་པའི་དོན་དང་།    དངོས་པོ་དེ་དེ་རིང་གི་སྔ་དྲོ་དང་།    ཕྱི་དྲོ་གཉིས་ཀའི་དུས་སུ་ཡོད་ཀྱང་།    སྔ་དྲོའི་དུས་སུ་ཡོད་པའི་ཆ་དེ་ཉིད།    ཕྱི་དྲོའི་དུས་སུ་ཡོད་པ་མ་ཡིན་པ་དེ།    དུས་མ་འདྲེས་པའི་པའི་དོན་དང་།    དངོས་པོ་དེ་གསེར་བུམ་དང་ཟངས་བུམ་གཉིས་ཀ་ལ་རྗེས་སུ་སོང་ཀྱང་།    གསེར་བུམ་ལ་རྗེས་སུ་སོང་བའི་ཆ་དེ་ཉིད་ཟངས་བུམ་ལ་རྗེས་སུ་སོང་བ་མ་ཡིན་པ་དེ་རང་བཞིན་མ་འདྲེས་པའི་དོན་ཡིན་པའི་ཕྱིར།    དོན་དམ་བདེན་པའི་མཚན་ཉིད་ཡོད་དེ།    དོན་དམ་པར་དོན་བྱེད་ནུས་པའི་ཆོས་དེ་ཡིན་པའི་ཕྱིར།    དོན་དམ་བདེན་པ་དང་།    བདེན་གྲུབ་གཉིས་དོན་གཅིག །   མཚན་གཞི་ནི་ཡོད་དེ།    དངོས་པོ་ཐམས་ཅད་པོ་དེ་ཡིན་པའི་ཕྱིར།    གཞན་དབང་གི་མཚན་ཉིད་ཡོད་དེ།    རྐྱེན་གཞན་གྱི་དབང་གིས་སྐྱེ་བ་ཡིན་གྱི་རང་དབང་གིས་མི་སྐྱེ་བའི་དངོས་པོ་དེ་ཡིན་པའི་ཕྱིར།    གཞན་དབང་དང་སྐྱེ་བ་ངོ་བོ་ཉིད་མེད་པ་གཉིས་དོན་གཅིག །   མཚན་གཞི་ནི་ཡོད་དེ།    གཟུགས་དེ་ཡིན་པའི་ཕྱིར།    ཆོས་རང་རང་གི་སྟེང་གི་གཞན་དབང་རེ་འཇོག་ཚུལ་ཡོད་དེ།    གཟུགས་གཟུགས་ཀྱི་སྟེང་གི་གཞན་དབང་ཡིན་པ་བཞིན་དུ།    རྣམ་མཁྱེན་རྣམ་མཁྱེན་གྱི་སྟེང་གི་གཞན་དབང་ཡིན་པའི་བར་ཆོས་ཐམས་ཅད་ལ་རིགས་འདྲ་བའི་ཕྱིར།    སྤྱི་མཚན་གྱི་མཚན་ཉིད་ཡོད་དེ།    སྒྲ་རྟོག་གི་བཏགས་པ་ཙམ་ཡིན་གྱི་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་ཆོས་དེ་ཡིན་པའི་ཕྱིར།    སྤྱི་མཚན་དང་།    ཀུན་རྫོབ་བདེན་པ་གཉིས་དོན་གཅིག །   སྤྱི་མཚན་ལ་དབྱེ་ན་གཉིས་ཡོད་དེ།    ཀུན་བཏགས་དང་།    ཡོངས་གྲུབ་གཉིས་ཡོད་པའི་ཕྱིར།    ཆོས་རང་རང་གི་སྟེང་གི་ཀུན་བཏགས་རེ་འཇོག་ཚུལ་ཡོད་དེ།    གཟུགས་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ་དེ་གཟུགས་ཀྱི་སྟེང་གི་ཀུན་བཏགས་ཡིན་པ་བཞིན་དུ།    རྣམ་མཁྱེན་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ་དེ་རྣམ་མཁྱེན་གྱི་སྟེང་གི་ཀུན་བཏགས་ཡིན་པའི་བར་ཆོས་ཐམས་ཅད་ལ་རིགས་འདྲ་བའི་ཕྱིར།    ཆོས་རང་རང་གི་སྟེང་གི་ཡོངས་གྲུབ་རེ་འཇོག་ཚུལ་ཡོད་དེ༑ རྣམ་མཁྱེན་གང་ཟག་གི་བདག་ཏུ་མ་གྲུབ་པ་དེ་རྣམ་མཁྱེན་གྱི་སྟེང་གི་ཡོངས་གྲུབ་ཡིན་པ་བཞིན་དུ་ཆོས་ཐམས་ཅད་ལ་འདྲ་བའི་ཕྱིར།  

    དེ་ལ་རྩོད་པ་སྤོང་བ་ལ་ཁོ་ན་རེ།    གཟུགས་ཆོས་ཅན།    རང་མཚན་ཡིན་པར་ཐལ།    རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར།    རྟགས་ཁས།    འདོད་ན།    གཟུགས་ཆོས་ཅན།    རང་གི་མཚན་ཉིད་ཡིན་པར་ཐལ།    རང་མཚན་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    འདོད་མི་ནུས་ཏེ།    དེ་ལ་འདོད་ལན་བཏབ་པས་གཟུགས་གཟུགས་ཀྱི་མཚན་ཉིད་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   དེ་ལྟར་དུ་འདོད་ལན་མི་ཐེབས་པ་ཡིན་པའི་ཕྱིར། 

     ཁ་ཅིག་ན་རེ།    གཟུགས་ཆོས་ཅན།    རང་གི་མཚན་ཉིད་ཀྱིས་གྲུབ་པར་ཐལ།    རང་མཚན་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་གཟུགས་གཟུགས་ཀྱི་མཚན་ཉིད་ཀྱི་གྲུབ་པར་འདོད་ཅེས་རྩི་རིགས་པར་ཐལ།    དེའི་རྩི་ཚུལ་འཐད་པའི་ཕྱིར།    འདོད་ན།    དེ་འདྲ་བའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་མི་ཐེབས་པར་ཐལ།    གཟུགས་གཟུགས་ཀྱི་མཚན་ཉིད་ཀྱིས་གྲུབ་པ་མ་ཡིན་པའི་ཕྱིར་ཟེར་ན།    རྟགས་མ་གྲུབ་པ་ཡིན་ཏེ།    གཟུགས་གཟུགས་ཀྱི་མཚན་ཉིད་ཀྱིས་གྲུབ་པ་ཡིན་པའི་ཕྱིར།    དེར་ཐལ།    གཟུགས་གཟུགས་ཀྱི་རང་བཞིན་གྱིས་གྲུབ་པ་ཡིན་པའི་ཕྱིར། 

      ཁ་ཅིག་ན་རེ།    ཤེས་བྱ་ཆོས་ཅན།    ཀུན་རྫོབ་བདེན་པ་ཡིན་པར་ཐལ།    སྤྱི་མཚན་ཡིན་པའི་ཕྱིར།    འདོད་ན།    ཤེས་བྱ་ཆོས་ཅན།    ཀུན་རྫོབ་བདེན་པ་མ་ཡིན་པར་ཐལ།    ཀུན་རྫོབ་རྫུན་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    ཤེས་བྱ་ཆོས་ཅན།    ཀུན་རྫོབ་རྫུན་པ་ཡིན་པར་ཐལ།    ཀུན་རྫོབ་ཀུན་རྫོབ་ཡིན་པའི་ཕྱིར།

      ཁ་ཅིག་ན་རེ།    རགས་པ་ཆོས་ཅན།    རང་མཚན་ཡིན་པར་ཐལ།    དོན་དམ་བདེན་པ་ཡིན་པའི་ཕྱིར།    མ་གྲུབ་ན།    རགས་པ་ཆོས་ཅན།    དོན་དམ་བདེན་པ་ཡིན་པར་ཐལ།    ཡོད་པ་གང་ཞིག །   ཁྱོད་ཡིན་ན།    དོན་དམ་བདེན་པ་ཡིན་པས་ཁྱབ་པའི་ཕྱིར་ཟེར་ན་མ་ཁྱབ།    འདོད་ན།    རགས་པ་ཆོས་ཅན།    མངོན་སུམ་གྱི་ཚད་མའི་ངོ་བོར་ཡོད་པར་ཐལ།    དོན་དམ་བདེན་པ་ཡིན་པའི་ཕྱིར།    འདོད་ན།    རགས་པ་ཆོས་ཅན།    ཁྱོད་ཀྱི་རྣམ་པ་མངོན་སུམ་གྱི་ཚད་མའི་སྣང་ངོར་འཆར་ཚུལ་ཡོད་པར་ཐལ།    ཁྱོད་མངོན་སུམ་གྱི་ཚད་མའི་ངོ་བོར་ཡོད་པའི་ཕྱིར།    འདོད་མི་ནུས་ཏེ།    ཁྱོད་ཀྱི་རྣམ་པ་མངོན་སུམ་གྱི་ཚད་མའི་སྣང་ངོར་འཆར་ཚུལ་མེད་པའི་ཕྱིར།    དེར་ཐལ།    ཁྱོད་ཀྱི་ཆ་དང་ཆ་ཅན་ཐ་དད་དུ་མངོན་སུམ་གྱི་ཚད་མའི་སྣང་ངོར་འཆར་ཚུལ་མེད་པའི་ཕྱིར།    མ་གྲུབ་ན།    རགས་པ་ཆོས་ཅན།    ཁྱོད་ཀྱི་ཆ་དང་ཆ་ཅན་ཐ་དད་པ་མངོན་སུམ་གྱི་ཚད་མའི་སྣང་ངོར་འཆར་མི་རུང་བར་ཐལ།    ཁྱོད་ཀྱི་ཆ་དང་ཆ་ཅན་ཐ་དད་པ་སྤྱི་མཚན་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    སྤྱི་མཚན་སྣང་ཡུལ་དུ་བྱེད་པའི་བློ་ཡིན་ན་འཁྲུལ་ཤེས་ཡིན་པས་ཁྱབ་པའི་ཕྱིར། 

      ཁ་ཅིག་ན་རེ།    རགས་པ་རང་མཚན་ཡིན་པར་ཐལ།    སྔོན་པོ་རགས་པ་རང་མཚན་ཡིན་པའི་ཕྱིར།    མ་གྲུབ་ན།    སྔོན་པོ་རགས་པ་རང་མཚན་ཡིན་པར་ཐལ།    གཟུགས་རགས་པ་རང་མཚན་ཡིན་པའི་ཕྱིར།    མ་གྲུབ་ན།    གཟུགས་རགས་པ་རང་མཚན་ཡིན་པར་ཐལ།    གཟུགས་རང་མཚན་ཡིན་པ་གང་ཞིག །   གཟུགས་རགས་པ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ།    རྟགས་གྲུབ་སྟེ།    གཟུགས་རགས་པ་སྤྱི་མཚན་ཡིན་པའི་ཕྱིར།   །                                                                                                                          

                                                                                                                                                              རྩོམ་སྒྲིག་པ།    བློ་བཟང་བཀྲ་ཤིས།

བརྒྱུད་འགོད།
0