བསེ་བསྡུས་ལས་སེལ་འཇུག་དང་སྒྲུབ་འཇུག་གི་རྣམ་བཞག

སྤེལ་དུས།  2021-09-30   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  བསེ་ངག་དབང་བཀྲ་ཤིས།   ཀློག་གྲངས།  

སེལ་འཇུག་དང་སྒྲུབ་འཇུག་གི་རྣམ་བཞག་བཤད་པ་ལ།  

 ཁ་ཅིག་ན་རེ།    ཡུལ་ཅན་ཡིན་ན།    སེལ་འཇུག་དང་སྒྲུབ་འཇུག་གང་རུང་ཡིན་པས་ཁྱབ་ཟེར་ན།    གང་ཟགཆོས་ཅན།    སེལ་འཇུག་དང་སྒྲུབ་འཇུག་གང་རུང་ཡིན་པར་ཐལ།    ཡུལ་ཅན་ཡིན་པའི་ཕྱིར།    ཁྱབ་པ་ཁས།    འདོད་ན།    གང་ཟག་ཆོས་ཅན།    སེལ་འཇུག་དང་སྒྲུབ་འཇུག་གང་རུང་མ་ཡིན་པར་ཐལ།    སེལ་འཇུག་མ་ཡིན་པ་གང་ཞིག །   སྒྲུབ་འཇུག་མ་ཡིན་པའི་ཕྱིར།    རྟགས་རེ་རེ་ནས་གྲུབ་སྟེ།    གང་ཟག་ཡིན་པའི་ཕྱིར།    གཞན་ཡང་།    མིག་དབང་ཆོས་ཅན།    སེལ་འཇུག་དང་སྒྲུབ་འཇུག་གང་རུང་ཡིན་པར་ཐལ།    ཡུལ་ཅན་ཡིན་པའི་ཕྱིར།    ཁྱབ་པ་ཁས།    འདོད་ན།    མིག་དབང་ཆོས་ཅན།    སེལ་འཇུགདང་སྒྲུབ་འཇུག་གང་རུང་མ་ཡིན་པར་ཐལ།    དབང་པོ་གཟུགས་ཅན་པ་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    བུམ་པ་ཞེས་པའི་སྒྲའི་འཇུག་གཞི་ཡིན་ན།    བུམ་པ་དང་གཅིག་ཡིན་པས་ཁྱབ་པ་དེ།    བུམ་པ་ཞེས་པའི་སྒྲ།    བུམ་པ་ལ་སེལ་འཇུག་གི་དོན་ཡིན་ཟེར་ན།    འོ་ན།    བུམ་པ་ཞེས་པའི་སྒྲའི་འཇུག་གཞི་ཡིན་ན།    བུམ་པ་དང་གཅིག་ཡིན་པས་ཁྱབ་པར་ཐལ།    དེ་ལྟར་ཁྱབ་པ་བུམ་པ་ཞེས་པའི་སྒྲ་བུམ་པ་ལ་སེལ་འཇུག་གི་དོན་ཡིན་པའི་ཕྱིར།    འདོད་ན།    གསེར་བུམ་ཆོས་ཅན།    བུམ་པ་དང་གཅིག་ཡིན་པར་ཐལ།    བུམ་པ་ཞེས་པའི་སྒྲའི་འཇུག་གཞི་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    གསེར་བུམ་ཆོས་ཅན།    བུམ་པ་ཞེས་པའི་སྒྲའི་འཇུག་གཞི་ཡིན་པར་ཐལ།    བུམ་པ་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    ཤེས་བྱ་ཡིན་ན།   ཤེས་བྱ་ཞེས་པའི་སྒྲའི་འཇུག་གཞི་ཡིན་པས་ཁྱབ་པའི་ཕྱིར།    དེར་ཐལ།    ཤེས་བྱ་ཞེས་པའི་སྒྲ་མི་འཇུག་པའི་ཤེས་བྱ་མེད་པའི་ཕྱིར།  

  ཁ་ཅིག་ན་རེ།    བུམ་འཛིན་རྟོག་པའི་ཞེན་ཡུལ་ཡིན་ན།    བུམ་པ་ཞེས་བརྗོད་པའི་སྒྲའི་འཇུག་གཞི་ཡིན་པས་ཁྱབ་པ་དང་།    བུམ་པ་ཞེས་བརྗོད་པའི་སྒྲའི་འཇུག་གཞི་ཡིན་ན།    བུམ་འཛིན་རྟོགས་པའི་ཞེན་ཡུལ་ཡིན་པས་ཁྱབ་པ་དེ།    བུམ་པ་ཞེས་པའི་སྒྲ།    བུམ་པ་ལ་སྒྲ་རྟོག་སེལ་འཇུག་གི་དོན་ཡིན་ཟེར་ན།    འོ་ན།    གསེར་བུམ་ཆོས་ཅན༑ བུམ་འཛིན་རྟོག་པའི་ཞེན་ཡུལ་ཡིན་པར་ཐལ།    བུམ་པ་ཞེས་བརྗོད་པའི་སྒྲའི་འཇུག་གཞི་ཡིན་པའི་ཕྱིར།    ཁྱབ་པ་ཁས།    འདོད་ན།    བུམ་པ་ཡིན་ན་བུམ་འཛིན་རྟོག་པའི་ཞེན་ཡུལ་ཡིན་པས་ཁྱབ་པར་ཐལ།    གསེར་བུམ་བུམ་འཛིན་རྟོགཔའི་ཞེན་ཡུལ་ཡིན་པའི་ཕྱིར།    འདོད་ན།    ཤེས་བྱ་ཡིན་ན་ཤེས་བྱ་འཛིན་པའི་རྟོག་པའི་ཞེན་ཡུལ་ཡིན་པས་ཁྱབ་པར་ཐལ།    བུམ་པ་ཡིན་ན།    བུམ་འཛིན་རྟོག་པའི་ཞེན་ཡུལ་ཡིན་པས་ཁྱབ་པའི་ཕྱིར།    རྟགས་ཁས།    འདོད་མི་ནུས་ཏེ།    གང་ཟག་གི་བདགམེད་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    བུམ་འཛིན་རྟོག་པའི་ཞེན་ཡུལ་ཡིན་ན།    བུམ་པ་དང་གཅིག་ཡིན་པས་ཁྱབ་པ་དེ།    བུམ་འཛིན་རྟོག་པ་བུམ་པ་ལ་སེལ་འཇུག་གི་དོན་ཡིན་ཟེར་ན།    འོ་ན།    བུམ་པ་བུམ་པ་ཡིན་པ་ཆོས་ཅན།    བུམ་པ་དང་གཅིག་ཡིན་པར་ཐལ།    བུམ་འཛིན་རྟོག་པའི་ཞེན་ཡུལ་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    བུམ་པ་བུམ་པ་ཡིན་པ་ཆོས་ཅན།    བུམ་འཛིན་རྟོག་པའི་ཞེན་ཡུལ་ཡིན་པར་ཐལ།    བུམ་འཛིན་རྟོག་པའི་འཛིན་སྟངས་ཀྱི་ཡུལ་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་པ་བུམ་པ་ཡིན་པ་ཆོས་ཅན།    བུམ་འཛིན་རྟོག་པའི་འཛིན་སྟངས་ཀྱི་ཡུལ་ཡིན་པར་ཐལ།    བུམ་འཛིན་རྟོག་པ་ཁྱོད་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་དངོས་སུ་རྟོགས་པའི་བློ་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་འཛིན་རྟོག་པ་ཆོས་ཅན།    ཁྱོད་བུམ་པ་བུམ་པ་ཡིན་པ་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་དངོས་སུ་རྟོགས་པའི་བློ་ཡིན་པར་ཐལ།    ཁྱོད་བུམ་པ་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་དངོས་སུ་རྟོགས་པའི་བློ་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་འཛིན་རྟོག་པ་ཆོས་ཅན།    ཁྱོད་བུམ་པ་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་དངོས་སུ་རྟོགས་པའི་བློ་ཡིན་པར་ཐལ།    ཁྱོད་བུམ་པ་རྟོགས་པའི་རྟོག་པ་ཡིན་པའི་ཕྱིར།    རྩ་བར་འདོད་ན།    བུམ་པ་བུམ་པ་ཡིན་པ་ཆོས་ཅན།    བུམ་པ་དང་གཅིག་མ་ཡིན་པར་ཐལ།    བུམ་པ་དང་ཐ་དད་ཡིན་པའི་ཕྱིར།  

  དེ་ལ་ཁ་ཅིག་ན་རེ།    སེལ་འཇུག་གི་དོན་ནི།    ཆ་ཤེས་སུ་ཕྱེ་ནས་འཇུག་པ་དེ་ཡིན་ལ།    ཆ་ཤས་སུ་ཕྱེ་ནས་འཇུག་པའི་དོན་ནི་ཆོས་དེའི་ཆ་འགའ་ཞིག་ཡུལ་དུ་བྱས་ནས།    འགའ་ཞིག་ཡུལ་དུ་མ་བྱས་པ་དེ་དེའི་དོན་ཡིན་ཟེར་ན།    འོ་ན།    རྟོག་པ་ཆོས་ཅན།    ཁྱོད་ཀྱིས་ཤེས་བྱའི་ཆ་འགའ་ཞིག་ཡུལ་དུ་བྱས་ནས་འགའ་ཞིག་ཡུལ་དུ་མ་བྱས་པ་ཡིན་པར་ཐལ།    ཁྱོད་ཤེས་བྱ་ལ་ཆ་ཤས་སུ་ཕྱེ་ནས་འཇུག་པ་ཡིན་པའི་ཕྱིར།    དེར་ཐལ།    ཁྱོད་ཤེས་བྱ་ལས་སེལ་འཇུག་ཡིན་པའི་ཕྱིར།    མ་གྲུབ་ན།    རྟོག་པ་ཆོས་ཅན།    ཁྱོད་ཤེས་བྱ་ལ་སེལ་འཇུག་ཡིན་པར་ཐལ།    ཁྱོད་ཤེས་བྱ་ལ་འཇུག་པ་གང་ཞིག །   རྟོག་པ་ཡིན་པའི་ཕྱིར།    རྩ་བར་འདོད་ན།    རྟོག་པ་ཆོས་ཅན།    ཁྱོད་ཀྱིས་ཡུལ་དུ་མ་བྱས་པའི་ཤེས་བྱའི་ཆ་འགའ་ཞིག་ཡོད་པར་ཐལ།    ཁྱོད་ཀྱིས་ཤེས་བྱའི་ཆ་འགའ་ཞིག་ཡུལ་དུ་བྱས་ནས་འགའ་ཞིག་ཡུལ་དུ་མ་བྱས་པ་དེ་ཡིན་པའི་ཕྱིར།    འདོད་ན།    གཞི་གྲུབ་ན་རྟོག་པའི་ཡུལ་ཡིན་པས་མ་ཁྱབ་པར་ཐལ།    འདོད་པའི་ཕྱིར།    འདོད་མི་ནུས་ཏེ།    གཞི་གྲུབ་ན།    རྟོག་པའི་ཡུལ་ཡིན་པས་ཁྱབ་པའི་ཕྱིར།    དེར་ཐལ།    གཞི་གྲུབ་ན།    རྟོག་པའི་ཞེན་ཡུལ་ཡིན་པས་ཁྱབ་པའི་ཕྱིར།    གཞན་ཡང་།    རྟོག་པས་གཟུགས་ཀྱི་ཆ་འགའ་ཞིག་ཡུལ་དུ་བྱས་ནས་འགའ་ཞིག་ཡུལ་དུ་མ་བྱས་པར་གཟུགས་ལ་འཇུག་པར་ཐལ།    རྟོག་པ་གཟུགས་ལ་སེལ་འཇུག་ཡིན་པ་གང་ཞིག །   སེལ་འཇུག་གི་དོན་དེ་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    རྟོག་པས་ཡུལ་དུ་མ་བྱས་པའི་གཟུགས་ཀྱི་ཆ་འགའ་ཞིག་ཡོད་པར་ཐལ།    རྟོག་པས་གཟུགས་ཀྱི་ཆ་འགའ་ཞིག་ཡུལ་དུ་བྱས་ནས་འགའ་ཞིག་ཡུལ་དུ་མ་བྱས་པ་དེ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    སྒྲུབ་འཇུག་གི་བློ་ཡིན་ན།    མངོན་སུམ་གྱི་ཚད་མ་ཡིན་པས་ཁྱབ་ཟེར་ན།    གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཆོས་ཅན།    མངོན་སུམ་གྱི་ཚད་མ་ཡིན་པར་ཐལ།    སྒྲུབ་འཇུག་གི་བློ་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཆོས་ཅན།    སྒྲུབ་འཇུག་གི་བློ་ཡིན་པར་ཐལ།    རང་ཡུལ་ལ་སྒྲུབ་འཇུག་གི་བློ་ཡིན་པའི་ཕྱིར།    མ་གྲུབ་ན།    གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཆོས་ཅན།    རང་ཡུལ་ལ་སྒྲུབ་འཇུག་གི་བློ་ཡིན་པར་ཐལ།    རྟོག་མིན་གྱི་བློ་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    རྟོག་མིན་གྱི་བློ་ཡིན་ན་རང་ཡུལ་ལ་འཇུག་པས་ཁྱབ་པ་གང་ཞིག །   རང་ཡུལ་ལ་སེལ་འཇུག་མ་ཡིན་པས་ཁྱབ་པའི་ཕྱིར།    ཁྱབ་པ་ཡོད་དེ།    རྗོད་བྱེད་ཀྱི་སྒྲ་དང་བློ་གཉིས་ཀ་རང་ཡུལ་ལ་འཇུག་པ་ལ་སེལ་འཇུག་དང་སྒྲུབ་འཇུག་གང་རུང་མ་ཡིན་པར་རང་ཡུལ་ལ་འཇུག་ཚུལ་མེད་པའི་ཕྱིར། 

   ཁ་ཅིག་ན་རེ།    རང་ཡུལ་དུ་གྱུར་པའི་སེལ་བ་ལ་འཇུག་ན་སེལ་འཇུག་ཡིན་པས་ཁྱབ།    རང་ཡུལ་དུ་གྱུར་པའི་སྒྲུབ་པ་ལ་འཇུག་ན་སྒྲུབ་འཇུག་ཡིན་པས་ཁྱབ་ཟེར་ན།    དང་པོ་ལ།    སྒྲ་མི་རྟག་པར་མངོན་སུམ་དུ་རྟོགས་པའི་ཚད་མ་ཆོག་ཅན།    སེལ་འཇུག་ཡིན་པར་ཐལ།    རང་ཡུལ་དུ་གྱུར་བའི་སེལ་བལ་འཇུག་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    སྒྲ་མི་རྟག་པར་མངོན་སུམ་དུ་རྟོགས་པའི་ཚད་མ་ཆོས་ཅན།    རང་ཡུལ་དུ་གྱུར་པའི་སེལ་བ་ལ་འཇུག་པར་ཐལ།    ཁྱོད་སྒྲ་མི་རྟག་པ་ལ་འཇུག་པ་གང་ཞིག །   སྒྲ་མི་རྟག་པ་ཁྱོད་ཀྱི་ཡུལ་དུ་གྱུར་པའི་སེལ་བ་ཡིན་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    སྒྲ་མི་རྟག་པར་མངོན་སུམ་དུ་རྟོགས་པའི་ཚད་མ་ཆོས་ཅན།    ཁྱོད་སྒྲ་མི་རྟག་པ་ལ་འཇུག་པར་ཐལ།    ཁྱོད་སྒྲ་མི་རྟག་པ་མངོན་སུམ་དུ་རྟོགས་པའི་བློ་ཡིན་པའི་ཕྱིར།    རྟགས་གཉིས་པ་མ་གྲུབ་ན།    སྒྲ་མི་རྟག་པ་ཆོས་ཅན།    ཁྱོད་སྒྲ་མི་རྟག་པར་མངོན་སུམ་དུ་རྟོགས་པའི་ཚད་མའི་ཡུལ་དུ་གྱུར་བའི་སེལ་བ་ཡིན་པར་ཐལ།    ཁྱོད་སྒྲ་མི་རྟག་པར་མངོན་སུམ་དུ་རྟོགས་པའི་ཚད་མའི་ཡུལ་དང་སེལ་བ་གཉིས་ཀའི་གཞི་མཐུན་ཡིན་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    སྒྲ་མི་རྟག་པ་ཆོས་ཅན།    ཁྱོད་ཁྱོད་མངོན་སུམ་དུ་རྟོགས་པའི་ཚད་མའི་ཡུལ་ཡིན་པར་ཐལ།    ཁྱོད་དངོས་པོ་ཡིན་པའི་ཕྱིར།    རྟགས་གཉིས་པ་མ་གྲུབ་ན།    སྒྲ་མི་རྟག་པ་ཆོས་ཅན།    སེལ་བ་ཡིན་པར་ཐལ།    དགག་པ་ཡིན་པའི་ཕྱིར།    དེར་ཐལ།    མ་ཡིན་དགག་ཡིན་པའི་ཕྱིར།    གོང་གི་རྟགས་གཉིས་པ་ལ།    འོ་ན།    གཟུགས་འཛིན་རྟོགས་པ་ཆོས་ཅན།    སྒྲུབ་འཇུག་ཡིན་པར་ཐལ།    རང་ཡུལ་དུ་གྱུར་པའི་སྒྲུབ་པ་ལ་འཇུག་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    གཟུགས་འཛིན་རྟོག་པ་ཆོས་ཅན།   རང་ཡུལ་དུ་གྱུར་བའི་སྒྲུབ་པ་ལ་འཇུག་པར་ཐལ།    གཟུགས་ལ་འཇུག་པ་གང་ཞིག །   གཟུགས་ཁྱོད་ཀྱི་ཡུལ་དུ་གྱུར་པའི་སྒྲུབ་པ་ཡིན་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    གཟུགས་ཆོས་ཅན།    ཁྱོད་འཛིན་རྟོག་པ་ཁྱོད་ལ་འཇུག་པར་ཐལ།   ཁྱོད་བདག་མེད་ཡིན་པའི་ཕྱིར།    རྟགས་གཉིས་པ་མ་གྲུབ་ན།    གཟུགས་ཆོས་ཅན།    གཟུགས་ཆོས་ཅན།    གཟུགས་འཛིན་རྟོག་པའི་ཡུལ་དུ་གྱུར་པའི་སྒྲུབ་པ་ཡིན་པར་ཐལ།    གཟུགས་འཛིན་རྟོག་པའི་ཡུལ་ཡིན་པ་གང་ཞིག །   སྒྲུབ་པ་ཡིན་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།   གཟུགས་ཆོས་ཅན།    ཁྱོད་ཁྱོད་འཛིན་རྟོག་པའི་ཡུལ་ཡིན་པར་ཐལ།    ཁྱོད་བདག་མེད་ཡིན་པའི་ཕྱིར།    རྟགས་གཉིས་པ་མ་གྲུབ་ན།    གཟུགས་ཆོས་ཅན།    སྒྲུབ་པ་ཡིན་པར་ཐལ།    གཟུགས་དང་གཅིག་ཡིན་པའི་ཕྱིར།    གོང་དུ་འདོད་ན།    གཟུགས་འཛིན་རྟོག་པ་ཆོས་ཅན།    སྒྲུབ་འཇུག་མ་ཡིན་པར་ཐལ།    སེལ་འཇུག་ཡིན་པའི་ཕྱིར།    མ་གྲུབ་ན།    གཟུགས་འཛིན་རྟོག་པ་ཆོས་ཅན།    སེལ་འཇུག་ཡིན་པར་ཐལ།    རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་གང་རུང་ཡིན་པའི་ཕྱིར།  

  ཁ་ཅིག་ན་རེ།    གཟུགས་ལ་སྒྲུབ་འཇུག་གི་དོན་ཡོད་དེ།   གཟུགས་ཀྱི་ཆ་ཐམས་ཅད་ཡུལ་དུ་བྱས་ནས་གཟུགས་ལ་འཇུག་པ་དེ་ཡིན་པའི་ཕྱིར་ཟེར་ན།    འོ་ན།    རྟོག་པ་ཆོས་ཅན།    གཟུགས་ལ་སྒྲུབ་འཇུག་ཡིན་པར་ཐལ།    གཟུགས་ཀྱི་ཆ་ཐམས་ཅད་ཡུལ་དུ་བྱས་ནས་གཟུགས་ལ་འཇུག་པ་ཡིན་པའི་ཕྱིར།    མ་གྲུབ་ན།    རྟོགཔ་ཆོས་ཅན།    ཁྱོད་ཀྱིས་གཟུགས་ཀྱི་ཆ་ཐམས་ཅད་ཡུལ་དུ་བྱས་ནས་གཟུགས་ལ་འཇུག་པར་ཐལ།    གཟུགས་ཀྱི་ཆ་ཐམས་ཅད་ཁྱོད་ཀྱི་ཡུལ་ཡིན་པ་གང་ཞིག །   ཁྱོད་གཟུགས་ལ་འཇུག་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    གཟུགས་ཀྱི་ཆ་ཐམས་ཅད་ཆོས་ཅན།    རྟོག་པའི་ཡུལ་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར།    རྟགས་གཉིས་པ་མ་གྲུབ་ན།    རྟོག་པ་ཆོས་ཅན།    གཟུགས་ལ་འཇུག་པར་ཐལ།    གཟུགས་ཁྱོད་ཀྱི་འཇུག་ཡུལ་ཡིན་པའི་ཕྱིར།    མ་གྲུབ་ན།    གཟུགས་ཆོས་ཅན།    རྟོག་པའི་འཇུག་ཡུལ་ཡིན་པར་ཐལ།    རྟོགཔའི་ཞེན་ཡུལ་ཡིན་པའི་ཕྱིར།    དེར་ཐལ།    གཞི་གྲུབ་པའི་ཕྱིར།    གཞན་ཡང་།    བསྟན་བཅོས་མངོན་རྟོགས་ཅན་ཆོས་ཅན།    དངོས་པོ་བརྒྱད་ལ་སྒྲུབ་འཇུག་ཡིན་པར་ཐལ།    དངོས་པོ་བརྒྱད་ཀྱི་ཆ་ཐམས་ཅད་ཡུལ་དུ་བྱས་ནས་དེ་ལ་འཇུག་པ་ཡིན་པའི་ཕྱིར།    དེར་ཐལ།   དངོས་པོ་བརྒྱད་ཀྱི་ཆ་ཐམས་ཅད་ཁྱོད་ཀྱི་ཡུལ་ཡིན་པའི་ཕྱིར།    དེར་ཐལ།    ཆོས་ཐམས་ཅད་ཁྱོད་ཀྱི་ཡུལ་ཡིན་པའི་ཕྱིར།    དེར་ཐལ།    ཆོས་ཐམས་ཅད་ཁྱོད་ཀྱི་བརྗོད་བྱ་ཡིན་པའི་ཕྱིར།    རྩ་བར་འདོད་ན།    བསྟན་བཅོས་མངོན་རྟོགས་རྒྱན་ཆོས་ཅན།    དངོས་པོ་བརྒྱད་ལ་སྒྲུབ་འཇུག་མ་ཡིན་པར་ཐལ།    སྒྲུབ་འཇུག་མ་ཡིན་པའི་ཕྱིར།    མ་གྲུབ་ན།    བསྟན་བཅོས་མངོན་རྟོགས་རྒྱན་ཆོས་ཅན།    སྒྲུབ་འཇུག་མ་ཡིན་པར་ཐལ།    སེལ་འཇུག་ཡིན་པའི་ཕྱིར།    དེར་ཐལ།    རྗོད་བྱེད་ཀྱི་སྒྲ་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    སྔོན་པོ་ལ་སྒྲུབ་འཇུག་གི་བློ་ཡིན་ན་སྔོན་པོ་དང་རྫས་གཅིག་པ་ཐམས་ཅད་ཡུལ་དུ་བྱས་ནས་སྔོན་པོ་ལ་འཇུག་པའི་བློ་ཡིན་པས་ཁྱབ་ཟེར་ན།    སྔོ་འཛིན་མིག་ཤེས་ཆོས་ཅན།    སྔོན་པོ་དང་རྫས་གཅིག་པ་ཐམས་ཅད་ཡུལ་དུ་བྱས་ནས་སྔོན་པོ་ལ་འཇུག་པའི་བློ་ཡིན་པར་ཐལ།   སྔོ་པོ་ལ་སྒྲུབ་འཇུག་གི་ཡིན་པའི་ཕྱིར།   ཁྱབ་པ་ཁས།   མ་གྲུབ་ན།   སྔོ་འཛིན་མིག་ཤེས་ཆོས་ཅན།   སྔོན་པོ་ལ་སྒྲུབ་འཇུག་གི་བློ་ཡིན་པར་ཐལ།   སྔོ་འཛིན་དབང་སྔོན་ཡིན་པའི་ཕྱིར།   རྩ་བར་འདོད་ན།    སྔོན་འཛིན་མིག་ཤེས་ཆོས་ཅན།    ཁྱོད་ཀྱི་སྔོན་པོའི་དྲི་དང་རོ་དང་རེག་བྱ་གསུམ་ག་ཡུལ་དུ་བྱས་ནས་སྔོན་པོ་ལ་འཇུག་པར་ཐལ།    སྔོན་པོ་དང་རྫས་གཅིག་པ་ཐམས་ཅད་ཡུལ་དུ་བྱས་ནས་དེ་ལ་འཇུག་པ་གང་ཞིག །   དེ་གསུམ་ག་སྔོན་པོ་དང་རྫས་གཅིག་ཡིན་པའི་ཕྱིར།    རྟགས་དང་པོ་ཁས།   ཕྱི་མ་མ་གྲུབ་ན།    སྔོན་པོ་ཆོས་ཅན།    ཁྱོད་ཀྱི་དྲི་དང་རོ་དང་རེག་བྱ་གསུམ་ག་ཁྱོད་དང་རྫས་གཅིག་ཡིན་པར་ཐལ།    ཁྱོད་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པའི་ཕྱིར།   

རང་གི་ལུགས་ལ།    རང་ཡུལ་ལ་དངོས་དབང་གིས་འཇུག་པའི་བློ་དེ་རང་ཡུལ་ལ་སྒྲུབ་འཇུག་གི་བློའི་མཚན་ཉིད།    རང་ཡུལ་ལ་དངོས་དབང་གིས་འཇུག་པ་དང་།    རང་ཡུལ་ལ་སྒྲུབ་པའི་རྣམ་པས་འཇུག་པ་དང་།    རང་ཡུལ་ལ་སྒྲུབ་འཇུག་གི་བློ་གསུམ་དོན་གཅིག །   སྒྲུབ་འཇུག་གི་བློ་ལ་དབྱེ་ན་གཉིས་ཡོད་དེ།    སྒྲུབ་འཇུག་ཕྱིན་ཅི་ལོག་མ་ལོག་གཉིས་ཡོད་པའི་ཕྱིར།    གངས་རི་སྔོན་པོར་སྣང་བའི་དབང་ཤེས་དེ་སྒྲུབ་འཇུག་ཕྱིན་ཅི་ལོག་དང་།    སྔོ་འཛིན་དབང་མངོན་དེ་སྒྲུབ་འཇུག་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར།    སེལ་འཇུག་གི་མཚན་ཉིད་ཡོད་དེ།    རང་ཡུལ་ལ་འདོད་པའི་དབང་གིས་འཇུག་པ་དེ་ཡིན་པའི་ཕྱིར།    སེལ་འཇུག་ལ་དབྱེ་ན་གཉིས་ཡོད་དེ།    རྗོད་བྱེད་ཀྱི་སྒྲ་དང་།    རྟོག་པ་གཉིས་ཡོད་པའི་ཕྱིར།    བུམ་འཛིན་རྟོག་པ་བུམ་པ་ལ་སེལ་འཇུག་བྱེད་ཚུལ་ཡོད་དེ།    དེས་བུམ་པ་མ་ཡིན་པ་རྣམ་པར་བཅད་ནས་བུམ་པ་ལ་འཇུག་དགོས་པ་ཡིན་པའི་ཕྱིར།    ཀྭ་བུམ་གཉིས་ཞེས་བརྗོད་པའི་སྒྲ་ཀྭ་བུམ་གཉིས་ལ་སེལ་འཇུག་བྱེད་ཚུལ་ཡོད་དེ།    དེས་ཀྭ་བུམ་གཉིས་མ་ཡིན་པ་རྣམ་པར་བཅད་ནང་།    ཀྭ་བུམ་གཉིས་བརྗོད་དགོས་པ་དེ་ཡིན་པའི་ཕྱིར།    རང་ཡུལ་ལ་སེལ་བའི་རྣམ་པས་འཇུག་པ་དང་།    རང་ཡུལ་ལ་དགག་པའི་རྣམ་བས་འཇུག་པ་དང་།    རང་ཡུལ་ལ་སེལ་འཇུག་གི་བློ་གསུམ་དོན་གཅིག །   

   དེ་ལ་རྩོད་པ་སྤོང་བ་ལ།    ཁ་ཅིག་ན་རེ།    སྒྲ་འཛིན་རྣ་ཤེས་ཆོས་ཅན།    ཁྱོད་ཡིན་ན།    སྒྲ་དང་གྲུབ་བདེ་རྫས་གཅིག་པ་ཐམས་ཅད་ཡུལ་དུ་བྱས་ནས།    སྒྲ་ལ་འཇུག་པའི་བློ་ཡིན་པས་ཁྱབ་པར་ཐལ།    ཁྱོད་ཡིན་ན་སྒྲ་ལ་སྒྲུབ་འཇུག་གི་བློ་ཡིན་པས་ཁྱབ་པའི་ཕྱིར།    མ་གྲུབ་ན།    སྒྲ་འཛིན་རྣ་ཤེས་ཆོས་ཅན།    ཁྱོད་ཡིན་ན་སྒྲ་ལ་སྒྲུབ་འཇུག་གི་བློ་ཡིན་པས་ཁྱབ་པར་ཐལ།    ཁྱོད་ཡིན་ན་སྒྲ་མངོན་སུམ་དུ་སྣང་ཡུལ་དུ་བྱས་ནས་སྒྲ་ལ་འཇུག་པའི་བློ་ཡིན་པས་ཁྱབ་པའི་ཕྱིར།    རྩ་བར་འདོད་ན།    གྲངས་ཅན་རྒྱུད་ཀྱི་སྒྲ་འཛིན་རྣ་ཤེས་ཆོས་ཅན།    ཁྱོད་ཀྱི་སྒྲ་དང་གྲུབ་བདེ་རྫས་གཅིག་པ་ཐམས་ཅད་སྣང་ཡུལ་དུ་བྱས་ནས་སྒྲ་ལ་འཇུག་པར་ཐལ།    ཁྱོད་སྒྲ་འཛིན་རྣ་ཤེས་ཡིན་པའི་ཕྱིར།    ཁྱབ་པ་ཁས།    ཐེག་ཆེན་གྱི་མཐོང་ལམ་རང་ཡུལ་ལ་འཇུག་པ་ཡིན་ཏེ།    ལམ་ཤེས་ཡིན་པའི་ཕྱིར།    མ་གྲུབ་ན།    ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན།    ལམ་ཤེས་ཡིན་པར་ཐལ།    རང་གི་གདུལ་བྱ་རིགས་ཅན་གསུམ་གྱི་བཞེད་དོན་མཐའ་དག་བསྒྲུབ་པར་བྱེད་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས་ཡིན་པའི་ཕྱིར།    འཆད་པར་བྱེད་པ་ལ།    མངོན་རྟོགས་རྒྱན་ལས།    འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་།    །   ཞེས་གསུངས་པ་ཡིན་པའི་ཕྱིར།    གོང་དུ་འདོད་ན།    གྲངས་ཅན་གྱི་རྒྱུད་ཀྱི་སྒྲ་འཛིན་རྣ་ཤེས་ཆོས་ཅན།    ཁྱོད་སྒྲ་མི་རྟག་པ་སྣང་བའི་བློ་ཡིན་པར་ཐལ།    ཁྱོད་སྒྲ་དང་གྲུབ་བདེ་རྫས་གཅིག་པ་ཐམས་ཅད་སྣང་བའི་བློ་ཡིན་པ་གང་ཞིག །   སྒྲ་མི་རྟག་པ་སྒྲ་དང་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར།    རྟགས་དང་པོ་ཁས།    ཕྱི་མ་གྲུབ་ན།    སྒྲ་ཆོས་ཅན་ཁྱོད་མི་རྟག་པ་ཁྱོད་དང་གྲུབ་བདེ་རྫས་གཅིག་ཡིན་པར་ཐལ།    ཁྱོད་དངོས་པོ་ཡིན་པའི་ཕྱིར།    གོང་དུ་འདོད་ན།    གྲངས་ཅན་གྱི་རྒྱུད་ཀྱི་སྒྲ་འཛིན་རྣ་ཤེས་ཆོས་ཅན།    ཁྱོད་སྒྲ་མི་རྟག་པ་རྟོགས་པའི་བློ་ཡིན་པར་ཐལ།    ཁྱོད་སྒྲ་མི་རྟག་པ་སྣང་བའི་བློ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    འོ་ན།    ཁྱོད་རང་ལ་ཟླ་གཅིག་ཟླ་གཉིས་སུ་སྣང་བའི་དབང་ཤེས་ཆོས་ཅན།    ཁྱོད་ཟླ་བ་གཅིག་ཟླ་བ་གཉིས་ཡིན་པར་རྟོགས་པའི་བློ་ཡིན་པར་ཐལ།    ཁྱོད་ཟླ་བ་གཅིག་ཟླ་བ་གཉིས་ཡིན་པར་སྣང་བའི་བློ་ཡིན་པའི་ཕྱིར།    ཁྱབ་པ་འགྲིག །   མ་གྲུབ་ན།    ཟླ་གཅིག་ཟླ་གཉིས་སུ་སྣང་བའི་དབང་ཤེས་ཆོས་ཅན།    ཁྱོད་ཟླ་བ་གཅིག་ཟླ་བ་གཉིས་ཡིན་པར་སྣང་བའི་བློ་ཡིན་པར་ཐལ།    ཁྱོད་ཟླ་བ་གཅིག་ཟླ་བ་གཉིས་ཡིན་པར་མཐོང་བའི་བློ་ཡིན་པའི་ཕྱིར། 

                                                                                                                                                              རྩོམ་སྒྲིག་པ།     བློ་བཟང་བཀྲ་ཤིས།  


བརྒྱུད་འགོད།
0