བསེ་བསྡུས་ལས་དགག་སྒྲུབ་ཀྱི་རྣམ་བཞག

སྤེལ་དུས།  2021-09-30   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  བསེ་ངག་དབང་བཀྲ་ཤིས།   ཀློག་གྲངས།  

དགག་སྒྲུབ་ཀྱི་རྣམ་བཞག་བཤད་པ་ལ། 

     ཁ་ཅིག་ན་རེ།    དངོས་པོ་ཡིན་ན་སྒྲུབ་པ་ཡིན་པས་ཁྱབ་ཟེར་ན།    སྒྲ་མི་རྟག་པ་ཆོས་ཅན།    སྒྲུབ་པ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར།    ཁྱབ་པ་ཁས།    འདོད་ན།    སྒྲ་མི་རྟག་པ་ཆོས་ཅན།    སྒྲུབ་པ་མ་ཡིན་པར་ཐལ།    དགག་པ་ཡིན་པའི་ཕྱིར།    དེར་ཐལ།    རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་དགོས་པའི་ཆོས་ཡིན་པ་གང་ཞིག །   རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་དངོས་སུ་བཅད་ནས་བརྗོད་དགོས་པའི་ཆོས་ཡིན་པའི་ཕྱིར།    རྟགས་གཉིས་པ་གྲུབ་སྟེ།    སྒྲ་མི་རྟག་ཅེས་བརྗོད་པའི་སྒྲས་སྒྲ་རྟག་པ་ཡིན་པ་ཚིག་ཟིན་ལ་དངོས་སུ་བཅད་ནས་སྒྲ་མི་རྟག་པར་བརྗོད་པར་བྱ་བ་དེ་ཡིན་པའི་ཕྱིར།    དེ་འཛིན་པའི་བློ་ལ་ཡང་རིགས་འདྲ། 

     ཁ་ཅིག་ན་རེ།    རང་གི་དངོས་མིང་གི་མཐར་མེད་ཚིག་སྦྱར་བའི་ཆོས་ཡིན་ན།    མེད་དགག་ཡིན་པས་ཁྱབ་ཟེར་ན།    སངས་རྒྱས་ཚེ་དཔག་མེད་ཆོས་ཅན།    དེར་ཐལ།    དེའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    སངས་རྒྱས་ཚེ་དཔག་མེད་ཆོས་ཅན།    དེར་ཐལ།    སངས་རྒྱས་ཚེ་དཔག་མེད་ཅེས་བརྗོད་པའི་སྒྲ་དེ་ཁྱོད་ཀྱི་དངོས་མིང་ཡིན་པ་གང་ཞིག །   དེའི་མཐར་མེད་ཚིག་སྦྱར་བ་མངོན་སུམ་དུ་གྲུབ་པ་ཡིན་པའི་ཕྱིར།    རྩ་བར་འདོད་ན་སངས་རྒྱས་ཚེ་དཔག་མེད་ཆོས་ཅན།    མེད་དགག་མ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    མེད་དགག་ཡིན་ན་རྟག་པ་ཡིན་པས་ཁྱབ་པའི་ཕྱིར།

    ཁ་ཅིག་ན་རེ།    དགག་པ་ཡིན་ན་རང་གི་དངོས་མིང་ལ་དགག་ཚིག་སྦྱར་བའི་ཆོས་ཡིན་པས་ཁྱབ་ཟེར་ན།    ནམ་མཁའ་ཆོས་ཅན།    རང་གི་དངོས་མིང་ལ་དགག་ཚིག་སྦྱར་བའི་ཆོས་ཡིན་པར་ཐལ།    དགག་པ་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    ནམ་མཁའ་ཆོས་ཅན།    དགག་པ་ཡིན་པར་ཐལ།    མེད་དགགཡིན་པའི་ཕྱིར།    མ་གྲུབ་ན།    ནམ་མཁའ་ཆོས་ཅན།    མེད་དགག་ཡིན་པར་ཐལ།    ཐོག་རེག་བཅད་ཙམ་གྱི་མེད་དགག་ཡིན་པའི་ཕྱིར།    དེར་ཐལ།    འདུས་མ་བྱས་ཀྱི་ནམ་མཁའ་ཡིན་པའི་ཕྱིར།    རྩ་བར་འདོད་ན།    ནམ་མཁའ་ཆོས་ཅན།    རང་གི་དངོས་མིང་ལ་དགག་ཚིག་སྦྱར་བའི་ཆོས་མ་ཡིན་པར་ཐལ།    ཁྱོད་ཀྱི་དངོས་མིང་གི་ཟུར་དུ་དགག་ཚིག་མེད་པའི་ཕྱིར།    མ་གྲུབ་ན།    ནམ་མཁའ་ཆོས་ཅན།    ཁྱོད་ཀྱི་དངོས་མིང་གི་ཟུར་དུ་དགག་ཚིག་མེད་པར་ཐལ།    ནམ་མཁའ་ཞེས་པའི་སྒྲ་དེ་ཁྱོད་ཀྱི་དངོས་མིང་ཡིན་པ་གང་ཞིག    ནམ་དང་མཁའ་ཞེས་པ་གཉིས་གང་ཡང་དགག་ཚིག་མ་ཡིན་པའི་ཕྱིར།    གཞན་ཡང་།    ཆོས་ཉིད་ཆོས་ཅན།    རང་གི་དངོས་མིང་གི་མཐར་དགག་ཚིག་སྦྱར་བའི་ཆོས་ཡིན་པར་ཐལ།    དགག་པ་ཡིན་པའི་ཕྱིར།    ཁྱབ་པ་ཁས།   རྟགས་གྲུབ་སྟེ།    མེད་དགག་ཡིན་པའི་ཕྱིར།    རྩ་བར་འདོད་མི་ནུས་ཏེ།    རང་གི་དངོས་མིང་གི་མཐར་དགག་ཚིག་མ་སྦྱར་ཀྱང་།    རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་དགོས་པའི་ཆོས་ཡིན་པའི་ཕྱིར།    ཁྱབ་སྟེ།   རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་དགོས་པའི་ཆོས་ཡིན་ན་དགག་པ་ཡིན་པས་ཁྱབ་པའི་ཕྱིར།  

  དེ་ལ་ཁ་ཅིག་ན་རེ།    གཟུགས་ཆོས་ཅན།    དགག་པ་ཡིན་པར་ཐལ།    རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་དགོས་པའི་ཆོས་ཡིན་པའི་ཕྱིར།    མ་གྲུབ་ན།    གཟུགས་ཆོས་ཅན།    དེར་ཐལ།    རང་དངོས་སུ་རྟོགས་པའི་རྟོག་པས་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་དགོས་པའི་ཆོས་ཡིན་པའི་ཕྱིར།    མ་གྲུབ་ན།    གཟུགས་ཆོས་ཅན།    དེར་ཐལ༑ རང་འཛིན་པའི་རྟོག་པས་རང་མ་ཡིན་པ་རྣམ་པར་བཅད་ནས་རྟོགས་དགོས་པའི་ཆོས་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    གཟུགས་ཆོས་ཅན།    ཁྱོད་འཛིན་པའི་རྟོག་པས་ཁྱོད་མ་ཡིན་པ་རྣམ་པར་བཅད་ནས་རྟོགས་དགོས་པའི་ཆོས་ཡིན་པར་ཐལ།    ཁྱོད་གཞི་གྲུབ་པའི་ཕྱིར།

    ཁ་ཅིག་ན་རེ།    བུམ་པ་ཆོས་ཅན།    སྒྲུབ་པ་མ་ཡིན་པར་ཐལ།    དགག་པ་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་པ་ཆོས་ཅན།    དགག་པ་ཡིན་པར་ཐལ།    རང་དངོས་སུ་རྟོགས་པའི་རྟོག་པས་རང་མ་ཡིན་པ་རྣམ་པར་བཅད་ནས་རྟོགས་དགོས་པའི་ཆོས་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    བུམ་པ་ཆོས་ཅན།    ཁྱོད་དངོས་སུ་རྟོགས་པའི་རྟོག་པས་ཁྱོད་མ་ཡིན་པ་རྣམ་པར་བཅད་ནས་རྟོགས་དགོས་པའི་ཆོས་ཡིན་པར་ཐལ།    ཁྱོད་གཞི་གྲུབ་པའི་ཕྱིར།    རྩ་བར་འདོད་ན།    བུམ་པ་ཆོས་ཅན།    དགག་པ་མ་ཡིན་པར་ཐལ།    སྒྲུབ་པ་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་པ་ཆོས་ཅན།    སྒྲུབ་པ་ཡིན་པར་ཐལ།    བུམ་པ་དང་གཅིག་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    མ་ཡིན་དགག་ཡིན་ན།    རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕེན་པའི་ཆོས་ཡིན་པས་ཁྱབ་ཟེར་ན།    ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་ཆོས་ཅན།    དེར་ཐལ།    དེའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་ཆོས་ཅན།    མ་ཡིན་དགག་ཡིན་པར་ཐལ།    རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་འཕེན་པར་བྱེད་པ་ཡིན་པའི་ཕྱིར།    དེར་ཐལ།    རང་ཞེས་བརྗོད་པའི་སྒྲས་ཉིན་པར་ཟས་ཟ་བ་དངོས་སུ་བཀག་ནས་མཚན་མོ་ཟ་བ་ཤུགས་ལ་འཕངས་པ་གང་ཞིག །   མཚན་མོ་ཟ་བ་སྒྲུབ་པ་ཡིན་པའི་ཕྱིར།    རྩ་བར་འདོད་མི་ནུས་ཏེ།    ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་ཞེས་པའི་སྒྲ་འདིས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་མི་འཕེན་ཀྱང་ཤུགས་ལ་འཕེན་པར་བྱེད་པ་དེ་ཡིན་པའི་ཕྱིར།    དེར་ཐལ།    ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་ཞེས་པའི་སྒྲ་འདིས་ཉིན་པར་ཟས་ཟ་བ་དངོས་སུ་བཀག་ནས་མཚན་མོ་ཟ་བ་ཤུགས་ལ་འཕེན་པ་ཡིན་པའི་ཕྱིར། 

   བྱས་པ་ལ་ཁོ་ན་རེ།    ལྷས་སྦྱིན་ཚོན་པོ་ཉིན་བར་ཟས་མི་ཟ་བ་ཞེས་པའི་སྒྲ་འདིས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་ཤུགས་ལ་འཕེན་པར་བྱེད་པ་མ་ཡིན་པར་ཐལ།    བྲམ་ཟེ་ཆང་མི་འཐུད་པ་ཞེས་པའི་སྒྲ་འདིས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་ཤུགས་ལ་འཕེན་པ་མ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ༑ རྟགས་གྲུབ་སྟེ།    བྲམ་ཟེ་ཆང་མི་འཐུང་བ་ཞེས་པའི་སྒྲ་འདིས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་ཤུགས་གང་རུང་དུ་མི་འཕེན་པ་ཡིན་པའི་ཕྱིར།    དེར་ཐལ།    བྲམ་ཟེ་ཆང་མི་འཐུང་བ་ཞེས་པའི་སྒྲ་འདིས་བྲམ་ཟེ་ཆང་འཐུང་བ་ཚིག་ཟིན་ལ་དངོས་སུ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་མི་འཕེན་པར་བྱེད་པ་ཡིན་པའི་ཕྱིར།    དེར་ཐལ།    བྲམ་ཟེ་ཆང་མི་འཐུང་བ་མེད་དགག་ཏུ་འཇོག་དགོས་པ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    མ་ཡིན་དགག་ཡིན་ན།    རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་འཕེན་པར་བྱེད་པ་ཡིན་པས་ཁྱབ་ཟེར་ན།    རྟག་པ་ཆོས་ཅན།    དེར་ཐལ།    དེའི་ཕྱིར།   ཁྱབ་པ་ཁས།    མ་གྲུབ་ན།    རྟག་པ་ཆོས་ཅན།    མ་ཡིན་དགག་ཡིན་པར་ཐལ།    དགག་པ་གང་ཞིག །   མེད་དགག་མ་ཡིན་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    རྟག་པ་ཆོས་ཅན།    དགག་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    རྟག་པར་གྱུར་པའི་སྒྲུབ་པ་རང་དབང་བ་མེད་པའི་ཕྱིར།    དེར་ཐལ།    སྒྲུབ་པ་རང་དབང་བ་ཡིན་ན་དངོས་པོ་ཡིན་པས་ཁྱབ་པའི་ཕྱིར།    གོང་དུ་འདོད་མི་ནུས་ཏེ།    རང་ཞེས་བརྗོད་པའི་སྒྲས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་འཕེན་པར་བྱེད་པ་ཡིན་ཀྱང་།    རང་གི་དགག་བྱ་ཚིག་ཟིན་ལ་འགོག་པར་བྱེད་པ་མ་ཡིན་པའི་ཕྱིར།    དེར་ཐལ།    རྟག་པ་ཞེས་པའི་ཚིག་འདི་ལ་དགག་ཚིག་སྦྱར་བ་མེད་པའི་ཕྱིར།

    ཁ་ཅིག་ན་རེ།    རང་ཞེས་བརྗོད་པའི་སྒྲས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་འཕེན་པར་བྱེད་པ་ཡིན་ན།    རང་ཉིད་དགག་པ་ཡིན་པས་ཁྱབ་ཟེར་ན།    བྱས་པ་ཆོས་ཅན།    རང་ཉིད་དགག་པ་ཡིན་པར་ཐལ།    རང་ཞེས་བརྗོད་པའི་སྒྲས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་འཕེན་པར་བྱེད་པ་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    བྱས་པ་ཆོས་ཅན།    ཁྱོད་ཅེས་བརྗོད་པའི་སྒྲས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་འཕེན་པར་བྱེད་པ་ཡིན་པར་ཐལ།    ཁྱོད་ཅེས་བརྗོད་པའི་སྒྲས་ཁྱོད་ཀྱི་རྒྱུ་རྐྱེན་འཕེན་པར་བྱེད་པ་ཡིན་པའི་ཕྱིར།    རྩ་བར་འདོད་ན།    བྱས་པ་ཆོས་ཅན།    དགག་པ་མ་ཡིན་པར་ཐལ།    སྒྲུབ་པ་ཡིན་པའི་ཕྱིར།    མ་གྲུབ་ན།    བྱས་པ་སྒྲུབ་པ་ཡིན་པར་ཐལ།    དངོས་པོ་སྒྲུབ་པ་ཡིན་པ་གང་ཞིག །   དེ་གཉིས་འདྲ་བའི་ཕྱིར།

    ཁ་ཅིག་ན་རེ།    བྱས་པ་ཆོས་ཅན།    སྒྲུབ་པ་མ་ཡིན་པར་ཐལ།    དགག་པ་ཡིན་པའི་ཕྱིར།    མ་གྲུབ་ན།    བྱས་པ་དགག་པ་ཡིན་པར་ཐལ།    སྒྲ་བྱས་པ་དགག་པ་ཡིན་པའི་ཕྱིར།    མ་གྲུབ་ན།    དེར་ཐལ།    སྒྲ་བྱས་པ་ཡིན་ནོ་ཞེས་པའི་སྒྲ་འདིས་སྒྲ་བྱས་པ་མ་ཡིན་པ་རྣམ་པར་བཅད་ནས་བརྗོད་དགོས་པའི་ཆོས་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    འོ་ན།    ཁྱོད་རང་ལ་གཟུགས་དགག་པ་ཡིན་པར་ཐལ།    གཟུགས་ཞེས་བརྗོད་པའི་སྒྲས་གཟུགས་མ་ཡིན་པ་རྣམ་པར་བཅད་ནས་བརྗོད་དགོས་པའི་ཆོས་ཡིན་པའི་ཕྱིར།    འདོད་ན།    སྒྲུབ་པ་མེད་པར་ཐལ།    གཟུགས་སྒྲུབ་པ་མ་ཡིན་པའི་ཕྱིར།    འདོད་ན།    གཞི་གྲུབ་ན།    དགག་པ་ཡིན་པས་ཁྱབ་པར་ཐལ།    སྒྲུབ་པ་མེད་པའི་ཕྱིར།    རྟགས་ཁས།    འདོད་མི་ནུས།

    ཁ་ཅིག་ན་རེ།    གཟུགས་དེ་གཟུགས་ཞེས་བརྗོད་པའི་སྒྲ་འདིས་གཟུགས་མ་ཡིན་པ་རྣམ་པར་བཅད་ནས་བརྗོད་དགོས་པའི་ཆོས་མིན་ཟེར་ན།    དེ་ཡིན་པར་ཐལ།    གཟུགས་དེ་གཟུགས་ཞེས་བརྗོད་པའི་སྒྲས་གཟུགས་མ་ཡིན་པ་རྣམ་པར་བསལ་ནས་བརྗོད་དགོས་པའི་ཆོས་ཡིན་པའི་ཕྱིར།    དེར་ཐལ།    གཟུགས་ཞེས་བརྗོད་པའི་སྒྲ་གཟུགས་ལ་སེལ་འཇུགཡིན་པའི་ཕྱིར།    ཁྱབ་སྟེ།    སེལ་འཇུག་ཅེས་པའི་སེལ་བའི་དོན་ནི་ཆོས་དེ་མ་ཡིན་པ་རྣམ་པར་སེལ་བ་ལ་ལྟོས་དགོས་པ་ཡིན་པའི་ཕྱིར།   

  རང་གི་ལུགས་ལ།    དགག་པའི་མཚན་ཉིད་ཡོད་དེ།    རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་དགོས་པའི་ཆོས་དེ་ཡིན་པའི་ཕྱིར།    དགག་པ་དང་།    སེལ་བ་དང་།    གཞན་སེལ་དང་།    ལྡོག་པ་བཞི་དོན་གཅིག །   དགག་པ་ལ་དབྱེ་ན་གཉིས་ཡོད་དེ།    མ་ཡིན་དགག་དང་མེད་དགག་གཉིས་ཡོད་པའི་ཕྱིར།    མ་ཡིན་དགག་གི་མཚན་ཉིད་ཡོད་དེ།    རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་འཕེན་པའི་དགག་པ་དེ་ཡིན་པའི་ཕྱིར།    མཚན་གཞི་ནི་ཡོད་དེ།    སྒྲ་མི་རྟག་པ་དེ་ཡིན་པའི་ཕྱིར།    མེད་དགགགི་མཚན་ཉིད་ཡོད་དེ།    རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་མི་འཕེན་པའི་དགག་པ་དེ་ཡིན་པའི་ཕྱིར།    མཚན་གཞི་ནི་ཡོད་དེ།    གང་ཟག་གི་བདག་མེད་དེ་ཡིན་པའི་ཕྱིར།    དགག་པ་ལ་དབྱེ་ན་ལྔ་ཡོད་དེ།    རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕེན་པ་དང་།    ཤུགས་ལ་འཕེན་པ་དང་།    དངོས་ཤུགས་གཉིས་ཀར་འཕེན་པ་དང་།    ཀྐབས་ཐོབ་ཀྱིས་འཕེན་པ་དང་།    རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་མི་འཕེན་པ་དང་ལྔ་ཡོད་པའི་ཕྱིར།    དང་པོ་རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕེན་པའི་དགག་པ་ཡོད་དེ།    བུམ་པ་གང་ཟག་གི་བདག་མེད་ཡོད་པ་དེ་ཡིན་པའི་ཕྱིར།    མ་གྲུབ་ན།    དེ་ཆོས་ཅན།    རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕེན་པའི་དགག་པ་ཡིན་པར་ཐལ།    རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་པ་གང་ཞིག །   ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕེན་པ་ཡིན་པའི་ཕྱིར།    རྟགས་དང་པོ་གྲུབ་སྟེ།    བུམ་པ་གང་ཟག་གི་བདག་མེད་ཡོད་པ་ཞེས་བརྗོད་པའི་སྒྲ་འདིས་བུམ་པ་གང་ཟག་གི་བདག་ཚིག་ཟིན་ལ་འགོག་པར་བྱེད་པ་ཡིན་པའི་ཕྱིར།    རྟགས་གཉིས་པ་གྲུབ་སྟེ།    བུམ་པ་གང་ཟག་གི་བདག་མེད་ཡོད་པ་ཞེས་བརྗོད་པའི་སྒྲ་འདིས་བུམ་པ་གང་ཟག་གི་བདག་མེད་ཡོད་པ་དངོས་སུ་འཕངས་པ་གང་ཞིག །   བུམ་པ་གང་ཟག་གི་བདག་མེད་ཡོད་པ་མ་ཡིན་དགག་ཡིན་པའི་ཕྱིར།    རྟགས་དང་པོ་སླ།    གཉིས་པ་མ་གྲུབ་ན།    བུམ་པ་གང་ཟག་གི་བདག་མེད་ཆོས་ཅན།    ཁྱོད་ཡོད་པ་མ་ཡིན་དགག་ཡིན་པར་ཐལ།    ཁྱོད་གཞི་གྲུབ་པའི་ཕྱིར།    གཉིས་པ་རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་ཤུགས་ལ་འཕེན་པའི་དགག་པ་བཞག་ཏུ་ཡོད་དེ།    ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་དེ་ཡིན་པའི་ཕྱིར།    དེར་ཐལ།    ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བཞེས་པའི་ཚིག་འདིས་རང་གི་དགག་བྱ་ཉིན་པར་ཟས་ཟ་བ་དངོས་སུ་བཀག་ནས་མཚན་མོ་ཟ་བ་ཤུགས་ལ་འཕངས་པ་གང་ཞིག །   མཚན་མོ་ཟ་བ་སྒྲུབ་པ་ཡིན་པའི་ཕྱིར།    དེར་ཐལ།    ཟས་ཟ་བ་སྒྲུབ་པ་ཡིན་པའི་ཕྱིར།    གསུམ་པ་རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་ཤུགས་གཉིས་ཀར་འཕེན་པའི་དགོས་པ་བཞག་ཏུ་ཡོད་དེ།    ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་ལུས་རིང་པ་མ་ཡིན་པ་ཡོད་པ་དེ་ཡིན་པའི་ཕྱིར།    དེར་ཐལ།    ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་ལུས་རིང་པ་མ་ཡིན་པ་ཡོད་པ་ཞེས་པའི་སྒྲ་འདིས་ཉིན་པར་ཟས་ཟ་བ་དངོས་སུ་བཀག་ནས་མཚན་མོ་ཟ་བ་ཤུགས་ལ་འཕངས།    ལུས་རིང་པ་མ་ཡིན་པ་ཡོད་པ་དངོས་སུ་འཕངས་པ་གང་ཞིག །   མཚན་མོ་ཟ་བ་སྒྲུབ་པ་དང་།    ལུས་རིད་པ་མ་ཡིན་པ་ཡོད་པ་མ་ཡིན་དགགཡིན་པའི་ཕྱིར།    བཞི་པ་རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་སྐབས་ཐོབ་ཀྱིས་འཕེན་པའི་དགག་པ་བཞག་ཏུ་ཡོད་དེ།    གང་ཟག་གཅིག་རྒྱལ་རིགས་དང་བྲམ་ཟེའི་རིགས་གང་རུང་དུ་ངེས་ནས་ཁྱད་པར་མ་ངེས་པའི་ཚེ་འདི་ནི་བྲམ་ཟེ་མ་ཡིན་པ་ཞེས་པའི་སྒྲ་འདིས་བྲམ་ཟེ་ཡིན་པ་ཚིག་ཟིན་ལ་དངོས་སུ་བཀག་ནས་རྒྱལ་རིགས་ཡིན་པ་སྐབས་ཐོབ་ཀྱིས་འཕངས་པ་ངེས་ཤེས་དགོས་པ་ཡིན་པའི་ཕྱིར།    རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་མི་འཕེན་པའི་དགག་པ་བཞག་ཏུ་ཡོད་དེ།    བྲམ་ཟེ་ཆང་མི་འཐུང་བ་དེ་ཡིན་པའི་ཕྱིར།    དེར་ཐལ།    བྲམ་ཟེ་ཆང་མི་འཐུང་བ་ཞེས་པའི་སྒྲ་འདིས་བྲམ་ཟེ་ཆང་འཐུང་བ་ཚིག་ཟིན་ལ་དངོས་སུ་བཀག་ནས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་ཡང་མི་འཕེན་ཤུགས་ལ་ཡང་མི་འཕེན།    སྐབས་ཐོབ་ཀྱིས་ཡང་མི་འཕེན་པ་ཡིན་པའི་ཕྱིར།    དེ་དག་མ་ཡིན་དགག་དང་མེད་དགག་གཉིས་སུ་འདུ་ཚུལ་ཡོད་དེ།    དང་པོ་བཞི་པོ་མ་ཡིན་དགག་དང་།    ཕྱི་མ་མེད་དགག་ཏུ་འཇོག་དགོས་པ་ཡིན་པའི་ཕྱིར།    དགག་པ་ཡིན་ན་རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་འགོག་པས་མ་ཁྱབ་པ་ཡིན་ཏེ།    མ་ཡིན་དགག་ལ་མ་ཁྱབ་པ་གང་ཞིག །   མེད་དགག་ལ་ཡང་མ་ཁྱབ་པའི་ཕྱིར།    རྟགས་དང་པོ་གྲུབ་སྟེ།    རྟག་པ་དང་ཤེས་བྱ་གཉིས་མ་ཡིན་དགག་ཡིན་ཀྱང་།    རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་འགོག་པར་བྱེད་པ་མ་ཡིན་པའི་ཕྱིར།    རྟགས་གཉིས་པ་གྲུབ་སྟེ།    ནམ་མཁའ་དང་ཆོས་ཉིད་གཉིས་མེད་དགག་ཡིན་ཀྱང་རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་འགོག་པར་བྱེད་པ་མ་ཡིན་པའི་ཕྱིར། 

                                                                                                                                                                 རྩོམ་སྒྲིག་པ།    བློ་བཟང་བཀྲ་ཤིས།

བརྒྱུད་འགོད།
0