བསེ་བསྡུས་ལས་​གཞན་སེལ་གྱི་རྣམ་བཞག

སྤེལ་དུས།  2021-09-30   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  བསེ་ངག་དབང་བཀྲ་ཤིས།   ཀློག་གྲངས།  

གཞན་སེལ་གྱི་རྣམ་བཞག་བཤད་པ་ལ།

      ཁ་ཅིག་ན་རེ།    ཁྱོད་ཀྱི་གཞན་སེལ་གསུམ་པོ་གང་རུང་ཡོད་ན།    ཁྱོད་ཀྱི་གཞན་སེལ་ཡོད་པས་ཁྱབ་ཟེར་ན།    རི་བོང་རྭ་ཆོས་ཅན།    ཁྱོད་ཀྱི་གཞན་སེལ་ཡོད་པར་ཐལ།    ཁྱོད་ཀྱི་གཞན་སེལ་གསུམ་པོ་གང་རུང་ཡོད་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    རི་བོང་རྭ་ཆོས་ཅན།   ཁྱོད་ཀྱི་གཞན་སེལ་གསུམ་པོ་གང་རུང་ཡོད་པར་ཐལ།    ཁྱོད་ཀྱི་བློའི་གཞན་སེལ་ཡོད་པའི་ཕྱིར།    མ་གྲུབ་ན།    རི་བོང་རྭ་ཆོས་ཅན།    ཁྱོད་ཀྱི་བློའི་གཞན་སེལ་ཡོད་པར་ཐལ།    ཁྱོད་འཛིན་རྟོག་པ་ལ་ཁྱོད་མ་ཡིན་པ་ལས་ལོག་པར་སྣང་བ་དེ་ཁྱོད་ཀྱི་བློའི་གཞན་སེལ་ཡིན་པའི་ཕྱིར།    མ་གྲུབ་ན།    རི་བོང་རྭ་ཆོས་ཅན།    ཁྱོད་འཛིན་རྟོག་པ་ལ་ཁྱོད་མ་ཡིན་པ་ལས་ལོག་པར་སྣང་བ་དེ་ཁྱོད་ཀྱི་བློའི་གཞན་སེལ་ཡིན་པར་ཐལ།    བདག་མེད་ཡིན་པའི་ཕྱིར།    རྩ་བར་འདོད་ན།    རི་བོང་རྭ་ཆོས་ཅན།    ཁྱོད་ཀྱི་གཞན་སེལ་མེད་པར་ཐལ།    ཁྱོད་ཀྱི་དོན་རང་མཚན་གྱི་གཞན་སེལ་མེད་པའི་ཕྱིར།    དེར་ཐལ།    ཁྱོད་དངོས་པོ་མ་ཡིན་པའི་ཕྱིར། 

     ཁ་ཅིག་ན་རེ།    དངོས་པོ་ཡིན་ན།    དོན་རང་མཚན་གྱི་གཞན་སེལ་ཡིན་པས་ཁྱབ་ཟེར་ན།    བུམ་པ་ཆོས་ཅན།   དོན་རང་མཚན་གྱི་གཞན་སེལ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར།    ཁྱབ་པ་ཁས།    འདོད་ན།    བུམ་པ་ཆོས་ཅན།    གཞན་སེལ་ཡིན་པར་ཐལ།    དོན་རང་མཚན་གྱི་གཞན་སེལ་ཡིན་པའི་ཕྱིར།    འདོད་ན།    བུམ་པ་ཆོས་ཅན།    དགག་པ་ཡིན་པར་ཐལ།    གཞན་སེལ་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    གཞན་སེལ་དང་དགག་པ་གཉིས་དོན་གཅིག་ཡིན་པའི་ཕྱིར།    རྩ་བར་འདོད་མི་ནུས་ཏེ།    སྒྲུབ་པ་ཡིན་པའི་ཕྱིར།

      ཁ་ཅིག་ན་རེ།    བུམ་པ་མ་ཡིན་པ་ལས་ལོག་པ་དེ་བུམ་པའི་དོན་རང་མཚན་གྱི་གཞན་སེལ་ཡིན་ཟེར་ན།    བུམ་པ་མ་ཡིན་པ་ལས་ལོག་པ་ཆོས་ཅན།    བུམ་པའི་དོན་རང་མཚན་གྱི་གཞན་སེལ་མ་ཡིན་པར་ཐལ།    བུམ་པའི་དོན་རང་མཚན་གྱི་ཆོས་མ་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་པ་མ་ཡིན་པ་ལས་ལོག་པ་ཆོས་ཅན།    བུམ་པའི་དོན་རང་མཚན་གྱི་ཆོས་མ་ཡིན་པར་ཐལ།    རང་མཚན་གྱི་ཆོས་མ་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་པ་མ་ཡིན་པ་ལས་ལོག་པ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    རང་མཚན་གྱི་ཆོས་ཡིན་པའི་ཕྱིར།    རྟགས་ཁས།   མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    རང་མཚན་གྱི་ཆོས་དང་དངོས་པོ་གཉིས་དོན་གཅིག་ཡིན་པའི་ཕྱིར།    རྩ་བར་འདོད་ན།    བུམ་པ་མ་ཡིན་པ་ལས་ལོག་པ་དངོས་པོ་མ་ཡིན་པར་ཐལ།    བུམ་པ་མ་ཡིན་པ་མ་ཡིན་པ་དངོས་པོ་མ་ཡིན་པ་གང་ཞིག །   དེ་གཉིས་ལ་ཁྱད་པར་མེད་པའི་ཕྱིར།

     ཁ་ཅིག་ན་རེ།    ཁྱོད་ཀྱི་དོན་རང་མཚན་གྱི་གཞན་སེལ་ཡོད་ན།    ཁྱོད་མ་ཡིན་པ་ལས་ལོག་པ་ཡོད་པས་ཁྱབ་ཟེར་ན།    ཀྭ་བུམ་གཉིས་ཆོས་ཅན།    ཁྱོད་མ་ཡིན་པ་ལས་ལོག་པ་ཡོད་པར་ཐལ།    ཁྱོད་ཀྱི་དོན་རང་མཚན་གྱི་གཞན་སེལ་ཡོད་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    ཀྭ་བུམ་གཉིས་ཆོས་ཅན།    ཁྱོད་ཀྱི་དོན་རང་མཚན་གྱི་གཞན་སེལ་ཡོད་པར་ཐལ།    ཁྱོད་དོན་རང་མཚན་གྱི་ཆོས་ཡིན་པའི་ཕྱིར།    རྩ་བར་འདོད་ན།    ཀྭ་བུམ་གཉིས་ཆོས་ཅན།    ཁྱོད་མ་ཡིན་པ་ལས་ལོག་པ་མེད་པར་ཐལ།    ཁྱོད་ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་པའི་ཕྱིར།

     ཁ་ཅིག་ན་རེ།    ཀྭ་བུམ་གཉིས་ཆོས་ཅན།    ཁྱོད་ཀྱི་དོན་རང་མཚན་གྱི་གཞན་སེལ་མེད་པར་ཐལ།    ཀྭ་བུམ་གཉིས་དེ་དེ་མ་ཡིན་པ་གང་ཞིག །   དེ་ལས་ཐ་དད་པ་གཅིགམེད་པའི་ཕྱིར་ཟེར་ན་རྟགས་ཕྱི་མ་མ་གྲུབ་པ་ཡིན་ཏེ།    རྟག་དངོས་གཉིས་ཀྱིས་སྟོང་པའི་ཀྭ་བུམ་གཉིས་དེ་ཡིན་པའི་ཕྱིར། 

    ཁ་ཅིག་ན་རེ།    བུམ་པའི་དོན་རང་མཚན་གྱི་གཞན་སེལ་འཇོག་པའི་ཚེ་ན།    རྟག་དངོས་གཉིས་ཀྱིས་སྟོང་པའི་བུམ་པ་དེ་འཇོགདགོས་པ་ཡིན་ཟེར་ན།    དེ་མི་འཐད་པར་ཐལ།    བུམ་པ་མ་ཡིན་པ་ལས་ལོག་པའི་བུམ་པ་དེ་བུམ་པའི་དོན་རང་མཚན་གྱི་གཞན་སེལ་ལ་བཞག་ཆོག་པ་ཡིན་པའི་ཕྱིར།    མ་གྲུབ་ན།    དེ་ཆོས་ཅན།    བུམ་པའི་དོན་རང་མཚན་གྱི་གཞན་སེལ་ཡིན་པར་ཐལ།    བུམ་པའི་གཞན་སེལ་ཡིན་པའི་ཕྱིར།    ཁ་ཅིག་ན་རེ།    བུམ་པའི་མེད་དགག་གི་གཞན་སེལ་འཇོག་པའི་ཚེ་ན།    བུམ་པ་གང་ཟག་གི་བདག་མེད་དེ་འཇོག་ཟེར་ན།    དེ་མི་འཐད་པ་ཡིན་པར་ཐལ།    བུམ་པ་ལ་བུམ་པ་མ་ཡིན་པ་མེད་པ་དེ་བུམ་པའི་མེད་དགག་གི་གཞན་སེལ་ལ་འཇོག་དགོས་པ་ཡིན་པའི་ཕྱིར།    དེར་ཐལ།    བ་ལང་ལ་བ་ལང་མ་ཡིན་པ་མེད་པ་བ་ལང་གི་མེད་དགག་གི་གཞན་སེལ་ལ་འཇོག་དགོས་པ་ཡིན་པའི་ཕྱིར།    དེར་ཐལ།    ཚད་ཆེན་ལས་བཤད་པ་ཡིན་པའི་ཕྱིར།  

   ཁ་ཅིག་ན་རེ།    བློ་མ་ཡིན་པ་ལས་ལོག་པའི་བློ་དེ་བློའི་དོན་རང་མཚན་གྱི་གཞན་སེལ་ཡིན་པར་ཐལ།    བུམ་པ་མ་ཡིན་པ་ལས་ལོག་པའི་བུམ་པ་དེ་བུམ་པའི་དོན་རང་མཚན་གྱི་གཞན་སེལ་ཡིན་པ་གང་ཞིག །   དེ་གཉིས་འདྲ་བའི་ཕྱིར།    འདོད་ན།    བློ་མ་ཡིན་པ་ལས་ལོགཔའི་བློ་ཆོས་ཅན།    བློའི་གཞན་སེལ་ཡིན་པར་ཐལ།    བློའི་དོན་རང་མཚན་གྱི་གཞན་སེལ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    ཁོ་ན་རེ།    བློ་ཆོས་ཅན།    ཁྱོད་མ་ཡིན་པ་ལས་ལོག་པའི་ཁྱོད།    ཁྱོད་ཀྱི་གཞན་སེལ་ཡིན་པར་ཐལ།    ཁྱོད་ཡིན་པ་སྲིད་པའི་དངོས་པོ་ཡིན་པའི་ཕྱིར་ཟེར་ན་འདོད་ལན་ཐེབས་པ་ཡིན་ཏེ།    རྩི་བའི་ཚེ་ན།    བློ་མ་ཡིན་པ་ལས་ལོག་པའི་བློ་དེ་བློ་དེའི་གཞན་སེལ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར། 

    བྱས་པ་ལ་ཁོ་ན་རེ།    བློ་མ་ཡིན་པ་ལས་ལོག་པའི་བློ་བློའི་གཞན་སེལ་ཡིན་པར་ཐལ།    བློ་མ་ཡིན་པ་ལས་ལོག་པའི་བློ་དེ་བློ་དེའི་གཞན་སེལ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    འདོད་མི་ནུས་ཏེ།    བློའི་གཞན་སེལ་ཡིན་ན་རྟག་པ་ཡིན་པས་ཁྱབ་པའི་ཕྱིར། 

    ཁ་ཅིག་ན་རེ།    རྟག་པ་མ་ཡིན་པ་ལས་ལོག་པའི་རྟག་པ་དེ་རྟག་པའི་གཞན་སེལ་ཡིན་པར་ཐལ།    བུམ་པ་མ་ཡིན་པ་ལས་ལོག་པའི་བུམ་པ་དེ་བུམ་པའི་གཞན་སེལ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    འདོད་ན།    དེ་ཆོས་ཅན།    རྟག་པའི་གཞན་སེལ་མ་ཡིན་པར་ཐལ།    རྟག་པའི་དོན་རང་མཚན་གྱི་གཞན་སེལ་མ་ཡིན།   རྟག་པའི་མེད་དགག་གི་གཞན་སེལ་ཡང་མ་ཡིན།    རྟག་པའི་བློའི་གཞན་སེལ་ཡང་མ་ཡིན་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    དེ་ཆོས་ཅན།    རྟག་པའི་དོན་རང་མཚན་གྱི་གཞན་སེལ་མ་ཡིན་པར་ཐལ།    གང་ཟག་གི་བདག་མེད་ཡིན་པའི་ཕྱིར།  

   ཁ་ཅིག་ན་རེ།    འདུ་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།    མེད་དགག་གི་དོན་རང་མཚན་གྱི་གཞན་སེལ་ཡིན་པར་ཐལ།    མེད་དགག་གི་གཞན་སེལ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    བྱས་པ་ལ་ཁོ་ན་རེ།    མེད་དགག་ཆོས་ཅན།    ཁྱོད་ཀྱི་གཞན་སེལ་ཡིན་ན་ཁྱོད་ཀྱི་དོན་རང་མཚན་གྱི་གཞན་སེལ་ཡིན་པས་ཁྱབ་པར་ཐལ།    ཁྱོད་ཀྱི་གཞན་སེལ་ཡོད་པའི་ཕྱིར་ཟེར་ན་རྟགས་མ་གྲུབ་པ་ཡིན་ཏེ།    བརྩི་བའི་ཚེ་ན་མེད་དགག་དེའི་གཞན་སེལ་ཡོད་པར་རྟགས་མ་གྲུབ་ཅེས་རྩི་དགོས་པ་ཡིན་པའི་ཕྱིར། 

  ཁ་ཅིག་ན་རེ།    འདུ་མ་བྱས་ཀྱི་ནམ་མཁའ་དེ་མེད་དགག་གི་གཞན་སེལ་མིན་ཟེར་ན།    འདུ་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།    མེད་དགག་གི་གཞན་སེལ་ཡིན་པར་ཐལ།    མེད་དགག་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    མེད་དགགགི་གཞན་སེལ་དང་མེད་དགག་གཉིས་དོན་གཅིག་ཡིན་པའི་ཕྱིར། 

   རང་གི་ལུགས་ལ།    གཞན་སེལ་དང་དགག་པ་གཉིས་དོན་གཅིག་ཡིན་པས་མཚན་ཉིད་འཇོག་མི་དགོས།    དངོས་པོ་ཡིན་ན་ཁྱོད་ཀྱི་དོན་རང་མཚན་གྱི་གཞན་སེལ་ཡོད་པས་ཁྱབ་ལ།   དངོས་པོར་གྱུར་པའི་དགག་པ་དང་དོན་རང་མཚན་གྱི་གཞན་སེལ་གཉིས་དོན་གཅིག །   བདག་མེད་ཡིན་ན་ཁྱོད་ཀྱི་བློའི་གཞན་སེལ་ཡོད་པས་ཁྱབ་ལ།    བློའི་གཞན་སེལ་དང་རྟོག་པའི་སྣང་ཡུལ་གཉིས་དོན་གཅིག །   གཞི་གྲུབ་ན་ཁྱོད་ཀྱི་མེད་དགགགི་གཞན་སེལ་ཡོད་པས་ཁྱབ་ལ།    མེད་དགག་གི་གཞན་སེལ་དང་མེད་དགག་གཉིས་དོན་གཅིག་ཡིན་ནོ།   ། 

                                                                                                                                                       རྩོམ་སྒྲིག་པ།     བློ་བཟང་བཀྲ་ཤིས།

བརྒྱུད་འགོད།
0