བསེ་བསྡུས་ལས་ཐལ་འགྱུར་ཆེ་བའི་རྣམ་བཞག

སྤེལ་དུས།  2021-09-30   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  བསེ་ངག་དབང་བཀྲ་ཤིས།   ཀློག་གྲངས།  

 ཐལ་འགྱུར་ཆེ་བའི་རྣམ་བཞག་བཤད་པ་ལ། 

   ཁ་ཅིག་ན་རེ།    ཕ་རོལ་ལ་མི་འདོད་པའི་ཐལ་བ་འཕེན་པར་བྱེད་པའི་རྗོད་བྱེད་རྣམ་དག་དེ་ཐལ་འགྱུར་གྱི་མཚན་ཉིད་ཡིན་ཟེར་ན།    འོ་ན།    མངོན་རྟོགས་རྒྱན་ཆོས་ཅན།    ཐལ་འགྱུར་ཡིན་པར་ཐལ།    ཕ་རོལ་ལ་མི་འདོད་པའི་ཐལ་བ་འཕེན་པར་བྱེད་པའི་རྗོད་བྱེད་རྣམ་དག་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    མངོན་རྟོགས་རྒྱན་ཆོས་ཅན།    ཕ་རོལ་ལ་མི་འདོད་པའི་ཐལ་བ་འཕེན་པར་བྱེད་པའི་རྗོད་བྱེད་རྣམ་དག་ཡིན་པར་ཐལ།    སྡུག་བསྔལ་རྟག་པར་འདོད་པ་དང་བདེ་བར་འདོད་པ་རྣམས་ལ་མི་འདོད་པའི་ཐལ་བ་འཕེན་པར་བྱེད་པའི་རྗོད་བྱེད་རྣམ་དག་ཡིན་པའི་ཕྱིར།    དེར་ཐལ།    སྡུག་བསྔལ་མི་རྟག་པ་དང་སྡུག་བསྔལ་བར་འཕེན་པར་བྱེད་པའི་རྗོད་བྱེད་རྣམ་དག་ཡིན་པའི་ཕྱིར།    རྩ་བར་འདོད་ན།    བཀའ་དང་བསྟན་བཅོས་གང་རུང་ཡིན་ན།    ཐལ་འགྱུར་ཡིན་པས་ཁྱབ་པར་ཐལ།    མངོན་རྟོགས་རྒྱན་ཐལ་འགྱུར་ཡིན་པའི་ཕྱིར།    རྟགས་ཁས།    འདོད་མི་ནུས།

    ཁ་ཅིག་ན་རེ།    བཀའ་དང་བསྟན་བཅོས་གང་རུང་ཡིན་ན་ཐལ་འགྱུར་མ་ཡིན་པས་ཁྱབ་ཟེར་ན།    དེ་མི་འཐད་པ་ཡིན་པར་ཐལ།    བསྟན་བཅོས་སུ་གྱུར་པའི་ཐལ་འགྱུར་དུ་མ་ཡོད་པ་གང་ཞིག །   བཀར་གྱུར་པའི་ཐལ་འགྱུར་དུ་མ་ཡོད་པའི་ཕྱིར།   རྟགས་དང་པོ་གྲུབ་པ་ཡིན་ཏེ།    བསྟན་བཅོས་ཀྱི་གཞུང་ཚིག་ཏུ་གྱུར་པའི་ཐལ་འགྱུར་དུ་མ་ཡོད་པའི་ཕྱིར།    དེར་ཐལ།    བསྟན་བཅོས་ཀྱི་གཞུང་ཚིག་ཏུ་གྱུར་པའི་སྒྲ་ཆོས་ཅན།    མི་རྟག་པ་ཡིན་པར་ཐལ།    བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དུ་མ་ཡོད་པའི་ཕྱིར། 

   ཁ་ཅིག་ན་རེ།    ཐལ་འགྱུར་ཡིན་ན་ཐལ་ངག་ཡིན་པས་ཁྱབ་ཟེར་ན།    སྒྲ་དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དེར་ཐལ།    དེའི་ཕྱིར།    ཁྱབ་པ་ཁས།    རྟགས་གྲུབ་སྟེ།    རྟགས་ཙམ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར།    རྩ་བར་འདོད་མི་ནུས་ཏེ།    ཁྱོད་ཀྱི་ཐལ་བའི་ངག་མེད་པའི་ཕྱིར། 

   ཁ་ཅིག་ན་རེ།    ཐལ་འགྱུར་དང་སུན་འབྱིན་དང་ཀླན་ཀ་གསུམ་དོན་གཅིག་ཡིན་ཟེར་ན།    འོ་ན།    སུན་འབྱིན་ཡིན་ན་ཐལ་འགྱུར་ཡིན་པས་ཁྱབ་པར་ཐལ།    ཐལ་འགྱུར་དང་སུན་འབྱིན་དང་ཀླན་ཀ་གསུམ་དོན་གཅིག་ཡིན་པ་དེའི་ཕྱིར།    འདོད་ན།    སྔ་རྒོལ་གྱིས་སྒྲ་ཆོས་ཅན།    མི་རྟག་པ་ཡིན་པར་ཐལ།    བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་བཀོད་པ་ལ་ཕྱི་རྒོལ་གྱིས་རྟགས་མ་གྲུབ་ཅེས་ལན་བཏབ་པ་དེ་ཆོས་ཅན།    ཐལ་འགྱུར་ཡིན་པར་ཐལ།    སུན་འབྱིན་ཡིན་པའི་ཕྱིར།    ཁྱབ་པ་ཁས།    རྟགས་གྲུབ་སྟེ།    སྔ་རྒོལ་གྱིས་ཐལ་འགྱུར་བཀོད་པ་ལ་ཕྱི་རྒོལ་གྱིས་རྟགས་མ་གྲུབ་པ་དང་།    ཁྱབ་པ་འགལ་བ་དང་ཁྱབ་མེད་ཀྱི་ལན་བཏབ་པ་རེ་རེ་ནས་སུན་འབྱིན་ཡིན་པའི་ཕྱིར།    གཞན་ཡང་།    སྔ་རྒོལ་གྱིས་སྒྲ་ཆོས་ཅན།    མི་རྟག་སྟེ།    བྱས་པའི་ཕྱིར་ཞེས་བཀོད་པ་ལ་ཕྱི་རྒོལ་གྱིས་བུམ་པའི་བྱས་པ་རྟགས་སུ་བཀོད་དམ།    སྒྲའི་བྱས་པ་རྟགས་སུ་བཀོད་དམ།    ཞེས་ཁྱད་པར་དུ་བརྟགས་ནས་ལན་བཏབ་པ་དེ་ཆོས་ཅན།    ཐལ་འགྱུར་ཡིན་པར་ཐལ།    སུན་འབྱིན་ཡིན་པའི་ཕྱིར།    ཁྱབ་པ་ཁས།    རྟགས་གྲུབ་སྟེ།    ལྟག་ཆོད་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    ལྟག་ཆོད་ཡིན་ན་སུན་འབྱིན་ཡིན་པས་ཁྱབ་པའི་ཕྱིར།    དེར་ཐལ།    ལྟག་ཆོད་ཡིན་ན་སུན་འབྱིན་ལྟར་སྣང་ཡིན་པས་ཁྱབ་པའི་ཕྱིར།

    ཁ་ཅིག་ན་རེ།    ཐལ་འགྱུར་དང་སུན་འབྱིན་གཉིས་འགལ་བ་ཡིན་པར་ཐལ།    སུན་འབྱིན་ཡིན་ན་ཐལ་འགྱུར་ཡིན་པས་མ་ཁྱབ་པའི་ཕྱིར་ཟེར་ན་མ་ཁྱབ།    འདོད་མི་ནུས་ཏེ།    སྒྲ་ཆོས་ཅན།    མ་བྱས་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་སུན་འབྱིན་ཡིན་པའི་ཕྱིར།    དེར་ཐལ།    སྒྲ་རྟག་པར་ཁས་ལེན་པ་ལ་སུན་འབྱིན་ཡིན་པའི་ཕྱིར།    དེར་ཐལ།    སྒྲ་རྟག་པར་ཁས་ལེན་པ་རྣམས་ལ་སུན་འབྱིན་ཏུ་འཕངས་པ་ཡིན་པའི་ཕྱིར།  

  ཁ་ཅིག་ན་རེ།    སྒྲ་ཆོས་ཅན།    མི་རྟག་སྟེ།    བྱས་པའི་ཕྱིར་ཞེས་པའི་སྦྱོར་བ་འདི་ཐལ་འགྱུར་ཡིན་པར་ཐལ།    སྒྲ་ཆོས་ཅན།    མི་རྟག་པ་ཡིན་པར་ཐལ།    བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་ཐལ་འགྱུར་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    སྒྲ་ཆོས་ཅན།    མི་རྟག་པ་ཡིན་པར་ཐལ།   བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཐལ་འགྱུར་ཡིན་པར་ཐལ།    སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར།    མ་གྲུབ་ན།    སྒྲ་ཆོས་ཅན།    མི་རྟག་པ་ཡིན་པར་ཐལ།    བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དེར་ཐལ།    ཁྱོད་རྟགས་གསལ་ཁྱབ་གསུམ་ག་ཕན་ཚུན་ཐ་དད་ཅིང་རྟགས་གསལ་ཁྱབ་གསུམ་ག་ཚད་མས་གྲུབ་པའི་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར།    རྩ་བར་འདོད་ན།    སྒྲ་ཆོས་ཅན།    མི་རྟག་སྟེ་བྱས་པའི་ཕྱིར་ཞེས་པའི་སྦྱོར་བ་ཆོས་ཅན།    ཐལ་འགྱུར་མ་ཡིན་པར་ཐལ།    ཕ་རོལ་ལ་མི་འདོད་པའི་ཐལ་བ་འཕེན་པའི་རིགས་གནས་མ་ཡིན་པའི་ཕྱིར།    མ་གྲུབ་ན།    དེ་ཆོས་ཅན།    དེར་ཐལ།    རང་གི་ལྡོག་ཕྱོགས་གང་ལ་ཡང་ཐལ་བ་འཕངས་པ་མིན་པར་རང་ལུགས་ལ་སྒྲུབ་བྱེད་ཙམ་བཀོད་པ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    ཐལ་འགྱུར་ཡང་དག་ཡིན་ན།    སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པས་ཁྱབ་ཟེར་ན།    དུ་ལྡན་གྱི་ལ་ལ་ཆོས་ཅན།    མེ་ཡོད་པར་ཐལ།    དུ་བ་ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དེར་ཐལ།    དེའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    དུ་ལྡན་གྱི་ལ་ལ་ཆོས་ཅན།    མེ་ཡོད་པར་ཐལ།    དུ་བ་ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་ཐལ་འགྱུར་ཡང་དག་ཡིན་པར་ཐལ།    དུ་ལྡན་གྱི་ལ་ལ་ཆོས་ཅན།    མེ་ཡོད་དེ།    དུ་བ་ཡོད་པའི་ཕྱིར་ཞེས་པའི་རྟགས་སྦྱོར་འདི་རྟགས་སྦྱོར་ཡང་དག་ཡིན་པའི་ཕྱིར།    རྩ་བར་འདོད་ན།    དུ་ལྡན་གྱི་ལ་ལ་ཆོས་ཅན།    མེ་ཡོད་པར་ཐལ།    དུ་བ་ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་མ་ཡིན་པར་ཐལ།    རང་གི་ཆོས་ལོག་རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་རང་གི་རྟགས་ལོག་སྒྲུབ་པ་ལ་ཚུལ་གསུམ་འཕེན་པའི་ཐལ་དག་རྣམ་དག་མ་ཡིན་པའི་ཕྱིར།    མ་གྲུབ་ན།   དེ་ཆོས་ཅན།    རང་གི་ཆོས་ལོག་རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་རང་གི་རྟགས་ལོག་སྒྲུབ་པ་ལ་ཚུལ་གསུམ་འཕེན་པའི་ཐལ་དག་རྣམ་དག་མ་ཡིན་པར་ཐལ།    ཁྱོད་ཀྱི་ཤེས་འདོད་ཆོས་ཅན་ངོས་འཛིན་པའི་ཚེ་དུ་ལྡན་གྱི་ལ་དེ་ངོས་འཛིན་དགོས།    ཁྱོད་ཀྱི་ཆོས་ལོག་ངོས་འཛིན་པའི་ཚེ་ན་མེ་མེད་པ་དེ་ངོས་འཛིན་དགོས།    ཁྱོད་ཀྱི་རྟགས་ལོག་ངོས་འཛིན་པའི་ཚེ་ན་དུ་བ་མེད་པ་དེ་ངོས་འཛིན་དགོས་ལ་དེ་ལྟར་ན་དུ་ལྡན་གྱི་ལ་ལ་ཆོས་ཅན།    དུ་བ་མེད་དེ།    མེ་མེད་པའི་ཕྱིར་ཞེས་པའི་རྟགས་སྦྱོར་འདི་རྟགས་སྦྱོར་ཡང་དག་ཏུ་འགྱུར་དགོས་པ་ལ་དེ་མི་འགྱུར་བ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    སྒྲ་ཆོས་ཅན།    བྱས་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་ཐལ་འགྱུར་ཡང་དག་ཡིན་ཟེར་ན།    སྒྲ་ཆོས་ཅན།    བྱས་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་དངོས་ཁྱབ་གྲུབ་པར་ཐལ།    ཁྱོད་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    ཐལ་འགྱུར་ཡང་དག་ཡིན་ན་ཁྱོད་ཀྱི་དངོས་ཁྱབ་གྲུབ་པས་ཁྱབ་པའི་ཕྱིར།    མ་གྲུབ་ན།    ཐལ་འགྱུར་ཡང་དག་ཡིན་ན་ཁྱོད་ཀྱི་དངོས་ཁྱབ་གྲུབ་པས་ཁྱབ་པར་ཐལ།    སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ན་ཁྱོད་ཀྱི་དངོས་ཁྱབ་གྲུབ་པས་ཁྱབ་པ་གང་ཞིག །   སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ན་ཁྱོད་ཀྱི་དངོས་ཁྱབ་གྲུབ་པས་ཁྱབ་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ན་ཁྱོད་ཀྱི་རྟགས་གསལ་གཉིས་ཀ་མ་གྲུབ་པས་ཁྱབ་ཀྱང་།    ཁྱོད་ཀྱི་དངོས་ཁྱབ་གྲུབ་པས་ཁྱབ་པའི་ཕྱིར།    རྟགས་གཉིས་པ་གྲུབ་པ་ཡིན་ཏེ།    སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ན་ཁྱོད་ཀྱི་རྟགས་གསལ་ཁྱབ་གསུམ་ག་གྲུབ་པས་ཁྱབ་པའི་ཕྱིར།

    ཁ་ཅིག་ན་རེ།    སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་ཆོས་ཅན།    ཁྱོད་ཀྱི་རྟགས་གསལ་ཁྱབ་གསུམ་ག་གྲུབ་པར་ཐལ།    ཁྱོད་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར།    མ་གྲུབ་ན།    སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པར་ཐལ།    ཐལ་འགྱུར་ཡང་དག་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར།    མ་གྲུབ་ན།    ཐལ་འགྱུར་ཡང་དག་ཐལ་འགྱུར་ཡང་དག་ཡིན་པར་ཐལ།    ཐལ་འགྱུར་ཐལ་འགྱུར་ཡིན་པའི་ཕྱིར།    མ་གྲུབ་ན།    ཐལ་འགྱུར་ཐལ་འགྱུར་ཡིན་པར་ཐལ།    ཐལ་འགྱུར་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ།    གོང་དུ་འདོད་ན།    རྟགས་སྦྱོར་ཡང་དག་རྟགས་སྦྱོར་ཡང་དག་ཡིན་པར་ཐལ།    ཐལ་འགྱུར་ཡང་དག་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར།    རྟགས་ཁས།    འདོད་མི་ནུས་ཏེ།    རྟགས་སྦྱོར་ཡང་དག་གི་ཤེས་འདོད་ཆོས་ཅན་དང་ཚུལ་གསུམ་ག་རེ་རེ་ནས་མ་གྲུབ་པ་ཡིན་པའི་ཕྱིར།   

 རང་གི་ལུགས་ལ།    རྒོལ་བ་སྐབས་བབས་ལ་མི་འདོད་པའི་ཐལ་བ་འཕེན་པའི་རིགས་གནས་དེ་ཐལ་འགྱུར་གྱི་མཚན་ཉིད།    ཐལ་འགྱུར་ལ་དབྱེ་ན།    ཐལ་འགྱུར་ལྟར་སྣང་དང་ཐལ་འགྱུར་ཡང་དག་གཉིས་ཡོད།    ཐལ་འགྱུར་ལྟར་སྣང་ལ་དབྱེ་ན།    སྔ་རྒོལ་ཐལ་འགྱུར་འགོད་པ་ལ་མི་མཁས་པའི་དབང་གིས་གསལ་བ་ཙམ་བཀོད་པའི་ཐལ་འགྱུར་དང་།    རྟགས་ཙམ་བཀོད་པའི་ཐལ་འགྱུར་དང་།    རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་དུ་མ་ཞིག་ཡོད་པས།    དང་པོ་ནི།    དངོས་པོ་ཡིན་པར་ཐལ་ཞེས་པ་ལྟ་བུ་དང།    གཉིས་པ་ནི།    གཞི་གྲུབ་པའི་ཕྱིར་ཞེས་པ་ལྟ་བུ་དང་།    གསུམ་པ་ནི།    སྒྲ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་སོགས་རྟགས་གསལ་ཐ་མི་དད་དུ་བཀོད་པ་དུ་མ་ཞིག་ཡོད་པའི་ཕྱིར།   ཐལ་འགྱུར་ཡང་དག་གི་མཚན་ཉིད་ཡོད་དེ།    ཕ་རོལ་ལ་མི་འདོད་པའི་ཐལ་བ་འཕེན་པར་བྱེད་པའི་ཐལ་ངག་རྣམ་དག་དེ་ཡིན་པའི་ཕྱིར།    ཐལ་འགྱུར་ཡང་དག་ལ་དབྱེ་ན་གཉིས་ཡོད་དེ།    སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་དང་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་གཉིས་ཡོད།    སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད་ཡོད་དེ།    རང་གི་ཆོས་ལོག་རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་རང་གི་རྟགས་ལོག་སྒྲུབ་པ་ལ་ཚུལ་གསུམ་འཕེན་པའི་ཐལ་ངག་རྣམ་དག་དེ་ཡིན་པའི་ཕྱིར།    མཚན་གཞི་ནི་ཡོད་དེ།    སྒྲ་ཆོས་ཅན།    མ་བྱས་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེ་པའི་ཐལ་འགྱུར་དེ་དེ་ཡིན་པའི་ཕྱིར།    སྒྲ་ཆོས་ཅན།    མ་བྱས་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདིའི་ཤུགས་ལ་འཕངས་པའི་རྟགས་སྦྱོར་ཡོད་དེ།    སྒྲ་ཆོས་ཅན།    མི་རྟག་སྟེ།    བྱས་པའི་ཕྱིར་ཞེས་པའི་སྦྱོར་བདེ་དེ་ཡིན་པའི་ཕྱིར།    དེར་ཐལ།    སྒྲ་དེ་དེའི་ཤེས་འདོད་ཆོས་ཅན་དང་།    བྱས་པ་དེ་དེའི་ཆོས་ལོག་དང་།    མི་རྟག་པ་དེ་དེའི་རྟགས་ལོག་ལ་ངོས་འཛིན་དགོས་པ་ཡིན་པའི་ཕྱིར།    སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད་ཡོད་དེ།    ཐལ་འགྱུར་ཡང་དག་གང་ཞིག །   ཁྱོད་ཀྱི་ཆོས་ལོག་ཁྱོད་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ཁྱོད་ཀྱི་རྟགས་ལོགསྒྲུབ་པ་ལ་ཚུལ་གསུམ་སྒྲུབ་བྱེད་བཀོད་པ་མ་ཚང་བ་དེ་ཡིན་པའི་ཕྱིར།    མཚན་གཞི་ནི་ཡོད་དེ།    སྒྲ་ཆོས་ཅན།    མི་རྟག་པ་ཡིན་པར་ཐལ།    བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཡིན་པའི་ཕྱིར།    སྒྲ་ཆོས་ཅན།    མི་རྟག་པ་ཡིན་པར་ཐལ།    བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་ཆོས་ལོག་ཁྱོད་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ཁྱོད་ཀྱི་རྟགས་ལོག་སྒྲུབ་པ་ལ་ཚུལ་གསུམ་སྒྲུབ་བྱེད་བཀོད་པ་མཚང་བ་ཡིན་ཏེ༑ ཁྱོད་ཀྱི་ཆོས་ལོག་ངོས་འཛིན་པའི་ཚེ་ན་རྟག་པ་དེ་ངོས་འཛིན་དགོས།    ཁྱོད་ཀྱི་རྟགས་ལོག་ངོས་འཛིན་པའི་ཚེ་ན་མ་བྱས་པ་དེ་ངོས་འཛིན་དགོས།    ཤེས་འདོད་ཆོས་ཅན་ངོས་འཛིན་པའི་ཚེ་ན་སྒྲ་དེ་ངོས་འཛིན་དགོས་ལ།    དེ་ལྟར་ན་སྒྲ་ཆོས་ཅན༑ མ་བྱས་པ་ཡིན་ཏེ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་འདིའི་རྟགས་ཀྱི་ཚུལ་གསུམ་ཚང་ཟེར་དགོས་ཀྱང་།    དེ་མི་ཚང་བ་ཡིན་པའི་ཕྱིར།   

  དེ་ལ་རྩོད་པ་སྤོང་བ་ལ།    ཁ་ཅིག་ན་རེ།    སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཆོས་ཅན།    ཁྱོད་རང་གི་ཆོས་ལོག་རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་རང་གི་རྟགས་ལོག་སྒྲུབ་པ་ལ་ཚུལ་གསུམ་འཕེན་པའི་ཐལ་ངག་རྣམ་དག་ཡིན་པར་ཐལ།    དེ་ཁྱོད་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    འོ་ན།    ཁྱོད་རང་ལ་མཚོན་བྱ་མ་ཡིན་པ་ཆོས་ཅན།    བཏགས་ཡོད་ཆོས་གསུམ་མ་ཚང་པ་ཡིན་པར་ཐལ།    དེ་ཁྱོད་ཀྱི་མཚན་ཉིད་ཡིན་པའི་ཕྱིར།    འདོད་མི་ནུས་ཏེ།    བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་པའི་ཕྱིར།    དེར་ཐལ།    མཚོན་བྱ་ཡིན་པའི་ཕྱིར། 

  ཁ་ཅིག་ན་རེ།    ཐལ་འགྱུར་ཡང་དག་ཆོས་ཅན།    ཐལ་འགྱུར་ཡང་དག་ཡིན་པར་ཐལ།    ཁྱོད་ཀྱི་རྟགས་གསལ་རྩོད་གཞི་གསུམ་ག་ངོས་འཛིན་ཚུལ་ཡོད་པའི་ཕྱིར།    དེར་ཐལ།    སྒྲ་དེ་ངེའི་རྩོད་གཞི་དང་མི་རྟག་པ་དེ་དེའི་གསལ་བ་དང་།    བྱས་པ་དེ་དེའི་རྟགས་སུ་བཀོད་པ་ཡིན་པའི་ཕྱིར།    འདོད་ན།    ཐལ་འགྱུར་ཡང་དག་ཆོས་ཅན།    སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པར་ཐལ།    ཐལ་འགྱུར་ཡང་དག་གང་ཞིག །   སྒྲ་དེ་ཁྱོད་ཀྱི་རྩོད་གཞི་དང་མི་རྟག་པ་དེ་ཁྱོད་ཀྱི་གསལ་བ་དང་།    བྱས་པ་དེ་ཁྱོད་ཀྱི་རྟགས་སུ་བཀོད་པ་ཡིན་པའི་ཕྱིར།

    གཞན་ཡང་།    ཐལ་འགྱུར་གྱི་རྟགས་གསལ་རྩོད་གཞི་གསུམ་ག་ངོས་འཛིན་པའི་ཚེ་ན་སྒྲ་དེ་ངོས་འཛིན་པ་ཡིན་པར་ཐལ།    ཐལ་འགྱུར་ཡང་དག་གི་རྟགས་གསལ་རྩོད་གཞི་གསུམ་ག་ངོས་འཛིན་ཚུལ་ཡོད་པ་གང་ཞིག །   དེ་གཉིས་འདྲ་བའི་ཕྱིར།    འདོད་ན།    ཐལ་འགྱུར་ཆོས་ཅན།    སྒྲ་རྟགས་གསལ་གཉིས་ཀར་བཀོད་པའི་ཐལ་འགྱུར་ཡིན་པར་ཐལ།    སྒྲས་རྩོད་གཞི་དང་སྒྲས་གསལ་བ་དང་སྒྲས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར།    འདོད་ན།    ཐལ་འགྱུར་ཆོས་ཅན།    རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་པར་ཐལ།    སྒྲ་རྟགས་གསལ་གཉིས་ཀར་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར།    འདོད་ན།    ཐལ་འགྱུར་ཆོས་ཅན།    ཁྱོད་ཡིན་ན་རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་པས་ཁྱབ་པར་ཐལ།    ཁྱོད་རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་པའི་ཕྱིར།    རྟགས་ཁས།    འདོད་མི་ནུས།   །  

                                                                                                                                                                                                            རྩོམ་སྒྲིག་པ།    བློ་བཟང་བཀྲ་ཤིས།

བརྒྱུད་འགོད།
0