བསེ་བསྡུས་ལས་རྒྱུ་འབྲས་ཆེ་བའི་རྣམ་བཞག

སྤེལ་དུས།  2021-09-30   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  བསེ་ངག་དབང་བཀྲ་ཤིས།   ཀློག་གྲངས།  

རྒྱུ་འབྲས་ཆེ་བའི་རྣམ་བཞག་བཤད་པ་ལ།

    ཁ་ཅིག་ན་རེ།    རྒྱུ་ཡིན་ན་རྒྱུ་དྲུག་ཀ་ཡིན་པས་ཁྱབ་ཟེར་ན།    གཟུགས་ཆོས་ཅན།    རྒྱུ་དྲུག་ཀ་ཡིན་པར་ཐལ།    རྒྱུ་ཡིན་པའི་ཕྱིར།    ཁྱབ་པ་ཁས།    འདོད་ན།    གཟུགས་ཆོས་ཅན།    རྣམ་སྨིན་གྱི་རྒྱུ་དང་།    མཚུངས་ལྡན་གྱི་རྒྱུ་དང་།    ཀུན་འགྲོའི་རྒྱུ་གསུམ་ག་རེ་རེ་ནས་ཡིན་པར་ཐལ།    རྒྱུ་དྲུག་ཀ་ཡིན་པའི་ཕྱིར།    འདོད་ན།    གཟུགས་ཆོས་ཅན།    དགེ་མི་དེག་གང་རུང་ཡིན་པར་ཐལ།    རྣམ་སྨིན་གྱི་རྒྱུ་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    རྣམ་སྨིན་གྱི་རྒྱུ་ཡིན་ན་དགེ་མི་དགེ་གང་རུང་ཡིན་པས་ཁྱབ་པའི་ཕྱིར།    འཆད་པར་བྱེད་པ་ལ་མཛོད་ལས།    རྣམ་སྨིན་རྒྱུ་ནི་མི་དགེ་དང་།    །   དགེ་བ་ཟག་བཅས་རྣམས་ཁོ་ན།    །   ཞེས་གསུངས་པ་ཡིན་པའི་ཕྱིར།    གོང་དུ་འདོད་ན།    གཟུགས་ཆོས་ཅན།    དགེ་མི་དགེ་གང་རུང་མ་ཡིན་པར་ཐལ༑ ལུང་མ་བསྟན་ཡིན་པའི་ཕྱིར།    དེར་ཐལ།    གཟུགས་ཡིན་པའི་ཕྱིར།    གཞན་ཡང་།    གཟུགས་ཆོས་ཅན།    ཤེས་པ་ཡིན་པར་ཐལ།    མཚུངས་ལྡན་གྱི་རྒྱུ་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    མཚུངས་ལྡན་གྱི་རྒྱུ་ལ་རྫས་སྤྱི་གཉིས་འགོ་སོགས་ཆོད་ན་སེམས་དང་སེམས་བྱུང་གང་རུང་གིས་ཁྱབ་པའི་ཕྱིར།    འཆད་པར་བྱེད་པ་ལ་མཛོད་ལས།    མཚུངས་ལྡན་རྒྱུ་ནི་སེམས་དག་དང་།    །   སེམས་བྱུང་རྟེན་མཚུངས་ཅན་རྣམས་སོ།    །   ཞེས་གསུངས་པ་ཡིན་པའི་ཕྱིར།   

 གཞན་ཡང།   གཟུགས་ཆོས་ཅན།    ཉོན་མོངས་ཅན་ཡིན་པར་ཐལ།    ཀུན་འགྲོའི་རྒྱུ་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    ཀུན་འགྲོའི་རྒྱུ་ཡིན་ན་ཉོན་མོངས་ཅན་ཡིན་པས་ཁྱབ་པའི་ཕྱིར།    འཆད་པར་བྱེད་པ་ལ་མཛོད་ལས།    ཀུན་འགྲོ་ཞེས་བྱ་ཉོན་མོངས་ཅན།    །   ཞེས་གསུངས་པ་ཡིན་པའི་ཕྱིར།    རྩ་བར་འདོད་མི་ནུས་ཏེ།    ཁྱོད་དུ་གྱུར་པའི་ཉོན་མོངས་ཅན་མ་ཡིན་པ་མཐའ་ཡས་པ་ཡོད་པའི་ཕྱིར། 

   ཁ་ཅིག་ན་རེ།    ཆོས་དེའི་རྒྱུ་དྲུག་པོ་གང་རུང་ཡིན་ན་ཆོས་དེའི་རྒྱུ་ཡིན་པས་ཁྱབ་ཟེར་ན།    བུམ་པ་ཆོས་ཅན།    རང་གི་ཚོགས་པ་ན་ཡོད་པའི་རྡུལ་རྫས་བརྒྱད་ཀའི་རྒྱུ་ཡིན་པར་ཐལ།    དེའི་རྒྱུ་དྲུག་པོ་གང་རུང་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    བུམ་པ་ཆོས་ཅན།    རང་གི་ཚོགས་པ་ན་ཡོད་པའི་རྡུལ་རྫས་བརྒྱད་ཀའི་རྒྱུ་དྲུག་པོ་གང་རུང་ཡིན་པར་ཐལ།    དེའི་ལྷན་ཅིག་འབྱུང་རྒྱུ་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་པ་ཆོས་ཅན།    ཁྱོད་ཁྱོད་ཀྱི་ཚོགས་པ་ན་ཡོད་པའི་རྡུལ་རྫས་བརྒྱད་ཀའི་ལྷན་ཅིག་འབྱུང་རྒྱུ་ཡིན་པར་ཐལ།    ཁྱོད་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པའི་ཕྱིར།    རྩ་བར་འདོད་ན།    བུམ་པ་ཆོས་ཅན།    རང་གི་ཚོགས་པ་ན་ཡོད་པའི་རྡུལ་རྫས་བརྒྱད་ཀའི་རྒྱུ་མ་ཡིན་པར་ཐལ།    དེ་དང་དུས་མཉམ་དུ་གྲུབ་པ་ཡིན་པའི་ཕྱིར།  

  གཞན་ཡང་།    ཡིད་ཀྱི་རྣམ་པར་ཤེས་པ་ཆོས་ཅན།    ཁྱོད་ཁྱོད་ཀྱི་འཁོར་དུ་གྱུར་པའི་སེམས་བྱུང་ཀུན་འགྲོ་ལྔ་པོའི་རྒྱུ་ཡིན་པར་ཐལ།    ཁྱོད་ཁྱོད་ཀྱི་འཁོར་དུ་གྱུར་པའི་སེམས་བྱུང་ཀུན་འགྲོ་ལྔ་པོའི་ལྷན་ཅིག་འབྱུང་རྒྱུ་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    ཡིད་ཀྱི་རྣམ་པར་ཤེས་པ་ཆོས་ཅན།   ཁྱོད་ཁྱོད་ཀྱི་འཁོར་དུ་གྱུར་པའི་སེམས་བྱུང་ཀུན་འགྲོ་ལྔ་པོའི་ལྷན་ཅིག་འབྱུང་རྒྱུ་ཡིན་པར་ཐལ།    ཁྱོད་གཙོ་སེམས་ཡིན་པའི་ཕྱིར།

   བྱས་པ་ལ་ཁོ་ན་རེ།    ཡིད་ཀྱི་རྣམ་པར་ཤེས་པ་ཆོས་ཅན།    ཁྱོད་ཁྱོད་ཀྱི་འཁོར་དུ་གྱུར་པའི་སེམས་བྱུང་ཀུན་འགྲོ་ལྔ་པོའི་ལྷན་ཅིག་འབྱུང་རྒྱུ་མ་ཡིན་པར་ཐལ།    ཁྱོད་ཀྱི་འཁོར་དུ་གྱུར་པའི་སེམས་བྱུང་ཀུན་འགྲོ་ལྔ་པོ་ཁྱོད་ཀྱི་ལྷན་ཅིག་འབྱུང་རྒྱུ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    རྟགས་གྲུབ་སྟེ།    ཡིད་ཀྱི་རྣམ་པར་ཤེས་པ་དེ་རང་གི་འཁོར་དུ་གྱུར་པའི་སེམས་བྱུང་ཀུན་འགྲོ་ལྔ་པོའི་ལྷན་ཅིག་འབྱུང་འབྲས་ཀྱང་ཡིན་ལ་རང་གི་འཁོར་དུ་གྱུར་པའི་སེམས་བྱུང་ཀུན་འགྲོ་ལྔ་པོ་དེ་ཡིད་ཀྱི་རྣམ་པར་ཤེས་པའི་ལྷན་ཅིག་འབྱུང་འབྲས་ཡིན་པའི་ཕྱིར།    འཆད་པར་བྱེད་པ་ལ་མཛོད་ལས།    ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས།    །   ཞེས་གསུངས་པ་ཡིན་པའི་ཕྱིར།  

  ཁ་ཅིག་ན་རེ།    ཤེས་པ་ཡིན་ན་རྣམ་སྨིན་གྱི་རྒྱུ་ཡིན་པས་ཁྱབ་ཟེར་ན།    མིག་གི་རྣམ་པར་ཤེས་པ་ཆོས་ཅན།    རྣམ་སྨིན་གྱི་རྒྱུ་ཡིན་པར་ཐལ།   ཤེས་པ་ཡིན་པའི་ཕྱིར།    ཁྱབ་པ་ཁས།    འདོད་ན།    མིག་གི་རྣམ་པར་ཤེས་པ་ཆོས་ཅན།    དགེ་བ་ཟག་བཅས་དང་མི་དགེ་བ་གང་རུང་ཡིན་པར་ཐལ།    རྣམ་སྨིན་གྱི་རྒྱུ་ཡིན་པའི་ཕྱིར།    འཆད་པར་བྱེད་པ་ལ་མཛོད་ལས།    རྣམ་སྨིན་རྒྱུ་ནི་མི་དགེ་དང་།    །   དགེ་བ་ཟག་བཅས་རྣམས་ཁོ་ན།    །   ཞེས་གསུངས་པ་ཡིན་པའི་ཕྱིར།    རྩ་བར་འདོད་མི་ནུས་ཏེ།    ལུང་མ་བསྟན་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    རང་གི་འབྲས་བུར་གྱུར་པའི་རྣམ་སྨིན་དེའི་རྒྱུ་ཡིན་ན་རྣམ་སྨིན་གྱི་རྒྱུ་ཡིན་པས་ཁྱབ་ཟེར་ན།    ངན་འགྲོའི་སྲོག་དབང་ཆོས་ཅན།    དེར་ཐལ།    དེའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    ངན་འགྲོའི་སྲོག་དབང་ཆོས་ཅན།    དེར་ཐལ།    ཁྱོད་ཀྱི་འབྲས་བུར་གྱུར་པའི་རྣམ་སྨིན་ཡོད་པའི་ཕྱིར།    མ་གྲུབ་ན།    ངན་འགྲོའི་སྲོག་དབང་ཆོས་ཅན།    ཁྱོད་ཀྱི་འབྲས་བུར་གྱུར་པའི་རྣམ་སྨིན་ཡོད་པར་ཐལ།    ཁྱོད་ངན་འགྲོའི་སྲོག་དབང་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    གཞི་གྲུབ་ན།    བྱེད་རྒྱུ་ཡིན་པས་ཁྱབ་པར་ཐལ།    བུམ་པ་དང་ཐ་དད་པའི་ཆོས་ཡིན་ན་བུམ་པའི་བྱེད་རྒྱུ་ཡིན་པས་ཁྱབ་པའི་ཕྱིར།    དེར་ཐལ།    དེ་ལྟར་བྱེ་བྲག་སྨྲ་བས་འདོད་པའི་ཕྱིར་ཟེར་ན་མ་ཁྱབ།    བྱེ་བྲག་སྨྲ་བས་དེ་ལྟར་འདོད་ཀྱང་མདོ་སྡེ་པས་སྐབས་འདིར་དེ་ལྟར་དུ་ཁས་མི་ལེན་པ་ཡིན་པའི་ཕྱིར།    དེར་ཐལ།    མདོ་སྡེ་བས་སྐབས་འདིར་བྱེད་རྒྱུ་ཡིན་ན་དངོས་པོ་ཡིན་པས་ཁྱབ་པ་ཁས་ལེན་པ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    བུམ་པའི་བྱེད་རྒྱུ་ཡིན་ན།    བུམ་པའི་རྒྱུ་ཡིན་པས་ཁྱབ་ཟེར་ན།    དེ་མི་འཐད་པ་ཡིན་པར་ཐལ།    བུམ་པའི་བྱེད་རྒྱུ་ལ་བུམ་པ་དང་དུས་མཉམ་པའི་ཆོས་དུ་མ་ཞིག་ཡོད་པའི་ཕྱིར།    མ་གྲུབ་ན།   བུམ་པའི་བྱེད་རྒྱུ་ལ་བུམ་པ་དང་དུས་མཉམ་པ་དུ་མ་ཞིག་ཡོད་པར་ཐལ།    བུམ་པའི་བྱེད་རྒྱུ་ལ་བུམ་པ་སྔར་མེད་གསར་དུ་བསྐྱེད་པའི་རྒྱུ་དང་།    སྐྱེས་ཟིན་གནས་པའི་རྒྱུ་དང་།    གནས་པ་གོང་འཕེལ་དུ་བསྐྱེད་པའི་རྒྱུ་སོགས་དུ་མ་ཞིག་མདོ་སྡེ་བས་སྐབས་འདིར་ཁས་ལེན་པ་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    དངོས་པོ་ཡིན་ན་ཁྱོད་ཀྱི་རྐྱེན་བཞི་ཀ་ཡོད་པས་ཁྱབ་ཟེར་ན།    གཟུགས་ཆོས་ཅན།    དེར་ཐལ།    དེའི་ཕྱིར།    ཁྱབ་པ་ཁས།    འདོད་ན།    གཟུགས་ཆོས་ཅན།    ཁྱོད་ཀྱི་དམིགས་རྐྱེན་དང་།    དེ་མ་ཐག་རྐྱེན་གཉིས་ཀ་རེ་རེ་ནས་ཡོད་པར་ཐལ།    ཁྱོད་ཀྱི་རྐྱེན་བཞི་ཀ་ཡོད་པའི་ཕྱིར།    འདོད་ན།    གཟུགས་ཆོས་ཅན།    ཁྱོད་ཀྱི་དམིགས་རྐྱེན་དང་།    དེ་མ་ཐག་རྐྱེན་གཉིས་ཀ་རེ་རེ་ནས་མེད་པར་ཐལ།    ཁྱོད་ཀྱི་དམིགས་རྐྱེན་མེད་པ་གང་ཞིག །   དེ་མ་ཐག་རྐྱེན་མེད་པའི་ཕྱིར།    རྟགས་རེ་རེ་ནས་གྲུབ་སྟེ།    ཁྱོད་བེམ་པོ་ཡིན་པའི་ཕྱིར།  

  ཁ་ཅིག་ན་རེ།    བེམ་པོ་ཡིན་ན་ཁྱོད་ཀྱི་དམིགས་རྐྱེན་དང་དེ་མ་ཐག་རྐྱེན་གཉིས་ཀ་རེ་རེ་ནས་མེད་པས་མ་ཁྱབ་པར་ཐལ།    བུམ་པའི་དེ་མ་ཐག་རྐྱེན་ཡོད་པའི་ཕྱིར།    མ་གྲུབ་ན།    བུམ་པའི་དེ་མ་ཐག་རྐྱེན་ཡོད་པར་ཐལ།    བུམ་པའི་དངོས་ཀྱི་ཉེར་ལེན་དེ་དེ་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་པའི་དངོས་ཀྱི་ཉེར་ལེན་ཆོས་ཅན།    བུམ་པའི་དེ་མ་ཐག་རྐྱེན་ཡིན་པར་ཐལ།    བུམ་པའི་རྐྱེན་ཡིན་པ་གང་ཞིག །   བུམ་པའི་སྔ་རོལ་དེ་མ་ཐག་ཏུ་བྱུང་བ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    རྟགས་དང་པོ་མ་གྲུབ་ན།    བུམ་པའི་དངོས་ཀྱི་ཉེར་ལེན་ཆོས་ཅན།    བུམ་པའི་རྐྱེན་ཡིན་པར་ཐལ།    བུམ་པའི་བདག་རྐྱེན་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་པའི་དངོས་ཀྱི་ཉེར་ལེན་ཆོས་ཅན།    བུམ་པའི་བདག་རྐྱེན་ཡིན་པར་ཐལ།    བུམ་པའི་རྒྱུ་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    འདུ་བྱས་དེའི་རྐྱེན་དང་འདུ་བྱས་དེའི་བདག་རྐྱེན་དང་འདུ་བྱས་དེའི་རྒྱུ་གསུམ་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་ཕྱིར།    གོང་དུ་འདོད་ན།    བུམ་པ་ཆོས་ཅན།    ཁྱོད་ཀྱི་དེ་མ་ཐག་རྐྱེན་མེད་པར་ཐལ།    ཁྱོད་ཀྱི་མཚུངས་པ་དེ་མ་ཐག་པའི་རྐྱེན་མེད་པའི་ཕྱིར།    མ་གྲུབ་ན།    བུམ་པ་ཆོས་ཅན།    ཁྱོད་ཀྱི་མཚུངས་པ་དེ་མ་ཐག་པའི་རྐྱེན་མེད་པར་ཐལ།   ཁྱོད་གསལ་རིག་ཡིན་པར་བསྐྱེད་པའི་རྐྱེན་མེད་པའི་ཕྱིར།    མ་གྲུབ་ན།    བུམ་པ་ཆོས་ཅན།    ཁྱོད་གསལ་རིག་ཡིན་པར་བསྐྱེད་པའི་རྐྱེན་མེད་པར་ཐལ།    ཁྱོད་གསལ་ཞིང་རིག་པ་མ་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་པ་ཆོས་ཅན།    ཁྱོད་གསལ་ཞིང་རིག་པ་མ་ཡིན་པར་ཐལ།    ཁྱོད་བེམ་པོ་ཡིན་པའི་ཕྱིར།    གོང་དུ་མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    ཆོས་དེའི་མཚུངས་པ་དེ་མ་ཐག་རྐྱེན་ཞེས་པའི་མཚུངས་པའི་དོན་ནི་རྐྱེན་དེ་དང་འབྲས་བུ་དེ་གཉིས་གསལ་རིག་ཏུ་མཚུངས་པ་ལ་བྱེད་དགོས་ལ།    རྐྱེན་ཞེས་པའི་རྐྱེན་དེའི་འབྲས་བུ་དེ་གསལ་རིག་ཏུ་བསྐྱེད་བྱེད་ལ་བྱེད་པ་གང་ཞིག །   ཤེས་པ་མ་ཡིན་པ་ལ་དེ་མི་འཐད་པ་ཡིན་པའི་ཕྱིར།

    གཞན་ཡང་།    བུམ་པ་ཆོས་ཅན།    ཁྱོད་ཀྱི་དམིགས་རྐྱེན་མེད་པར་ཐལ།    ཁྱོད་ལ་ཆོས་གང་གི་ཡང་རྣམ་པ་མི་འཆར་བ་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་པ་ཆོས་ཅན།    ཁྱོད་ལ་ཆོས་གང་གི་ཡང་རྣམ་པ་མི་འཆར་བ་ཡིན་པར་ཐལ།    ཁྱོད་བེམ་པོ་ཡིན་པའི་ཕྱིར།    གོང་དུ་ཁྱབ་པ་ཡོད་པར་ཐལ།    ཆོས་དེའི་དམིགས་རྐྱེན་གྱི་དོན་ནི་གཙོ་བོར་ཆོས་དེ་ཡུལ་དེའི་རྣམ་ལྡན་དུ་བསྐྱེད་པའི་རྐྱེན་གཅིག་ལ་བྱེད་དགོས་ལ།    དེའི་རྐྱེན་ཡིན་པ་ཙམ་གྱིས་མི་ཆོག་པ་ཡིན་པའི་ཕྱིར།    དེར་ཐལ།    སྔོ་འཛིན་མིག་ཤེས་ཀྱི་དམིགས་རྐྱེན་གྱི་དོན་ནི་སྔོན་འཛིན་མིག་ཤེས་སྔོན་པོའི་རྣམ་ལྡན་དུ་གཙོ་བོར་བསྐྱེད་པའི་རྐྱེན་གཅིག་ལ་བྱེད་དགོས་ལ།    དེའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་མིག་དབང་ཡང་ཡོད།    དེ་སྔོ་འཛིན་མིག་ཤེས་སྔོན་པོའི་རྣམ་ལྡན་དུ་གཙོ་བོར་བསྐྱེད་པའི་རྐྱེན་མ་ཡིན་པ་བཞིན་དུ་ཤེས་པ་གཞན་ལ་རེགས་འདྲ་བ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    སྔོ་འཛིན་མིག་ཤེས་ཀྱི་བདག་རྐྱེན་དུ་གྱུར་པའི་མིག་དབང་ཆོས་ཅན།    ཁྱོད་སྔོ་འཛིན་མིག་ཤེས་སྔོན་པོའི་རྣམ་ལྡན་དུ་བསྐྱེད་པར་བྱེད་པའི་རྐྱེན་ཡིན་པར་ཐལ།    ཁྱོད་སྔོ་འཛིན་མིག་ཤེས་སྐྱེ་མཆེད་དྲུག་གི་ནང་ནས་སྔོན་པོ་འཛིན་པར་ཐུན་མོང་མ་ཡིན་པར་བསྐྱེད་པར་བྱེད་པའི་རྐྱེན་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    རྟགས་གྲུབ་སྟེ།    མིག་དབང་ནི་མིག་ཤེས་དེ་སྐྱེ་མཆེད་དྲུག་གི་ནང་ནས་གཟུགས་ཀྱི་སྐྱེ་མཆེད་འཛིན་པར་ཐུན་མོང་མ་ཡིན་པར་བསྐྱེད་པར་བྱེད་པའི་རྐྱེན་ཡིན་པའི་ཕྱིར།    དེར་ཐལ།    ཤེས་པ་དྲུག་གི་ཡུལ་དྲུག་སོ་སོར་ངོས་འཛིན་པ་ནི་ཐུན་མོང་མ་ཡིན་པའི་བདག་རྐྱེན་གྱི་ལག་རྗེས་ཡིན་པའི་ཕྱིར།    འཆད་པར་བྱེད་པ་ལ།    ཚད་མ་མདོ་ལས།    ཐུན་མོང་མིན་པའི་རྒྱུ་ཡི་ཕྱིར།    །   དེ་ཡི་ཐ་སྙད་དབང་པོས་བྱས།    །   ཞེས་གསུངས་པ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    ཤེས་པ་དྲུག་ཐུན་མོང་མ་ཡིན་པའི་བདག་རྐྱེན་གྱི་སྒོ་ནས་འབྱེད་པ་མི་འཐད་པ་ཡིན་པར་ཐལ།    སྒྲ་འཛིན་རྣ་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་བའི་ལྕེ་དབང་ཡོད་པའི་ཕྱིར།   མ་གྲུབ་ན།    སྒྲ་འཛིན་རྣ་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ལྕེ་དབང་ཡོད་པར་ཐལ།    སྒྲ་འཛིན་རྣ་ཤེས་ཀྱི་བདག་རྐྱེན་དུ་གྱུར་པའི་ལྕེ་དབང་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    སྒྲ་འཛིན་རྣ་ཤེས་ཀྱི་བདག་རྐྱེན་དུ་གྱུར་པའི་ལྕེ་དབང་ཡོད་པར་ཐལ།    སྒྲ་འཛིན་རྣ་ཤེས་ཀྱི་རྒྱུར་གྱུར་པའི་ལྕེ་དབང་ཡོད་པའི་ཕྱིར།    དེར་ཐལ།    ལྕེ་དབང་གིས་བདག་རྐྱེན་བྱས་ནས་ངག་སྨྲ་བ་ཐོས་པའི་སྒྲ་འཛིན་རྣ་ཤེས་ཡོད་པའི་ཕྱིར།  

  ཁ་ཅིག་ན་རེ།    མིག་ཤེས་ཆོས་ཅན།    ཡིད་ཤེས་ཡིན་པར་ཐལ།    རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིད་དབང་ལ་བརྟེན་པའི་ཤེས་པ་ཡིན་པའི་ཕྱིར།    མ་གྲུབ་ན།    མིག་ཤེས་ཆོས་ཅན།    རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིད་དབང་ལ་བརྟེན་པའི་ཤེས་པ་ཡིན་པར་ཐལ།    རང་གི་བདག་རྐྱེན་ཡིད་དབང་ལ་བརྟེན་པའི་ཤེས་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    མིག་ཤེས་ཆོས་ཅན།    རང་གི་བདག་རྐྱེན་ཡིད་དབང་ལ་བརྟེན་པའི་ཤེས་པ་ཡིན་པར་ཐལ།    ཤེས་པ་ཡིན་པའི་ཕྱིར།    རྩ་བར་འདོད་ན།    མིག་ཤེས་ཆོས་ཅན།   ཁྱོད་ཀྱི་སྐྱེ་མཆེད་དྲུག་གི་ནང་ནས་གཟུགས་ཀྱི་སྐྱེ་མཆེད་ཐུན་མོང་མ་ཡིན་པར་འཛིན་མི་ཐུབ་པ་དེ་ཡིན་པར་ཐལ།    ཁྱོད་རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིད་དབང་ལ་བརྟེན་པའི་སེམས་ཅན་གྱི་རྒྱུད་ཀྱི་ཤེས་པ་ཡིན་པའི་ཕྱིར།    འདོད་མི་ནུས་ཏེ།    ཆོས་ཅན་དེ་དང་གཅིག་ཡིན་པའི་ཕྱིར།   

 ཁ་ཅིག་ན་རེ།    བུམ་པའི་དེ་མ་ཐག་རྐྱེན་ཡོད་པར་ཐལ།    བུམ་པའི་རྒྱུར་གྱུར་པའི་ཤེས་པ་དེ་ཡིན་པའི་ཕྱིར་ཟེར་ན།    བུམ་པའི་རྒྱུར་གྱུར་པའི་ཤེས་པ་ཆོས་ཅན།    བུམ་པའི་དེ་མ་ཐག་རྐྱེན་མ་ཡིན་པར་ཐལ།    བུམ་པ་གསལ་རིག་ཏུ་བསྐྱེད་པར་བྱེད་པའི་རྐྱེན་མ་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་པའི་རྒྱུར་གྱུར་བའི་ཤེས་པ་ཆོས་ཅན།    བུམ་པ་གསལ་རིག་ཏུ་བསྐྱེད་པར་བྱེད་པའི་རྐྱེན་མ་ཡིན་པར་ཐལ།    བུམ་པ་གསལ་རིག་ཏུ་བསྐྱེད་པའི་རྐྱེན་མེད་པའི་ཕྱིར།    མ་གྲུབ་ན།    བུམ་པ་ཆོས་ཅན།    ཁྱོད་གསལ་རིག་ཏུ་བསྐྱེད་པར་བྱེད་པའི་རྐྱེན་མེད་པར་ཐལ།    ཁྱོད་བེམ་པོ་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    སྔོན་པོ་ཆོས་ཅན།    སྔོ་འཛིན་མིག་ཤེས་ཀྱི་དེ་མ་ཐག་རྐྱེན་ཡིན་པར་ཐལ།    སྔོ་འཛིན་མིགཤེས་གསལ་རིག་ཏུ་བསྐྱེད་པར་བྱེད་པའི་རྐྱེན་ཡིན་པའི་ཕྱིར།    མ་གྲུབ་ན།    སྔོན་པོ་ཆོས་ཅན།    སྔོ་འཛིན་མིག་ཤེས་གསལ་རིག་ཏུ་བསྐྱེད་པར་བྱེད་པའི་རྐྱེན་ཡིན་པར་ཐལ།    སྔོ་འཛིན་མིག་ཤེས་བསྐྱེད་པར་བྱེད་པའི་རྐྱེན་ཡིན་པ་གང་ཞིག །   སྔོ་འཛིན་མིག་ཤེས་བསྐྱེད་ན་དེ་གསལ་རིག་ཏུ་བསྐྱེད་དགོས་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    སྔོ་འཛིན་མིག་ཤེས་ཆོས་ཅན།    ཁྱོད་བསྐྱེད་ན་ཁྱོད་གསལ་རིག་ཏུ་བསྐྱེད་དགོས་པར་ཐལ།    ཁྱོད་གསལ་ཞིང་རིག་པ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    མིག་དབང་ཆོས་ཅན།    མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་མ་ཡིན་པར་ཐལ།    མིག་ཤེས་ཀྱི་བདག་རྐྱེན་མ་ཡིན་པའི་ཕྱིར།    མ་གྲུབ་ན།    མིག་དབང་ཆོས་ཅན།    མིག་ཤེས་ཀྱི་བདག་རྐྱེན་མ་ཡིན་པར་ཐལ།    མིག་ཤེས་ཀྱི་རྒྱུ་རྐྱེན་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    འདུ་བྱས་གང་དང་གང་གི་རྒྱུ་རྐྱེན་དང་།    བདག་རྐྱེན་གཉིས་དོན་གཅིག་ལ་འཇོག་དགོས་པ་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    ཆོས་དེའི་རྒྱུ་ལྔ་པོ་གང་རུང་ཡིན་ན།    ཆོས་དེའི་རྒྱུ་ཡིན་པས་ཁྱབ་ཟེར་ན།    བུམ་པ་ཆོས་ཅན།    བུམ་པའི་ཚོགས་པ་ན་ཡོད་པའི་འབྱུང་བ་བཞི་པོའི་རྒྱུ་ཡིན་པར་ཐལ།    བུམ་པའི་ཚོགས་པ་ན་ཡོད་པའི་འབྱུང་བ་བཞི་པོའི་རྒྱུ་ལྔ་པོ་གང་རུང་ཡིན་པའི་ཕྱིར།    ཁྱབ་པ་ཁས།    རྟགས་གྲུབ་སྟེ།    བུམ་པའི་ཚོགས་པ་ན་ཡོད་པའི་འབྱུང་བ་བཞི་པོའི་ལྷན་ཅིག་འབྱུང་རྒྱུ་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་པ་ཆོས་ཅན།    ཁྱོད་ཁྱོད་ཀྱི་ཚོགས་པ་ན་ཡོད་པའི་འབྱུང་བ་བཞི་པོའི་ལྷན་ཅིག་འབྱུང་རྒྱུ་ཡིན་པར་ཐལ།    ཁྱོད་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པའི་ཕྱིར།   རྩ་བར་འདོད་ན།    བུམ་པ་ཆོས་ཅན།    བུམ་པའི་ཚོགས་པ་ན་ཡོད་པའི་འབྱུང་བ་བཞི་པོའི་རྒྱུ་མ་ཡིན་པར་ཐལ།    བུམ་པའི་ཚོགས་པ་ན་ཡོད་པའི་འབྱུང་བ་བཞི་པོའི་རྒྱུ་རྐྱེན་མ་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    འདུ་བྱས་གང་དང་གང་གི་རྒྱུ་རྐྱེན་དང་རྒྱུ་གཉིས་དོན་གཅིག་པར་མདོ་སྡེ་པས་ཀྐབས་འདིར་ཁས་ལེན་པ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    སྔོ་འཛིན་མིག་ཤེས་ཀྱི་དམིགས་རྐྱེན་ལ་སྔོན་པོ་འཇོག་པ་མ་ཡིན་པར་ཐལ།    སྔོ་འཛིན་རྟོག་པའི་དམིགས་རྐྱེན་ལ་སྔོན་པོ་འཇོགཔ་མ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    མིག་ཤེས་སུ་གྱུར་པའི་ཚད་མ་དག་གི་དམིགས་རྐྱེན་ལ་རང་གི་གཞལ་བྱའི་གཟུགས་ཀྱི་སྐྱེ་མཆེད་དེ་འཇོག་དགོས་ལ།    རྟོག་པ་རྣམས་ལ་དེ་ལྟར་མ་ཡིན་པའི་ཕྱིར།    དེར་ཐལ།    རྟོག་པའི་དམིགས་རྐྱེན་ལ་རང་གི་དེ་མ་ཐག་རྐྱེན་གྱི་སྟེང་གི་བག་ཆགས་གཅིག་འཇོག་དགོས་པ་ཡིན་པའི་ཕྱིར།   

 ཁ་ཅིག་ན་རེ།    མངོན་སུམ་ཐམས་ཅད་ཀྱི་དམིགས་རྐྱེན་ལ་རང་གི་འཛིན་སྟངས་ཀྱི་ཡུལ་དེ་འཇོག་པ་ཡིན་པར་ཐལ།    མིག་ཤེས་ཀྱི་ཚད་མ་ནས་ལུས་ཤེས་ཀྱི་ཚད་མའི་བར་གྱི་དམིགས་རྐྱེན་ལ་རང་གི་འཛིན་སྟངས་ཀྱི་ཡུལ་རེ་འཇོག་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    འདོད་མི་ནུས་ཏེ།    རྣལ་འབྱོར་མངོན་སུམ་རྣམས་ཀྱི་དམིགས་རྐྱེན་ལ་རང་གི་རྒྱུར་གྱུར་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་དེ་འཇོག་དགོས་ལ།    རྣམ་མཁྱེན་གྱི་དམིགས་རྐྱེན་ལ་རང་གི་རྒྱུར་གྱུར་པའི་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་འཇོག་དགོས་པ་གང་ཞིག །   དབང་ཤེས་རྣམས་ལ་མི་འདྲ་བ་ཡིན་པའི་ཕྱིར། 

   གཞན་ཡང་།    ལོག་ཤེས་ཐམས་ཅད་ཀྱི་དམིགས་རྐྱེན་མེད་པར་ཐལ།    ཁྱོད་ཀྱི་དམིགས་རྐྱེན་འཇོག་ཚུལ་འཐད་པའི་ཕྱིར།    འདོད་མི་ནུས་ཏེ།    ཤེས་པ་ཡིན་ན་ཁྱོད་ཀྱི་དམིགས་རྐྱེན་ཡོད་པས་ཁྱབ་པའི་ཕྱིར།    དེར་ཐལ།    རྟོག་པ་ལོག་ཤེས་རྣམས་ཀྱི་དམིགས་རྐྱེན་ཕལ་ཆེར་རང་གི་དེ་མ་ཐག་རྐྱེན་གྱི་སྟེང་གི་བག་ཆགས་གཅིག་ལ་འཇོག །   རྟོག་མིན་ལོག་ཤེས་རྣམས་ཀྱི་དམིགས་རྐྱེན་འཇོག་ཚུལ་མི་འདྲ་བ་དུ་མ་ཞིག་ཡོད་པའི་ཕྱིར།    དེར་ཐལ།    ཟླ་གཅིག་ཟླ་གཉིས་སུ་སྣང་བའི་དབང་ཤེས་ཀྱི་དམིགས་རྐྱེན་ལ་ཟླ་བ་གཅིག་པོ་དེ་དང་བར་སྣང་འཇོག །   སྨིག་རྒྱུ་ཆུར་སྣང་བའི་དབང་ཤེས་ཀྱི་དམིགས་རྐྱེན་ལ་བྱེ་མ་སྐྱ་བོ་དང་ཉི་འོད་འཇོག །   སྒྱུ་མ་རྟ་གླང་དུ་སྣང་བའི་དབང་ཤེས་ཀྱི་དམིགས་རྐྱེན་ལ་སྒྱུ་མའི་སྔགས་རྫས་འཇོག་པ་སོགས་མཐའ་ཡས་པ་ཡོད་པའི་ཕྱིར། 

   ཁ་ཅིག་ན་རེ།    འབྲས་བུ་དང་པོ་གཞི་པོ་གང་རུང་ཡིན་ན།    འབྲས་བུ་ཡིན་པས་ཁྱབ་ཟེར་ན།    ཐར་པ་ཆོས་ཅན།    འབྲས་བུ་ཡིན་པར་ཐལ།    འབྲས་བུ་དང་པོ་བཞི་པོ་གང་རུང་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    ཐར་པ་ཆོས་ཅན།    འབྲས་བུ་དང་པོ་གཞི་པོ་གང་རུང་ཡིན་པར་ཐལ།    བྲལ་བའི་འབྲས་བུ་ཡིན་པའི་ཕྱིར།   མ་གྲུབ་ན།    ཐར་པ་ཆོས་ཅན།    བྲལ་བའི་འབྲས་བུ་ཡིན་པར་ཐལ།    འགོག་བདེན་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    བྲལ་བའི་འབྲས་བུ་དང་འགོག་བདེན་གཉིས་དོན་གཅིག་ཡིན་པའི་ཕྱིར།    རྩ་བར་འདོད་ན།    ཐར་པ་ཆོས་ཅན།    འབྲས་བུ་མ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    སྐྱེས་བུའི་བྱེད་འབྲས་ཡིན་ན།    འགོག་བདེན་ཡིན་པས་ཁྱབ་ཟེར་ན།    རྣམ་མཁྱེན་ཆོས་ཅན།    འགོག་བདེན་ཡིན་པར་ཐལ།    སྐྱེས་བུའི་བྱེད་འབྲས་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།   རྣམ་མཁྱེན་ཆོས་ཅན།    སྐྱེས་བུའི་བྱེད་འབྲས་ཡིན་པར་ཐལ།    ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པའི་མཐར་ཐུག་གི་མཁྱེན་པ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    འབྲས་བུ་ཡིན་ན་འབྲས་བུ་དང་པོ་བཞི་པོ་ཡིན་པས་ཁྱབ་ཟེར་ན།    རྣམ་མཁྱེན་ཆོས་ཅན།   འབྲས་བུ་དང་པོ་བཞི་པོ་ཡིན་པར་ཐལ།    འབྲས་བུ་ཡིན་པའི་ཕྱིར།    ཁྱབ་པ་ཁས།    འདོད་ན།    རྣམ་མཁྱེན་ཆོས་ཅན།    རྣམ་སྨིན་གྱི་འབྲས་བུ་ཡིན་པར་ཐལ།    འབྲས་བུ་དང་པོ་བཞི་པོ་ཡིན་པའི་ཕྱིར།    འདོད་ན།    རྣམ་མཁྱེན་ཆོས་ཅན།    རྣམ་སྨིན་ཡིན་པར་ཐལ།    རྣམ་སྨིན་གྱི་འབྲས་བུ་ཡིན་པའི་ཕྱིར།    འདོད་ན།    རྣམ་མཁྱེན་ཆོས་ཅན།    ལུང་མ་བསྟན་ཡིན་པར་ཐལ།    རྣམ་སྨིན་ཡིན་པའི་ཕྱིར།    ཁྱབ་སྟེ།    མཛོད་ལས།    རྣམ་སྨིན་ལུང་དུ་མ་བསྟན་ཆོས།    །   ཞེས་གསུངས་པའི་ཕྱིར།    གོང་དུ་འདོད་ན།    རྣམ་མཁྱེན་ཆོས་ཅན།    ལུང་མ་བསྟན་མ་ཡིན་པར་ཐལ།    དགེ་བ་ཡིན་པའི་ཕྱིར།    མ་གྲུབ་ན།    རྣམ་མཁྱེན་ཆོས་ཅན།    དགེ་བ་ཡིན་པར་ཐལ།    ལམ་ཡིན་པའི་ཕྱིར།   

 ཁ་ཅིག་ན་རེ།    ངན་སོང་གསུམ་གྱི་གནས་ཀྱི་རི་རྭ་བ་ཁང་ཁྱིམ་སོགས་རང་རྒྱུ་མི་དགེ་བའི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་ཡིན་ཟེར་ན་ངན་སོང་གསུམ་གྱི་གནས་ཀྱི་རི་རྭ་བ་ཁང་ཁྱིམ་སོགས་ཆོས་ཅན།    སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པ་ཡིན་པར་ཐལ།    རྣམ་སྨིན་གྱི་འབྲས་བུ་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    རྣམ་སྨིན་གྱི་འབྲས་བུ་ཡིན་ན།    སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པས་ཁྱབ་པའི་ཕྱིར།    འཆད་པར་བྱེད་པ་ལ།    མཛོད་ལས།    སེམས་ཅན་བརྗོད་ལུང་བསྟན་ཕྱིས་འབྱུང་།    །   ཞེས་གསུངས་པའི་ཕྱིར།    ཁྱབ་སྟེ།    སེམས་ཅན་བརྗོད་ཅེས་པས་རྣམ་སྨིན་གྱི་འབྲས་བུ་ལ།    སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པས་ཁྱབ་པ་དེ་བསྟན།    ལུང་བསྟན་ཕྱིས་འབྱུང་།    ཞེས་པས་རྣམ་སྨིན་གྱི་འབྲས་བུ་ལ་རང་རྒྱུ་དགེ་མི་དགེའི་རྗེས་སུ་བྱུང་བས་ཁྱབ་པ་དེ་བཤད་པ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    ཆོས་དེའི་འབྲས་བུ་ཡིན་ན་ཆོས་དེའི་རྒྱུ་མཐུན་གྱི་འབྲས་བུ་ཡིན་པས་ཁྱབ་ཟེར་ན།    བུམ་པ་དངོས་པོར་རྟོགས་པའི་ཚད་མ་ཆོས་ཅན།    བུམ་པའི་རྒྱུ་མཐུན་གྱི་འབྲས་བུ་ཡིན་པར་ཐལ།    བུམ་པའི་འབྲས་བུ་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    བུམ་པ་ཆོས་ཅན།    ཁྱོད་དངོས་པོར་རྟོགས་པའི་ཚད་མ་ཁྱོད་ཀྱི་འབྲས་བུ་ཡིན་པར་ཐལ།    ཁྱོད་དངོས་པོ་ཡིན་པའི་ཕྱིར།    གོང་དུ་འདོད་ན།    བུམ་པ་དངོས་པོར་རྟོགས་པའི་ཚད་མ་ཆོས་ཅན།    བུམ་པ་ཁྱོད་ཀྱི་སྐལ་མཉམ་གྱི་རྒྱུ་ཡིན་པར་ཐལ།    ཁྱོད་བུམ་པའི་རྒྱུ་མཐུན་གྱི་འབྲས་བུ་ཡིན་པའི་ཕྱིར།    འདོད་མི་ནུས་ཏེ།    བུམ་པ་དང་ཁྱོད་གཉིས་སྐལ་བ་མི་མཉམ་པ་ཡིན་པའི་ཕྱིར།    དེར་ཐལ།    བུམ་པ་དང་ཁྱེད་གཉིས་རིགས་གཅིག་མ་ཡིན་པའི་ཕྱིར།   

ཁ་ཅིག་ན་རེ།    ཆོས་དེའི་རྣམ་སྨིན་གྱི་འབྲས་བུ་ཡིན་ན་ཆོས་དེའི་སྐྱེས་བུའི་བྱེད་འབྲས་མ་ཡིན་པས་ཁྱབ་ཟེར་ན།    ངན་འགྲོ་བའི་སྲོག་དབང་ཆོས་ཅན།    རང་རྒྱུ་མི་དགེ་བའི་ལས་ཀྱི་སྐྱེས་བུའི་བྱེད་འབྲས་མ་ཡིན་པར་ཐལ།    རང་རྒྱུ་མི་དགེ་བའི་ལས་ཀྱི་སྐྱེས་བུའི་བྱེད་འབྲས་མ་ཡིན་པར་ཐལ།    རང་རྒྱུ་མི་དགེ་བའི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་ཡིན་པའི་ཕྱིར།    ཁྱབ་པ་ཁས།    རྟགས་གྲུབ་སྟེ།    ངན་འགྲོ་བའི་སྲོག་དབང་ཡིན་པའི་ཕྱིར།    རྩ་བར་འདོད་ན།    ངན་འགྲོ་བའི་སྲོག་དབང་ཆོས་ཅན།    རང་རྒྱུ་མི་དགེ་བའི་ལས་ཀྱི་སྐྱེས་བུའི་བྱེད་འབྲས་ཡིན་པར་ཐལ།    དེའི་བདག་འབྲས་ཡིན་པའི་ཕྱིར།    མ་གྲུབ་ན།    ངན་འགྲོ་བའི་སྲོག་དབང་ཆོས་ཅན།    རང་རྒྱུ་མི་དགེ་བའི་ལས་ཀྱི་བདག་འབྲས་ཡིན་པར་ཐལ།    རང་རྒྱུ་མི་དགེ་བའི་ལས་ཁྱོད་ཀྱི་བདག་རྐྱེན་ཡིན་པའི་ཕྱིར།    དེར་ཐལ།    རང་རྒྱུ་མི་དགེ་བའི་ལས་ཁྱོད་ཀྱི་རྒྱུ་ཡིན་པའི་ཕྱིར། 

  ཁ་ཅིག་ན་རེ།    ཐར་པ་ཆོས་ཅན།    འབྲས་བུ་ཡིན་པར་ཐལ།    སྐྱེས་བུའི་བྱེད་འབྲས་ཡིན་པའི་ཕྱིར།    མ་གྲུབ་ན།    ཐར་པ་ཆོས་ཅན།    སྐྱེས་བུའི་བྱེད་འབྲས་ཡིན་པར་ཐལ།    རང་ཐོབ་བྱེད་ཀྱི་བར་ཆད་མེད་ལམ་གྱི་སྐྱེས་བུའི་བྱེད་འབྲས་ཡིན་པའི་ཕྱིར།    དེར་ཐལ།    དེ་ལྟར་དུ།    མཛོད་ལས་བཤད་པའི་ཕྱིར་ཟེར་ན།    མ་ཁྱབ་སྟེ།    དེ་བྱེ་བྲག་སྨྲ་བའི་ལུགས་ཡིན་གྱི།    མདོ་སྡེ་པའི་སྐབས་འདིར་དེ་ལྟར་དུ་ཁས་མི་ལེན་པ་ཡིན་པའི་ཕྱིར།

   ཁ་ཅིག་ན་རེ།    ཁྱོད་ཀྱི་སྐྱེས་བུའི་བྱེད་འབྲས་ཡོད་ན་ཁྱོད་སྐྱེས་བུ་ཡིན་པས་ཁྱབ་ཟེར་ན།    བུམ་པ་ཆོས་ཅན།    ཁྱོད་སྐྱེས་བུ་ཡིན་པར་ཐལ།    ཁྱོད་ཀྱི་སྐྱེས་བུའི་བྱེད་འབྲས་ཡོད་པའི་ཕྱིར།    མ་གྲུབ་ན།    བུམ་པ་ཆོས་ཅན།    ཁྱོད་ཀྱི་སྐྱེས་བུའི་བྱེད་འབྲས་ཡོད་པར་ཐལ།    ཁྱོད་དངོས་པོ་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    དངོས་པོ་དེའི་འབྲས་བུ་ཡིན་ན་དངོས་པོ་དེའི་སྐྱེས་བུའི་བྱེད་འབྲས་ཡིན་པས་ཁྱབ་པའི་ཕྱིར།

  ཁ་ཅིག་ན་རེ།    བུམ་པའི་འབྲས་བུ་ཆོས་ཅན།    བུམ་པའི་སྐྱེས་བུའི་བྱེད་འབྲས་མ་ཡིན་པར་ཐལ།    བུམ་པའི་བདག་འབྲས་ཡིན་པའི་ཕྱིར་ཟེར་ན།    མ་ཁྱབ།    མ་གྲུབ་ན།    བུམ་པའི་འབྲས་བུ་ཆོས་ཅན།    བུམ་པའི་བདག་འབྲས་ཡིན་པར་ཐལ།    བུམ་པ་ཁྱོད་ཀྱི་བྱེད་རྒྱུ་ཡིན་པའི་ཕྱིར།    འཆད་པར་བྱེད་པ་ལ།    མཛོད་ལས།    བྱེད་རྒྱུ་ཞེས་བྱ་བདག་པོར་བཤད།    །   ཅེས་གསུངས་པ་ཡིན་པའི་ཕྱིར།

   རང་གི་ལུགས་ལ་རྒྱུ་དྲུག་འདྲེན་ཚུལ་ཡོད་དེ་རྣམ་སྨིན་གྱི་རྒྱུ་དང་།    ལྷན་ཅིག་འབྱུང་རྒྱུ་དང་།    བྱེད་རྒྱུ་དང་།    སྐལ་མཉམ་གྱི་རྒྱུ་དང་།    ཀུན་འགྲོའི་རྒྱུ་དང་།    མཚུངས་ལྡན་གྱི་རྒྱུ་དང་དྲུག་པོ་དེ་འདྲེན་པ་ཡིན་པའི་ཕྱིར།    རྐྱེན་བཞི་འདྲེན་ཚུལ་ཡོད་དེ།    རྒྱུའི་རྐྱེན་དང་།    བདག་རྐྱེན་དང་།    དམིགས་པའི་རྐྱེན་དང་།    དེ་མ་ཐག་རྐྱེན་དང་བཞི་པོ་དེ་འདྲེན་པ་ཡིན་པའི་ཕྱིར།    འབྲས་བུ་ལྔ་འདྲེན་ཚུལ་ཡོད་དེ།    རྣམ་སྨིན་གྱི་འབྲས་བུ་དང་།    རྒྱུ་མཐུན་གྱི་འབྲས་བུ་དང་།    སྐྱེས་བུའི་བྱེད་པའི་འབྲས་བུ་དང་།    བདག་པོའི་འབྲས་བུ་དང་།    བྲལ་བའི་འབྲས་བུ་དང་ལྔ་འདྲེན་པ་ཡིན་པའི་ཕྱིར།    རྣམ་སྨིན་གྱི་རྒྱུ་བཞག་ཏུ་ཡོད་དེ།    དགེ་བ་ཟག་བཅས་དང་།    མི་དགེ་བ་གང་རུང་དང་།    རྣམ་སྨིན་གྱི་རྒྱུ་གཉིས་དོན་གཅིག་པའི་ཕྱིར།    བྱེད་རྒྱུ་དང་།    ལྷན་ཅིག་འབྱུང་རྒྱུ་དང་།    སྐལ་མཉམ་གྱི་རྒྱུ་གསུམ་བཞག་ཏུ་ཡོད་དེ།    དེ་གསུམ་རེ་རེ་ནས་དངོས་པོ་དང་དོན་གཅིག་པའི་ཕྱིར།    ཀུན་འགྲོའི་རྒྱུ་བཞག་ཏུ་ཡོད་དེ།    ཉོན་མོངས་ཀུན་འགྲོ་དང་།    ཀུན་འགྲོའི་རྒྱུ་གཉིས་དོན་གཅིག་པའི་ཕྱིར།    མཚུངས་ལྡན་གྱི་རྒྱུ་བཞག་ཏུ་ཡོད་དེ།    མཚུངས་ལྡན་གི་རྒྱུ་དང་།    གཞན་རིག་གི་ཤེས་པ་གཉིས་དོན་གཅིག་པའི་ཕྱིར།    རྣམ་སྨིན་གྱི་འབྲས་བུ་བཞག་ཏུ་ཡོད་དེ།    རྣམ་སྨིན་གྱི་འབྲས་བུ་ལ།    ལུང་མ་བསྟན་གྱིས་ཁྱབ་པའི་ཕྱིར།    ལུང་མ་བསྟན་ལ།    རྣམ་སྨིན་གྱི་འབྲས་བུས་མ་ཁྱབ་པ་ཡིན་ཏེ།    རྒྱུད་ཀྱིས་མ་བསྡུས་པའི་བུམ་པ་དང་ཀྭ་བ་སོགས་ལུང་མ་བསྟན་ཡིན་ལ་རྣམ་སྨིན་གྱི་འབྲས་བུ་མ་ཡིན་པའི་ཕྱིར།    རྒྱུད་ཀྱིས་བསྡུས་པའི་དགེ་མི་དགེ་སོགས་རྣམ་སྨིན་གྱི་འབྲས་བུ་མ་ཡིན་ཏེ།    ལུང་མ་བསྟན་མ་ཡིན་པའི་ཕྱིར།    སྐྱེས་བུའི་བྱེད་འབྲས་དང་།    བདག་འབྲས་གཉིས་བཞག་ཏུ་ཡོད་དེ།    དེ་གཉིས་དང་།    འདུས་བྱས་རྣམས་དོན་གཅིག་པའི་ཕྱིར།    རྒྱུ་མཐུན་གྱི་འབྲས་བུ་བཞག་ཏུ་ཡོད་དེ།    ཟག་མེད་ཀྱི་ཤེས་པ་སྐད་ཅིག་དང་པོ་མ་གཏོགས་པའི་འདུས་བྱས་ཐམས་ཅད་པོ་དེ་ཡིན་པའི་ཕྱིར།    བྲལ་བའི་འབྲས་བུ་བཞག་ཏུ་ཡོད་དེ།    བྲལ་བའི་འབྲས་བུ་དང་།    འགོག་བདེན་གཉིས་དོན་གཅིག་པའི་ཕྱིར།    རྐྱེན་བཞི་བཤད་ཚུལ་ཡོད་དེ།    རྒྱུའི་རྐྱེན་དང་།    བདག་རྐྱེན་དང་།    དམིགས་རྐྱེན་གསུམ་ནི་དངོས་པོ་དང་ཡིན་ཁྱབ་མཉམ་ཡིན་ལ།    དེ་མ་ཐག་རྐྱེན་ཤེས་པ་དང་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར།    རང་གི་རྒྱུ་རྐྱེན་ཡོད་པའི་ཆོས་དང་།    རང་གི་བདག་རྐྱེན་ཡོད་པའི་ཆོས་གཉིས་དངོས་པོ་དང་ཡིན་ཁྱབ་མཉམ་ཡིན་ལ།    རང་གི་དམིགས་རྐྱེན་ཡོད་པའི་ཆོས་དང་།    རང་གི་དེ་མ་ཐག་རྐྱེན་ཡོད་པའི་ཆོས་གཉིས།    ཤེས་པ་དང་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར།  

 དེ་ལ་རྩོད་པ་སྤོང་བ་ལ།    ཁ་ཅིག་ན་རེ།    དགེ་བ་ཟག་བཅས་དང་།    མི་དགེ་བ་གཉིས་ཀ་ཆོས་ཅན།    དགེ་མི་དགེ་གང་རུང་ཡིན་པར་ཐལ།    རྣམ་སྨིན་གྱི་རྒྱུ་ཡིན་པའི་ཕྱིར་ཟེར་ན།    སྦྱོར་ལུགས་སྐྱོན་ཅན་གྱི་ལན་འདེབས།    རྫས་སྤྱི་གཉིས་མགོ་སོགས་ཆོད་ན།    རྣམ་སྨིན་གྱི་རྒྱུ་ཡིན་ན་དགེ་མི་དགེ་གང་རུང་ཡིན་པས་ཁྱབ་ཅེས་བཤད་པ་ཡིན་པའི་ཕྱིར། 

  ཁ་ཅིག་ན་རེ།    རང་རིག་ཆོས་ཅན།    གཞན་རིག་གི་ཤེས་པ་ཡིན་པར་ཐལ།    མཚུངས་ལྡན་གྱི་རྒྱུ་ཡིན་པའི་ཕྱིར།    མ་གྲུབ་ན།    རང་རིག་ཆོས་ཅན།    མཚུངས་ལྡན་གྱི་རྒྱུ་ཡིན་པར་ཐལ།    ཤེས་པ་ཡིན་པའི་ཕྱིར་ཟེར་ན།    མ་ཁྱབ།    འདོད་མི་ནུས་ཏེ།    ཁྱོད་དང་མཚུངས་ལྡན་གྱི་སེམས་དང་།    སེམས་བྱུང་གང་ཡང་མེད་པ་ཡིན་པའི་ཕྱིར།    དེར་ཐལ།    ཁྱོད་རང་རིག་ཡིན་པའི་ཕྱིར།   ། 

                                                                                                                                                རྩོམ་སྒྲིག་པ།     བློ་བཟང་བཀྲ་ཤིས།

བརྒྱུད་འགོད།
0