རྗེ་ཙོང་ཁ་བའི་རྣམ་ཐར་མདོར་བསྡུས།

སྤེལ་དུས།  2017-12-14   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  ཤེས་རབ་བསྟན་དར།   ཀློག་གྲངས།  

rdn_53e3447aa5494[1].jpg

རྗེ་ཙོང་ཁ་བའི་རྣམ་ཐར་མདོར་བསྡུས།

རྗེ་བླ་མ་ཉིད་ནི་མདོ་སྨད་ཤར་ཙོང་ཁའི་ཡུལ་དུ་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་ཡུམ་ཤིང་མོ་བཟའ་ཨ་ཆོས་གཉིས་ལ་སྲས་སུ་རབ་བྱུང་དྲུག་པའི་མེ་མོ་བྱ་ཡི་སྤྱི་ལོ1357ལོའི་ཟླ་བ་བཅུ་བའི་ཚེས་བཅུ་ཉིན་འཁྲུངས། དགུང་ལོ་གསུམ་པ་ལ་ཀརྨ་པ་རོལ་བའི་རྡོ་རྗེའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ཀུན་དགའ་སྙིང་བོར་བཏགས། དགུང་ལོ་དྲུག་པ་ལ་ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་པའི་སྤྱན་སྔར་བྱོན། དགུང་ལོ་བདུན་པ་ན་ཆོས་རྗེ་དོན་གྲུབ་རིན་ཆེན་དྲུང་དུ་རབ་ཏུ་བྱུང་སྟེ་མཚན་ལ་བློ་བཟང་གྲགས་པའི་དཔལ་ཞེས་བྱ་བར་གསོལ། དགུང་ལོ་བཅུ་དྲུག་ལོན་པའི་ཚེ། བླ་མས་བཀས་ཀྱང་བསྐུལ་བ་བཞིན་དབུས་གཙང་དུ་ཕེབས། དེ་ནས་ཆོས་གྲྭ་ཆེན་པོ་སྙེ་ཐང་བདེ་བ་ཅན་དང་དབུས་ཀྱི་གསང་ཕུ་དང་། གཙང་གི་སྣར་ཐང་དང་ངམ་རིང་། ས་སྐྱ་དང་། བཟང་ལྡན་སོགས་སུ་སློབ་གཉེར་མཛད་ཅིང་ཆོས་སྡེ་རྣམས་སུ་གྲྭ་སྐོར་མཛད་པས་སྙན་གྲགས་ཕྱོགས་སུ་རྒྱས། བོད་ཀྱི་མཁས་ཆེན་ཉ་དབོན་ཀུན་དགའ་དཔའ་བ་དང་། ཁྱད་པར་དེའི་སློབ་མ་རེད་མདའ་བ་གཞོན་ནུ་བློ་གྲོས་བླ་མའི་གཙོ་བོར་བཀུར་ཏེ། མངོན་པ་མཛོད་དང་ཀུན་བཏུས། དབུ་མ་དང་རྣམ་འགྲེལ་སོགས་སྦྱངས་ཏེ་དབུ་ཚད་ཀྱི་རིགས་པའི་སྒོ་དང་བོར་བླ་མ་འདི་ལས་རྙེད་པས་བླ་མ་རྣམས་ཀྱི་ནང་ནས་འགྲན་མེད་གཅིག་ཏུ་མཛད། ས་སྐྱར་བྱོན་ཏེ་བཀའ་ཆེན་བཞིའི་གྲྭ་སྐོར་མཛད། དབུས་སུ་བྱོན་ནས་གསང་ཕུ་རྩེད་ཐང་ལ་སོགས་པའི་ཆོས་གྲྭ་ཆེན་པོ་རྣམས་སུ་བཀའ་ཆེན་བཞིའི་གྲྭ་སྐོར་མཛད་ཚར་ པས་བཀའ་བཞི་བའི་མཚན་བཏགས་བཞེས། དགུང་ལོ་ཉེར་བཞི་བཞེས་པ་ན་ཡར་ལུང་རྣམ་རྒྱལ་དགོན་པར་ཕེབས་ནས་མཁན་ཆེན་བཀའ་བཞི་བ་ཚུལ་ཁྲིམས་རིན་ཆེན་པས་མཁན་པོར་བཞུགས། བྱི་རྫིང་བའི་མཁན་པོ་ཤེར་མགོན་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། སྐྱིད་ཤོད་ཚལ་གུང་ཐང་གི་ཆོས་སྡེར་ཕེབས་ནས་བོད་དུ་འགྱུར་རོ་ཅོག་གི་བཀའ་དང་བསྟན་བཅོས་ལ་གཟིགས་རྟོག་ཞིབ་མོ་མཛད་དེ། གསུང་རབ་མཐའ་དག་ལ་དཔྱོད་པའི་སྒོ་དུ་མ་ཞིག་ཐུགས་ལ་འཁྲུངས་ཤིང་། ལྗགས་རྩོམ་གྱི་སྔ་ཤོས་དགེ་འདུན་ཉི་ཤུའི་རྣམ་གཞག་བློ་གསལ་བགྲོད་པའི་ཐེམ་སྐས་དང་། མངོན་རྟོགས་རྒྱན་འགྲེལ་བ་དང་བཅས་པའི་རྣམ་བཤད་ཆེན་མོ་ལེགས་བཤད་གསེར་ཕྲེང་ལོ་སྔ་ཕྱིར་བརྩམས་པའི་མཇུག་དགུང་ལོ་སོ་གཅིག་སྟེང་ལེགས་པར་གྲུབ། དགུང་ལོ་སོ་གཉིས་ཐོག་ཡར་ལུང་མོན་མཁར་བཀྲ་ཤིས་གདོང་དུ་བཞུགས་པའི་སྐབས་ཤིག་འཁོར་སློབ་རྣམས་ཀྱིས་གསོལ་བ་བཏབ་པ་ལ་བརྟེན་ཉི་མ་གཅིག་ལ་རྒྱ་གར་སྐད་བཅོ་ལྔའི་དབུ་དུས་གཅིག་ལ་བཙུགས་ནས་ཉིན་རེ་བཞིན་ཐོ་རངས་ནས་ས་སྲོད་ཀྱི་བར་ལ་ཆོས་ཐུན་བཅོ་ལྔ་རེ་མ་ཆག་པའི་ཐུགས་བཤད་མཛད། པོ་ཏི་ཆུང་བ་གཉིས་རྫོགས་ནས་དེའི་དོན་དུ་སླར་ཡང་ཆུང་བ་གཉིས་བཙུགས་ཏེ། ཚད་མ་རྣམ་འགྲེལ་སོགས་བསྟན་བཅོས་བཅུ་བདུན་གྱི་བཤད་པ་དགག་སྒྲུབ་དང་བཅས་པས་གཏན་ལ་ཕབ་སྟེ་ཟླ་བ་གསུམ་ལ་རྫོགས་པར་མཛད། དགུང་ལོ་སོ་ལྔའི་སྟེང་བླ་མ་དབུ་མ་བ་དང་ལྷན་དུ་དགའ་བ་གདོང་དུ་ཕེབས་ཤིང་། བླ་མ་དབུ་མ་བ་ལ་ལོ་ཙཱ་བཅོལ་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་དབུ་མའི་ལྟ་བ། སྔགས་བླ་མེད་ལ་སོགས་པའི་ལམ་གྱི་གནད་འགངས་ཆེ་བ་དག་དྲི་བ་དང་དོགས་པ་ཆོད་པའི་ཆེད་དུ་བརྒལ་ཞིང་བརྟག་པའི་སྒོ་ནས་ཐུགས་ངེས་རྒྱ་ཆེར་འཁྲུངས། དེ་ཚེའི་རྗེ་བཙུན་གྱི་གསུང་གིས་དགུང་ལོ་སོ་དྲུག་བཞེས་པའི་སྤྲེལ་ལོའི་ཟླ་བ་བཅུ་བའི་ནང་ལུང་བསྟན་པའི་སློབ་མ་འཁོར་དག་པ་རྣམ་བརྒྱད་ཞབས་ཕྱིར་ཁྲིད། ཡར་ལུང་གཙང་བོ་ལ་ཀོ་གྲུར་བཞུགས་ནས་ཕེབས་ཏེ་ཐོག་མར་འོལ་ཁ་ཆོས་ལུང་དུ་བྱོན། དཔོན་སློབ་ཐམས་ཅད་ཀྱིས་སྟོབས་བཞི་ཚང་བའི་ཕྱག་དང་མནྚལ་འབུལ་བ་ལ་སོགས་པའི་གསག་སྦྱངས་མཛད། རྫིང་ཕྱིའི་བྱམས་པ་ལ་ཞིག་གསོ་དཔག་ཏུ་མེད་པ་མཛད། དགུང་ལོ་ཞེ་གཅིག་གི་དུས་གཉལ་སྟོད་རྭ་གྲོང་དགོན་པར་དབྱར་བཞུགས་སྐབས། སློབ་དཔོན་དར་མ་རིན་ཆེན་གྱི་གྲྭ་ས་རྣམས་སུ་བཀའ་བཅུའི་གྲྭ་སྐོར་མཛད་ཚར་ནས་རྗེའི་དྲུང་དུ་ཕེབས། རྗེ་ཐམས་ཅད་མཁྱེན་པ་ཞིང་འདིར་བཞུགས་རག་གི་བར་དུ་ཞབས་པད་དང་མི་འབྲལ་བར་བཞུགས། གཉལ་སྨད་སེང་གེ་རྫོང་དུ་ཕེབས་ནས་གསེར་ཕྱེ་འབུམ་པ་ལ་མཆོད་པ་རྒྱ་ཆེན་ཕུལ་ཏེ་དཀའ་བ་ཆེན་པོས་གསོ་བར་མཛད། དེ་ནས་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དབེན་གནས་ལྷ་སྡིངས་སུ་བཞུགས་པའི་དུས་སུ་སློབ་དཔོན་སངས་ རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་ཤེའི་འགྲེལ་བར་གཟིགས་པས་ཀླུ་སྒྲུབ་ཡབ་སྲས་ཀྱི་ལྟ་བ་རྣམས་སྒྲོ་འདོགས་ལེགས་པར་བཅད་ཅིང་། བསྟོད་པ་ལེགས་བཤད་སྙིང་བོ་ཞེས་མཚན་དུ་གསོལ་བའི་རྟེན་འབྲེལ་བསྟོད་པ་ཡང་ལྗགས་རྩོམ་མཛད། དགུང་ལོ་ཞེ་དྲུག་གི་དུས་ཨར་བྱང་ཆུབ་ཡེ་ཤེས་ཀྱི་གཙུག་ལག་ཁང་གནམ་རྩེད་ལྡེང་དུ་བླ་མ་རེད་མདའ་བ་དང་། རྗེ་ཐམས་ཅད་མཁྱེན་པ་ལོ་ཙཱ་བ་སྐྱབས་མཆོག་དཔལ་བཟང་སྟེ་ཆོས་རྗེ་རྣམ་གསུམ་ཞལ་འཛོམས་ཤིང་། དགེ་འདུན་དྲུག་བརྒྱ་ལྷག་དང་བཅས་དབྱར་གནས་ལ་བཞུགས། དེར་འདུལ་བའི་ཕྱག་ལེན་ཕྲ་མོ་ནས་བཟུང་སྟེ་བསྟན་པའི་རྩ་བ་སོ་སོར་ཐར་བའི་རྨང་གསོས། དེ་ནས་བཀའ་གདམས་པའི་གདན་ས་ཆེན་པོ་བྱང་རྭ་སྒྲེང་དུ་བྱོན་ནས་བྲག་སེང་གེ་ཞོལ་དུ་དབེན་གནས་བཏབ། དེའི་དུས་སུ་ཆོས་རྗེ་ལོ་ཙཱ་བས་བསྐུལ་ཏེ་བྱང་ཆུབ་ལམ་རིམ་ཆེན་མོ་ལྗགས་རྩོམ་མཛད།

དགུང་ལོ་ཞེ་དགུ་བའི་དུས་སུ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་འོལ་ཁའི་བྱམས་གླིང་དུ་སྔགས་རིམ་ཆེན་མོ་ལྗགས་རྩོམ་མཛད། དགུང་ལོ་ང་གཅིག་བཞེས་པའི་དུས་སེ་ར་ཆོས་སྡིངས་སུ་དབྱར་བཞུགས་མཛད་སྐབས་མཁས་གྲུབ་དགེ་ལེགས་དཔལ་བཟང་དང་ཞལ་འཛོམས་ཤིང་ནང་ཐུགས་ཀྱི་སྲས་གཅིག་པུར་གྱུར། དེར་མདོ་སྔགས་ཀྱི་ཆོས་མང་དུ་གསུངས་ཤིང་། དྲང་ངེས་རྣམ་འབྱེད་དང་། རྩ་ཤེས་ཊཱིཀ་ཆེན་སོགས་ཀྱང་མཛད། དུས་དེར་རྒྱ་ནག་གི་གོང་མ་ཏཱ་མིང་གིས་ཕོ་ཉ་ཏཱ་ཞིན་ལ་སོགས་པ་མངགས་ཏེ་ཞུ་བ་ལ། རྒྱ་ཡུལ་དུ་འབྱོན་པ་དགག་བྱ་ཆེ་ཞིང་། དགོས་པ་ཆུང་བར་གཟིགས་ནས་ཞལ་བཞེས་མ་གནང་ཞིང་། རྗེ་བླ་མའི་སྐུའི་ཚབ་ཏུ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཕེབས་ཏེ་མི་དབང་རྒྱལ་བོའི་ཐུགས་བསམ་ལེགས་པར་གྲུབ། དགུང་ལོ་ང་གསུམ་བཞེས་པ་ས་མོ་གླང་གི་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ནས་བཅོ་ལྔའི་བར་ཕྱོགས་ཕྱོགས་ནས་ཕེབས་པའི་དགེ་འདུན་སྟོང་ཕྲག་བརྒྱད་ལྷག་ལ་བསམ་གྱིས་མི་ཁྱབ་པའི་མཆོད་པ་ཕུལ་ཏེ་ལྷ་སའི་སྨོན་ལམ་ཆེན་མོ་བཙུགས། འབྲོག་རི་བོ་ཆེར་འདུལ་བའི་ཕྱག་ལེན་དང་མཐུན་པར་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་མཛད། དེར་ཕ་རྒྱུད་གསང་བ་འདུས་པའི་གཞུང་དང་། མ་རྒྱུད་བདེ་མཆོག་གི་གཞུང་མང་དུ་བརྩམས་ཤིང་བརྩམས་པ་ལྟར་བཤད་པ་རྒྱས་པ་རེ་བསྩལ། གསང་སྔགས་སྒྲུབ་མཆོད་ཀྱི་ཚོགས་ཁང་བཞེངས་པའི་ནང་དུ་གཙོ་སྐུ་རྣམས་རང་བྱོན་དུ་ཕེབས་པའི་ཡི་དམ་སོ་སོའི་སྐུ་བརྙན་རྣམས་གསེར་ཟངས་ཀྱིས་བཞེངས་པ་འདི་ལ་མཛད་ཆེན་བཞི་ལས་དགའ་ལྡན་སྒྲུབ་མཆོད་ཆེན་མོ་ཞེས་ཡོངས་སུ་གྲགས།

 དགུང་ལོ་རེ་གསུམ་པ་རབ་བྱུང་བདུན་པའི་བགྲང་བྱ་སོ་གསུམ་པ་ས་མོ་ཕག་གི་ལོའི་བཅུ་བའི་ཉི་ཤུ་ལྔའི་ཉི་ཤར་གྱི་དུས་ཚོད་ལ་ཞབས་རྡོ་རྗེ་སྐྱིལ་ཀྲུང་དང་ཕྱག་གཉིས་མཉམ་པར་བཞག་སྟེ། ཏིང་ངེ་འཛིན་ལ་བཞུགས་པ་ན། བཅུ་དྲུག་ལོན་པ་ལྟ་བུའི་ཉམས་ཅན་འོད་དང་ལྡན་པའི་ངང་ནས་བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་མངོན་པར་སངས་རྒྱས་པའི་མཛད་པ་མངོན་སུམ་དུ་བསྟན་ཏོ། །

                                                                                                                                                                                                                                   རྩོམ་སྒྲིག་པ།དཀོན་མཆོག་རྒྱ་མཚོ། 

བརྒྱུད་འགོད།
0