མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོའི་རྣམ་ཐར།

སྤེལ་དུས།  2017-12-14   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  ཡོངས་འཛིན་ཡེ་ཤེས་རྒྱལ་མཚོན།   ཀློག་གྲངས།  

མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོ།

དགེ་ལེགས་རབ་དཀར་ཚོགས་གཉིས་གོམས་པའི་མཐུས། །དཔལ་ལྡན་སྐུ་བཞིའི་གོ་འཕང་མཆོག་བརྙེས་ཀྱང༌། །བཟང་པའི་མཛད་པས་གདུལ་བྱ་མི་འདོར་བ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་བསྔགས་པ། རྗེ་རིན་པོ་ཆེའི་ནང་ཐུགས་ཀྱི་སྲས་གཅིག་མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་ནི། སྔོན་དུས་ཡུན་རིང་པོ་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོར་བསླབས་ནས་ཞིང་འདིར་འཇམ་མགོན་བླ་མའི་མདོ་སྔགས་ཀྱི་བསྟན་པའི་སྙིང་པོ་མཐར་ཐུག་པ་འདི་ཉིད་འཛིན་ཅིང་སྤེལ་བའི་ཆེད་དུ་སྨོན་ལམ་གྱི་དབང་གིས་བསམས་བཞིན་དུ་བྱོན་པ་ཞིག་སྟེ། མཁས་གྲུབ་ཆེན་པོ་འདི་ལ་སྟོད་བྱང་གི་སའི་ཆ་ལྡོག་གཞུང་དུ་བྱང་པའི་དཔོན་རིགས་ཡབ་བཀྲ་ཤིས་དཔལ་བཟང་དང༌། ཡུམ་བུ་འདྲེན་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ཤིང་མོ་གླང་གི་ལོ་ངོ་མཚར་བའི་ལྟས་དང་བཅས་ཏེ་འཁྲུངས་སོ། །ཡབ་ཡུམ་དེ་གཉིས་ལ་སྲས་གསུམ་ཡོད་པ་ལས། རྗེ་འདི་ཆེ་བ་དང༌། བ་སོ་ཆོས་ཀྱི་རྒྱལ་མཚན་བར་པ་དང༌། ཆུང་བ་བསོད་ནམས་བཀྲ་ཤིས་ཞེས་པ་ཞིག་བྱུང་ངོ༌།།

དེ་ལྟར་མཁས་གྲུབ་ཆེན་པོ་འདི་ནི་སྔོན་ནས་ལམ་ལ་སྦྱངས་པའི་མཐུ་བརྟས་པས་འཁྲུངས་ཙམ་ཉིད་ནས་བྱིས་པའི་རྒུད་པ་གང་ཡང་མེད་ཅིང༌། ཆོས་དང་ཆོས་མིན་འབྱེད་པའི་བློ་གྲོས་ཐོགས་པ་མེད་པ་ཞིག་བྱུང་ནས་བདག་ཉིད་ཆེན་པོ་འདི་ནི་སྐྱེས་བུ་དམ་པ་ཞིག་བསམས་བཞིན་དུ་བྱོན་པའོ། །ཞེས་གླེང་ཞིང༌། མཁས་གྲུབ་ལྷ་དབང་པའི་སྐྱེ་བ་ཡིན་པར་གྲགས་པས་མཁས་གྲུབ་ཅེས་མཚན་ཆུང་ངུ་ནས་ཐོགས་སོ། །དེ་ནས་རྒྱལ་བ་སྲས་དང་བཅས་པ་དང༌། དམ་ཅན་ཆོས་སྲུང་ཐམས་ཅད་ཀྱིས་རྗེ་འདི་པ་འཇམ་མགོན་བླ་མའི་བསྟན་པའི་སྲོག་ཤིང་འཛིན་ཕྱིར་ཐུགས་རྒྱུད་བསྐུལ་ཞིང་སྔོན་ནས་གོམས་པའི་མཐུས་ངེས་འབྱུང་གི་བསམ་པ་ཤུགས་དྲག་པོས་རབ་ཏུ་བྱུང་བའི་ལོ་ཚིགས་སུ་སླེབས་མ་ཐག་གནས་བརྟན་འདུལ་བ་འཛིན་པ་མཁན་ཆེན་སེང་གེ་རྒྱལ་མཚན་དཔལ་བཟང་པོས་མཁན་པོ་མཛད། རྒྱ་མ་བ་ཡོན་ཏན་འོད་ཀྱིས་སློབ་དཔོན་མཛད་ནས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་དགེ་ལེགས་དཔལ་བཟང་པོ་ཞེས་གསོལ། དེ་ནས་མཁན་སློབ་གཉིས་ལས་བསླབ་བྱ་གསན་ཏེ་དགེ་ཚུལ་གྱི་བསླབ་བྱ་ཡན་ལག་དང་བཅས་པ་མིག་གི་འབྲས་བུ་ལས་ཀྱང་གཅེས་པར་བསྲུངས་ཏེ་ཚུལ་ཁྲིམས་རྣམ་པར་དག་པར་མཛད་པ་གཞིར་བཟུང་ནས་གངས་ཅན་གྱི་པཎྜི་ཏ་ཆེན་པོ་རྗེ་བཙུན་རེད་མདའ་བའི་ཞབས་ལ་གཏུགས་ཏེ་ཚད་མ་སྡེ་བདུན། མངོན་པ་གོང་འོག །བྱམས་ཆོས་སྡེ་ལྔ། དབུ་མ་རིགས་ཚོགས། འདུལ་བ་རྣམས་ལ་སྦྱངས་ཏེ་རིང་པོར་མ་ཐོགས་པར་མཁས་པའི་ཕ་རོལ་ཏུ་སོན། རྡོ་རྗེ་འཛིན་པ་ཡེ་ཤེས་དཔལ་བ་ལ་ཀྱཻ་རྡོ་རྗེའི་དབང་དང་ལམ་འབྲས་ཆ་ལག་དང་བཅས་པ་ཡོངས་སུ་རྫོགས་པ་གསན། གཞན་ཡང་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པ་དང༌། ན་བཟའ་པ་སོགས་བཤེས་གཉེན་དམ་པ་དུ་མ་ལས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན་ཏེ། མདོ་སྔགས་ཀྱི་གཞུང་ལུགས་རབ་འབྱམས་སྨྲ་བ་ལ་མི་འཇིགས་པའི་སྤོབས་པ་ཐོབ་ཅིང་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པར་གྱུར་ཏོ། །དེ་ནས་གཙང་ཕྱོགས་ཀྱི་གྲྭ་ས་རྣམས་སུ་གྲྭ་སྐོར་མཛད་ཅིང༌། ངམ་རིང་ཆོས་སྡེར་ཕེབས་པ་ན་གངས་ཅན་གྱི་མཁས་པ་ཆེན་པོ་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ཡང་དེར་ཕེབས་ནས་འཇིགས་མེད་སྨྲ་བའི་གད་རྒྱངས་བསྒྲགས་ཏེ་དམ་བཅའ་བཞག་པ་ན་ཕྱོགས་དེའི་མཁས་པ་སུས་ཀྱང་རྒོལ་བའི་གླགས་མ་རྙེད་པ་ན་པཎ་ཆེན་ཕྱོགས་རྒྱལ་བས་ས་པཎ་གྱི་རིག་གཏེར་འདི་ནང་འགལ་གྱི་ཕུང་པོ་ཡིན་པས་ངས་ཐལ་ཆགས་སུ་དགག་པར་བྱ་ཡིས། ལན་སྤོབས་པ་ཡོད་ན་སྨྲོས་ཤིག་ཞེས་ངམ་རིང༌། ས་སྐྱ། བོ་དོང་སོགས་ཆོས་སྡེ་ཕལ་མོ་ཆེར་དྲིལ་བསྒྲགས་པ་ན། ཇི་ལྟར་སེང་གེའི་སྐད་ཀྱིས་ཝ་སྐྱེས་རྣམས་འདར་བ་བཞིན་དུ་ཕྱོགས་དེའི་མཁས་པར་རློམས་པ་སུས་ཀྱང་ལན་འདོན་པར་མ་ནུས་པ་ན་ཕྱོགས་དེའི་དགེ་འདུན་ཕལ་མོ་ཆེས་གྲོས་བྱས་ཏེ་སྐྱེས་ཙམ་ཉིད་ནས་ཤེས་རབ་ཀྱི་སྣང་བ་རྒྱས་པ་དཀའ་བཅུ་དགེ་ལེགས་དཔལ་བ་འདི་ལ་གསོལ་བ་བཏབ་པ་དྲག་ཅེས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་མཁས་གྲུབ་ཆེན་པོ་ལ་ཞུས་པ་ན་དེ་དུས་མཁས་གྲུབ་ཆེན་པོ་འདི་པ་དགུང་ལོ་བཅུ་དྲུག་གི་སྐབས་ཡིན་པས་སྐུ་ན་ཤིན་ཏུ་ཕྲ་བ་ཡིན་ཡང་འཇིགས་པ་མེད་པར་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅས་ཏེ་དེ་ཁོ་བོས་ནུས་སོ་ཞེས་ཞལ་གྱིས་བཞེས་ཏེ་དགེ་འདུན་ཐམས་ཅད་ཚོགས་པའི་དབུས་སུ་པཎ་ཆེན་ཕྱོགས་རྒྱལ་བས་དམ་བཅའ་བཞག །དེ་ལ་མཁས་གྲུབ་རིན་པོ་ཆེས་རེ་རེ་ནས་འདི་ནི་མི་རིགས་པ། འདི་ནི་མི་འཐད་པ། ལུང་དང་འགལ་བ་དང་རིགས་པ་དང་འགལ་བ་སྟེ། དེ་དག་མི་འཐད་པའི་རྒྱུ་མཚན་འདི་དང་འདི་ལྟར་རོ་ཞེས་རིག་གཏེར་འགོག་པའི་དམ་བཅའ་རེ་རེ་ནས་དྲི་མ་མེད་པའི་རིགས་པ་བརྒྱ་ཕྲག་སྟོང་གིས་སུན་ཕྱུང་ནས་པཎ་ཆེན་ཕྱོགས་རྒྱལ་བ་སྤོབས་པ་ལན་མེད་དུ་གྱུར། སླར་ཡང་མཁས་གྲུབ་རིན་པོ་ཆེས་རིགས་པའི་ང་རོ་ཆེས་ཆེར་བསྒྲགས་པ་ན་རིགས་པའི་འཕུལ་མཚམས་ཆས་ཞིབ་ཅིང་ཕྲ་བར་གྱུར་ཏེ་པཎ་ཆེན་ཕྱོགས་རྒྱལ་བས་མདོ་སྡེ་པའི་ལུགས་ལ་རྒྱུ་ལས་མ་སྐྱེས་པའི་དངོས་པོ་ཡོད་གསུངས་དགོས་པ་བྱུང་ནས་དེ་མདོ་སྡེ་པ་རང་གི་གྲུབ་མཐའི་ནང་འགལ་ཡིན་གསུངས་ཞིང་ཅུང་ཟད་ཞལ་སྐྱེངས་ཏེ་ཕྱག་གིས་ཞལ་རྒྱན་ལ་ནོམ་ཞིང་བཞུགས་པ་ན། མཁས་གྲུབ་རིན་པོ་ཆེས་ཉམས་མཚར་གྱི་ཚུལ་དུ། རྒྱུ་ལས་མ་སྐྱེས་པའི་དངོས་པོ་ཡོད་གསུངས་པ་དེ་མདོ་སྡེ་པའི་གྲུབ་མཐའི་ནང་འགལ་ཡིན་གསུང་བ། ད་ཁ་སྤུ་འཐོག་པའི་ལས་ལ་བརྩོན་པར་བྱོས་ཤིག །ཅེས་གསུངས་པ་ན་ཚོགས་པ་ཐམས་ཅད་གད་མོའི་གནས་སུ་གྱུར་ཏོ། །དེ་དུས་ཁོང་གཉིས་ཀྱིས་རྩོད་པ་མཛད་པའི་ཚེ་བདག་ཉིད་ཆེན་པོ་དེ་གཉིས་ཀ་དྲི་མ་མེད་པའི་རིགས་པའི་རྣམ་འགྱུར་གཞན་དང་མི་འདྲ་བས་མཁས་པ་མང་པོས་རྩོད་ཡིག་ཟིན་བྲིས་སུ་མཛད་པ་ཡོད་འདུག་ཅིང༌། ཕྱིས་མཁས་གྲུབ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཚད་མ་སྡེ་བདུན་གྱི་དཀའ་གནད་གསལ་བར་སྟོན་པ་ཡིད་ཀྱི་མུན་སེལ་མཛད་པའི་ནང་དུའང་དེ་དུས་ཀྱི་རྩོད་པའི་ཚིག་རྣམས་གྲངས་སོ། །མཁས་མཆོག་བསྟན་འཛིན་དམ་པ་དེ་དག་དྲི་མ་མེད་པའི་རིགས་པའི་རྩེ་དགའ་མཛད་པ་ནི་བསྟན་པ་རིན་པོ་ཆེའི་རྒྱན་དུ་ཆེ་བ་ཡིན་པས་གུས་པ་བསྐྱེད་པར་བྱ་ཡིས། རིགས་པའི་གསང་མི་ཤེས་པའི་བླུན་རྨོངས་དག་གིས་ཁོ་བོ་ཅག་གི་འདི་ཁོ་ན་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་སྒྲོག་པ་དང་རྩོད་པ་མཛད་དོ་ཞེས་ཚིག་ཙམ་གྱིས་འཇིག་རྟེན་པ་བླའི་གྲར་བཤགས་འགྱེད་པའི་ངང་ཚུལ་ལྟར་དུ་བཟུང་སྟེ་ཕྱོགས་སུ་ལྷུང་བའི་བསམ་པས་སྐྱེས་བུ་དམ་པ་ལ་སྨོད་པ་ནི་རྣམ་པ་ཀུན་ཏུ་བྱ་མི་རུང་སྟེ་སྐྱེས་བུ་དམ་པ་ལ་སྨོད་པ་ནི་རང་ཉིད་ངན་འགྲོ་མི་བཟད་པའི་རྒྱུ་སྒྲུབ་པ་ཡིན་པར་མདོ་ལས་གསུངས་པའི་ཕྱིར་རོ། །དོན་འདི་འདྲ་ལ་དགོངས་ནས་རྗེ་བཙུན་རེད་མདའ་པ་ཆེན་པོས། དུས་ཀྱི་འཁོར་ལོ་ལས་བརྩམས་ཏེ་དགག་སྒྲུབ་མཛད་པ་ལ་བླུན་རྨོངས་ལུག་ལྟར་ལྐུགས་པ་འགའ་ཞིག་གིས་ཕྱོགས་སུ་ལྷུང་བའི་བསམ་པས་རེད་མདའ་བ་འདིས་དུས་འཁོར་རྒྱལ་བའི་བཀའ་ཡིན་པ་ལ་དུས་འཁོར་ལ་དགག་སྒྲུབ་བྱེད་པ་འདི་འདྲ་ཞེས་སྨོད་པ་བྱས་པ་ན། རྗེ་བཙུན་རེད་མདའ་བ་ཆེན་པོས་ཁོ་བོས་འཁྱོག་པོའི་ཤིང་བསྲོང་བ་ལྟར་རྒྱལ་བའི་བསྟན་པ་ལ་ཞུས་དག་བྱས་པ་ཡིན་གྱི། སྐྱོན་བརྗོད་པ་ག་ལ་ཡིན། ལར་ནི། སངས་རྒྱས་བསྟན་ལ་ཡིན་མིན་གྱི། །དགག་སྒྲུབ་མཁས་པ་རྣམས་ཀྱིས་བྱེད། །མི་རྣམས་འཕྱིང་པ་འདྲ་བ་ལ། ཁྱི་ལ་བཅོལ་གཉེར་ཅི་ཞིག་ཡོད། །ཅེས་གསུངས་པ་ལྟར་མཁས་པ་རྣམས་རིགས་པའི་རྩེད་འཇོ་བྱེད་པར་བླུན་རྨོངས་དག་འཚངས་ཏེ་ཅི་བྱེད་གསུངས་པ་ལྟར་རོ། །ཕྱིས་པཎ་ཆེན་ཕྱོགས་ལས་རྣལ་རྒྱལ་བས་མཁས་གྲུབ་རིན་པོ་ཆེ་ལ་ཆེད་དུ་བརྗོད་པའི་བསྔགས་པ་མང་དུ་མཛད་དོ།།

མཁས་གྲུབ་རིན་པོ་ཆེ་ནི་སྐུ་ན་ཚོད་ཕྲ་མོ་དེ་ཙམ་ནས་འཆད་རྩོད་རྩོམ་གསུམ་གང་ལའང་ཐོགས་པ་མེད་པ་ཞིག་སྟེ། དགུང་ལོ་བཅོ་བརྒྱད་བཞེས་པའི་ཚེ་རྗེ་བཙུན་འཇམ་པའི་དབྱངས་སྨྲ་བའི་སེང་གེ་ལ་བསྟོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཚན་དཔེས་རབ་ཏུ་བརྒྱན་པ་གཞོན་ནུའི་སྐུ། །ཚངས་དབྱངས་ལྡན་པ་ཆོས་རབ་སྟོན་པའི་གསུང༌། །ཤེས་བྱ་མ་ལུས་ཅིག་ཅར་མཁྱེན་པའི་ཐུགས། །མངའ་བ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །མ་ལུས་སྐྱེ་དགུའི་མགོན་གྱུར་བཅོམ་ལྡན་འདས། །མ་རིགས་མུན་སེལ་སྨྲ་བའི་སེང་གེ་ལ། །མ་ཡེངས་སེམས་ཀྱིས་གུས་པས་གསོལ་འདེབས་ཀྱིས། །མ་དག་བློ་ཅན་བདག་ཅག་རབ་ཏུ་སྐྱོངས། །རི་དྭགས་རྒྱལ་པོ་རྣམ་པར་བསྒྱིངས་པའི་སྟེང༌། །ཆུ་སྐྱེས་གཞོན་ནུ་རབ་ཏུ་རྒྱས་པ་དང༌། །བདུད་རྩིའི་འོད་ཅན་ཀུན་ནས་གང་བ་ཡི། །གདན་ལ་རོལ་པས་བཞུགས་པ་ཞི་བའི་སྐུ། །པདྨ་རཱ་གའི་མདོག་འདྲ་རྒྱལ་བའི་སྲས། །ཞལ་གྱི་དཀྱིལ་འཁོར་འཛུམ་པའི་གདངས་ལྡན་ཞིང༌། །ཨུཏྤལ་ཟུང་གི་རྩ་བ་ཉེར་བསྟེན་པའི། །ཆོས་འཆད་ཕྱག་གིས་ཐུགས་ཀར་རྣམ་པར་བརྒྱན། །སྙན་གྱི་ཐད་དུ་ཆུ་འཕྲོག་འདབ་རྒྱས་པའི། །གེ་སར་སྙིང་པོ་གཡས་སུ་རལ་གྲི་དང༌། །གཡོན་པ་གླེགས་བམ་མཆོག་གིས་ཉེར་མཛེས་ཤིང༌། །ཤིན་ཏུ་འགྱིང་པ་འགྲོ་བའི་མགོན་གཅིག་པུ། །མཐོན་མཐིང་རལ་པའི་ཐོར་ཚུགས་རབ་འཁྱིལ་བར། །ཉིད་ཀྱི་རིགས་མཚོན་མི་འཁྲུགས་རྒྱན་ལྡན་ཞིང༌། །སྙན་ཆ་གདུབ་ཀོར་དར་གྱི་ཅོད་པན་གྱིས། །མཆོག་ཏུ་མཛེས་ཀྱང་བལྟ་བས་ངོམས་པ་མིན། །ཐུན་མཚམས་ཕམ་བྱེད་མཛེས་པའི་སྐུ་དེ་ལ། །རིན་ཆེན་ཕྲེང་བ་འོད་ཀྱི་དྲྭ་བ་ཅན། །ཟླ་བའི་དུམ་བུ་ལྟར་དཀར་དོ་ཤལ་གྱིས། །མཆོག་ཏུ་མཛེས་པས་བློ་ལྡན་ཡིད་འཕྲོག་བྱེད། །གང་ཞིག་ཅུང་ཟད་ཁྱོད་ལ་བསྟེན་པས་ཀྱང༌། །འཁོར་བའི་སྡུག་བསྔལ་མཐའ་དག་བསྙིལ་བྱེད་ན། ཁྱོད་ཉིད་ཁོ་ན་མགོན་དུ་བྱེད་པ་ཡིས། །བློ་ལྡན་རྣམས་ལ་ཀུན་མཁྱེན་ག་ལ་རིང༌། །དེས་ན་རྒྱལ་སྲས་ཐུ་བོ་ཡོན་ཏན་གཏེར། །མཚུངས་མེད་སྨྲ་བའི་དབང་ཕྱུག་ཞབས་པད་ལ། །རྟག་ཏུ་གུས་པས་མགོ་བོ་འདུད་པར་བགྱི། །སྐྱེ་བ་ཀུན་ཏུ་རྗེས་སུ་བཟུང་དུ་གསོལ། །དེ་ལྟར་བདག་གིས་བསྒྲིམས་ཏེ་བསྟོད་མོད་ཀྱིས། །བཅོམ་ལྡན་ཁྱོད་ཀྱི་ཡོན་ཏན་ཆ་ཙམ་ཡང༌། །བརྗོད་པར་མ་ནུས་བློ་གྲོས་ཤིན་ཏུ་ངལ། །ད་ནི་ཐོགས་མེད་སྨྲ་བའི་མཆོག་གྱུར་ཅིག །བདག་གིས་འདི་ལྟར་རྗེ་བཙུན་འཇམ་པའི་དབྱངས། །ཅུང་ཟད་བསྟོད་ལས་དགེ་བ་གང་བསགས་པ། །རབ་དཀར་དྲི་མེད་ཡིད་ཀྱི་མཁར་ཤར་བས། །འགྲོ་བློའི་མུན་པ་མ་ལུས་མཐར་བྱེད་ཤོག །ཅེས་པ་མཛད་པ་སོགས་འཆད་རྩོད་རྩོམ་པ་གང་ལའང་ཐོགས་པ་མེད་པ་ཀུན་ལ་མཐུན་སྣང་དུ་གྲུབ་བོ། །དེ་ནས་བསྙེན་པར་རྫོགས་པའི་ལོ་གྲངས་སུ་སོན་པ་ན། སྟོད་འདུལ་བའི་མཁན་རྒྱུད་གངས་རིའི་ཁྲོད་ཀྱི་ཤིང་རྟ་ཆེན་པོ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་མཁན་པོ། མཁས་པའི་དབང་ཕྱུག་ཆེན་པོ་དཔལ་འབྱོར་ཤེས་རབ་ཀྱིས་ལས་སློབ། མཚན་དོན་དང་མཐུན་པའི་མཉལ་པ་བློ་གྲོས་མཚུངས་མེད་ཀྱིས་གསང་སྟོན། གཞན་ཡང་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་དགེ་སློང་གི་སྡོམ་པ་ཡང་དག་པར་བཞེས་ཏེ་འདུལ་འཛིན་གསེར་རིའི་ཕྲེང་བ་ལྟ་བུའི་དབུས་ན་ཟླ་མེད་པའི་ལྷུན་པོ་ལྟ་བུར་གྱུར་ཏོ། །དེ་ནས་རྗེ་བཙུན་རེད་མདའ་བ་ཆེན་པོས་མཁས་གྲུབ་རིན་པོ་ཆེ་ལ་ཁྱེད་རྗེ་བཙུན་ཙོང་ཁ་པ་དང་མཇལ་ན་གཞན་དང་མི་འདྲ་བ་ཞིག་འོང་ཞེས་བསྐུལ་བ་དང༌། རང་ཉིད་ཀྱང་རྗེ་རིན་པོ་ཆེའི་སྙན་པ་གསན་པས་དད་པས་ཆེས་ཆེར་བསྐུལ་ཏེ་མེ་ཕག་གི་ལོར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་མཇལ་དུ་བྱོན་ཏེ་སང་མཇལ་རྒྱུའི་ནུབ་མོ་སྙེ་ཐང་དུ་བཞུགས་པའི་མནལ་ལམ་དུ། མུན་པ་ནག་པོ་ཕྱོགས་གར་འགྲོའི་གཏོལ་མེད་པ་ཞིག་ཏུ་ཕྱིན་པ་ན། ཤར་ཕྱོགས་ནས་རལ་གྲིའི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་རལ་གྲིའི་སོ་རྣམས་ཕྱི་དང་ཡུ་བ་ནང་དུ་བསྟན་པ་རལ་གྲི་རེ་རེའི་རྩེ་ནས་ཉི་མའི་དཀྱིལ་འཁོར་བརྒྱ་ཕྲག་རེ་ཤར་པ། འཁོར་ལོ་དེའི་ལྟེ་བའི་དབུས་སུ་འཇའ་ཚོན་སྣ་ལྔའི་དྲྭ་བས་བསྐོར་བའི་ནང་དུ་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་རལ་གྲི་དང་གླེགས་བམ་བསྣམས་ཤིང་རིན་པོ་ཆེའི་རྒྱན་དཔག་ཏུ་མེད་པས་སྤྲས་པ། གཞོན་ནུའི་ཆ་བྱད་ཅན། རལ་པའི་ཐོར་ཚུགས་ལ་མུ་ཏིག་གི་ཕྲེང་བས་དཀྲིས་ཤིང་ཤིན་ཏུ་མཛེས་པ་བལྟ་བས་ཆོག་མི་ཤེས་པ་ཞིག་བྱོན་བྱུང་བས། མུན་པ་ཐམས་ཅད་སངས། འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པ་དང༌། རྗེ་བཙུན་གྱི་སྐུ་ཡང་རང་གི་ལུས་ལ་ཐིམ་པས་བདེ་བའི་ཉམས་ཁྱད་པར་ཅན་སྐྱེས་པ་ཞིག་བྱུང༌། སང་ཉིན་སེ་ར་ཆོས་སྡིངས་སུ་ཕེབས་པ་ན་ཐོག་མར་དགེ་སློང་ཞི་དུལ་ཅན་ཞིག་དང་མཇལ་བ་ན་དེ་ལ་ཆོས་རྗེ་བློ་བཟང་གྲགས་པའི་གཟིམ་ཁང་གང་ཡིན་དྲིས་པས། ལན་མ་སྨྲས་པར་ནང་དུ་སོང་ནས་སྤོས་རེང་སྤར་ནས་ཁྱེར་བྱུང་སྟེ། གཟིམ་ཁང་སེར་པོའི་དྲུང་དུ་སླེབས་པ་ན་ཕྱག་གསུམ་བཙལ། ཕྱག་གཉིས་ཀྱིས་སྤོས་རེང་བཟུང་སྟེ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བདག་གི་མཁན་པོ་རིན་པོ་ཆེ་བློ་བཟང་གྲགས་པའི་ཞལ་སྔ་ནས་བཞུགས་པའི་གཙུག་ལག་ཁང་ནི་འདིའོ་ཞེས་སྤོས་ཀྱི་རྩེ་མོ་དེ་ཕྱོགས་སུ་བསྟན་པས་དགེ་སློང་དེ་འདུལ་བ་ནས་གསུངས་པ་ལྟར་གྱི་ཀུན་སྤྱོད་ཡོངས་སུ་དག་པ་དང༌། དགེ་བའི་བཤེས་གཉེན་ལ་ཤིན་ཏུ་གུས་པའི་ཚུལ་རྣམས་གཟིགས་པས་རྗེ་ཙོང་ཁ་པའི་ཞབས་འབྲིང་དགེ་སློང་འདི་དག་ཀྱང་འདི་ལྟར་དམ་པའི་ཆོས་འདུལ་བའི་ལག་ལེན་ལ་མཁས་ཤིང་ཞི་ཞིང་དུལ་བ་བླ་མ་ལྔ་བཅུ་པ་ནས་བཤད་པའི་བཤེས་གཉེན་བསྟེན་ཚུལ་རྣམས་ཀྱང་ཕྱག་ལེན་ལ་ཐེབས་པ་འདི་འདྲ་ན། རྗེ་རིན་པོ་ཆེ་ཇི་འདྲ་ཞིག་ཡོད་སྙམ་དུ་ལུས་ཀྱི་སྤུ་ཟིང་ཞེས་བྱེད་ཅིང་འཇིགས་ཤིང་སྤ་ཞུམ་པར་གྱུར། དེ་ནས་རྗེ་རིན་པོ་ཆེ་མཇལ་བས་དད་པ་དཔག་ཏུ་མེད་པ་འཁྲུངས། རྗེ་རིན་པོ་ཆེས་ཁྱེད་ལ་ལམ་དུ་རྨི་ལམ་ཅི་བྱུང་གསུངས་པར་སྔར་སྙེ་ཐང་དུ་བྱུང་བ་རྣམས་ཞུས་པས་ཁྱེད་སྔགས་ཀྱི་གདུལ་བྱ་དབང་རྣོན་ཡིན་པར་འདུག ཁྱེད་ཀྱིས་གདུལ་བྱ་མང་པོ་ལ་ཕན་ཐོགས་ཆེན་པོ་འོང་གསུངས། དེ་དུས་རྗེ་རིན་པོ་ཆེས་ཁྱེད་ཡི་དམ་གང་ལ་བྱེད་ཀྱིན་ཡོད་གསུངས་པས་མཁས་གྲུབ་རིན་པོ་ཆེས་བདག་ཡི་དམ་གཤེད་དམར་ལ་བྱེད་ཀྱིན་ཡོད་ཞུས་པར་རྗེ་རིན་པོ་ཆེས་གཤིན་རྗེ་གཤེད་དམར་པོ་ལ་ཡི་དམ་བྱས་ནའང་རྗེ་བཙུན་འཇམ་དབྱངས་ཀྱིས་རྗེས་སུ་འཛིན་པའི་རྒྱུར་འགྱུར་མོད། འོན་ཀྱང་འཇིགས་བྱེད་ལ་ཡི་དམ་བྱེད་པ་བྱུང་ན་རྗེ་བཙུན་འཇམ་དབྱངས་ཀྱིས་རྗེས་སུ་འཛིན་པའི་རྒྱུར་འགྲོ་བ་ལ་གཤིན་རྗེ་གཤེད་གཞན་གཉིས་ལས་ཁྱད་པར་འཕགས་པའི་ཆོས་མང་དུ་ཡོད་གསུངས་པར་བརྟེན། མཁས་གྲུབ་རིན་པོ་ཆེས་ཀྱང་དེ་ནས་བཟུང་སྟེ་རྡོ་རྗེ་འཇིགས་བྱེད་ལ་ཡི་དམ་དུ་མཛད་ཅིང༌། རྗེ་རིན་པོ་ཆེ་ལ་རྡོ་རྗེ་འཇིགས་བྱེད་ལ་ཁྱད་པར་དུ་འཕགས་པའི་ཆོས་ཇི་ལྟ་བུ་ཡོད་ཅེས་གསོལ་བ་བཏབ་པས། འོ་ན་མཎྜལ་རྒྱས་པ་ཞིག་ཕུལ་གསུངས་ནས། མཎྜལ་ཕུལ་བས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་མན་ངག་དང༌། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེས་སུ་འཛིན་པའི་རྒྱུ་གཞན་གཉིས་དང་མི་འདྲ་བའི་ཁྱད་པར་ཡོད་པ་རྣམས་རྒྱས་པར་གནང༌། དེའི་ཚེ་མཁས་གྲུབ་རིན་པོ་ཆེས་རྡོ་རྗེ་འཇིགས་བྱེད་ཀྱི་དབང་གི་དོན་དུ་གསོལ་བ་བཏབ་པས་རྗེ་ཉིད་ཀྱིས་དཀྱིལ་འཁོར་བྲི་ཐིག་གནང་ནས་འཇིགས་བྱེད་བཅུ་གསུམ་མའི་དབང༌། རྟོག་བདུན། རྟོག་གསུམ། རྣལ་འབྱོར་བཞི་རིམ་གྱི་ཁྲིད་སོགས་གནང་ནས། ཁྱོད་བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པ་ཞིག་འོང་བར་འདུག་ཅེས་དགྱེས་པའི་བཀའ་སྩལ། རྗེ་རིན་པོ་ཆེའི་ཚེམས་བྲུལ་བ་ཡང་དགྱེས་བཞིན་དུ་གནང་བར་ཚེམས་ཡིག་ལུང་བསྟན་དུ་གསུངས་སོ།།

དེ་ནས་མཁས་གྲུབ་རིན་པོ་ཆེས་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་ནས་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ཀྱི་སྙིང་པོའི་དོན་རྒྱལ་བ་སྲས་བཅས་ཀུན་གྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་སྙན་བརྒྱུད་ཀྱི་མན་ངག་གེགས་སེལ་བོགས་འདོན་དང་བཅས་པ་མཐའ་དག་ལ་གསན་ཞིང༌། ཤིང་རྟ་ཆེན་པོ་གཉིས་ཀྱི་ལམ་སྲོལ་དྲི་མ་མེད་པའི་རིགས་པའི་བཀའ་གནད་མཐའ་དག་གསན། །རྒྱུད་སྡེ་བཞི་དང་འབྲེལ་བའི་མན་ངག་མཐའ་དག་དང༌། ལྷག་པར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རྗེ་རིན་པོ་ཆེ་ལ་ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་མཆོད་པ་ཚད་མེད་པས་མཆོད་ཅིང༌། གསེར་གྱི་མཎྜལ་ཕུལ་ཏེ་གསོལ་བ་ཤུགས་དྲག་ཏུ་འདེབས་པར་མཛད་པས་རྗེ་རིན་པོ་ཆེས་ཟླ་བ་བཅུའི་རིང་ལ། ཉིན་མོ་རྒྱུད་སྡེ་དང་གཞུང་ཆེན་མོ་རྣམས་ཀྱི་བཤད་པ་མཚན་རེ་བཞིན་བསྐྱེད་རྫོགས་ཀྱི་མན་ངག་རྣམས་དང་ཁྱད་པར་ཞལ་ལས་ཤེས་པར་བྱ་བའི་གནད་མཐའ་དག་རྒྱུན་མ་ཆད་པར་སྩལ་བ་རྣམས་ཚིག་ཟུར་ཕྲ་མོ་ཙམ་ཡང་ཉམས་པ་མེད་པར་ཐུགས་ལ་བཟུང་ཞིང་ཉམས་སུ་བཞེས་ཏེ་གདེང་ཐོབ་པར་མཛད་དོ། །དེའི་ཚེ་མཁས་གྲུབ་རིན་པོ་ཆེས་རྗེ་ཐམས་ཅད་མཁྱེན་པ་ལ་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་མཆོད་པ་ཚད་མེད་པས་མཆོད་ཅིང་གསེར་གྱི་མཎྜལ་ཕུལ་ཏེ་གསོལ་བ་བཏབ་པས། རྗེ་བླ་མའི་ཐུན་མོང་མ་ཡིན་པའི་གསང་བའི་རྣམ་ཐར་དང་སྔགས་ཀྱི་གདམས་པ་མང་པོ་ལྐོག་ཆོས་སུ་གནང་ནས། ད་ཁྱོད་ལ་མན་ངག་རྣམས་རྫོགས་པར་བཤད་ཡོད་པས་ངའི་སྔགས་ཀྱི་ཡིག་ཆ་འདི་རྣམས་ཀྱི་བཀའ་གནད་རྣམས་ལ་ཟིན་བྲིས་ཐོབ་ལ་རང་ཡང་ཉམས་སུ་ལོངས། སྣོད་ལྡན་གྱི་གདུལ་བྱ་རེ་གཉིས་ཙམ་བྱུང་ན་དེ་རྣམས་ལ་ཤོད། ངའི་མདོ་སྔགས་ཀྱི་བསྟན་བཅོས་འདི་རྣམས་ལ་དགོངས་པ་འགྲེལ་པའི་བསྟན་བཅོས་རྣམ་པར་དག་པ་རྩོམས། ཁྱད་པར་དུ་ཟབ་མོ་དབུ་མའི་ལྟ་བ་དང་ངའི་སྔགས་ཀྱི་བསྟན་པ་འདི་རྣམས་རྒྱས་པར་གྱིས་ཤིག་གསུངས་ནས་བསྟན་པ་ཡོངས་སུ་རྫོགས་པ་གཏད་དོ། །གཞན་ཡང༌། རྗེའི་ཐུགས་སྲས་རྒྱལ་ཚབ་དར་མ་རིན་ཆེན། འདུལ་འཛིན་གྲགས་པ་རྒྱལ་མཚན་སོགས་ལའང་མན་ངག་མང་དུ་གསན་ནོ།།

དེ་ནས་རྗེ་རིན་པོ་ཆེ་ཞིང་གཤེགས་ནས་ཕལ་ཆེར་རི་བོ་མདངས་ཅན་དུ་བཞུགས་ཏེ་རྗེ་རིན་པོ་ཆེའི་མདོ་སྔགས་ཀྱི་མན་ངག་རྣམས་ཐུན་བཞིར་བཅད་དེ་ཉམས་སུ་བཞེས་པས་བཤེས་གཉེན་བསྟེན་ཚུལ་ནས་མི་སློབ་པའི་ཟུང་འཇུག་གི་བར་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་མྱོང་བ་ཕུལ་ཕྱིན་ཐོན་ཏེ་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་སངས་རྒྱས་དངོས་སུ་བྱོན་ཡང་དེ་ཕན་ཆད་དུ་གསུང་དུ་མེད་པའི་མདོ་སྔགས་ཀྱི་གདམས་པ་ཟབ་མོ་འདི་འདྲ་ཐོབ་ནས་ཁ་ཕྱིར་ལྟར་མ་སོང་བར་རང་གི་རྒྱུད་ལ་བསྐོར་ཏེ་ཉམས་ལེན་མཐར་ཕྱིན་པར་བྱ་དགོས་སོ། །ཞེས་འདོམས་ཕྱིར་དམ་བཅའ་འདི་ལྟར་མཛད་དེ།

ན་མོ་གུ་རུ་མཉྫཱུ་གྷོ་ཥཱ་ཡ། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ཐུགས་རྗེའི་སྟོབས་དང་སྨོན་ལམ་གྱི་མཐུ་གྲུབ་པ་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ལྷག་པའི་བསམ་པ་རྣམ་པར་དག་པས་ཡི་དམ་དུ་བགྱི་བའི་དོན་མཐའ་དག་གེགས་མེད་པར་མཐར་ཕྱིན་པར་མཛད་དུ་གསོལ། གང་ཞིག་ཐུགས་རྗེ་ཆེན་པོའི་གཞན་དབང་གིས། །བདག་བདེར་ཅུང་ཟད་ཙམ་ཡང་མ་གཟིགས་པར། །གཞན་ཕྱིར་དཔག་པར་དཀའ་བའི་སྤྱོད་ཡུལ་ལ། །གྲངས་མེད་བཟོད་དཀའི་ངལ་བས་མི་སྐྱོ་བར། །ཐུགས་བསྐྱེད་མཐར་ཕྱིན་མཛད་པའི་འགྲོ་བའི་གཉེན། །དགེ་ལེགས་རྩ་བ་དྲིན་ཅན་བླ་མ་དང༌། །སྲས་བཅས་རྒྱལ་བའི་ཞབས་ལ་ཕྱག་བཙལ་ནས། །དེ་དག་སྤྱན་སྔར་ཡང་དག་བླངས་པའི་ཁྲིམས། །སྡོམ་པ་གསུམ་གྱི་བཅས་པའི་མཚམས་རྣམས་ལས། །མ་གཏོགས་ཁས་ལེན་བགྱི་བ་ཅི་ཞིག་མཆིས། །འོན་ཀྱང་བདག་ནི་ཉོན་མོངས་དབང་གྱུར་ཅིང༌། །བག་མེད་སྤྱོད་པའི་གོམས་པ་ཤུགས་ཆེ་བས། །ཕལ་ཆེར་ལོག་པའི་རྒྱུན་ཕྱོགས་གཞོལ་གྱུར་པ། །འདི་ལ་དྲན་ཤེས་སྐྱེ་བར་འགྱུར་སྙམ་ནས། །སླར་ཡང་རྒྱལ་དང་དེ་སྲས་སྲུང་མའི་ཚོགས། །དཔང་པོར་གསོལ་ཏེ་འདུན་པ་དྲག་པོ་ཡིས། །དགེ་སྦྱོང་བདག་གིས་དམ་བཅའ་བཅུ་པོ་འདི། །དེང་ནས་བརྩམས་ཏེ་ཇི་སྲིད་འཚོ་ཡི་བར། །སྲོག་ལ་བབ་ཀྱང་དོར་བར་མི་བགྱིད་ཅིང༌། །གལ་ཏེ་འདས་ན་རྒྱལ་བ་སྲས་བཅས་ཀྱིས། །ཕྱུགས་ལྟར་དགོངས་ནས་སྲུང་མའི་ཚོགས་རྣམས་ཀྱིས། །བག་མེད་བདག་གི་ཁོང་པའི་སྙིང་ཕྱུངས་ཤིག །དེ་ལྟར་མཁྱེན་པར་གསོལ་ནས་དམ་བཅའ་བ་བཅུ་རྗེས་སུ་བརྗོད་པ་འདི་དག་གོ །དེ་ཡང་གང་གི་ཚེ་གཞན་གྱི་སེམས་ངེས་པར་བསྲུང་དགོས་ཤིང༌། ཆེས་ངོ་མཚར་བ་ལ་སོགས་པའི་ཆོས་ལྡན་གྱི་དམིགས་བསལ་རེ་རེ་ཙམ་མ་གཏོགས་པའི་སྐབས་གང་དུ་ཡང་དམག་དང་ཆོམ་རྐུན་དང༌། རྒྱལ་པོའི་གཏམ་ལ་སོགས་པ་འདུ་འཛིའི་གཏམ་གྱི་སྦྱོར་བ་ཅུང་ཟད་ཙམ་ཡང་མི་བགྱི་བ་ནི་དམ་བཅའ་དང་པོའོ།།

ཀུན་སློང་སྐྱོན་ཆགས་པའམ། ལུང་དུ་མ་བསྟན་པ་རྣམ་པར་མ་བརྟགས་པའི་སེམས་ཀྱིས་ཀུན་ནས་བསླང་བ་ཡང་རུང་སྟེ། དེ་ཉིད་ཀྱི་ཉེས་པ་སེལ་བའི་ཆོས་ལྡན་གྱི་ཆེད་དུ་ཕན་པར་འདོད་པ་འབའ་ཞིག་གིས་བརྗོད་པ་མ་གཏོགས་པ། རང་ལས་རྒྱུད་ཐ་དད་པའི་གང་ཟག་དམིགས་ཀྱིས་བསལ་བའི་མིང་ནས་སྨོས་ཏེ་དེའི་སྒོ་གསུམ་གྱི་སྐྱོན་ཕྲ་མོ་ཙམ་ཡང་ཚིག་ཏུ་བརྗོད་པར་མི་བགྱིད་པ་ནི་དམ་བཅའ་བ་གཉིས་པའོ།།

གལ་ཏེ་རང་ལ་སེམས་རྒྱུད་ཅུང་ཟད་ཙམ་ཡང་འཁྲུགས་པའི་བསམ་པ་མི་འདྲེན་ཅིང༌། གཞན་ལ་ཐབས་དེས་ངེས་པར་ཕན་པར་ཡིད་ཆེས་པའི་སྐབས་བྱུང་ན་མ་གཏོགས་པ་རང་ལས་རྒྱུད་ཐ་དད་པའི་སེམས་ཅན་དང༌། དེ་ལས་གཞན་སེམས་ཅན་མིན་པ་ཡུལ་དུ་བྱས་པའང་རུང་སྟེ་རྩུབ་མོའི་ཚིག་ཅུང་ཟད་ཙམ་ཡང་མ་བགྱིད་པ་དམ་བཅའ་གསུམ་པའོ།།

གང་གི་ཚེ་ཆོས་ལྡན་གྱི་བྱ་བའི་ཆེད་དུ་དྲན་ཤེས་ཉེ་བར་བཞག་སྟེ་ངེས་པར་བརྟག་དགོས་པའི་གནས་ལ་སེམས་པ་མ་གཏོགས་པ། གཉེན་བཤེས་དང༌། རྙེད་བཀུར་དང་འདུ་འཛི་དང༌། ཆགས་སྡང་ལ་སོགས་པའི་གནས་ལ་ཅུང་ཟད་ཀྱང་ཉོན་མོངས་པ་དང་འདྲེས་པའི་སེམས་ཀྱིས་བརྟག་པར་མི་བྱ་བ་ནི་དམ་བཅའ་བ་བཞི་པའོ།།

གང་གི་ཚེ་ནད་དང༌། ལམ་ལ་སོགས་པས་ཧ་ཅང་དུབ་པའི་སྐབས་མ་གཏོགས་པར། དགེ་བའི་སྦྱོར་བའི་སྐབས་གང་གི་ཚེའང༌། ཉལ་བ་དང༌། འཕྲེས་པ་དང༌། བྲེ་མོའི་གཏམ་དང༌། བཟའ་བཏུང་ཧ་ཅང་བསྟེན་པ་སོགས་ཀྱིས་ཆོས་ལྡན་གྱི་དགོས་པ་མེད་ཅིང་ལེ་ལོ་སྐྱེ་བར་མཐོང་བཞིན་དུ་འཕྲོ་མི་གཅོད་ཅིང་དང་དུ་ལེན་པ་ཅུང་ཟད་ཀྱང་མི་བགྱི་བ་ནི་དམ་བཅའ་བ་ལྔ་པའོ།།

བདག་ལ་རྫས་དེ་བདོག་ཅིང་དེ་གང་ཟག་དེ་ཉིད་ལ་སྦྱིན་ན་བདག་གི་དགེ་བའི་བྱ་བ་ཉམས་པའི་རྐྱེན་དང༌། འཕེལ་བའི་གེགས་སུ་འགྱུར་པའམ། ཡུལ་དེ་ལ་གནོད་པར་འགྱུར་བར་ངེས་པའམ། ཆེད་དུ་བྱ་བ་ཆོས་ལྡན་གཞན་དང་ཡུལ་གཞན་ལ་བསྔོས་ཟིན་པ་མ་གཏོགས་པ། གང་ཟག་གང་ཡང་རུང་བས་ཡོ་བྱད་བཟང་ངན་ཅི་འདྲ་ཞིག་སློང་ཡང་སེར་སྣའི་བློས་མི་སྟེར་བ་སྤངས་ཏེ། དེ་མ་ཐག་ཏུ་དགའ་བའི་སེམས་ཀྱིས་བྱིན་ནས་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བགྱི་བ་ནི་དམ་བཅའ་བ་དྲུག་པའོ།།

གང་གི་ཚེ་བདག་གམ་བདག་གི་གཉེན་བཤེས། ལོངས་སྤྱོད། འཁོར་གཡོག་གང་ཡང་རུང་བ་ལ་སུ་ཡང་རུང་བས་ཅི་ཡང་རུང་བའི་གནོད་པ་དང༌། མི་སྙན་པ་བརྗོད་པ་དང༌། མཚང་ནས་འབྲུ་བ་དང༌། སྲོག་གཅོད་པའི་བར་དུ་བྱེད་པ་ཐམས་ཅད་ལ་དང་པོར་ཁོང་འཁྲུགས་པ་དང༌། རྗེས་སུ་ཁོན་དུ་འཛིན་པས་ལུས་ངག་གི་རྣམ་པར་འགྱུར་བ་ཕྲ་མོ་ཡན་ཆད་འབད་པས་འགོག་ཅིང་ཅུང་ཟད་ཀྱང་དང་དུ་མི་ལེན་ལ་ཅི་ནས་ཀྱང་དེ་ཉིད་ཀྱི་ལན་དུ་དངོས་བརྒྱུད་གང་ཡང་རུང་བའི་སྒོ་ནས་ཕན་གདགས་པའི་བློ་བསྐྱེད་ཅིང་སྨོན་ལམ་གདབ་པ་ནི་དམ་བཅའ་བ་བདུན་པའོ།།

བདག་ཉིད་ཀྱིས་དབང་ཁྲིད་ལུང་མན་ངག་སྟོན་པ། མདོ་རྒྱུད་སོགས་འཆད་པ། བདུན་ཚིགས་རབ་གནས་སྦྱིན་སྲེག་གི་ཡོན་དང༌། ཆོས་ཕྱོགས་ལ་དམིགས་པ་དང༌། འཕྲལ་དུ་ལོངས་སྤྱོད་པ་ལ་ཉེ་བའི་སྟ་གོན་འདུ་བྱས་པ་འཚེམས་ཤིང་དྲུབ་པའི་ཆོས་གོས་དང༌། གཡོས་སུ་བྱས་པའམ་དེ་ཉིད་ཀྱི་ཚེ་གཡོས་སུ་བྱེད་པར་ཆས་པ་ལྟ་བུའི་ཟས་གོས་མ་གཏོགས་པ་ཡོ་བྱད་ཆེ་ཆུང་གང་བྱུང་ཡང་བདག་ཉིད་ཀྱི་དོན་དུ་བདག་གིར་མི་འཛིན་ཅིང་བསོད་ནམས་གསོག་པའི་ཐབས་འབའ་ཞིག་ལ་གཏོང་བ་དང༌། ཆོས་ཀྱི་སྦྱིན་པ་ཚིག་བཞི་ཡན་ཆད་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་རྩིས་ཟིན་པར་བྱེད་པ་ནི། དམ་བཅའ་བ་བརྒྱད་པའོ།།

བསྟན་པ་འབའ་ཞིག་ལ་བསམ་པའི་བློས་གསུང་རབ་ཀྱི་དོན་ལ་ལོག་པར་རྟོག་པ་འགོག་པའི་ཡན་ལག་མ་གཏོགས་པར། བཤེས་གཉེན་གཞན་སུ་ལའང་མི་བསྔགས་པ་ཅུང་ཟད་ཀྱང་མི་སྨྲ་ཞིང་ཡོན་ཏན་བརྗོད་པ་ལྷུར་ལེན་པ་དང་གང་ཟག་མཆོག་དམན་སུ་ལ་ཡང་ཕུན་སུམ་ཚོགས་པའི་རྣམ་པ་ཆེ་ཆུང་ཅི་འདུག་པ་དང༌། ཡོན་ཏན་གྱི་ཁྱད་པར་ཆོས་དང་མཐུན་པ་ཅི་འདུག་པ་མཐོང་ངམ་ཐོས་པ་ན་ཡིད་ལ་ཟུག་རྔུ་ཅུང་ཟད་ཀྱང་མི་བསྐྱེད་ཅིང་དེ་མ་ཐག་ཏུ་སྙིང་ལ་དགའ་བའི་བློ་སྦྱོང་བ་ནི་དམ་བཅའ་བ་དགུ་པའོ།།

ནད་དང་ཆོམ་རྐུན་སོགས་དྲག་པོས་གཙེས་པའི་གཞན་དབང་དུ་གྱུར་པས་བསྒྲུབ་པར་མ་ནུས་པའི་སྐབས་བྱུང་ན་མ་གཏོགས་པ་ཇི་སྲིད་འཚོའི་བར་དུ་ཉིན་ཞག་རེའི་ནང་དུ་དགེ་སྦྱོར་བཅུ་པོ་འཆག་མེད་དུ་བགྱི་བ་སྟེ། དེ་ཡང་འདི་ལྟ་སྟེ་སྨོན་སེམས་དང་འཇུག་སེམས་ཆོ་ག་ཉུང་ངུས་ཐུན་དྲུག་ཏུ་ལེན་ཅིང༌། ཁྱད་པར་སྔ་དྲོ་སྨོན་སེམས་དང་བྱང་སེམས་ཀྱི་སྡོམ་པ་རང་གིས་བླངས་པའི་ཆོ་ག་རྒྱས་པ། བྱང་ཆུབ་ཀྱི་སེམས་གཉིས་སྦྱང་བའི་དམིགས་རྣམ་གང་སྐབས་དང་འཚམ་པར་ཐུན་བཞིར་ལེགས་པར་བསྒོམས་ནས་སྤྱོད་ལམ་ཐམས་ཅད་དེ་ཉིད་ཀྱིས་རྩིས་མ་ཟིན་པའི་རྒྱ་ཡན་དུ་མ་ཤོར་བར་དྲན་ཤེས་ནར་མར་བསྟེན་པ་ལ་འབད་པ། འཁོར་བའི་སྣང་ཤས་ཟིལ་གྱིས་གནོན་པའི་གཉེན་པོར་སྐྱེས་བུ་ཆུང་འབྲིང་གི་དམིགས་རྣམ་གཙོ་བོ་གང་སྐབས་དང་འཚམ་པར་ཐུན་བཞིར་བསྒོམས་ནས་སྔ་མ་ལྟར་དྲན་ཤེས་བསྟེན་པ། སྔགས་བླ་མེད་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་རྫོགས་པའི་ཐུན་བཞིའི་རྣལ་འབྱོར་རྣམས་ཏེ་དམ་བཅའ་བ་བཅུ་པའོ།།

འདི་ལྟར་བདག་གི་ཡི་དམ་རྣམ་པ་བཅུ། །མི་འདོད་བཞིན་དུ་གཞན་གྱིས་བཅོལ་བ་དང༌། །རྟོག་དཔྱོད་སྤངས་ཏེ་བྱུང་རྒྱལ་སྨྲས་པ་འམ། །ཇི་ཙམ་འབད་ཀྱང་འགྲུབ་པའི་ཐབས་མེད་པ། །དེ་དག་མིན་ཕྱིར་རང་ལ་བརྟགས་པ་ན། །བརྩོན་པས་འབད་ན་བསྒྲུབ་པར་ནུས་པ་དང༌། །གྲུབ་ན་དགོས་པ་ཆེ་བར་མཐོང་ནས་ནི། །རྒྱལ་བ་སྲས་ཀྱི་རྨད་བྱུང་སྤྱོད་པ་ལ། །སྙིང་ནས་གུས་པའི་དད་པ་སྐྱེས་པ་བདག །རྒྱལ་བ་སྲས་བཅས་མཐུ་ལྡན་སྲུང་མའི་ཚོགས། །དཔང་པོར་གསོལ་བའི་དམ་བཅའ་འདི་ལྟར་འདིར། །དེ་ཕྱིར་སྲོག་ལ་བབ་ཀྱང་དམ་བཅའི་ཁུར། །འདི་དག་མི་སྤང་སླར་ཡང་རྒྱལ་སྲས་ཀྱི། འདི་ལས་གྲངས་མེད་རླབས་ཆེའི་སྤྱོད་ཀུན་ལ། །འདུན་དང་སྦྱོར་བ་གོང་དུ་སྤེལ་བར་བགྱི། །ཚུལ་འདིས་མཚོན་པའི་དུས་གསུམ་དགེ་བ་ཀུན། །གཅིག་ཏུ་བསྡོམས་པས་ཚེ་རབས་ཀུན་ཏུ་བདག །རྨད་བྱུང་བཤེས་གཉེན་མཆོག་གི་རྗེས་བཟུང་ནས། །བྱང་ཆུབ་སེམས་གཉིས་ནམ་ཡང་མི་གཏོང་ཞིང༌། །རླབས་ཆེན་རྒྱལ་སྲས་སྤྱོད་ཀུན་བསྒྲུབ་པ་ལ། །མ་ཞུམ་སྙིང་སྟོབས་མཆོག་གིས་སྲིད་མཐའི་བར། །རྒྱལ་བའི་དམ་ཆོས་མ་ལུས་འཛིན་པ་དང༌། །འཇམ་པའི་དབྱངས་ཀྱིས་རྗེས་སུ་འཛིན་གྱུར་ཅིག །ཅེས་རྒྱལ་བའི་དགོངས་པ་ཤིང་རྟ་ཆེན་པོ་རྣམས་དང་འཇམ་མགོན་བླ་མས་ཇི་ལྟར་བཀྲལ་བ་ལྟར་མདོ་སྔགས་ཀྱི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་ཉམས་ལེན་སྙིང་པོར་བྱ་བ་ལས་ནམ་ཡང་མི་གཡེལ་བའི་དམ་བཅའ་མཛད་ཅིང༌། སྐལ་བ་དང་ལྡན་པ་གཞན་དག་ལའང་རྗེ་རིན་པོ་ཆེའི་མདོ་སྔགས་ཀྱི་བསྟན་པ་བསྲེ་བསླད་མེད་པ་རྣམ་པར་དག་པ་རྒྱ་ཆེར་སྤེལ་ཞིང༌། ཆོས་རྒྱལ་བདག་པོ་རབ་བརྟན་པས་གདན་དྲངས་ཏེ་དཔལ་འཁོར་ཆོས་སྡེར་རྗེ་རིན་པོ་ཆེའི་ལུགས་བཟང་འཛིན་པའི་དགེ་འདུན་གྱི་སྡེ་མང་དུ་སྤེལ་ཏེ་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད། དེ་ནས་དགུང་ལོ་ཞེ་གསུམ་བཞེས་པ་མེ་མོ་ལུག་གི་ལོར་བདག་པོ་རབ་བརྟན་པས་དབུས་ནས་རོང་སྟོན་ཆེན་པོ་གདན་དྲངས་ཏེ་རྗེ་འདི་དང་རྩོད་པ་མཛད་པར་དྲིལ་བསྒྲགས། མཁས་གྲུབ་རིན་པོ་ཆེས་ཀྱང་ཞལ་གྱིས་བཞེས། གཏམ་དེ་དབུས་གཙང་ཡོངས་ལ་བསྒྲགས་པས་མཁས་པ་མང་པོ་དཔང་པོར་བྱོན་ཞིང༌། བཀའ་བསྟན་འགྱུར་ཡང་བརྩིགས། རྩོད་པའི་དུས་ཚེས་བཏབ་པས་རོང་སྟོན་པས་རྩོད་པར་མ་ནུས་ནས་བདག་པོ་རབ་བརྟན་པ་དང་གཉིས་ཀས་འབྱོལ་ཐབས་ཁོ་ན་མཛད་པས། མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོས་འཇིགས་པ་མེད་པའི་སྒྲ་དབྱངས་ཟབ་མོ་སྒྲོག་པར་མཛད་པ་ནི་འདི་ལྟར། ཨོཾ་བདེ་ལེགས་སུ་གྱུར་ཅིག །བློ་བཟང་གསུང་གི་ལེགས་བཤད་མེ་ཏོག་ཕྲེང༌། །གྲགས་པའི་མདངས་ལྡན་རིགས་པའི་དྲི་བསུང་ཅན། །དཔལ་ལྡན་མཁས་པ་ཀུན་གྱི་མགོ་བོ་ལ། །ངལ་བསོ་བགྱིས་པས་ཐུབ་བསྟན་རྒྱས་གྱུར་ཅིག །ཐེག་མཆོག་རིགས་ཀྱི་ནུས་པ་མི་དམན་ཚོགས་གཉིས་རིན་ཆེན་ཁམས་ལས་གྲུབ། །རྣམ་དཔྱོད་མགྱོགས་འགྲོའི་རྟ་ལྗང་གིས་དྲངས་ཤེས་བྱའི་མཁའ་ལ་ཐོགས་མེད་ཅིང༌། །གསུང་རབ་རྒྱ་མཚོའི་གོས་ཅན་མ་ལུས་རིགས་པའི་ཟེར་གྱིས་སྣང་བྱེད་པ། །སྔོན་མེད་ནམ་མཁའི་ནོར་བུ་དེ་དང་མེ་ཁྱེར་ལྷན་ཅིག་ཇི་ལྟར་བགྲོད། །འོན་ཀྱང་རོང་སྐྱེས་ཤཱཀྱ་ཡིས། །བསྟན་ལ་སྡང་བའི་ཡིད་ལྡན་ཞིང༌། །གཤེན་རབ་གཞུང་ལུགས་རྒྱལ་མཚན་འཛིན། །བྱིས་པ་མཁས་པར་རློམ་པ་གང༌། །རིང་ན་གནས་ཚེ་ཁོ་བོ་དང༌། །ལྷན་ཅིག་བརྒལ་ལན་བྱའོ་ཞེས། །གྱ་གྱུའི་ཡིད་ལྡན་དྲང་སྲོང་གི །དམོད་པའི་ཚིག་བཞིན་ཡང་ཡང་བསྒྲགས། །དེ་ནས་ནམ་ཞིག་འདིར་ཕྱིན་ཚེ། །ཞུམ་པ་བཞིན་དང་སྐྲག་པ་བཞིན། །གནོང་པ་བཞིན་དང་འགྱོད་པ་བཞིན། །སྐྱབས་མེད་བཞིན་དུ་སྐྱབས་འཚོལ་བྱེད། །དཔལ་ལྡན་ཟླ་བའི་འོད་དཀར་ལ། །གླགས་ཚོལ་འདོད་པའི་མུན་ཅན་དེ། ཁོ་བོའི་རིགས་ཚུལ་རྡོ་རྗེ་ཡིས། །གཞོམ་པར་བྱ་ཞེས་མངོན་དུ་སྨྲས། །བླ་མའི་ལེགས་བཤད་ཉིན་བྱེད་ཟེར། །སྒྲིབ་བྱེད་ཕྲག་དོག་རྐང་འཐུང་རྒྱས། །ཉེས་བཤད་ནགས་ཚལ་འཁྲིགས་པ་ཁྱོད། །ད་ལྟ་ཐལ་བར་བྱ་ཞེས་སྨྲས། །དེའི་ཚེ་སྐྲག་པའི་ཡིད་ལྡན་དེས། །དེ་དག་བདག་གིས་མ་བཀག་ཅེས། །གཏོལ་མེད་གྱུར་པའི་ཚིག་སྨྲ་ཞིང༌། །རྫུན་གྱི་ཁུང་བུར་ཡང་ཡང་བྲོས། ཁྲེལ་ཡོད་ངོ་ཚའི་གོས་དང་བྲལ། །སྡོམ་པའི་སྐ་རགས་ལྷོད་པ་ཅན། །བླུན་རྨོངས་སློབ་མའི་ཚིག་ངན་གྱི། །ཡོལ་བས་བསྒྲིབས་པའི་ཕག་ཏུ་འཆེལ། །ཕྱོགས་འདིར་མཁས་པའི་བཀའ་མཆིད་དག །བྱ་བར་འོས་པ་མིན་ཞེས་པའི། །སྦྱིན་བདག་ཚིག་ལ་སྐྱབས་བཅས་ནས། །བདག་ལ་བཀའ་དྲིན་ཆེ་ཞེས་སྨྲས། །ལུང་རིགས་རླབས་ཕྲེང་རོལ་པ་ཅན། །སྡེ་ཆེན་རྒྱ་མཚོ་སོ་སོ་ནས། །མཁས་པ་གདེང་ཅན་དུ་མ་དག །གནས་འདིར་དཔང་པོར་ལྷགས་པ་ཡང༌། །དེ་ཡིས་གང་ལ་མགོན་བཅས་པ། །དེ་ཉིད་ཚིག་གིས་རང་རང་གི །ཆུ་གཏེར་གནས་སུ་བསྐྲད་བྱས་ནས། །རྒོལ་བའི་དཀྱིལ་འཁོར་རྫོགས་མ་གྱུར། །འདི་ལྟར་མངོན་དུ་མ་ནུས་པའི། །ཞུམ་ཚིག་སྨྲས་པ་དྲན་བྱོས་ལ། །ཕྱིས་ནས་མཁས་པའི་ལེགས་བཤད་ལ། །ལྐོག་ཏུ་ངན་སྨྲས་མ་བྱེད་ཅེས། །བདག་གིས་གདམས་ཤིང་ཚར་བཅད་པས། །བདེན་མིན་སྨྲ་བ་ལྷུར་ལེན་ཞིང༌། །ངོ་ཚས་གཏོལ་མེད་གྱུར་དེ་དག །ལུག་བོང་བཞིན་དུ་མཁས་རྣམས་སྒྲོགས། །བདེ་གཤེགས་བསྟན་པ་གངས་རིའི་སུལ་ན་གནས། །གཞུང་ལུགས་འབུམ་ཕྲག་རལ་པའི་ཁུར་གྱིས་བརྗིད། །རིགས་པའི་མཆེ་སྡེར་མི་བཟད་སྟོབས་ལྡན་པ། །མཁས་མཆོག་གདོང་ལྔའི་དབང་པོ་ཁོ་བོ་ཙམ། །དྲི་མེད་རིགས་པའི་གད་རྒྱངས་གཅིག་གིས་ཀྱང༌། །དྲེགས་ལྡན་ཕས་རྒོལ་གླང་པོ་སྟོང་གི་སྙིང༌། །ལྐོག་མར་ཕྱིན་པའི་འཇིགས་སྟེར་དགེ་ལེགས་དཔལ། །བཟང་པོ་ལས་གཞན་སྨྲ་བའི་སེང་གེ་གང༌། །ཞེས་དྲི་མ་མེད་པའི་རིགས་པའི་གད་རྒྱངས་རྒྱ་ཆེར་བསྒྲགས་པ་དཔལ་འཁོར་ཆོས་སྡེའི་རྒྱལ་སྒོ་ལ་བླན་ཏེ་ཀུན་གྱིས་མཐོང་བར་མཛད་དོ།།

འདི་ལྟར་མཁས་པ་ཆེན་པོ་གཉིས་ཀྱིས་དྲི་མ་མེད་པའི་རིགས་པའི་ང་རོའི་རྩེ་དགའ་མཛད་པ་ནི་བསྟན་པ་རྒྱས་པའི་ཆེད་དུ་མཛད་པ་ཡིན་གྱི། དེང་སང་གི་བླུན་རྨོངས་དག་གི་ངང་ཚུལ་ལྟར་ཆགས་སྡང་གིས་མཛད་པ་མིན་ནོ། །དོན་འདི་ལ་མཁས་གྲུབ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཞལ་ནས། ཁ་ཅིག་དེ་ལྟར་ཆོས་དང་ཆོས་མ་ཡིན་པའི་རྣམ་དབྱེ་ལ་བརྒལ་བརྟག་མང་དུ་བྱེད་པ་ནི་སེམས་རྒྱུད་མ་དུལ་བ་ཡིན་པས་སྙིང་པོ་མེད། ཆོས་དེ་དག་ཐམས་ཅད་ལ་རང་རང་གི་ལུགས་བཞིན་ཉམས་སུ་བླངས་པས་གང་ཟག་བཟང་པོ་མང་པོ་བྱོན་འདུག་པ་དང་ཆོས་ཐམས་ཅད་དུ་མ་རོ་གཅིག་ཡིན། ཆོས་ཀྱི་ཁ་ཟིན་བྱེད་པ་ཆགས་སྡང་རྨོངས་གསུམ་གྱི་རྩ་བ་ཡིན་པས་བྱར་མི་ཉན། འདོད་པ་དེ་དག་ཐམས་ཅད་ཕུན་སུམ་ཚོགས་པ་འབའ་ཞིག་ཡིན་ཞེས་ཟེར་ཡང་བླུན་པོ་ཕལ་ཆེ་བ་ཆོས་པ་རང་ཇོ་བོ་བཟང་ཞེས་དད་པ་ལྷག་པར་སྐྱེ། ཁོ་རང་ཡང་དེ་ཉིད་དང་དུ་ལེན། རྙེད་བཀུར་འདུ་བ་ཡང་མང་བར་གྱུར་མོད་ཀྱི་ལུང་རིགས་ཀྱིས་ཆོས་ལོག་ཚར་གཅོད་པ་སེམས་རྒྱུད་མ་དུལ་བར་སྨྲ་བ་ནི། སངས་རྒྱས་དང་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་ལ་སོགས་པ་རྒྱ་བོད་ཀྱི་ལོ་པཎ་ཁྱད་པར་ཅན་མཐའ་དག་ལས་རང་ཉིད་སེམས་རྒྱུད་དུལ་བར་དོན་གྱིས་ཁས་ལེན་པ་བརྟགས་ན་བློས་འཁྱུད་པར་དཀའ་བའི་གཏམ་ཡིན་ནོ། །རང་ཉིད་སྐྱེ་བོ་ཕལ་པ་བླུན་པོ་འགའ་ཞིག་གི་བློ་ཡུལ་དུ་གྲུབ་པར་བྱ་བའི་ཕྱིར་དང༌། རྙེད་བཀུར་ཅུང་ཟད་འདུ་བའི་སྒོ་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བར་བྱ་བའི་ཕྱིར་ཙམ་དུ་ཤེས་བཞིན་དུ་ཆོས་མ་ཡིན་པ་ཆོས་སུ་སྟོན་པར་བྱེད་པ་ནི། སེམས་རྒྱུད་གཏིང་ནས་མ་དུལ་བའི་ཚབས་དེ་ལས་ཆེ་བ་ཅི་ཞིག་ཡོད་དེ། ཚེ་འདིའི་དགོས་པ་ཅུང་ཟད་ཙམ་གྱི་ཕྱིར་དུ་ཆོས་སྤོང་བའི་ལས་ཚབས་པོ་ཆེ་བསགས་ནས་རང་གཞན་སླུ་ཞིང་སངས་རྒྱས་ཀྱི་བསྟན་པ་ཉམས་པར་བྱེད་པའི་ཕྱིར་རོ། །ཆེས་ཆོས་མ་ཡིན་པར་སྟོན་པ་དང༌། ཆོས་མ་ཡིན་པ་ཆོས་སུ་སྟོན་པ་གཉིས་ཀ་ཡང་ཆོས་སྤོང་གི་ལས་སུ་འགྱུར་བ་ལ་ཁྱད་པར་མེད་པར་འཕགས་པ་རྣམ་པར་འཐག་པ་བསྡུས་པའི་མདོ་ལས་གསུངས་སོ། །ཞེས་གསལ་བར་གསུངས་ཤིང༌། མཁས་གྲུབ་ཆེན་པོ་འདི་ཉིད་ཀྱིས་རིགས་པའི་དགག་བཞག་མཛད་པ་ནི། རྒྱལ་བའི་བསྟན་པ་ཉམས་པ་ཐུགས་ཀྱིས་མ་བཟོད་པ་དང༌། སེམས་ཅན་བླུན་རྨོངས་རྣམས་ཆོས་ལྟར་བཅོས་པས་ཕུང་བར་འགྱུར་བ་ཐུགས་ཀྱིས་མ་བཟོད་ནས་རང་ཡལ་བར་དོར་ཏེ་གཞན་གཅེས་པར་འཛིན་པའི་བསམ་པ་ཁོ་ནས་མཛད་པ་ཡིན་ཏེ། ཆོས་མིན་ཆོས་སུ་སྟོན་བྱེད་ཅིང༌། །དམ་ཆོས་བཙོང་པས་འཚོ་རྣམས་ཀྱིས། །ཐུབ་བསྟན་མིང་གི་ལྷག་མར་བྱས། །ཚུལ་འདི་བདག་གིས་ཇི་ལྟར་བཟོད། །ཅེས་གསུངས་པ་ལྟར་རོ།།

དེས་ན་མཁས་མཆོག་གདོང་ལྔའི་དབང་པོ་གཉིས་དྲི་མ་མེད་པའི་རིགས་པའི་ང་རོའི་རྩེ་དགའ་བྱེད་པའི་བར་དུ་བླུན་རྨོངས་ཝ་སྐྱེས་དག་འཚངས་ནས་ཕྱོགས་ལྷུང་མི་བྱ་སྟེ་རང་ཉིད་ཕུར་བར་འགྱུར་བའི་ཕྱིར་རོ། །དེས་ན་མདོ་ལས། ངའམ་ང་དང་འདྲ་བ་གང་ཟག་གིས་ཚོད་བཟུང་གི །གང་ཟག་གིས་གང་ཟག་གི་ཚོད་མི་བཟུང་སྟེ་ཉམས་པར་གྱུར་ཏ་རེ༌། ཞེས་གསུངས་པས་བདག་ལེགས་སུ་འདོད་པ་དག་གིས་སྐྱེ་བོ་དམ་པ་ལ་གནོད་པའི་ལས་རྣམ་པ་ཀུན་ཏུ་སྤངས་ཏེ་གུས་པ་ལྷུར་བྱའོ། །དེ་ནས་མཁས་གྲུབ་རིན་པོ་ཆེས་དཔལ་འཁོར་ཆོས་སྡེར་མ་བཞུགས་པར་རི་བོ་མདངས་ཅན་དུ་ཕེབས་ཏེ་བསྟན་པའི་བྱ་བ་རྒྱ་ཆེར་མཛད་པ་ན་བདག་པོ་རབ་བརྟན་པ་ཡིད་བཞིན་གྱི་ནོར་བུ་ལག་ཏུ་རྙེད་པ་ཆེད་དུ་བསམས་ཏེ་བརླག་པར་བྱས་པ་ལྟར་འགྱོད་པ་ཚད་མེད་པ་སྐྱེས་ཏེ། མཁས་གྲུབ་རིན་པོ་ཆེ་ལ་དངོས་སུ་ཞུ་མ་སྤོབས་པར་ཉེ་གནས་ལ་གསེར་མང་པོ་བྱིན་ཏེ་སླར་གདན་འདྲེན་པའི་ཞུ་བ་བྱས་པར་ཕེབས་སུ་མ་བཞེད་པར། ཨོཾ་སྭསྟི། གང་གི་བཀའ་དྲིན་དྲན་པས་བདག་གི་ཡིད། །ཤིན་ཏུ་བརྟན་པ་ཉམས་པའི་དད་པ་ཡིས། །ཟླ་མེད་བླ་མའི་ཞབས་ལ་ཕྱག་བྱས་ཏེ། །རང་གི་ཡིད་ལ་གཅགས་པའི་གཏམ་འདི་གླེང༌། །སྨྲས་པ། འདི་ན་ཟབ་དང་རྒྱ་ཆེར་དམ་པའི་ཆོས། །དགོས་འདོད་ཀུན་འབྱུང་དཔག་བསམ་ལྗོན་པ་ཡང༌། ཁ་ཟས་དོན་གཉེར་བླུན་པོའི་ཚོགས་རྣམས་ཀྱིས། །བུད་ཤིང་ཆེད་དུ་ཆུད་གཟོད་བྱེད་པར་ཟད། །མདོ་རྒྱུད་གསུང་རབ་མཁའ་ལ་ཐོགས་མེད་པའི། །ལེགས་བཤད་འོད་སྟོང་ལྡན་པའི་ཉིན་བྱེད་ཀྱང༌། །དུས་མཐར་ལས་ཀྱི་ས་ལ་ལྟུང་བ་ན། །རྩྭ་སྒྲོན་ཙམ་གྱི་བྱ་བའང་བྱེད་མ་ཡིན། །སྐྱོན་ཡོན་འབྱེད་པའི་བློ་གྲོས་མིག་ལྡོང་ནས། །བླུན་པོའི་ཚིག་རྗེས་འབྲང་ལས་གཞན་མེད་པས། །རང་གི་ལག་ཐོགས་ནོར་བུ་རིན་ཆེན་ཡང༌། །ཕྱག་དར་ཕུང་པོའི་རྡོ་དང་མཚུངས་པར་མཐོང༌། །སེམས་རྟ་དམུ་རྒོད་འཕྲལ་དུ་དུལ་བྱེད་པ། །ཕུལ་བྱུང་དམ་པའི་ཆོས་ཀྱི་དགའ་སྟོན་ཡང༌། །ངན་སྐྱུགས་དོན་གཉེར་ཁྭ་ཏའི་ཚོགས་རྣམས་ཀྱིས། །པདྨོའི་རྩ་ལག་བཞིན་དུ་འབད་པས་སྤོངས། །སངས་རྒྱས་ལས་ཀྱང་དཀོན་པའི་གདམས་པ་མཆོག །ཚང་ལ་མ་ནོར་སྔོན་མེད་བདུད་རྩིའི་རྒྱུན། །དཀའ་སྤྱད་ལྟོས་མེད་བརྩེ་བས་བྱིན་ན་ཡང༌། །སྐལ་ངན་སྐྱེ་བོས་དུག་ལྟར་འགལ་བར་འཛིན། །རླབས་ཆེན་ལུང་རིགས་བཤད་པའི་གྲུ་སྦྱར་ནས། །གཞུང་ལུགས་ཆུ་གཏེར་ཆེ་ལ་ལེགས་ཁྲིད་ན། །བློ་ཆུང་བྱིས་པ་ལྟ་བུ་འདི་དག་ནི། །སྒྱིད་ལུག་ཞུམ་དང་འཇིགས་དང་གཏོལ་མེད་འགྱུར། །གཞུང་ལུགས་བཤད་པ་རྩྭ་ལྟར་དོར་བྱས་ནས། །བསྡུས་པའི་ཐལ་ཕྲེང་མཛུབ་ཁྲིད་ཁོ་ན་ཡང༌། །དོན་ཆུང་ལས་ལ་ཚེ་ཟད་འགྱུར་མཐོང་ནས། །བདག་ནི་འདི་ལ་འཇུག་པ་ལྷོད་པར་གྱུར། །ཐུན་མོང་སྟོང་ཉིད་གཏམ་ཡང་སྣོད་མིན་ལ། །འཆད་པ་བཀག་ན་བླ་མེད་ཐེག་པའི་ལམ། །མི་འདོད་བཞིན་ཏུ་སྟོན་པ་སྨོས་ཅི་དགོས། །དེ་ཕྱིར་ཁོ་བོ་འདི་ལའང་སྒྱིད་ལུག་གྱུར། །ལྟ་བའི་མཐར་ཐུག་དབུ་མའང་དེ་ཉིད་དོན། །བདེན་འཛིན་གཉེན་པོར་བསྒོམ་ཕྱིར་མི་སློབ་པར། །གྲངས་འཛིན་ཕྱིར་དང་གང་ཤེས་ཚོགས་ནང་དུ། །སྨྲ་ཕྱིར་འབད་པ་བདག་འཛིན་གསོལ་འདེབས་ཡིན། །བླང་དོར་གནས་དང་ལམ་གྱི་ཡན་ལག་ཀུན། །ཚད་མས་གཏན་ལ་དབབ་ཕྱིར་མ་ཡིན་པའི། །མང་པོའི་དབུས་སུ་འགྲན་ཟླ་ཟིལ་མནན་ནས། །གཞན་ངོར་གྲུབ་ཕྱིར་འབད་པའང་ཆོས་མིན་ཡིན། །གཞུང་ལུགས་དོན་ལ་ཆ་ཙམ་མ་རེག་པའི། །རྫས་ལྡོག་ན་བཟུང་ཆོས་ཅན་ཟོལ་འཇོག་སོགས། །འབད་ནས་སློབ་པ་ཀུན་སློང་སྐྱོན་མེད་ན། །ལུང་མ་བསྟན་གྱི་ལས་སུ་འགྱུར་བ་ཙམ། །ཆགས་སྡང་ཕྲག་དོག་འགྲན་སེམས་དྲག་པོ་དང༌། །མི་གཟིགས་ཚོལ་ཕྱིར་ཐོས་བསམ་སྒོམ་གསུམ་ལ། །ཇི་ཙམ་འབད་ཀྱང་ཆོས་མིན་དུ་མའི་སྒོ། །ནད་པ་གསང་ཕྱིར་ཟས་མཆོག་སྦྱིན་པ་བཞིན། །ལྟོ་རྒྱབ་ཙམ་ཕྱིར་འདུས་པའི་འཁོར་ནང་དུ། །ཆགས་སྡང་གཡོ་སྒྱུས་འཐབ་རྩོད་ལྷུར་བླངས་ནས། །ཞར་ལ་སྦྱོར་ངག་ཚིག་གསུམ་བཟླས་བརྗོད་ཀྱིས། །རང་གཞན་གཉིས་ཀ་འདི་ཕྱིར་ཕུང་བར་བྱེད། །མཁན་སློབ་མཆེད་གྲོགས་ཆོས་དང་དམ་ཚིག་ནི། །དམའ་ལྟར་འཕངས་ནས་འདུ་བའི་སྒོ་འཕྲོག་ཅིང༌། །དད་རྗེས་ཕྱིར་རྩོད་ཡུལ་འཁོར་འཇོམས་པའི་དཔུང༌། །ཇི་ཙམ་ཚོགས་ཀྱང་དམྱལ་བའི་འདུད་ཁང་ཡིན། །དམན་པའི་གཞུང་དང་མཆོག་ཏུ་རྙེད་དཀའི་ལམ། །འཆད་དང་འདོམས་པ་ལྡོག་སྟེ་དོན་གཉེར་བ། །སྐལ་བ་མེད་པའམ་ཤིན་ཏུ་བླུན་པའམ། །སྣང་ཤས་གདོན་ཆེན་སྙིང་ལ་ཞུགས་པ་ཡིན། །ཚེ་འདིའམ་བར་དོ་སྐྱེ་བ་བདུན་ཙམ་གྱིས། །སངས་རྒྱས་འཐོབ་པའི་ལམ་བཟང་ཐོབ་ནས་ཀྱང༌། །སངས་རྒྱས་མི་འདོད་སྨྲ་བ་ངོ་ཚ་ནས། །དེ་ལའང་འདི་ཉིད་དགོས་པའི་ཟོལ་སྦྱོར་གྱིས། །བགྲོས་ངན་ཚིག་གསུམ་གཤགས་སྦྱོར་ཅུང་ཟད་ཅིག །ཤེས་ནས་ལོང་བས་ལོང་བ་འཁྲིད་པ་འམ། །ཟས་ནོར་བསྒྲུབ་ཕྱིར་ཕྱི་མ་བློས་གཏོང་བ། །འདི་དག་མི་ཡི་གཟུགས་བརྙན་དུད་འགྲོའི་ཕུལ། །དམ་པ་རྣམས་ཀྱིས་ཚེ་འདི་བློས་བཏང་ནས། ཟབ་མོའི་མན་ངག་རྩེ་གཅིག་ཉམས་བླངས་པས། །དོན་གཉིས་ཕུལ་ཕྱིན་མཐའ་ཡས་རྣམ་ཐར་ལ། །ཡིད་གཡོའི་འདུན་པ་ཆ་ཙམ་མི་སྐྱེ་བར། །ད་ལྟའི་སྟོན་པ་འགའ་ཡི་རྙེད་གྲགས་དང༌། །སློབ་འཁོར་རྒྱ་ཆེན་འདུ་འགོད་མང་པོའི་གཏམ། །ཐོས་པ་ཙམ་གྱིས་འགྲམ་ཆུ་ལྡང་བ་ནི། །གཞི་རྩ་གཏིང་ནས་ཉེས་པའི་རྟགས་ངན་ཡིན། །སྣུམ་ཟད་མར་མེ་ལྟ་བུའི་བསྟན་པ་འདི། ཁོ་བོའི་ལེགས་བཤད་གོ་ཆ་བློ་གྲོས་ཀྱིས། །རྫོགས་ལྡན་བཞིན་དུ་བྱ་བར་ནུས་ན་ཡང༌། །སྐལ་ངན་རྣམས་ཀྱིས་ས་འོག་གཏེར་བཞིན་སྦས། །ད་ནི་དུས་ལ་སྡོད་པ་མེད་པ་དང༌། །ལང་ཚོའི་དཔལ་ཡང་སྟོན་ཀའི་སྤྲིན་ལྟར་གཡོ། །སྐྱེ་བོ་ཕལ་ཆེར་སྐལ་བ་མེད་མཐོང་ནས། །མང་ཐོས་བདག་ནི་གཅིག་པུར་ཆོས་དོན་སེམས། །ཚེ་འདི་འབའ་ཞིག་དོན་གཉེར་འཁོར་ནང་དུ། །ཆགས་སྡང་འདུ་འཛིས་འདའ་བའི་གོ་སྐབས་ནས། །རྩོད་པ་ལྷུར་ལེན་ཚིག་འགའི་བཤད་པ་ལ། །མཁས་པ་ང་ནི་སྐྱུགས་པ་བཞིན་དུ་བལྟ། །རང་ཡུལ་ཉེ་དུ་ལོངས་སྤྱོད་ཀུན་བོར་ནས། །རྩེ་གཅིག་དམ་ཆོས་བསྒྲུབ་པར་དམ་བཅས་ཏེ། །གཞན་གྱི་ཡུལ་དུ་རྣམ་གཡེང་འདུ་འཛི་ཡིས། །དལ་འབྱོར་དོན་མེད་བྱེད་པ་སྨྱོན་པ་ཡིན། །ཆོས་དང་ཆོས་མིན་རྣམ་དབྱེ་ལེགས་རྟོགས་ནས། །ད་དུང་ཆོས་ལྟར་བཅོས་པའི་གཟུགས་བརྙན་ལ། །ཆགས་ཤིང་བག་མེད་རྣམ་གཡེང་ལྷུར་ལེན་ན། །བདག་ལ་སེམས་མེད་གྱུར་པ་གདོན་མི་ཟ། །རྒྱལ་བའི་དགོངས་ཟབ་མཐར་ཐུག་རྒྱལ་བ་དང༌། །མཚུངས་པའི་བླ་མའི་མན་ངག་ལེགས་རྟོགས་ནས། །དེ་དོན་རྩེ་གཅིག་བསྒྲུབས་ན་རང་གཞན་གྱི། །གཏན་གྱི་མདུན་པ་འགྲུབ་པར་ཤེས་བཞིན་དུ། །ད་དུང་གཞན་ཟེར་སྙན་དང་མི་སྙན་དང༌། །དོན་ཆུང་ཚེ་འདིའི་ཁེ་ཉེན་བརྩི་བརྩི་ནས། །ཕྱི་བཤོལ་ངང་ལ་དོན་མེད་དུས་འདའ་ན། །ཆོས་བརྒྱད་གདོན་གྱིས་ཟིན་པའི་སྙིང་རུལ་ཡིན། །གཏིང་ནས་ངེས་པ་མ་རྙེད་བླུན་པོ་དག །ཟབ་མོ་བསྒྲུབ་ལ་མི་གུས་མཚར་ཅི་ཡོད། །གཏིང་ནས་ཟབ་མོའི་ལམ་ལ་ཡིད་ཆེས་ནས། །དེ་དོན་མི་བསྒྲུབ་དེ་ལས་ཁྲེལ་བོར་སུ། །ཅིའང་མི་ཤེས་ཁ་ཅིག་ཚེ་འདི་ལ། །བལྟོས་མེད་བསྒྲུབ་ལ་བརྩོན་པ་མཐོང་བའི་ཚེ། །ཉམས་ལེན་གནད་ལ་ཆེས་མཁས་རྣམ་གཡེང་གི །རྒྱར་ཆུད་གྱུར་པ་ཤིན་ཏུ་ངོ་ཡང་ཚ། །དེ་ཕྱིར་མདོ་རྒྱུད་བླ་མའི་མན་ངག་དོན། །ལེགས་པར་ཁོང་དུ་ཆུད་པས་ཡིད་དྲངས་ནས། །ནམ་ཞིག་འདི་དོན་བསྒྲུབ་པར་འགྱུར་སྙམ་དུ། །མཁས་པ་ང་ནི་འདི་ཉིད་འབའ་ཞིག་སེམས། །མི་དབང་དུ་མའི་ཅོད་པན་ནོར་བུའི་འོད། །རྐང་མཐིལ་རྡུལ་ལ་རྩེ་བ་ཐོབ་པ་དང༌། །རྩྭ་རྩེའི་ཟིལ་པས་སེན་མོ་ཉེར་མཆོད་པ། །མཁས་པ་བདག་ལ་ཕན་པར་ཕྱི་མ་འགྱུར། །ཟང་ཟིང་ལོངས་སྤྱོད་རྨི་ལམ་དཔལ་འབྱོར་དང༌། །མཚུངས་པར་རིག་ཅིང་རྒྱལ་བས་སྨད་མཐོང་ནས། །མཁས་པ་བདག་ནི་བ་ཚྭའི་མཆོད་ཡོན་ལྟར། །རྙེད་བཀུར་གནས་ལ་མཐུན་པར་འཛིན་མ་ཡིན། །བྲང་ཆའི་དབྱངས་ཀྱིས་བདག་རྒྱུད་ཁེངས་མི་འགྱུར། །དུས་མིན་སྙན་གྲགས་བདུད་ཀྱི་ཕོ་ཉ་ནི། །དེ་ལྟ་མིན་ཞེས་ཚིག་གི་མཆོད་སྦྱིན་ལ། །མཁས་པ་བདག་ནི་རེ་བ་ལྷུན་མི་བྱེད། །མཆེ་བ་མི་བཟད་སྦར་མོའི་ཤུགས་འཆང་བ། །གངས་རི་འཛིན་པའི་གདོང་ལྔའི་དབང་པོ་ནི། །ལྕགས་ཀྱིས་བཅིངས་ནས་བཙོག་ཆུས་འཚོ་བ་ཡི། །སྒོ་ཁྱིར་བྱེད་འདོད་མཁས་པའི་བཞད་གད་ཡིན། །དེ་ལྟར་སྨྲས་འདི་དམ་པའི་མཛད་པ་ལ། །བལྟ་བར་འདོད་པའི་དགེ་སློང་དགེ་ལེགས་དཔལ། །བཟང་པོས་མདངས་ཅན་རི་བོའི་ངོས་ལས་ནི། །རང་གི་རྟོགས་པ་གཏམ་དུ་བསྙད་པ་ཡིན། །ཞེས་བཀའ་སྩལ་ཏོ།།

མཁས་གྲུབ་ཐམས་ཅད་མཁྱེན་པ་འདི་ནི་རང་དང་གཞན་གྱི་གྲུབ་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་བྱོན་ཞིང༌། རྗེ་བཙུན་འཇམ་པའི་དབྱངས་དང་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་སོགས་པ་ལྷག་པའི་ལྷ་མང་པོས་རྗེས་སུ་བཟུང་བ་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་དམ་ཅན་ཆོས་ཀྱི་རྒྱལ་པོ་གུར་གྱི་མགོན་པོ་དཔལ་མགོན་ཞལ་བཞི་པ་སོགས་དམ་ཅན་ཆོས་སྲུང་རྣམས་ཀྱིས་རྒྱུད་དུ་ཞལ་བསྟན་ཏེ་བཀའ་བཞིན་དུ་བསྒྲུབ་པས་ཞི་རྒྱས་དབང་དྲག་གི་ལས་གང་ལའང་ཐོགས་པ་མེད་པ་དང༌། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཞལ་བསྟན་པ་དང༌། རྡོ་རྗེ་རྣལ་འབྱོར་མས་ཞལ་བསྟན་པ་དང༌། ལྷ་མོ་དབྱངས་ཅན་མས་ཞལ་བསྟན་པ་དང༌། ས་ར་ཧ་དང་འཕགས་པ་ཀླུ་སྒྲུབ་སོགས་པཎ་གྲུབ་མང་པོས་ཞལ་བསྟན་ཏེ་བྱིན་གྱིས་བརླབས་པའི་རྣམ་ཐར་མང་དུ་མཆིས་ཏེ། འདིར་མཐའ་དག་བཀོད་ན་མང་དུ་དོགས་པ་དང༌། གསང་བ་བསྒྲགས་པར་ཡང་འགྱུར་དོགས་ནས་མ་བཀོད་པས་གསང་བའི་རྣམ་ཐར་དག་ལས་ཤེས་པར་བྱའོ། །དོན་འདི་དག་ལ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པས། ཞིང་འདིར་ཁྱོད་སྐུའི་ཉིན་བྱེད་ཤར་བའི་ཚེ། །ལོག་སྨྲ་འབྱུང་པོའི་བྱ་རྣམས་ལོང་གྱུར་ཅིང༌། །གསུང་རབ་འདབ་བརྒྱའི་ཚལ་ཀུན་རྒྱས་མཛད་པ། །སྔོན་མེད་ཉི་མ་མཆོག་ལ་གསོལ་བ་འདེབས། །ལྷ་དང་བཅས་པའི་རྒྱལ་སྲིད་ཡོངས་རྫོགས་ལ། །ཆོས་ཀྱི་འཁོར་ལོས་འདོད་དགུར་དབང་བསྒྱུར་བ། །ཆོས་ཀྱི་རྒྱལ་པོ་མཁས་གྲུབ་དགེ་ལེགས་དཔལ། །བཟང་པོའི་ཞབས་ལ་གུས་པས་གསོལ་བ་འདེབས། །རྒྱ་ཆེན་བསོད་ནམས་རིང་ནས་བསྐྲུན་པའི་མཐུས། །རང་དང་གཞན་གྱི་ཚེ་རབས་བརྒྱ་སྟོང་ཀུན། །ཇི་བཞིན་དྲན་པའི་སྔོན་གནས་མཁྱེན་པ་སོགས། །མངོན་ཤེས་ཐོགས་མེད་མངའ་ལ་གསོལ་བ་འདེབས། །གཞོན་ནུ་ཉིད་ནས་ཁྱོད་སྐུའི་ལྷུན་པོ་ནི། །ཆོས་གོས་མཚམས་སྤྲིན་གཞོན་ནུས་རབ་འཁྱུད་ཅིང༌། །མཁས་མང་གསེར་རིའི་དབུས་ན་ཡོན་ཏན་གྱི། །བང་རིམ་མངོན་པར་མཐོ་ལ་གསོལ་བ་འདེབས། །ཚེ་རབས་ཀུན་ཏུ་ལྷག་པའི་ལྷ་རྣམས་ཀྱིས། །རྗེས་སུ་བཟུང་ནས་ལེགས་པར་སྦྱངས་པ་ལས། །བཀའ་དང་བསྟན་བཅོས་ཀུན་གྱི་ཚིག་དོན་ལ། །མཁས་པའི་མཁས་པ་ཁྱོད་ལ་གསོལ་བ་འདེབས། །ཞེས་དང༌། འདི་ན་ཆོས་ཀྱི་དུང་ཆེན་འབུད་པ་ལ། །ད་ལྟ་ཁྱོད་ལས་མཆོག་གཞན་མ་མཆིས་ཞེས། །དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་མགྲིན་གཅིག་ཏུ། །མགོན་ཁྱོད་མཆོག་ཏུ་བསྔགས་ལ་གསོལ་བ་འདེབས། །བགེགས་དཔུང་འཇོམས་པའི་མཐུ་རྩལ་མཐས་ཡས་པའི། །ཕྱི་ནང་བསྟན་སྲུང་རྒྱ་མཚོའི་ཚོགས་རྣམས་ཀྱིས། ཁྱོད་ཀྱི་བཀའ་དང་དམ་ལས་མི་འདའ་བར། །ཚུལ་བཞིན་འཕྲིན་ལས་བསྒྲུབས་ལ་གསོལ་བ་འདེབས། །ཞེས་བསྔགས་སོ། །མཁས་གྲུབ་ཆེན་པོ་འདི་ནི་བླ་མ་དང་ལྷག་པའི་ལྷ་དབྱེར་མེད་པའི་རྣལ་འབྱོར་ལ་ཐུགས་དམ་གྱི་མཐིལ་དུ་མཛད་པས་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ཞིང་གཤེགས་ནས་ཀྱང་དངོས་དང་རྨི་ལམ་ཅི་རིགས་པར་ཡང་དང་ཡང་དུ་ཞལ་བསྟན་ནས་གདམས་པ་དང་རྗེས་སུ་བསྟན་པ་ཡང་ཡང་སྩོལ་བར་མཛད་པ་ཞིག་སྟེ། ལན་ཅིག་ཟབ་མོ་དབུ་མའི་ལྟ་བའི་དཀའ་གནད་ཕྲ་མོ་ཞིག་ལ་དོགས་པ་ཞིག་བྱུང་བའི་ཚེ་རྨི་ལམ་དུ། རྗེ་བཙུན་ཙོང་ཁ་པ་ཆེན་པོ་གསལ་བར་བྱོན་ནས་མདོ་སྡེ་དཀོན་མཆོག་བརྩེགས་པའི་འོད་སྲུང་གི་ལེའུ་གསལ་བར་གསུངས་པས་དོགས་པ་ལྷག་མ་མེད་པར་ཆོད་དེ་ཟབ་མོའི་གནས་ལ་འཁྲུལ་པའི་དྲི་མ་ཐམས་ཅད་དང་བྲལ་བ་ཞིག་བྱུང༌། །དོན་འདི་ལ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པས། རྨི་ལམ་དུ་ཡང་རྗེ་བཙུན་ཙོང་ཁ་པས། །འོད་སྲུང་ལེའུ་གསལ་བར་གསུངས་པའི་ཚེ། །ལྟ་བ་འཁྲུལ་པའི་དྲི་མ་ཀུན་བཅོམ་ནས། །ཆོས་ཉིད་མངོན་དུ་གྱུར་ལ་གསོལ་བ་འདེབས། །ཞེས་བསྔགས་སོ། །ཁྱད་པར་དུ་ཡང་རྗེ་བླ་མ་ལ་གསོལ་བ་བཏབ་པ་ཙམ་གྱིས་ཞལ་གཟིགས་པ་ཞིག་ཡོད་པས། ལན་ཅིག་ཆོས་གྲོལ་ནས་ནང་དུ་ཕེབས་པའི་སྐབས་ཞིག་ལ་རྗེ་བླ་མ་དྲན་ནས། ལར་སེམས་ཅན་འདི་རྣམས་བསོད་ནམས་མ་བསགས་པས་ཡོངས་འཛིན་དམ་པས་མ་ཟིན། འདུས་བྱས་རྟག་པར་བསྒོམས། ཆོས་རྣམས་བདེན་གྲུབ་ཏུ་འཛིན། ལོངས་སྤྱོད་ལ་འབད་རྩོལ་ཆེར་བཏང་ནས་བསྒྲུབས། ཚེ་འདིའི་སྙན་གྲགས་ལ་ཐོབ་བྱ་མཐར་ཐུག་ཏུ་བཟུང༌། རྗེ་རིན་པོ་ཆེའི་ལེགས་བཤད་འཁྲུལ་པ་ཕྲ་མོ་ཙམ་ཡང་མེད་པ་བསྟན་པའི་སྙིང་པོ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་བརྗོད་བྱ་མཐར་ཐུག་ཆེས་ཆེར་དཀོན་པ་རྡོ་རྗེ་འཆང་གི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བྱེད་ནུས་པའི་ལམ་ཟབ་མོ་ཞལ་ཤེས་དང་བཅས་པ་འདི་ལྟ་བུ་ཉིན་མཚན་དུ་འབད་ནས་བཤད་ཀྱང༌། སྐལ་བ་དང་མི་ལྡན་པས་བཤེས་གཉེན་ངན་པ་ཅི་ཡང་མ་བསླབས་ཤིང་དམ་པའི་གདམས་ངག་མེད་པ། ཤེས་རབ་དང་བྲལ་ཞིང་བདུད་ཀྱི་བར་ཆད་ཀྱིས་ཁྱེར་བ། ཚེ་འདིའི་འདོད་ཡོན་ལ་སྲེད་པས་ངོ་ཚ་ཁྲེལ་མེད་ལ་ཡོན་ཏན་དུ་བྱས་ནས་མི་ཚེ་ཧྲིལ་པོ་གཏི་མུག་གམ། བཅང་མེད་བསྒོམ་པ་དུད་འགྲོ་ལྟ་བུ་ཞིག་གི་མདུན་དུ་ཆོས་བརྒྱད་ཀྱི་ཚིག་རེ་ཉན་ཞིང༌། ཀུན་སྤྱོད་ཁྱི་ཕག་ལྟར་རོལ་བ་འདི་དག་བླང་དོར་ཤེས་པ་ཞིག་གིས་ལྟོས་དང༌། གཏམ་དྲང་པོར་སྨྲས་ན་མཚང་ལ་ཕོག །མ་སྨྲས་ན་སེམས་ཅན་འདི་རྣམས་ལ་སྙིང་བརྩེ་བས་མི་བཟོད་པར་འདུག །དེས་ན་ཅུང་ཟད་སྨྲས་པ་ཡིན། ལོག་པའི་ལམ་དུ་བཞུགས་པའི་སེམས་ཅན་འདི་རྣམས་ལ་གཟིགས་དང་ཞེས་ཐུགས་ཤིན་ཏུ་སྐྱོ་ནས་སྤྱན་ཆབ་མང་དུ་ཤོར་ཞིང༌། མཆོད་པ་བཟང་པོ་བཤམས་ནས་གསོལ་བ་བཏབ་པས། གླང་པོ་ཆེ་དཀར་པོ་མཆེ་བ་དྲུག་ལྡན་ལུས་གསེར་གྱི་དྲིལ་བུ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་སྟེང་དུ་རྗེ་རིན་པོ་ཆེ་སྔར་གྱི་དབྱིབས་ཇི་ལྟ་བར་བྱོན་ནས། བུ་སེམས་མི་དགའ་བ་མི་དགོས། བླ་མ་དྲན་ན་སྔར་བསགས་ཀྱི་སྡིག་པ་འདག་ཅིང་བསོད་ནམས་ཀྱི་ཚོགས་གསོག་པ་ཡིན། ངེད་རང་དཔོན་སློབ་ཀྱི་མདུན་མ་ལེགས། རྗེ་བཙུན་མི་ལས་ཀྱང་བླ་མ་དྲན་ནས་བླ་མ་དྲན་མགུར་མཛད་པ་ཡིན། ངའི་བསྟན་པ་རྒྱས་པར་གྱིས་གསུངས། ཡང་ལན་ཅིག་ལྟ་བ་དང་བསྐྱེད་རྫོགས་ཀྱི་གནད་ཕྲ་བ་ཞིག་ལ་ཐེ་ཚོམ་བྱུང་ནས་བདག་གི་བླ་མ་དེ་བཞུགས་ན་ཞུ་བ་ཡིན་པ་ལ། ད་ཐག་ཆོད་པའི་ཞུ་ས་གཞན་ནི་མེད་སྙམ་དུ་དགོངས་ནས་མཎྜལ་ཕུལ་ནས་གསོལ་བ་བཏབ་པས། གསེར་གྱི་ཁྲི་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་ཞིག་ལྷའི་བུ་མང་པོས་བཏེག་པའི་སྟེང་དུ་རྗེ་བླ་མ་བཞུགས་པ་དངོས་སུ་བྱོན་ནས། ངའི་སྔགས་མཚན་ཉིད་ཀྱི་ལམ་རིམ་གཉིས་ཀྱིས་གཙོ་བྱས་པའི་ཡིག་ཆ་རྣམས་ལྟོས་དང་ཁ་ཆེམས་ཀྱི་ཚབ་ཡིན་གསུངས་ནས་གང་ལ་ཐེ་ཚོམ་བྱུང་པའི་ལྟ་བ་དང་བསྐྱེད་རྫོགས་ཀྱི་བཀའ་གནད་རྣམས་ཞིབ་ཏུ་གསུངས་ཤིང་དབང་རྗེས་གནང་ཁ་ཡར་གནང༌། ཡང་སྐབས་ཤིག་ཏུ་རྗེའི་གསུང་རབ་རྣམས་ཀྱིས་ཐུགས་ཕྲོགས་ནས། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་གསུང་རབ་དགོངས་འགྲེལ་དང་བཅས་པའི་དགོངས་དོན་ལམ་གྱི་གོ་རིམ་གྲངས་ངེས། ཤིང་རྟའི་སྲོལ་འབྱེད་རྣམས་ཀྱི་བཞེད་པ་ཇི་ལྟར་ཡིན་པ་དང༌། ཁྱད་པར་སྒྱུ་ལུས་འོད་གསལ་སོགས་ཟབ་ལམ་གྱི་རྣམ་གཞག །དེ་ཡང༌། འདུལ་བ་ནས་བཟུང་སྟེ་ཤིན་ཏུ་སྤྲོས་མེད་ཀྱི་བར་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ཐབས་སུ་ཧྲིལ་གྱིས་དྲིལ་ནས་སྟོན་ཅིང་ལམ་གྱི་ལུས་ཡོངས་སུ་རྫོགས་པ་འདི་ལྟ་བུ་སྟོན་པ་ངའི་བླ་མ་ཙོང་ཁ་པ་ཆེན་པོ་མ་གཏོགས་རྒྱ་བོད་གང་དུ་ཡང་མ་བྱུང་འདུག་སྙམ་པའི་དད་པ་ཆེན་པོ་འཁྲུངས་ནས། གསོལ་བ་དྲག་ཏུ་བཏབ་པས། རྗེ་རིན་པོ་ཆེ་སེང་གེ་ལ་ཆིབས་པ། སྐུ་མདོག་དམར་སེར་རལ་གྲི་དང་གླེགས་བམ་འཛིན་པ་གཞོན་ནུ་རལ་པའི་ཐོར་ཚུགས་དང་རིན་པོ་ཆེས་བརྒྱན་པའི་རྗེ་བཙུན་འཇམ་དབྱངས་ཀྱི་ཆ་བྱད་དུ་བྱོན་ནས། ངའི་བུ་སེམས་མི་དགའ་བ་བྱ་མི་དགོས་སྤྱིར་སེམས་ཅན་གྱི་རིགས་ལ་སྣ་ཚོགས་འོང༌། ཁྱད་པར་ད་ལྟ་སྙིགས་མའི་དུས་སུ་མི་རྟག་པ་དང་ངན་སོང་གི་སྡུག་བསྔལ་མ་དྲན་པས་རྙེད་བཀུར་སོགས་ལ་ཞེན་ཅིང་ཚེ་འདིའི་མདུན་མ་བསྒྲུབས་ནས་ཕྱི་མའི་དོན་ལྟ་ཞོག་ཚེ་ཕྱི་མ་ཇི་ལྟར་འགྱུར་སྙམ་པའང་དཀོན། ཆོས་བྱེད་འདོད་ཅུང་ཟད་ཡོད་ཀྱང་ཕྱི་བཤོལ་དུ་སོང༌། ཆོས་བྱེད་པར་ཤོམ་པ་ཚོ་ཡང་བཤེས་གཉེན་མཚན་ཉིད་དང་ལྡན་པ་རྙེད་དཀའ་ཞིང༌། དེའི་ལེགས་བཤད་གོ་བར་དཀའ། ཤེས་ཀྱང་ཚེ་འདི་བློས་བཏང་ནས་བསྒྲུབ་པ་སྙིང་པོར་བྱེད་པ་ཉིན་མོའི་སྐར་མ་ལས་དཀོན་པར་འདུག ཁོ་བོས་བླ་མ་དང་ཡི་དམ་ལ་གསོལ་བ་བཏབ་ནས་ཚོགས་བསགས་སྒྲིབ་པ་སྦྱངས་གཞུང་ལུགས་ཀྱི་དོན་ལ་བརྟགས་ཤིང་མཐའ་དཔྱད་པའི་ལེགས་བཤད་རྣམས་བལྟས་ལ་ཡིད་ཆེས་པར་བྱས་ནས་ཉམས་སུ་བླངས་ན་སངས་རྒྱས་ལག་མཐིལ་དུ་རྙེད་པ་ལྟར་ཐོབ་སླ་བར་ཡོད་ཀྱང་བྱེད་མཁན་ཉུང༌། འོན་ཀྱང་སྣོད་རུང་གི་གདུལ་བྱ་རེ་གཉིས་བྱུང་ན་དེ་དག་ལ་ཕན་པ་གྱིས། ཁྱད་པར་སྔགས་ཀྱི་གཞུང་རྣམས་རྒྱས་པར་གྱིས་དང་སྐྱེ་བ་ཕྱི་མ་འཕྲད་པ་ཡིན་གསུངས། ཡང་སྐབས་ཤིག་ཏུ་མྱུར་མཛད་ཡེ་ཤེས་མགོན་པོ་འཁོར་བཅས་བྱོན་ཏེ་ཞལ་ནས་ཤཱ་ས་ནའི་སྔགས་འདྲེན་ཞིང་བསྐོར་བ་བྱས་ཏེ། ཁྱོད་ཀྱིས་ངའི་སྒྲུབ་སྐོར་ལས་ཁ་ཚར་དང་བཅས་པ་ཚང་བར་རྩོམས་ཤིག་གསུང་བ་ཞིག་བྱུང་བས། མགོན་པོའི་བེའུ་བུམ་ཆ་ལག་དང་བཅས་པ་མཛད་དོ།།

དེ་ནས་ལྕགས་མོ་ཕག་གི་ལོ་རྒྱལ་ཚབ་ཐམས་ཅད་མཁྱེན་པ་གནས་རྙིང་དུ་ཕེབས་པ་མཇལ་བར་བྱོན་པས་རྒྱལ་ཚབ་རིན་པོ་ཆེས་མཁས་གྲུབ་རིན་པོ་ཆེ་ལ་དགའ་ལྡན་གྱི་གདན་ས་བྱེད་དགོས་པའི་བཀའ་གནང་བ་བཞིན་ཡབ་སྲས་ལྷན་དུ་དབུས་སུ་བྱོན། འཇམ་དབྱངས་ཆོས་རྗེ་སོགས་འབྲས་སྤུངས་ཀྱི་དགེ་འདུན་ཚང་མས་ཡབ་སྲས་གཉིས་ཀ་ལ་གུས་འདུད་བླ་མེད་མཛད་ཅིང་ཆོས་ཀྱི་བཀའ་དྲིན་ཞུས། དེ་ནས་དགའ་ལྡན་དུ་ཕེབས་པ་ན་གནས་བརྟན་རིན་ཆེན་རྒྱལ་མཚན་པས་གཙོས་དགའ་ལྡན་གྱི་དགེ་འདུན་ཚང་མས་ཞབས་སྤྱི་བོར་བླངས་ཏེ་གུས་པ་བླ་མེད་མཛད་ཅིང༌། རྒྱལ་ཚབ་ཐམས་ཅད་མཁྱེན་པ་ཟུར་བཞུགས་མཛད་དེ། མཁས་གྲུབ་ཐམས་ཅད་མཁྱེན་པ་གསེར་ཁྲིར་ཕེབས་ཏེ་རྒྱལ་ཚབ་ཏུ་མངའ་གསོལ། དེ་ནས་རྗེ་བླ་མའི་གདན་ས་ལུགས་གཉིས་ཀྱི་སྒོ་ནས་ལེགས་པར་བསྐྱངས་ཏེ། ལོ་རེ་བཞིན་ལམ་རིམ་གྱི་ཁྲིད་རྒྱས་པ་རེ་དང་གཞན་ཡང་དབང་ལུང་མན་ངག་མཐའ་ཡས་པ་སྩལ་ཞིང་རྒྱལ་བ་གཉིས་པའི་བསྟན་པ་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་བཙུགས། ཆོས་ཀྱི་འཁོར་ལོ་བསྐོར། ཆོས་ཀྱི་སྒྲ་དབྱངས་ཆེན་པོ་བསྒྲགས་ཏེ་སྨྲ་བ་ངན་པ་ཐམས་ཅད་ཚར་བཅད། རྗེ་བླ་མའི་བསྟན་པ་རྒྱལ་མཚན་གྱི་རྩེ་མོའི་ཡིད་བཞིན་གྱི་ནོར་བུ་ལྟར་གུས་པས་མཆོད་ཅིང༌། རྣམ་པ་ཀུན་ནས་བསྲེ་བསླད་མེད་པར་རྣམ་པར་དག་པ་འཛིན་པས་འཛིན་མའི་ཁྱོན་ཀུན་ཁྱབ་པར་མཛད། གསེར་གདུང་གི་དབུ་ཐོག་ཏུ་གསེར་ཕེབས་གསར་བསྐྲུན་སོགས་སྲི་ཞུ་ཕུ་དུད་བླ་ན་མེད་པ་མཛད། དགའ་ལྡན་དུ་ཤིང་རྟ་ཆེན་པོའི་གཞུང་ལུགས་རྣམས་ལ་བཤད་གྲྭ་གསར་འཛུགས་མཛད་དེ། མཁས་པ་ཆེན་པོ་ཤཱཀྱ་ཤྲཱི། སྣོན་པ་དཔལ་ལྡན་པ། བླ་མ་ཡར་འབྲོག་པ། རྗེ་ཆོས་གྲགས་པ་དང་བཞི་སློབ་དཔོན་དུ་བསྐོས་ནས་མཚན་ཉིད་ཀྱི་བཤད་གྲྭ་བཙུགས་ཏེ་ཆེས་ཆེར་དར་བར་མཛད་དོ།།

མཁས་གྲུབ་རིན་པོ་ཆེ་འདི་ནི་སྐུ་དང་སྲོག་ལའང་བལྟོས་པ་མེད་པར་འཇམ་མགོན་བླ་མའི་བསྟན་པ་འཛིན་པ་ལ་རྣམ་པ་ཀུན་ཏུ་གཡེལ་བ་མེད་པ་ཞིག་སྟེ། དགའ་ལྡན་དུ་བཞུགས་སྐབས་སྤོམ་འབོར་སྒང་ནས་གདན་འདྲེན་གྱི་ཞུ་བ་ནན་ཆེར་བྱུང་ཡང་རྗེ་རིན་པོ་ཆེའི་བསྟན་པའི་སྲོག་ཤིང་འཛིན་པ་ལ་སྐད་ཅིག་ཀྱང་མི་གཡེལ་བར་གཞན་གྱི་བསྙེན་བཀུར་གྱི་ཕྱིར་འབྱོན་པར་མ་མཛད་པར།

ཨོཾ་སྭསྟི། དགེ་བའི་བཤེས་གཉེན་ཤེས་རབ་བཟང་པོ་བདེ་བར་འདོད་པའི་གནས་སུ་ཕྱིན་ཏེ། ཁོ་བོ་ལ་འཕྲིན་ཡིག་དགོས་པ་ཆེན་པོའི་གཏམ་རྒྱུ་མཚན་དུ་མས་བསྙད་པ་དང་བཅས་པ་བསྐུར་བ་དང༌། གཞན་ཡང་བཤེས་གཉེན་བགྲེས་པ་རྣམས་ཀྱིས་ཐུན་མོང་དུ་བསྙད་པའི་ཡི་གེ་དར་ཡུག་བདུན་གྱི་རྟེན་དང་བཅས་པ་མངགས་པའི་དགེ་བཤེས་གཉིས་ཀྱིས་འཕྲོད་པས་ཡིད་སིམ། བརྗོད་པར་བྱ་བ་ནི། ཡབ་རྗེ་དམ་པའི་བཀའ་སྲོལ་ཟླ་མེད་པ། །ཡོངས་སུ་རྫོགས་པའི་བསྟན་པའི་འཁུར་ཆེན་ནི། །ཤིན་ཏུ་ལྕི་བས་བདག་སྙིང་ཅི་ཡང་ནོན། །འོན་ཀྱང་ངལ་བའི་འདུ་ཤེས་མཆིས་མ་ལགས། །དེ་ཕྱིར་སྔོན་ཆད་ཐུབ་བསྟན་ཉི་མའི་འོད། །གང་དུ་བྲལ་བའི་མཐའ་འཁོབ་མུན་གླིང་དུ། །དྲི་མེད་བསྟན་པའི་སྒྲེན་མེ་འཛུགས་པ་ལའང༌། །བདག་ནི་ནམ་ཡང་ཞུམ་པ་མ་མཆིས་མོད། །དེ་ལྟ་ན་ཡང་གངས་ཅན་བསྟན་པའི་གཞི། །སྐྱེས་མཆོག་དུ་མས་གང་དུ་བཙུགས་པའི་གནས། །ད་ལྟའང་དམ་ཆོས་མ་ལུས་འབྱུང་བའི་ཁུངས། །དབུས་གཙང་དག་པའི་ཞིང་ཞེས་གྲགས་མོད་ཀྱི། །ལེགས་པར་བརྟགས་ན་བསྟན་པའི་གཟུགས་བརྙན་ཙམ། །འདི་ཡང་སྣུམ་ཟད་མར་མེ་ཇི་བཞིན་གྱུར། །ཐུབ་པའི་གཅེས་མཛོད་གང་ཡིད་རྩྭ་ལྟར་འདོར། །བློ་ངན་ལོག་པའི་གཞུང་ལུགས་ཉིན་བཞིན་འཕེལ། །རང་དགར་སྤྱོད་པ་བདུད་ཀྱི་ཕོ་ཉ་ནི། །མང་པོས་བཀུར་བའི་བཤེས་གཉེན་ཚུལ་འཛིན་པ། །བསྟན་པའི་རྒྱལ་མཚན་སྙིལ་ལ་ཆེར་བརྩོན་པའི། །དཔུང་ཚོགས་དུ་མས་ཐ་གྲུ་ཀུན་ཏུ་ཁྱབ། །ཚུལ་འདིར་གྱུར་ཀྱང་བློ་གྲོས་མིག་ལྡན་པ། །ཆོས་དང་ཆོས་མིན་འབྱེད་ལ་མ་ཞུམ་པའི། །བསྟན་པའི་འཁུར་འཛིན་བཤེས་གཉེན་ཆེས་ཆེར་དཀོན། །དེ་བས་དེ་རྗེས་འཇུག་པའང་ཤིན་ཏུ་དཀོན། །ཚུལ་འདི་ཡིད་ལ་ཤིན་ཏུ་བརྣག་དཀའ་ནས། །བདག་ཀྱང་འབད་པ་དུ་མས་བསྟན་པའི་འཁུར། །ཡབ་རྗེ་དམ་པའི་རིང་ལུགས་ཡོངས་རྫོགས་པ། །ཕྱོགས་འདིར་འཛིན་ལ་བློ་གྲོས་ཤིན་ཏུ་འཆེལ། །ཕྱོགས་འདིར་བསྟན་པའི་ལྗོན་ཤིང་རྩ་བ་ནས། །ཆོས་མིན་ཉེས་བཤད་སྟ་རེས་བཅད་པ་ན། །ལན་ཅིག་ཡལ་ག་ཅུང་ཟད་ཕྱོགས་གཞན་དུ། །འཕེལ་ཡང་དགོས་པ་ཆུང་བར་བདག་གིས་མཐོང༌། །ད་ལྟ་ཕྱོགས་འདིར་ཆོས་མིན་དཔུང་ཚོགས་དག །ལེགས་བཤད་བསྟན་པའི་རུ་མཚོན་ཁོ་བོས་འཛིན། །དེ་ཕྱིར་ཁོ་བོས་ཕྱོགས་འདི་བཏང་བ་ན། །ཐུབ་པའི་གཅེས་མཛོད་སུ་ཡིས་འཛིན་པ་སྨྲོས། །དེ་ཕྱིར་ཁྱེད་ཅག་ལྷག་བསམ་དགེ་མོད་ཀྱི། །བདག་གིས་ཁྱེད་ཀྱི་ཇི་ལྟར་བཞེད་པའི་དོན། ཁས་བླང་བགྱི་བའི་དམ་བཅའ་རྔོ་མི་ཐོག །དོན་འདི་དགོངས་ནས་རིང་འོངས་སྐྱེ་བོ་ཀུན། །རྣམ་དག་དགོངས་པ་རྫོགས་པའི་བཤེས་གཉེན་མཆོག །ལྟ་སྤྱོད་བཟང་ལྡན་གཞན་ལ་གསོལ་བ་ཐོབ། །བདག་ལ་ཁྱེད་ཀྱིས་བཟོད་པའི་བཀའ་དྲིན་མཛོད། །འདི་ཡི་གནས་ལུགས་དགེ་བཤེས་རྣམས་ལ་གསལ། །ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་འཕེལ་གྱུར་ཅིག །ཅེས་སྤོམ་འབོར་སྒང་དུ་ཆོས་བར་ལ་འོང་བར་རིགས་སོ་ཞེས་བསྐུལ་བའི་ལན་དུ་བཙུན་པ་དགེ་ལེགས་དཔལ་བཟང་པོས་སྨྲས་པའོ། །ཞེས་གསུངས་སོ།།

དེ་ནས་དུས་ནམ་ཞིག་ན་རྗེ་ཐམས་ཅད་མཁྱེན་པ་དྲན་ནས། ངའི་བླ་མ་གང་ན་བཞུགས་ཡོད་སྙམ་དུ་སྐུ་ལུས་འདར་བ་དང༌། བ་སྤུ་གཡོ་ཞིང་སྤྱན་ཆབ་དང་བཅས་ནས། རྗེ་བཙུན་རྡོ་རྗེ་འཆང༌། སེམས་ཅན་དམུ་རྒོད་ཀྱི་སྤྱོད་པ་ལ་གཟིགས་ཤིག ཁྱེད་ཀྱི་བསྟན་པ་ཡང་མྱུར་དུ་སྡུད་པ་འདྲ། ཁོ་བོ་བླ་མ་ཁྱེད་ཀྱི་དྲུང་དུ་ནམ་ཞིག་འོང༌། ཞེས་གསོལ་བ་དྲག་ཏུ་བཏབ་པས། རྗེ་རིན་པོ་ཆེ་སྟག་ཆེན་པོ་འཇིགས་སུ་རུང་བ་ཞིག་ལ་ཆིབས་ནས་རྣལ་འབྱོར་པའི་ཆ་ལུགས་སྐུ་མདོག་དམར་པོ་སྤྱན་དང་ཤངས་ཆེ་བ། སྣུམ་ཞིང་བཀྲག་པ་ཕྱག་གཡས་རལ་གྲི་ནམ་མཁའ་ལ་འཕྱར་ཞིང༌། གཡོན་ཀ་པཱ་ལ་བདུད་རྩིས་གང་བ་ཐུགས་ཀར་བཟུང་བ། གྲུབ་ཆེན་བརྒྱད་ཅུས་བསྐོར་བ་ཞིག་བྱོན་ནས། བུ་སྙིང་མི་དགའ་བ་བྱ་མི་དགོས། ངས་ཁྱོད་བཞག་ནས་གང་དུ་ཡང་མི་འགྲོ། ང་དྲན་ན་ང་ཡི་ཡིག་ཆ་འདི་རྣམས་ལྟོས། ང་དངོས་སུ་ཡོད་ཀྱང་འདི་ལས་སྨྲ་རྒྱུ་གཞན་མེད། སེམས་ཅན་རྣམས་བསོད་ནམས་ཆུང་ངུར་སོང་ཉོན་མོངས་རགས། བསྟན་པའི་མཇུག་སྡུད་པའི་འགོ་ཡང་བརྩམས་འདུག ཁྱོད་རང་ཡང་མཁའ་སྤྱོད་དུ་འོང་བའི་འདུན་པ་ཐོངས་གསུངས། དེ་ནས་མི་རིང་བ་ན་ད་རང་འགྲོ་བའི་འདུན་པ་བྱས་ན་ལེགས་པ་འདྲ་སྙམ་དུ་དགོངས་ནས་གསེར་གྱི་མཎྜལ་དང་བཅས་གསོལ་བ་བཏབ་པས། རྗེ་རིན་པོ་ཆེ་སྔར་གྱི་ཇི་ལྟ་བ་བཞིན་དུ་སྤྲིན་དཀར་པོ་ཞིག་གི་ནང་དུ་བྱོན་ནས། བུ་ད་ནི་མྱུར་དུ་འོང་བའི་གྲབས་གྱིས་བདག་གིས་བསུ་མཁན་གཏོང་གསུངས། དེའི་ཚེ་རྗེ་རིན་པོ་ཆེ་ད་ལྟ་གང་དུ་བཞུགས་བདག་ཀྱང་དེར་འོང་ལགས་ཞུས་པས། སྤྱིར་ངའི་སྤྲུལ་པ་དགའ་ལྡན་མཁའ་སྤྱོད། འཛམ་བུའི་གླིང་སོགས་སུ་མང༌། ད་ལྟ་རྒྱ་ནག་རི་བོ་རྩེ་ལྔར་དགེ་སློང་རྡོ་རྗེ་འཛིན་པ་སྟོང་ཕྲག་བརྒྱད་བརྒྱ་རེ་ཙམ་ལ་སྔ་དྲོ་དབུ་མ་དང་ལམ་རིམ། ཕྱི་དྲོ་བདེ་བསང་འཇིགས་གསུམ་གྱི་བསྐྱེད་རྫོགས་འཆད་ཀྱིན་ཡོད་ཁྱོད་རང་ཡང་དེར་འོང་བའི་འདུན་པ་ཐོངས། རིང་པོར་མི་ཐོགས་པར་ཕྲད་པ་ཡིན་གསུངས། འོ་ན་གདུལ་བྱ་གཞན་གྱིས་གསོལ་བ་བཏབ་ན་ཞིང་དེར་སྐྱེ་ཞིང་གསུང་གི་བདུད་རྩི་མྱོང་ངམ་ཞུས་པས། ཁོ་བོ་དང་རྗེ་བཙུན་འཇམ་དབྱངས་དབྱེར་མེད་དུ་གསོལ་བ་བཏབ་ན་རྗེས་སུ་འཛིན་ཅིང་ཞིང་དེར་སྐྱེ་ཡང་དེ་ལྟར་བྱེད་མཁན་མེད་པས་ལན་གསུངས་པས། རྗེ་རིན་པོ་ཆེ་དང་རྗེ་བཙུན་གྱིས་རྗེས་སུ་འཛིན་པའི་རྒྱུ་ལ་ཇི་ལྟར་དགོས་ཞུས་པས། རྒྱུ་ཐུན་མོང་མ་ཡིན་པ་ནི། ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་དང་ལྟ་བ་རྣམ་པར་དག་པ་གསུམ་རྒྱུད་ལ་བསྐྱེད་ཅིང་བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་དབྱེར་མེད་པ་ལ་རྩེ་གཅིག་ཏུ་མོས་པ་ཞིག་དགོས་གསུངས། གཞན་ཇི་ལྟར་བསྒྲུབ་དགོས་ལགས་ཞུས་པས། ང་དང་རྗེ་བཙུན་གྱི་སྐུ་གསུང་ཐུགས་རྟེན་བཞེངས། བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་དབྱེར་མེད་འབྲལ་མི་རུང་དུ་གསོལ་བ་བཏབ། བསྟོད་པ་དང༌། སྨོན་ལམ་ཚིག་ཙམ་མིན་པར་འདེབས། ལས་འབྲས་ལ་ཡིད་ཆེས་དང་སྟོབས་བཞིའི་བཤགས་བསྡམ་ལ་འབད་པར་བྱས་ན་རྗེས་སུ་འཛིན་པར་ཐེ་ཚོམ་མེད་གསུངས། དེའི་ཚེ། རྗེ་བཙུན་བླ་མ་བློ་བཟང་གྲགས་པའི་དཔལ། །མོས་གུས་སྙིང་ནས་ཡིད་ཀྱིས་གསོལ་འདེབས་ན། །མགོན་ཁྱོད་གང་དུ་བཞུགས་པའི་ཞིང་ཁམས་དེར། །བདག་ཀྱང་མྱུར་དུ་འོང་བར་བྱིན་གྱིས་རློབས། །ཞེས་སྨོན་ལམ་བཏབ་བོ། །དེ་ནས་སྐུ་ཚེ་འདིའི་དངོས་ཀྱི་གདུལ་བྱ་རྫོགས་ནས་རྗེ་རིན་པོ་ཆེའི་ཞབས་དྲུང་དུ་འབྱོན་པར་དགོངས་པའི་ཚེ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་བྱོན་ནས་བསྟན་པའི་བདག་པོ་ཁྱེད་མེད་ན་རྗེའི་བསྟན་པ་སུས་འཛིན་ཞེས་དང༌། མགོན་པོ་ཞལ་བྱོན་ནས། རྗེ་དང་མགོན་པོ་ཀླུ་སྒྲུབ་ལ་ཁྱད་མེད། ཁྱོད་མེད་ན་ཀླུ་སྒྲུབ་ནས་བརྒྱུད་པའི་རྗེ་བླ་མའི་ལྟ་བ་རྣམ་དག་སུས་འཛིན། ཁ་ལྟ་མཁན་མང་སྟེ་ཞེས་ཞལ་ནམ་མཁའ་ལ་གཟིགས་སོ། །དེ་ནས་དམ་ཅན་ཆོས་རྒྱལ་འཁོར་དང་བཅས་པ་བྱོན་ནས། བདག་ཅག་རྣམས་རྗེ་བླ་མའི་བཀའ་སྡོད་ཐུན་མོང་མ་ཡིན་པར་གཤིན་རྗེའི་གཤེད་ཀྱིས་བཀའ་བསྒོས་པ་ཡིན། རྗེ་བླ་མས་བདག་ཅག་རྣམས་ཉིད་བསུ་བ་ལ་བཏང་བ་ཡིན་ཟེར་བ་དང༌། ལྷའི་བུ་མང་པོ་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་མཆོད་རྫས་མང་པོ་ཁྱེར་ནས་བསུ་བ་སོགས་ཞིང་གཞན་དུ་འབྱོན་པའི་ལྟས་ངོ་མཚར་བ་མང་དུ་བྱུང་ཞིང༌། དགུང་ལོ་ང་བཞིར་ཕེབས་པ་ས་ཕོ་རྟའི་ལོ་ཧོར་ཟླ་གཉིས་པའི་ཚེས་ཉེར་གཅིག་ལ་དགའ་ལྡན་ཁྲི་ཐོག་ཏུ་སྐུའི་བཀོད་པ་བསྡུས་ཏེ་བུ་ཕ་ཁྱིམ་དུ་འགྲོ་བ་ལྟར་དགའ་བཞིན་སྤྲོ་བཞིན་དུ་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་མི་ཕམ་འཇམ་དཔལ་སྙིང་པོའི་ཞབས་དྲུང་དུ་ཕེབས་སོ། །དེ་ནས་སྐུ་གདུང་ཞུགས་ལ་ཕུལ་བས་གདུང་རིང་བསྲེལ་མང་དུ་བྱོན་པ་རྣམས་དངུལ་དཀར་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་བཞེངས་ཏེ་དེའི་ནང་དུ་བཞུགས་ནས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་བཞུགས་སོ།།

མཁས་གྲུབ་བདག་ཉིད་ཆེན་པོ་འདིས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་བསྟན་བཅོས་མཛད་པ་ནི་རྗེ་བདག་ཉིད་ཆེན་པོའི་ངོ་མཚར་རྨད་དུ་བྱུང་བའི་རྣམ་པར་ཐར་པ་དད་པའི་འཇུག་ངོགས། རྗེ་བདག་ཉིད་ཆེན་མོའི་གསང་བའི་རྣམ་ཐར་རིན་པོ་ཆེའི་སྙེ་མ། རྗེ་བདག་ཉིད་ཆེན་པོའི་དགོངས་པ་ལྟར་དྲི་མ་མེད་པའི་རིགས་པའི་ལམ་སྲོལ་གསལ་བར་བྱེད་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ཊིཀ་ཆེན་རིགས་པའི་རྒྱ་མཚོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པའི་རྣམ་བཤད་རྟོགས་དཀའི་སྣང་བ། སྟོང་ཐུན་སྐལ་བཟང་མིག་འབྱེད། བྱང་བདག་པོ་ནང་སོ་རྣམ་རྒྱལ་གྲགས་པའི་དྲིས་ལན་རྒོལ་ངན་ཚར་གཅོད། ཕྱིན་ཅི་ལོག་གི་གཏམ་གྱི་སྦྱོར་པ་ལ་ཞུགས་པའི་སྨྲ་བ་ངན་པ་རྣམ་པར་འཐག་པའི་བསྟན་བཅོས་གནམ་ལྕགས་འཁོར་ལོ། ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ། མངོན་སུམ་ལེའུའི་ཊིཀྐ་རྗེའི་གསུང་བཞིན་བཀོད་པ། དམ་བཅའ་བཅུ་པ། ཡིག་རིགས་དྲུག་ཅུ་རྩ་བཞིའི་རྣམ་གྲངས། སྡོམ་པ་གསུམ་གྱི་རྣམ་པར་བཞག་པ་མདོར་མསྡུས་ཏེ་གཏན་ལ་དབབ་པའི་རབ་ཏུ་བྱེད་པ་ཐུབ་བསྟན་རིན་པོ་ཆེའི་བྱི་དོར། བྱང་སེམས་དང་རིག་པ་འཛིན་པའི་ཕྱིར་བཅོས། སྡོམ་པ་ཉི་ཤུ་པ། རྩ་ལྟུང་བཅུ་བཞི་པ། སྦོམ་པོ་བརྒྱད་པ་དང་བཅས་པའི་རྣམ་བཤད་སྔགས་བྱང་སེམས་ཀྱི་བསླབ་བྱ་མདོར་བསྡུས། དཔལ་གསང་བ་འདུས་པའི་མངོན་རྟོགས་ཀྱི་ལྷན་ཐབས། གསང་བ་འདུས་པའི་མདུན་བསྐྱེད་ཀྱི་ལྷན་ཐབས། གསང་བ་འདུས་པའི་དཀྱིལ་ཆོག་གི་ལྷན་ཐབས། འདུས་པའི་རྡོ་རྗེ་སེམས་དཔའ་མཉེས་པར་བྱེད་པའི་ཆོ་གའི་ངག་འདོན། གསང་བ་འདུས་པའི་རྫོགས་རིམ་ཟིན་བྲིས། གསང་འདུས་འཇམ་དཔལ་རྡོ་རྗེ་ལྷ་བཅུ་དགུའི་སྒྲུབ་ཐབས་ཀྱི་ལྷན་ཐབས། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རིམ་ཆེན་མོ། འཇིགས་བྱེད་ཀྱི་བསྲུང་འཁོར། གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་གཏོར་ཆོག་བར་ཆད་ཀུན་སེལ། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ཡབ་ཡུམ་ལ་མངོན་པར་བསྟོད་པའི་རབ་ཏུ་བྱེད་པ། དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་རོལ་མཚོ། དཔལ་ཀྱཻ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་གྱི་འཁོར་ལོ་སྒྲུབ་པའི་ཐབས་འཁྲུལ་པ་སྤོང་བ། ཀྱཻ་རྡོ་རྗེ་ཟུར་འདེབས་ཀྱི་ཆོ་ག །ཀྱཻ་རྡོ་རྗེའི་མཆོད་ཕྲེང་སྨོན་ལམ་ཤིས་བརྗོད་དང་བཅས་པ། དུས་ཀྱི་འཁོར་ལོའི་ཉེ་བར་མཁོ་བའི་ཟུར་འདེབས། དགེ་བའི་བཤེས་གཉེན་བསོད་ནམས་རྒྱལ་མཚན་གྱི་དྲིས་ལན། ཐལ་ལྡོག་གི་དཀའ་གནད་དྲིལ་ལན། དགེ་བའི་བཤེས་གཉེན་སངས་རྒྱས་རིན་ཆེན་གྱི་དྲི་བའི་ལན། ལྟ་བའི་ཞལ་ཤེས་ཡིག་ཆུང༌། ཟབ་མོ་རྡོ་རྗེ་ཐེག་པའི་རྣལ་འབྱོར་ལ་འཇུག་པའི་ལམ་བསྟན་པ། སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཀྱི་དཀའ་བའི་གནད་རྣམ་པར་འབྱེད་པའི་བརྗེད་བྱང༌། འདོད་ཁམས་དབང་ཕྱུག་མ་ལ་བསྟོད་པ། དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མ་མེད་པའི་འོད་ཀྱི་རྒྱ་ཆེར་བཤད་པ་ལས་འཇིག་རྟེན་ཁམས་ལེའི་འགྲེལ་བཤད། འགྲེལ་ཆེན་དྲི་མ་མེད་འོད་ཀྱི་ནང་ལེའི་འགྲེལ་བཤད། འགྲེལ་ཆེན་དྲི་མ་མེད་འོད་ཀྱི་དབང་ལེའི་འགྲེལ་བཤད། དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་པ་ལས་སྒྲུབ་ལེའི་འགྲེལ་བཤད། གསན་ཡིག །གསུང་ཐོར་བུ། དཀྱིལ་འཁོར་གཅིག་ཐུན་བཞིར་བྱེད་ཚུལ་དང་དཀྱིལ་འཁོར་ཐ་དད་པ་ཐུན་བཞིར་སྒོམ་ཚུལ་གྱི་རྣམ་གཞག་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒྲུབ་པའི་ཐབས་པདྨ་དཀར་པོའི་ཞལ་ལུང༌། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མཆོད་པའི་ཆོ་ག་ཀུན་ཏུ་བཟང་པོའི་མཆོད་སྤྲིན། དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་ཐེག་གདབ་ཚུལ། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་དགོངས་པ་རབ་གསལ། དུས་འཁོར་གྱི་དབང་བསྐུར་ཚུལ་རྗེའི་གསུང་རྒྱུན་བཞིན་བཀོད་པ། དུས་འཁོར་གྱི་དྲི་ལན། ས་ལམ་གྱི་རྣམ་གཞག་མཁས་པའི་ཡིད་འཕྲོག །རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བསྐྱེད་རིམ་གྱི་རྣམ་བཤད་དངོས་གྲུབ་རྒྱ་མཚོ། སྦྱོར་བ་ཡན་ལག་དྲུག་གི་རྩ་ཚིག་དང་བཅས་པའི་ཟིན་བྲིས། སྦྱོར་བ་ཡན་ལག་དྲུག་གི་ཁྲིད་ཡིག་གི་སྔོན་འགྲོའི་སྐོར། རྗེ་བཙུན་མར་པའི་སྙན་བརྒྱུད་དཔལ་གསང་བ་འདུས་པའི་ཁྱད་ཆོས་བསྲེ་འཕོ་སྐོར་གསུམ་དང་ཕྱག་རྒྱ་བསྟེན་ཚུལ་རྩ་ཐིག་རླུང་གསུམ་གྱི་གེགས་སེལ་བོགས་འདོན་སོགས་ཞལ་ཤེས་ཀྱི་གདམས་པ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ཞལ་ལས་བྱུང་བ་ཐུན་མོང་མ་ཡིན་པ་ཤིན་ཏུ་གསང་བ། དཔལ་གསང་བ་འདུས་པའི་སྒྲུབ་ཐབས་ཀྱི་ཆོ་གའི་ངག་འདོན་ལྷན་ཐབས། དཔལ་གསང་བ་འདུས་པའི་ཞི་རྒྱས་ཀྱི་སྦྱིན་སྲེག །གསང་འདུས་འཇམ་རྡོར་གྱི་ལྷན་ཐབས། བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་དབང་དུ་བྱས་པའི་བསྐྱེད་རིམ་གྱི་དཀའ་གནད་འགའ་ཞིག །རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་བསྐྱེད་རིམ་རྣམ་པར་བཤད་པ། གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར་གྱི་ཆོ་གའི་རྣམ་པར་བཤད་པ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཉི་འོད། འཁྲུལ་འཁོར་རྣམ་བཤད་ཆེན་པོའི་ཞལ་ཤེས་ཡིག་ཆུང་དང་ཡང་ཆུང༌། བཅོམ་ལྡན་འདས་དཔལ་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་འཁྲུལ་པ་སྤོང་བ། ཀྱཻ་རྡོ་རྗེའི་ལྷ་དགུའི་དཀྱིལ་འཁོར་གྱི་ཆོ་ག་བདེ་བ་ཆེན་པོའི་འཇུག་ངོགས། ཀྱཻ་རྡོ་རྗེའི་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པའི་ཆོ་ག །མན་ངག་ཡིད་བཞིན་ནོར་བུ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་སྒྲུབ་ཅིང་གཏོར་མ་འབུལ་བ་རྒྱུན་གྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ། སྦས་པའི་གདམས་ངག་བེའུ་བུམ་ནག་པོའི་མན་ངག །ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་ལས་ཡིག་ཆུང་དམར་ནག་གཉིས་ཀྱི་མན་ངག་ཟབ་པ་ཞུས་ཐིག་མ། རྒྱུད་སྡེ་སྤྱིའི་རྣམ་པར་བཞག་པ་རྒྱས་པར་བཤད་པ། དཔལ་བརྟག་པ་གཉིས་པའི་རྣམ་པར་བཤད་པ་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་གསང་བའི་མཛོད། ལྟ་བའི་མཐའ་དཔྱོད། ཐུན་དྲུག་གི་རྣལ་འབྱོར། དཔལ་ཀྱཻ་རྡོ་རྗེའི་བསྐྱེད་རིམ་མངོན་རྟོགས་ཀྱི་དྲི་ལན། རྗེ་རིན་པོ་ཆེའི་ཐུགས་ཀྱི་བཅུད་ཕྱུང་བའི་མན་ངག་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་སྙིང་པོའི་བསྡུས་པ་སྙན་བརྒྱུད་ཟབ་མོ་ཡིག་ཆུང་ཉེར་གཅིག་ཏུ་གྲགས་པ་རྣམས་མཛད་དོ།།

བདག་ཉིད་ཆེན་པོ་འདི་ལ་རྒྱུད་འཛིན་གྱི་སློབ་མ་ནུབ་ཛ་ལནྡྷ་ར་ནས་ཤར་ཕྱོགས་རྒྱ་མཚོ་ཆེན་པོ་ལ་ཐུག་གི་བར་དུ་ཁྱབ་པར་བཞུགས་པས་མཐའ་དག་བགྲང་བར་སུ་ཡིས་ནུས། གངས་རིའི་ཁྲོད་འདིར་བསྟན་འཛིན་དམ་པ་ཡོངས་སུ་གྲགས་པའང་ཆེས་མང་ལ་རྗེའི་སྙན་བརྒྱུད་ཀྱི་མན་ངག་ཡོངས་སུ་རྫོགས་པར་འཛིན་པའི་ཐུགས་སྲས་མཆོག་ནི་གཅུང་བ་སོ་བ་རྗེ་ཆོས་ཀྱི་རྒྱལ་མཚན་ཏེ། དེའི་རྣམ་ཐར་ནི་ད་ལྟ་ཉིད་དུ་འཆད་པར་འགྱུར་རོ།།

དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་མཁས་གྲུབ་ཐམས་ཅད་མཁྱེན་པ་ལ་གསོལ་བ་འདེབས་ཤིང་བདག་ཉིད་ཆེན་པོ་འདིའི་རྣམ་ཐར་ལྟར་རྗེ་བླ་མ་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་པ་དང་ཡང་དག་པའི་ལམ་ལ་དྲི་མ་མེད་པའི་རིགས་པའི་ལམ་ནས་དྲངས་པའི་ངེས་ཤེས་བརྟན་པོ་རྙེད་ནས་མདོ་སྔགས་ཀྱི་ལམ་ཆ་ཚང་ལ་བག་ཆགས་ཅི་ཐེབས་བྱའོ།། །།

རྩོམ་སྒྲིག་པ། འཇམ་དབྱངས།

བརྒྱུད་འགོད།
0