ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་རྣམ་ཐར།

སྤེལ་དུས།  2017-12-14   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  ཡོངས་འཛིན་ཡེ་ཤེས་རྒྱལ་མཚོན།   ཀློག་གྲངས།  

ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོ།

རིག་གྲོལ་ཕུན་ཚོགས་དགེ་འདུན་འདུས་པའི་གཙོ། །གྲུབ་པའི་དབང་ཕྱུག་མཁས་པ་ཀུན་གྱི་དཔལ། །འཕྲིན་ལས་བཟང་པོས་བསྟན་པ་རྒྱས་མཛད་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་བསྔགས་པ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོ་ནི། གུར་མ་ཞེས་བྱ་བའི་ཡུལ་གྱི་ལྷས་ར་ཞིག་ཏུ། ཡབ་མགོན་པོ་རྡོ་རྗེ་དང༌། ཡུམ་ཇོ་མོ་ནམ་སྐྱིད་ཅེས་བྱ་བ་གཉིས་ཀྱི་སྲས་སུ་ལྕགས་མོ་ལུག་གི་ལོ་ངོ་མཚར་བའི་ལྟས་དང་བཅས་ཏེ་འཁྲུངས། རྗེ་འདི་སྤྲུལ་པའི་སྐྱེས་བུར་སྟོན་ཕྱིར་འཁྲུངས་པའི་ནུབ་མོ་དེ་ཕྱོགས་ཀྱི་འབྲོག་པ་ལ་དགྲ་ཇག་བྱུང་སྟེ་ཡུམ་གྱིས་ཁྱེའུ་འཁྲུངས་མ་ཐག་པ་དེ་ཁྱེར་མ་ཐུབ་པར་རྡོའི་གསེབ་ཅིག་ཏུ་སྦས་ཏེ་ནང་མི་ཐམས་ཅད་བྲོས། སང་ཉིན་ནམ་ལངས་ནས་ལྟར་འོངས་པས། དེའི་མཐའ་སྐོར་ལ་བྱ་དང་གཅན་གཟན་མང་པོ་འཁོར་ནས་ཡོད་པ་ལ། བྱ་རོག་ཆེན་པོ་གཅིག་གིས་ཁྱེའུ་འཁྲུངས་མ་ཐག་པ་དེ་གཅན་གཟན་སོགསཀྱི་གནོད་པ་ལས་བསྲུངས་ཏེ་མ་ནོངས་པར་བཞུགས་པ་མཐོང་སྟེ་དགའ་ཞིང་ངོ་མཚར་ཡ་མཚན་དུ་བཟུང་ནས་ཁྱེའུ་དེ་ཁྱེར་ཏེ་བྲོས་ནས་ཕྱིན། དེ་དུས་ཀྱི་བྱ་རོག་ཆེན་པོ་དེ་ནི་དཔལ་མགོན་ཞལ་གྱི་རྣམ་འཕྲུལ་དུ་འདུག །མགོན་པོ་འདིས་ཕྱིས་ཀྱང་དེ་དུས་ཀྱི་དྲིན་ངོ་དང༌། ཁྱོད་ལྟ་བུའི་བསྟན་འཛིན་ལ་ང་ལྟ་བུའི་ཆོས་སྐྱོང་བསྟེན་དགོས་པ་ཡིན་ནོ་ཞེས་ཡང་ཡང་གསུང་གི་ཡོད་གསུངས་ཏེ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་རོ། །དེ་ལྟ་བུའི་གཞོན་ནུ་དེ་ཉིད་ནི། བྱིས་པའི་གནས་སྐབས་ཉིད་ནས་ཀྱང་བྱིས་པའི་རྒོད་པ་ཐམས་ཅད་ལས་ཡང་དག་པར་འདས་ཤིང༌། བག་མེད་པར་རྩེ་བ་མཐའ་དག་ལས་ངང་གིས་ལོག །ཉེས་སྤྱོད་རྣམས་ནི་རང་བཞིན་གྱིས་བསྡམས། བློ་གྲོས་དཔག་པར་དཀའ་ཞིང་དམ་པའི་ཆོས་འཚོལ་བ་ངང་གིས་ཞུགས་པ་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་རྣམས་ལས་ནམ་ཡང་ཉམས་པ་མེད་ཅིང༌། ཁྱད་པར་རང་དང་ན་ཚོད་མཉམ་པའི་བྱིས་པ་མང་པོ་བསགས་ནས་དེ་དག་ལ་རང་ཉིད་ཀྱིས་ཆོས་འཆད་པའི་རྣམ་པ་མཛད་ཅིང༌། གཞན་ཡང་རྟེན་བཞེང་དང༌། གཙུག་ལག་ཁང་དང༌། ཆོས་ཁྲི་དང་ཆོས་ར་རྩིག་པ་ཡིན་གསུངས་ནས། ཉིན་མཚན་ཀུན་ཏུ་ཕྱག་དལ་བར་བཞུགས་པའི་སྐབས་མེད་པ་ལྟ་བུ་ཞིག་ཡོད་ཅེས་གྲག་གོ །དེ་ནས་རྗེ་འདིའི་ཡབ་ཡུམ་རྣམས་ཀྱང་ནོར་དགྲ་ལ་ཤོར་ཏེ་སྦྲ་མ་ཚུགས་པར་རེ་ཞིག་ལ་ཁ་སྟོད་ཀྱི་གྲོང་ཡུལ་རྣམས་སུ་བཞུགས་ཏེ་རྗེ་འདིས་ཀྱང་གྲོང་པ་དག་གི་རྫི་བོ་སོགས་མཛད་དེ་སེམས་ཅན་ལ་ཕན་པ་མཛད། ཁྱད་པར་རྩེན་དཀར་བྱ་བའི་ཡུལ་དུ་བཞུགས། དགུང་ལོ་ལྔ་པའི་དུས་ཉིན་རེ་བཞིན་ཕྱོགས་གཞན་ཞིག་ཏུ་འབྱོན་པ་ཞིག་བྱུང་བ་ལྕམ་མོ་ཞིག་ཡོད་པ་དེས་ལྟར་ཕྱིན་པས་རྡོ་མང་པོ་ལ་མ་ཎི་ཕྱག་བྲིས་མཛད་དེ་བརྐོ་ཡིན་འདུག །ཅི་མཛད་ཞུས་པས། འདི་ལ་ངའི་ཕ་མའི་སྒྲིབ་སྦྱོང་བྱེད་པ་ཡིན་གསུངས། ཕ་མ་ད་ལྟ་མ་ཤི་ལགས་ཞུས་པས། ཕ་མ་ཤི་བ་དང་མ་ཤི་བ་མང་པོ་ཡོད་པས་དེ་ཐམས་ཅད་ཀྱི་སྒྲིབ་སྦྱོང་ཡིན་གསུངས། དེ་འདྲའི་མ་ཎི་ཡུལ་དེ་ན་ད་ལྟ་ཡང་ཡོད་པར་གྲགས། དེ་ནས་ཁ་སྟོད་མཐོང་སྨོན་བྱ་བར་ཡུམ་སྲས་རྣམས་ཀྱིས་བྱོན། ཡུལ་དེའི་ཕྱུག་པོ་ཞིག་གི་ར་རྫི་མཛད་དེ་རི་གདོང་ཞིག་གི་བྲག་ལྡེབས་ལ་འབྲུ་དྲུག་དང༌། འབྲུ་གསུམ་དང༌། ཧཱུཾ་དང་ཧྲི་ལ་སོགས་པའི་གསུང་ཡིག་འབྲུ་མང་པོ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་སོགས་མཆོད་པའི་ཡོ་བྱད་མང་པོ་ཕྱག་བྲིས་སུ་བརྐོ་བར་མཛད་པ་ད་ལྟ་ཡང་ཡུལ་དེ་ན་བཞུགས། དེ་ནས་ཞུ་རོང་བྱ་བར་ཕེབས་ཏེ་འགྲོ་དོན་མཛད། དེ་ནས་སྣར་ཐང་གི་ཕུ་དགེ་སྟེང་བྱ་བར་བཞུགས། དགུང་ལོ་བདུན་པའི་ཚེ་ཡབ་དེ་སྐུ་གཤེགས། དེའི་ཚེ་རྗེ་འདིས་སྟོན་པ་སྨན་པའི་རྒྱལ་པོའི་རྡོ་ཞིག་ཕྱག་བྲིས་མཛད་དེ་བཞེངས། འདི་ལ་བདག་གི་ཕའི་སྒྲིབ་སྦྱོང་བྱེད་པ་ཡིན་ནོ་གསུངས། དེ་ནས་ཡབ་ཡུམ་དག་འབྱོར་པ་ཆུང་བས་རྒྱལ་སྲས་འདིས་སྣར་ཐང་དུ་དགེ་འདུན་གྱི་ཚོགས་ལ་བསྐྲུ་བ་ལ་བྱོན། དེ་ལ་ཡང་ན་བཟའ་སེར་པོ་རེ་བཞེས། དབུ་སྐྲ་བྲེགས་ཏེ་བྱོན། དེ་ལ་མི་རྣམས་ཀྱིས་བཙུན་ཆུང་རག་སྐྱ་ཞེས་འབོད་པ་བྱུང༌། དེ་ནས་རྒྱལ་བའི་བསྟན་པ་ལ་འཇུག་པར་བཞེད་དེ་སྣར་ཐང་མཁན་ཆེན་གྲུབ་པ་ཤེས་རབ་ལས་ཡོངས་རྫོགས་དགེ་བསྙེན་གྱིས་སྡོམ་པ་བཞེས་ཏེ་བསླབ་ཁྲིམས་རྣམས་ཚུལ་བཞིན་དུ་བསྲུང་བར་མཛད་ཅིང༌། ཆོས་སྤྱོད་མང་པོ་ཞལ་ཏོན་དུ་མཛད་པ་ན་བཙུན་ཆུང་པད་རྡོར་ཞེས་འབོད་པ་བྱུང༌། དེ་ནས་སྣར་ཐང་མཁན་པོའི་གསུང་ནས། ད་རེ་ཞིག་ལ་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཡིན་པས་ཀློག་ཡིག་ལ་སྦྱོངས་ཤིག་གསུངས་ནས། དེ་དུས་ཀྱི་ཀློག་དཔོན་རྒྱ་སྟོན་ཙནྡྲ་པ་ཞེས་པ་སློབ་མ་བརྒྱ་ཕྲག་མང་པོ་བསྟེན་པ་གཅིག་ལ་གཏད་དེ་ཀློག་ཡིག་སྦྱོང་བའི་ཚུལ་བསྟན་པ་ཙམ་གྱིས་ཐོགས་མེད་དུ་མཁྱེན་པ་བྱུང༌། དེ་ནས་རྒྱ་སྟོན་པའི་ཞལ་ནས། ད་ནི་ང་བས་ཁྱོད་མཁས་པར་འདུག་པས། ངའི་སློབ་མ་རྣམས་ཁྱོད་ཀྱིས་སྐྱོངས་ཤིག་གསུངས་ནས། དེ་དུས་ཀྱང་ཀློག་གིས་བུ་སློབ་སྐྱོང་བ་སོགས་མཛད། དེ་ནས་ཡང༌། དེ་དུས་ཀྱི་ཡིག་དཔོན་ཤཱཀྱ་དཔལ་ཞེས་པ་ལ་ཡི་གེ་སྦྱོང་བའི་ཚུལ་བསྟན་པ་ཙམ་གྱིས་ཡི་གེའི་རིགས། རྒྱ་ཡིག བོད་ཡིག ཧོར་གྱི་ཡི་གེ །རྒྱ་གར་གྱི་ཡི་གེའང༌། ལཉྪ། ཝརྟུ། བོད་ཡིག་ལའང༌། ཆེ་ཡིག །ཆུང་ཡིག །དེ་ལའང༌། འབྲུ་མ། ཚག་བྲིས། ཟླུམ་བྲིས་སོགས་ཐམས་ཅད་ཐོགས་པ་མེད་པར་མཁྱེན། དེ་ལྟར་མཁྱེན་ཅིང་རབ་ཏུ་བྱུང་བའི་རྗེས་སུའང་སྣར་ཐང་དུ་ཀློག་ཡིག་གིས་བུ་སློབ་མང་པོ་བསྐྱངས་པས་མི་རྣམས་ཀྱིས་དཔོན་ཡིག་དགེ་འདུན་གྲུབ་ཅེས་འབོད་པའང་བྱུང་ཞིང༌། དེ་ལྟར་ཡིག་རིགས་ཐམས་ཅད་མཁྱེན་པས་གསན་སྦྱོང་མཛད་དུས་ཀྱི་ཕྱག་དཔེ་ཕལ་ཆེ་བ་ཕྱག་བྲིས་མཛད་དེ་བཞེངས། ཆོས་བར་སོགས་ལ་བྱོན་དུས་གཙུག་ལག་ཁང་གང་དུ་བྱོན་སར་འཕན་གདུགས་རྒྱལ་མཚན་སོགས་ཕུལ་བ་རྣམས་ལ་དཀར་ཆག་རེ་ཕྱག་བྲིས་སུ་མཛད། ཕྱིས་བཀྲ་ཤིས་ལྷུན་པོའི་ཕྱི་ནང་ཀུན་ཏུ་བླ་མ་སངས་རྒྱས་བྱང་སེམས་ཀྱི་མཚན་དང༌། མ་ཎི་ཇི་སྙེད་ཡོད་པ་ཕལ་ཆེ་བ་དང༌། ཁྱད་པར་གཙུག་ལག་ཁང་གི་ནང་ན་ཡོད་པ་ལཉྪ་སོགས་ཡིག་རིགས་ཕལ་ཆེ་བ་རྣམས་རྗེ་འདིའི་ཕྱག་བྲིས་ཡིན་ཞིང༌། རྗེ་འདིས་མཛད་པའི་ཕྱག་བྲིས་ཆད་ལྷག་ནོར་གསུམ་གྱི་སྐྱོན་དང་བྲལ་བར་རྗེ་རང་ཉིད་ཀྱིས་ཞལ་གྱིས་བཞེས་སོ།།

དེ་ནས་འདི་སྙམ་དུ་དགོངས་ཏེ། རྒྱལ་བའི་བསྟན་པ་ལ་ཞུགས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཆེས་ཆེར་སྤེལ་ཐུབ་པ་ཞིག་བྱའོ་སྙམ་དུ་དགོངས་ནས་དགུང་ལོ་བཅོ་ལྔ་པ་ཤིང་མོ་བྱའི་ལོ་ཟླ་བ་གསུམ་པའི་ཉེར་གཅིག་གི་ཉིན་དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་མཁན་ཆེན་གྲུབ་པ་ཤེས་རབ་པས་མཁན་པོ་དང༌། བཤེས་གཉེན་ཆེན་པོ་བློ་ལྡན་པ་ཞེས་པས་སློབ་དཔོན་མཛད་དེ། རབ་ཏུ་བྱུང་ཞིང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་མནོས་ཏེ། དགེ་འདུན་གྲུབ་པ་དཔལ་བཟང་པོ་ཞེས་མཚན་གསོལ། དེ་ལྟར་རབ་ཏུ་བྱུང་ནས་འདི་སྙམ་དུ་དགོངས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་སུ་རབ་ཏུ་བྱུང་བ་དག་གི་ལས་སུ་བྱ་བ་ནི་གཉིས་ཏེ། འདི་ལྟར་ཀློག་པ་ཐོས་བསམ་དང༌། སྒྲུབ་པ་བསམ་གཏན་གྱི་རིམ་པའོ། །དེ་བས་ན་བདག་གིས་ཀྱང་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གཉིས་ཀྱི་སྒོ་ནས་རྒྱལ་བསྟན་ཡོངས་སུ་རྫོགས་པ་རང་གི་རྒྱུད་ལ་འཛིན་ཅིང་གཞན་ལའང་རྒྱ་ཆེར་སྤེལ་བར་བྱའོ་སྙམ་དུ་དགོངས་ནས་དེ་དུས་སྣར་ཐང་ན་མཧཱ་པཎྜི་ཏ་སདྒྷ་ཤྲཱི་ཞེས་པའི་མཁས་གྲུབ་ཆེན་པོ་ཞིག་ཡོད་པ་ལ། སྙན་དངགས་མེ་ལོང་དང༌། འཆི་མེད་མཛོད་དང༌། སྒྲ་མཚམས་སྦྱོར་ལྔ་པ་རྣམས་གསན་ཅིང༌། གཏུམ་པོ་དཀར་པོའི་རྗེས་གནང་སོགས་ཀྱི་བཀའ་ཡང་མང་རབ་གསན་ལ། བཤེས་གཉེན་དམ་པ་གཞན་མང་པོ་ལའང་དབང་ལུང་མན་ངག་རྒྱ་ཆེར་གསན་ནོ། །དེ་ནས་དགུང་ལོ་ཉི་ཤུ་བཞེས་པ་ལྕགས་ཕོ་སྟག་གི་ལོ་ཟླ་བ་གཉིས་པའི་གྲལ་ཚེས་བཅུ་གཅིག་གི་ཉིན་ཚིགས་སྔ་མའི་མཁན་པོ་གནས་ལྔ་རིག་པ་གྲུབ་པ་ཤེས་རབ་པས་མཁན་པོ་དང༌། ཚིགས་སྔ་མའི་སློབ་དཔོན་བློ་ལྡན་པས་ལས་སློབ། དེའི་གདན་ས་པ་ཆེན་པོ་གྲགས་པ་ཤེས་རབ་པས་གསང་སྟོན་མཛད་ཅིང་མཚན་ཉིད་ལྡན་པའི་ཁ་སྐོང་གྲངས་ཚང་བས་དད་པའི་དགེ་འདུན་མཛད་ནས་བསྙེན་པར་རྫོགས་པའི་སྡོམ་པ་ཡང་དག་པར་བཞེས་ཏེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཡོངས་སུ་རྫོགས་པའི་ལྷའི་ཆུ་བོས་ཐུགས་རྒྱུད་ཀྱི་བུམ་བཟང་ཉེ་བར་གཏམས་ཤིང༌། ལྷ་དང་བཅས་པའི་འཇིག་རྟེན་གྱི་ཡོན་གནས་གཅིག་པུར་གྱུར་ཏོ། །དེ་ནས་ཚད་མ་རྣམ་འགྲེལ་གྱི་གཞུང་ལ་སྦྱངས་ཏེ་སྣར་ཐང་དུ་གྲྭ་སྐོར་ཡང་མཛད། དེ་ནས་སྣར་ཐང་མཁན་ཆེན་སོགས་བཤེས་གཉེན་མང་པོ་མདོ་སྔགས་ཀྱི་ཆོས་མང་དུ་གསན། དེ་དག་གི་ཚེ་ཡང་ཡོན་ཏན་ཐམས་ཅད་ཀྱི་གཞི་དང་རྩ་བ་ཚུལ་ཁྲིམས་སུ་དགོངས་ནས་ལྷག་པའི་ཚུལ་ཁྲིམས་ཉེས་ལྟུང་གི་དྲི་མ་ཐམས་ཅད་དང་བྲལ་བ་ཞིག་མངའ་བས་གནས་བརྟན་འདུལ་འཛིན་པ་གསེར་རིའི་ཕྲེང་བ་ལྟ་བུའི་དབུས་ན་ལྷུན་པོ་ལྟར་མངོན་པར་འཕགས་ཤིང༌། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་བཅོས་མིན་ཐུགས་རྒྱུད་ལ་རྒྱུན་ཆགས་པར་མངའ་བས་འགྲོ་བ་ཀུན་ལ་བུ་གཅིག་པ་ལྟར་དགོངས་ཏེ། བསྟན་པ་དང་སེམས་ཅན་ལ་ཕན་པར་གཟིགས་ན་དམྱལ་བའི་མེ་ཡང་པདྨའི་ཚལ་ལྟར་གཟིགས་ནས་འཇུག་པ་ལ་ཡ་མི་ང་ཞིང་རང་གི་ཆེད་དུ་དག་པའི་ཞིང་གི་འབྱོར་པ་ཡང་རྨི་ལམ་གྱི་དགའ་སྟོན་ལྟར་གཟིགས་ནས་བལྟོས་པ་མེད་ཅིང༌། བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ཤིན་ཏུ་བརྟན་པོ་བརྙེས་པས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མངོན་པར་རྟོགས་པའི་ཡོན་ཏན་ནི། སོ་སོ་སྐྱེ་བོའི་བྱང་ཆུབ་སེམས་དཔའ་ཕལ་མོ་ཆེ་དག་གིས་རྗེས་སུ་ཡི་རང་བ་ཙམ་ཡང་བྱ་དཀའ་བའི་རྒྱལ་སྲས་ཀྱི་སྙིང་སྟོབས་ཕུལ་དུ་བྱུང་བ་མངའ་བས། རྒྱལ་བའི་སྤྱན་སྔར་ཁས་བླངས་པའི་དམ་ཚིག་ལས་མི་གཡེལ་བའི་སྲུང་མ་ཁྱད་པར་ཅན་དང་དཀར་ཕྱོགས་སྐྱོང་བའི་ལྷ་དག་གིས་དངོས་སུ་བསྙེན་བཀུར་ཞིང་ལེགས་སོ་གསོལ་བའི་ཚིག་གིས་མངོན་པར་བསྔགས་ཤིང༌། གཞན་ལ་ཆོས་སྟོན་པའི་འཕྲིན་ལས་ལྷུར་མཛད་པ་ལ་དགོངས་པ་མངོན་དུ་ཕྱོགས་པར་གྱུར་ཏོ། །དེ་ནས་འདི་ལྟར་དགོངས་ཏེ། དེ་ཡན་ཆད་ཉེར་འཛིན་ཆེན་པོའི་གསུང་དང་དུ་བླངས། བསྟན་པ་དང་སེམས་ཅན་ལ་ཕན་གང་ཆེའི་སྒོ་ནས་འགྲོ་བའི་དོན་བྱས། ད་ནི་སྔར་ནས་ཡིད་ལ་ཡང་དང་ཡང་དུ་ཡོད་པ་བཞིན་དམ་པའི་ཆོས་འཚོལ་བ་དང༌། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་དྲུང་དུ་མྱུར་དུ་འགྲོ་བར་བྱའོ་སྙམ་དུ་དགོངས་ནས་དེ་ལུགས་ཀྱི་གྲབས་བྱས་ནས་དགུང་ལོ་ཉེར་ལྔ་པ་ཤིང་མོ་ལུག་གི་ལོ་དབུས་ཕྱོགས་ལ་བྱོན་ཏེ། ཁྲ་འབྲུག་ཏུ་སེམས་དཔའ་ཆེན་པོ་ཀུན་བཟང་པ་ལ་ཚད་མ་དང་དབུ་མ་སོགས་ཀྱི་ཐུགས་སྦྱོང་མཛད། དེ་ནས་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ས་སྐྱོང་མིའི་དབང་པོ་གྲགས་པ་རྒྱལ་མཚན་གྱིས་བཀྲ་ཤིས་རྡོ་ཁར་སྤྱན་དྲངས་པའི་དྲུང་དུ། སེམས་དཔའ་ཆེན་པོ་ཀུན་བཟང་པའི་ཕྱག་ཕྱི་མཛད་དེ་བྱོན་ནས། དེར་རྗེ་རིན་པོ་ཆེ་ལ་ཚད་མ་རྣམ་ངེས་ཀྱི་དོགས་གཅོད། དྲང་ངེས་རྣམ་འབྱེད། རྩ་ཤེའི་རྣམ་བཤད། བླ་མ་ལྔ་བཅུ་པའི་རྣམ་བཤད། རྩ་ལྟུང་གི་རྣམ་བཤད་སོགས་ཆོས་མང་པོ་གསན་ཅིང༌། རྗེ་རིན་པོ་ཆེ་ཡང་ཐུགས་ཤིན་ཏུ་དགྱེས་པར་བྱུང་སྟེ། འདུལ་བའི་བསླབ་ཁྲིམས་ཁྱད་པར་ཅན་སྤེལ་བའི་རྟེན་འབྲེལ་བསྒྲིག་པའི་ཕྱིར་དུ་མཐང་གོས་བཞེས་འཕྲོ་ཞིག་གི་གནང་སྦྱིན་ཀྱང་མཛད། དེ་ནས་རྗེ་བཙུན་ཙོང་ཁ་པའི་གསུང་གིས་ཐང་པོ་ཆེའི་བླ་བྲང་པ་ཉི་མ་རྒྱལ་མཚན་པ་ལ་དཔལ་གསང་བ་འདུས་པའི་བཀའ་ཞིག་ཞུ་བ་ལ་ཕྱིན་པ་ལེགས་ཞེས་བསྐུལ་ཏེ་དེར་བྱོན། རྗེ་ཉི་མ་རྒྱལ་མཚན་པ་ལ་དཔལ་གསང་བ་འདུས་པ་མི་བསྐྱོད་པ་དང༌། རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མ་དང༌། གཤེད་དམར་བཅུ་གསུམ་མ་དང༌། གཤེད་དམར་ལྷ་ལྔ་མ་སོགས་ཀྱི་བཀའ་མང་པོ་གསན་ནོ། །དེ་ནས་དཔོན་སློབ་རྣམས་དགེ་ལྡན་དུ་བྱོན། རྗེ་ཤེས་རབ་སེདྒེ་གསང་ཕུ་ལ་བྱོན། དགེ་ལྡན་དུ་རྗེ་རིན་པོ་ཆེའི་དྲུང་དུ་རྗེ་བླ་མ་འདིས། བདག་གསང་ཕུར་རྗེ་ཤེས་རབ་སེདྒེའི་དྲུང་དུ་ཕྱིན་ན་བསམ་པ་ལགས་ཞུས་པས། ཅིས་ཀྱང་ལེགས་གསུངས་ནས་སློབ་དཔོན་རབ་མཆོག་པ་དང་གཉིས་ལ་སྤྱི་རུ་གསེར་ཞོ་གང༌། རྔུལ་གཟན་ལེགས་པོ་ཞིག་གནང༌། གསེར་ཁོང་པ་ལ་ཕུལ། གཟན་དེ་རྗེ་འདི་པས་བསྣམས་ཏེ་དགུན་ཆོས་ལ་གསང་ཕུར་ཕེབས་རིགས་འབྲིང་མན་ཆད་ལ་མ་བརྟེན་པར་དང་པོ་ནས་ཚད་མའི་རིགས་ཆེན་མཛད། ཐུགས་གསལ་བ་དང་སྟོན་པ་བཟང་བའི་སྙན་པའི་གྲགས་པ་ཡང་རྒྱ་ཆེར་བྱུང་ངོ༌། །དེ་ནས་རྗེ་འདི་པས་སྟོན་ཆོས་སོགས་ལ་དགེ་ལྡན་དུ་ཕེབས། རྗེ་རིན་པོ་ཆེ་ལ་ལམ་རིམ་ཆེན་མོ་འཁོར་ལོ་བདེ་མཆོག་གི་རྩ་རྒྱུད་ཀྱི་བཤད་པ། སྔགས་དབང༌། སྒྲུབ་དཀྱིལ་གྱི་ལུང་སོགས་སྔགས་ཆོས་མང་པོ་གསན་ཞིང༌། རྗེ་དར་མ་རིན་ཆེན་ལ་ཚད་མ། ཕར་ཕྱིན། བྱམས་ཆོས་ཕྱི་མ་སོགས་ཀྱི་བཤད་པ་མང་དུ་གསན་པས་རྗེ་དར་མ་རིན་ཆེན་འདི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཕྱོགས་ལ་བཀའ་དྲིན་ཆེ་བ་ཡིན་གསུངས། ཡང་གསང་ཕུར་ཕེབས་ཏེ་རིགས་ལུང་འགྲིམ་པ་སོགས་ཀྱི་ཐུགས་སྦྱོང་མཛད། སྟོན་དགེ་ལྡན་ལ་ཕེབས་ཏེ་རྗེ་རིན་པོ་ཆེ་དང་རྒྱལ་ཚབ་རྗེ་སྟེ་ཡབ་སྲས་གཉིས་ལ་མདོ་སྔགས་ཀྱིས་ཆོས་རྒྱ་ཆེར་གསན་པ་དང༌། འདུལ་འཛིན་ཆེན་པོ་གྲགས་པ་རྒྱལ་མཚན་པ་ལ་དྲང་ངེས་རྣམ་འབྱེད་ཚར་གཅིག་དང༌། གཞན་ཡང་ཆོས་བཀའ་ཅི་རིགས་གསན། དེ་ལྟ་བུའི་ཚུལ་གྱིས་གསང་ཕུ་དགེ་ལྡན་གཉིས་ལ་ལོ་གསུམ་ཙམ་ཞིག་བཞུགས།

དེ་ནས་ས་མོ་ཕག་གི་ལོ་རྗེ་བཙུན་ཙོང་ཁ་པ་ཆེན་པོ་སྟོད་ལུང་ཆུ་ཚན་ལ་བྱོན་ཏེ་སླར་འབྲས་སྤུངས་སུ་ཕེབས་པའི་ཚེ་རྗེ་འདིས་ཀྱང་དེར་བྱོན་ཏེ་ལམ་རིམ་གྱི་ཁྲིད། ནཱ་རོ་ཆོས་དྲུག །དབུ་མ་འཇུག་པ། གསང་བ་འདུས་པའི་རྒྱུད་ལ་སོགས་པ་མང་དུ་གསན་ནོ། །དེ་ནས་འདི་ལྟར་དགོངས་ཏེ། སྤྱིར་འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་ཞིག་བྱེད་པ་ལ་འདུལ་བ་ཤེས་དགོས་པར་འདུག ཁྱད་པར་གྲོ་ས་འདི་འདུལ་བའི་འབྱུང་ཁུངས་ལྟ་བུར་འདུག་པས་དེར་འདུལ་བ་སློབ་ཏུ་འགྲོ་སྙམ་དུ་དགོངས་ཏེ་དེའི་རྒྱུ་མཚན་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ལ་ཞུས་པས། འདུལ་བ་སློབ་པ་ལ་ཉམས་སུ་ལེན་འདོད་ཀྱི་བསམ་པས་སློབ་དགོས་པ་ཡིན། དེ་ལྟར་ཡིན་ན་ངོ་མཚར་ཆེ་གསུངས་ནས་ཆོས་ཀྱི་མཐུན་རྐྱེན་དུ་གསེར་ཞོ་གང་གནང༌། དེའི་ཆ་ཤས་ཤིག་ལ་ལྷ་ས་ནས་རྩམ་པ་བསྒྲུབས་ཏེ་སྒོ་ལ་ལ་བྱོན། ལམ་དུ་མ་ཐེག་པར་རྔུལ་གཟན་གྱི་སྣམ་པ་གཅིག་ཕོག་སྟེ་དྲུབས་པའི་ནང་དུ་རྩམ་པ་ཐོགས་གཅིག་བཞག །དེར་རྡོ་ལ་ཕྱག་བྲིས་མཛད་དེ་འདི་སུ་དང་ཕྲད་པས་ལོངས་སྤྱད་ཀྱང་ཉེས་པ་མེད་དོ། །ཞེས་བྲིས་པ་བཞག་ནས་གྲོ་སར་བྱོན། དེའི་དུས་སུ་རྗེ་ཤེས་རབ་སེང་གེ་པས་དམར་སྟོན་ཡབ་སྲས་ཀྱི་དྲུང་དུ། དགེ་བཤེས་འདི་བདག་གི་སློབ་མའི་དང་མ་ཡིན་པས་འདུལ་མཛོད་ཕུལ་དུ་ཕྱིན་པ་ཞིག་སློབ་པར་ཞུ་ཟེར་བའི་ཞུ་ཡིག་ཀྱང་ཕུལ། དམར་སྟོན་དཔལ་ལྡན་རིན་ཆེན་པ་དང་རྒྱ་མཚོ་རིན་ཆེན་པ་གཉིས་ལ་ལོ་གཉིས་ཀྱི་བར་དུ་མདོ་རྩ་བ་དང་མངོན་པ་མཛོད་ལེགས་པར་གསན། ཁྱད་པར་རྒྱ་མཚོ་རིན་ཆེན་པ་ལ་ལུང་སྡེ་བཞིའི་ལུང་ཡང་གསན་ལ། དམར་སྟོན་པའི་ཞལ་ནས། ངེད་ཀྱི་སློབ་མ་གཙང་ཕྱོགས་ན་ཁྱེད་དང་དཀའ་བཅུ་པ་གཞོན་ནུ་རྒྱལ་མཆོག་གཉིས་ལས་འདུལ་བ་ལ་མཁས་པ་མེད་པས་ཁྱོད་ཀྱིས་ཀྱང་བསྟན་པ་ལ་ཕན་པའི་འཆད་ཉན་ལེགས་པོ་མཛོད། ངས་ཀྱང་ལོ་བཅུ་དྲུག་ནས་ད་ལྟའི་བར་དུ་འཆད་ཉན་མ་ཆག་པར་བྱས་པ་འདི་བསྟན་པ་འབའ་ཞིག་ལ་བསམས་པ་ཡིན་ནོ། །ཞེས་གསུངས། དེ་ནས་སླར་ཡང་གསང་ཕུར་ཕྱག་ཕེབས། སྔར་གྱི་ཐུགས་སྦྱོང་གི་འཕྲོ་རྣམས་ལེགས་པར་མཛད། གླིང་སྟོད་དུ་མཐོང་སྨོན་པ་ཞེས་པའི་གྲྭ་ཚང་ཞིག་གི་འཆད་ཉན་པ་རྗེ་ཤེས་རབ་སེང་གེས་མཛད་ཀྱིན་ཡོད་པའི་གདན་སར་རྗེ་འདི་བ་དང་ཤར་དྭགས་པོའི་པཎྜི་ཏ་བཀྲ་ཤིས་རྣམ་རྒྱལ་བ་གཉིས་བསྐོ་བཞག་མཛད་དེ་ལོ་ཁ་ཡར་འཆད་ཉན་ཀྱང་མཛད། དེ་དུས་གསང་ཕུའི་བྲག་ཕུག་ཅིག་ཏུ་ཐུགས་དམ་མཛད་པའི་མནལ་ལམ་དུ་བྱང་ཤར་ཕྱོགས་ནས་ཐུབ་དབང་གི་སྐུ་ཤིན་ཏུ་ཆེ་བ་ཞིག་གཟིགས་པའི་མཛོད་སྤུ་ནས་ཟླ་བ་ཉ་གང་བ་གཅིག་ཆད་དེ་རྗེ་རང་ཉིད་ལ་ཐིམ་པ་རྨིས། དེ་རྗེ་ཤེས་རབ་སེང་གེ་ལ་ཞུས་པས། སངས་རྒྱས་ཀྱི་འཕྲིན་ལས་འཇུག་ཅིང་ཚེ་རིང་པོ་འོང་བའི་ལྟས་ཡིན། ངེད་ཀྱི་རྨི་ལམ་དུའང་ཁྱོད་མགོ་སྐྱ་ཡེར་ཡེར་འཆད་ཉན་བྱེད་ཀྱིན་འདུག་པ་རྨིས་གསུངས། ཡང་དེ་དུས་མནལ་ལམ་ལ་ནམ་མཁའ་ནས་ཨོ་ཝ་གཱི་ཤྭ་རི་མུཾ་ཟེར་བ་ཞིག་ལཉྪའི་རྣམ་པར་ནར་ཏེ་བྱུང་བ་རྗེ་ཉིད་ཀྱི་ལྕེ་ཐོག་ཏུ་བབས་པ་དང༌། ང་འཆོངས། ང་འཆོངས། ཟེར་བ་ལན་གསུམ་བརྗོད་པ་དུས་མཉམ་པ་ཞིག་བྱུང་གསུངས། དེ་ནས་མེ་ཕོ་རྟ་ལོ་ལ་གཙང་ཕྱོགས་ལ་ཕེབས་ཏེ་བྱང་ཆེན་དུ་གྲྭ་པ་བདུན་ཅུ་ཙམ་ལ་འཆད་ཉན་མཛད། རིགས་ལུང་ཀྱང་ཤིན་ཏུ་འཕེལ་བར་བྱུང༌། དེ་ནས་གྲྭ་ཚོགས་ཀྱང་ཇེ་ཆེ་ལ་སོང་སྟེ་སྣར་ཐང་བྱང་ཆེན་རྟ་ནག་རི་ཁུད་རྣམས་ལ་རིམ་གྱིས་ཆོས་པ་ལར་བྱོན་ཏེ་ལོ་ལྔ་དྲུག་གི་རིང་ལ་འཆད་ཉན་འཕེལ་བར་བྱུང༌། དེ་དུས་ལྕགས་ཕོ་ཁྱི་ལོ་ལ་སྣར་ཐང་དུ་འཇུག་པའི་རྣམ་བཤད་དགོངས་པ་རབ་ཏུ་གསལ་བའི་མེ་ལོང་གི་རྩོམ་པ་ཡང་མཛད། སླར་ཡང་གསང་ཕུའི་འཆད་ཉན་ལ་གདན་འདྲེན་བྱུང་ཡང་མ་ཕེབས། ཡང་དེ་དུས་རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེ་ཡབ་སྲས་གཉིས་གནས་རྙིང་དུ་ཕེབས། དེའི་དྲུང་དུ་རྗེ་ཤེས་རབ་སེང་གེ་དང་ཡབ་སྲས་གཉིས་ཀྱིས་ཀྱང་བྱོན་ཏེ་རྒྱལ་ཚབ་རྗེ་ལ་སྤྱིར་ཆོས་མང་པོ་དང༌། ཁྱད་པར་མངོན་པ་ཀུན་ལས་བཏུས་ཀྱི་ཊཱིཀྐ་དེ་གསན། རིམ་གྱིས་རྗེ་འདི་པས་ཕྱག་བྲིས་མཛད་དེ་གཞན་ལ་ཡང་གསུངས་ལ། མཁས་གྲུབ་རྗེ་ལ་ཡང་ཆོས་མང་དུ་གསན་ནོ། །དེ་ནས་ལྕགས་མོ་ཕག་ལ་རྗེ་ཤེས་རབ་སེདྒེ་དང་ཡབ་སྲས་ཕྱོགས་མཐུན་ལ་སྟོད་ལ་ཆོས་བར་ལ་བྱོན། ཡར་ལམ་གཅེན་ལུང་དང་ཆུ་འདུས་སོགས་སུ་བྱང་སེམས་ཤཱཀྱ་དཔལ་བས་སྦྱིན་བདག་མཛད་དེ་ཆོས་བར་མཛད། དེ་ནས་སྟོད་ཕྱོགས་ཀྱི་ཆོས་སྡེ་མང་པོར་བྱོན་ཞིང་སྐལ་བ་དང་ལྡན་པ་མང་པོ་ལ་མཐོ་རིས་དང་ཐར་པའི་ས་བོན་འཇོག་པར་མཛད། དེ་ནས་དཔོན་སློབ་རྣམས་ཀྱིས་པདྨ་ཆོས་སྡིངས་སུ་བྱོན། ཡར་ལམ་གླང་སྐོར་དུ་ཕ་དམ་པའི་སྐུ་གདུང་ཀ་རུ་མཇལ། སྤྱིར་དེ་ལ་མཐོང་ཚུལ་སྣ་ཚོགས་ཤིག་ཡོད་པ་ལ། རྗེ་འདི་པས་དམ་པ་རང་གི་སྐུ་དངོས་སུ་གཟིགས་པ་ཡིན་ཟེར་བའི་ལོ་རྒྱུས་སྐུ་གཉེར་གྱིས་བརྗོད་པ་ད་ལྟའི་བར་དུ་ཡོད་དོ། །དེ་ནས་པདྨ་ཆོས་སྡིངས་སུ་བྱོན་ཏེ། པཎ་ཆེན་འཇིགས་བྲལ་དང་མཇལ། ཞག་ཤས་དེར་བཞུགས། ཆོས་མང་དུ་ཞུས། ཁྱད་པར་སྒྲོལ་མ་ཉེར་གཅིག་མ། སྒྲོལ་མ་ལྷ་བཅུ་བདུན་མ་སོགས་ཀྱི་དབང་དང༌། རྗེ་བཙུན་མ་དཀར་སྔོ་གཉིས་དང༌། དབྱངས་ཅན་མ། གདུགས་དཀར་སོགས་ཀྱི་རྗེས་གནང་མང་དུ་ཞུས། པཎ་ཆེན་གྱིས་དྲི་བ་མང་པོ་མཛད་པ་རྣམས་ལ་ལན་ཕུལ་བ་རྣམས་ལའང་ཐུགས་ཤིན་ཏུ་དགྱེས་པར་བྱུང་ནས། ད་ཕྱིན་ཆད་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་ཞེས་པའི་མངའ་གསོལ་ཡང་མཛད་དོ།།

དེ་ནས་སླར་ཡང་ཤེལ་དཀར་དུ་ཕེབས་ཏེ་ཆོས་བར་མཛད། དེ་དུས་ནུབ་གཅིག་གི་མནལ་ལམ་དུ་རྒྱལ་ཚབ་རྗེ་བྱོན་ནས། རྗེ་བཙུན་མ་ལ་གསོལ་གདབ་ཀྱི་རྗེས་སུ། བཅོམ་ལྡན་འདས་མ་མཆོད་བྱས་པས། ཞེས་སོགས་ཤླཽ་ཀ་འདི་ལན་གསུམ་རེ་གྱིས་གསུངས་པ་རྨིས། དེ་ལ་བརྟགས་ན་དེ་དུས་རྒྱལ་ཚབ་རྗེ་གཞན་དོན་ལ་གཤེགས་པར་འདུག་པས། ང་པོ་ཏ་ལ་ནས་བདེ་བ་ཅན་དུ་འགྲོ ཁྱེད་ཀྱང་དེ་ལྟར་མཛོད་ཅེས་པར་གོ་ནས་ཚིགས་བཅད་ཚོགས་སུ་མ་ཆག་པར་བཙུགས་གསུངས། དེ་ནས་ཆུ་ཕོ་བྱི་བའི་ལོ་ནག་པ་ཟླ་བའི་ཚེས་བཞི་ལ་ཚད་མ་རྣམ་འགྲེལ་གྱི་ཊཱིཀྐ་འདིའི་རྩོམ་པ་ཡང་མཛད་དོ། །དེ་ནས་ཆུ་མོ་གླང་གི་ལོ་སླར་ཡང་སྣར་ཐང་དུ་བྱོན། རྩ་ཤེའི་རྣམ་བཤད་རིན་པོ་ཆེའི་ཕྲེང་བའི་རྩོམ་པ་མཛད་དེ་འཆད་ཉན་གྱི་སྒོ་ནས་གཏན་ལ་ཕབ། དེ་རྗེས་རི་ཁུད་དུ་ཕེབས། དེའི་ཚེ་རྗེ་ཤེས་རབ་སེདྒེ་སྔར་རྗེ་བླ་མ་འདི་པ་ལ་སྟོད་ལ་ཆོས་བར་ལ་བྱོན་པའི་སྐྱེལ་མར་ཆུ་འདུས་བར་བྱོན། དེ་ནས་ཕྱིར་བྱོན་ཏེ་དགེ་ལྡན་དུ་རྒྱལ་ཚབ་རྗེ་ལ་དུས་འཁོར་གསན་པ་ལ་ཕེབས་བཞེད་ཡིན་པ་ལ། རྟ་ནག་ཏུ་དགེ་སྦྱོང་དཀར་པོ་བས་སྤྱན་དྲངས་ཏེ་རི་ཁུད་ཆོས་སྡེ་ཕུལ། ཞལ་བདག་མཛད་ནས་ལོ་ཤས་བཞུགས། དེ་དུས་ཤངས་པ་ཀུན་མཁྱེན་ཆེན་པོ་དང་དེའི་གདན་ས་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དཔལ་བཟང་པོ་གཉིས་ལ་ཆོས་བཀའ་མང་དུ་གསན། གསང་བ་འདུས་པའི་རྒྱུད་ཀྱིས་འཆད་ཉན་ཡང་འཕེལ་བར་མཛད། དེ་ཐད་དུ་རྗེ་བླ་མ་འདི་ཡང་ཕེབས་ཏེ་དེ་དུས་ཡབ་སྲས་བཀའ་བགྲོས་མཛད། རྗེ་ཤེས་རབ་སེདྒེ་དགེ་ལྡན་དུ་མཁས་གྲུབ་རྗེ་ལ་དུས་ཀྱི་འཁོར་ལོ་གསན་པ་ལ་བྱོན། རྗེ་འདི་པ་རི་ཁུད་ཀྱི་གདན་སར་བསྐོ་བ་སོགས་ཀྱི་ཞལ་ཏ་དྲུང་ཆེན་དགེ་སྦྱོང་བ་དང་ཡོན་མཆོད་ཞལ་འཛོམ་པ་ལ་གནང་སྟེ་དབུས་ཕྱོགས་ལ་ཕེབས། རྗེ་འདི་པས་རི་ཁུད་ཆོས་སྡེའི་ཞལ་བདག་མཛད། དྲུང་ཆེན་དགེ་སྦྱོང་བས་སྦྱིན་བདག་མཛད་དེ་རྟེན་འབྲེལ་ཁྱད་པར་ཅན་བསྒྲིག་པའི་ཕྱིར་དུ་རྗེ་བཙུན་བྱམས་པའི་སྐུ་ཁྱད་པར་ཅན་ཞིག་བཞེངས། གཙུག་ལག་ཁང་གི་སྒོ་སྒྱུར་བ་དང་རྡོ་གཅལ་འདིང་བ་སོགས་ཀྱི་སྒོ་ནས་ཆོས་སྡེ་ལ་ཕན་པ་ཆེ་བར་མཛད་དོ། །དེ་ནས་ཡང་སྣར་ཐང་ཕྱོགས་ལ་ཕེབས། བྱང་ཆེན་སོགས་སུ་ཆོས་བར་མཛད། དེ་ནས་བོ་དོང་ལ་བྱོན། དཔལ་ལྡན་དམག་ཟོར་ལྷ་མོ་འདི་སྐུ་སྐྱེ་མང་པོ་ནས་ཀྱི་ཆོས་སྐྱོང་ཡིན་པ་ལ་སྔར་རྗེས་གནང་ཞུ་བ་སོགས་མ་མཛད་པས། དེ་ཞུ་བ་ལ་དེ་དུས་བོ་དོང་ན་རྒྱལ་སྲས་རིན་པོ་ཆེའི་དངོས་སློབ་རིན་པོ་ཆེ་ཆོས་བཟང་དཔལ་བ་ཞེས་པ་བཞུགས་པས་དེར་བྱོན། ལྷ་མོའི་རྗེས་གནང་དགོས་ཞུས་པས་ཁོང་གི་ཞལ་ནས། མདང་རྨི་ལམ་བཟང༌། ལྷོ་ཕྱོགས་འདི་ནས་རླུང་ནག་འཚུབ་མའི་དཀྱིལ་ནས་དགེ་སློང་ཞིག་བོ་དོང་གི་སྒོ་རྩར་སླེབས་བྱུང་བ་ལ་འདི་ནས་བུད་མེད་རྒྱན་ཅན་ཞིག་སོང་སྟེ། བསྟན་འཛིན་ཆེན་པོ་ལ་བསུ་བ་བྱ་ཟེར་ནས་བྱུང་བ་རྨིས། ད་རེས་རང་འབྲོག་མོ་ཧོར་གྱིས་འཁྱེར་བ་འདྲ། ཧ་ཧ་གསུང་ཞིང༌། ལྷ་མོ་འདིའི་བཀའ་ལུང་མན་ངག་དང་བཅས་པ་རྫོགས་པར་གནང༌། གཞན་ཡང་ཁོང་པ་ལ་རྒྱལ་སྲས་རིན་པོ་ཆེའི་བཀའ་འབུམ་གྱི་ལུང་སོགས་ཆོས་མང་རབ་གསན་ནོ། །དེ་ནས་བྱང་ཆེན་དུ་ཕེབས་ཏེ་སྐབས་ཤིག་ཏུ་རྗེ་འདིའི་ཐུགས་ལ་འཆད་ཉན་འདི་ཇི་ལྟ་བུ་ཞིག་འོང་སྙམ་ཡོད་པ་ལ། ནུབ་ཅིག་རྨི་ལམ་ན་སྔར་རི་བོ་དགེ་ལྡན་དུ་བཞུགས་དུས་ཞལ་འདྲེས་ཡོད་པའི་དགེ་སློང་ཆོས་མཐུན་ཞིག་ཡོད་པ་དེ་བྱུང་ནས། ཁྱེད་ཀྱི་དོན་དེ་ངས་རྨི་ལམ་དུ་བརྟག་གིས་གསུངས་ནས་གཉིད་ལོག་པའི་ཚུལ་མཛད། དེ་ན་གཉིད་སད་དེ་ལག་པས་ཕྱག་རྒྱ་ཞིག་མཛད་ནས། ཕུན་ཚོགས་གྲོལ་ཐོབ་ཅིག་འོང་བའི་རིགས་སུ་ནི་ཡོད། བདེན་ཞེས་དང༌། སྐྲག་མི་དགོས་བློ་འདུན་དཀོན་མཆོག་ལ་གཏོད་ལ་བློ་ལྟོས་ཆོལ། ཞེས་ཤུགས་དྲག་ཏུ་ཟེར་བ་ཞིག་རྨིས་པས་ད་ནི། ང་རང་བློ་དཀོན་མཆོག་ལ་གཏད་ལ་བཤད་ཉན་བྱེད་པར་ཐག་བཅད་སྙམ་པ་ཐུགས་ལ་འཁྲུངས། དེའི་ཚེ་འདི་ལྟར་དགོངས་ཏེ། བྱང་ཆེན་འདིར་ཆོས་བར་འདྲ་དང༌། སྐབས་སུ་ཐུགས་དམ་བྱེད་པའི་ཁང་པ་གཅིག་དགོས་པར་འདུག་སྙམ་དུ་དགོངས་ཏེ། དེའི་མཐུན་རྐྱེན་ཤིང་ཆ་སོགས་བསྟན་པའི་སྦྱིན་བདག་ཆེན་མོ་ཤཱཀྱ་དཔལ་བ་ལ་བཀའ་ལུང་གནང་ཞིང༌། ཁོང་གིས་ཀྱང་གང་དགོས་ཕུལ་ཏེ་ས་གཞི་དེར་བྱས་ན་གདུལ་བྱ་འཕྲིན་ལས་རྒྱ་ཆེར་འོང་བའི་མཚན་ལྟས་སོགས་ཀྱང་ཡོད་པས་ཐེག་ཆེན་ཕོ་བྲང་ཞེས་པའི་གཟིམ་ཁང་ཆེན་པོ་མེ་ཕོ་འབྲུག་གི་ལོ་ལ་བཏབ་བོ། །དེ་ནས་སྔར་བཀྲ་ཤིས་རྡོ་ཁར་རྗེ་བཙུན་ཙོང་ཁ་པ་ཆེན་པོར་ཚད་མ་རྣམ་ངེས་ཀྱི་དོགས་གཅོད་གསན་པའི་ཟིན་བྲིས་རྣམས་དང༌། དགེ་ལྡན་དུ་རྒྱལ་ཚབ་རྗེ་ལ་རྣམ་འགྲེལ་གསན་པའི་གསུང་རྒྱུན་རྣམས་ལ་གཞི་བྱས་ཏེ་ཚད་མའི་བསྟན་བཅོས་ཆེན་པོ་རིགས་རྒྱན་ཞེས་བྱ་བ་མེ་མོ་སྦྲུལ་གྱི་ལོའི་ཟླ་བ་བཅུ་པ་ལ་རྫོགས་པར་མཛད་དོ། །དེ་ནས་ཤངས་མདོ་རི་བོ་དགེ་འཕེལ་དུ་ཕེབས་ནས་ཟླ་བ་གཅིག་ཙམ་སྐུ་མཚམས་མཛད་དེ་བཞུགས་པའི་ནུབ་ཅིག་མནལ་ལམ་ན་ད་ལྟ་བཀྲ་ཤིས་ལྷུན་པོའི་རྒྱབ་རི་འདིའི་རྣམ་པ་ཅན་གྱི་རི་རྩེ་ན་རྗེ་ཙོང་ཁ་པ་བཞུགས། རྐེད་པ་ཙམ་ན་སེམས་དཔའ་ཆེན་པོ་འདུལ་འཛིན་བློ་གྲོས་སྦས་པ་བཞུགས། དེའི་སྨད་ཙམ་ན་རྗེ་རང་ཉིད་བཞུགས་འདུག །དེ་ནས་སེམས་དཔའ་ཆེན་པོ་བློ་གྲོས་སྦས་པའི་ཞལ་ནས། རྗེ་བླ་མ་འདི་ལ་ཡར་སྙན་གཏོད་ལ་གསོན་དང༌། རྗེ་ཙོང་ཁ་པ་ཆེན་པོ་རང་རེ་ལ་ལུང་བསྟན་མང་པོ་མཛད་ཀྱིན་འདུག་ཟེར་བ་ལ་རྗེ་འདི་པས་ལེགས་པར་གསན་པས་གསུང་གི་སྒྲ་དབྱངས་མང་པོ་ཞིག་སྒྲོག་པར་ཕལ་ཆེར་མ་གོ །གསུང་གི་ཆ་ཤས་ཤིག་ལ། དགེ་འདུན་གྲུབ་ཅེས་བོས་ནས། ཁྱོད་ལ་བརྟེན་ནས་ས་ཕྱོགས་འདིར་ཚད་མ་རྣམ་འགྲེལ་གྱི་བསྟན་པ་རྒྱས་པ་འགྱུར་བ་ཞིག་འོང་བ་ཡིན། ཞེས་གསུང་བ་ཞིག་གསལ་བར་ཚོར་བས་ལུས་ཀྱི་བ་སྤུ་གཡོ་བ་ཞིག་བྱུང༌། དེའི་ཚེ་འདུལ་འཛིན་བློ་གྲོས་སྦས་པ་རྗེ་རིན་པོ་ཆེའི་དྲུང་ན་བཞུགས་ནས་རྗེ་དགེ་འདུན་གྲུབ་ལ་རྗེ་རིན་པོ་ཆེས་ལུང་བསྟན་འདི་ལྟར་གནང་ཞེས་གསུང་བ་དེ་ཅི་ལ་ལྟ་བ་ཡིན་ནམ་སྙམ་དུ་དགོངས་ན། སྐྱེ་བ་ཕྱི་མ་རྗེ་དང་མཇལ་བ་ཁོང་སྔ་བ་ཞིག་འོང་བ་ཡིན་ནམ་སྙམ་པ་ཞིག་བྱུང༌། ཡང་རྨི་ལམ་དེ་ཁའི་འཕྲོ་ལ་ཏའི་སི་ཏུ་ཆེན་པོ་དེ་གོས་འགང་དཀར་པོ་ཞིག་གྱོན། ཞོ་ཁོག་ཅིག་ལག་ཏུ་ཁྱེར་ནས་རི་དེའི་རྩེར་རྗེ་བཙུན་ཙོང་ཁ་པ་ལ་མཇལ་གྱིན་འདུག་པ་རྨིས་པ་ཞིག་བྱུང་སྟེ་མཚན་ལྟས་དེ་དག་ནི་རྗེ་དགེ་འདུན་གྲུབ་ཀྱིས་བཀྲ་ཤིས་ལྷུན་པོ་འདེབས་པ་དང༌། དགོན་གནས་འདིར་རྗེ་རིན་པོ་ཆེའི་བསྟན་པ་ཆེས་ཆེར་འཕེལ་བ་དང་མདོ་སྔགས་ཀྱི་གཞུང་སྤྱི་དང་ཁྱད་པར་ཚད་མ་རྣམ་འགྲེལ་དར་བའི་ལུང་བསྟན་འཁྲུལ་མེད་དུ་བྱུང་བ་ཡིན་ཞིང༌། ཇི་ལྟར་ལུང་བསྟན་པ་ལྟར་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་རྗེ་བླ་མའི་མདོ་སྔགས་ཀྱི་བསྟན་པ་ཆེས་ཆེར་དར་བ་ཀུན་གྱི་མིག་ལམ་དུ་སྣང་བ་ལྟར་རོ། །དེ་ནས་དགེ་ལྡན་དུ་ཕེབས་ནས་བྱང་རྩེ་ཆོས་རྗེ་ནམ་མཁའ་དཔལ་བ་ལ། བཅོམ་ལྡན་འདས་འཁོར་ལོ་ཆེན་པོའི་བྱིན་རླབས་རྒྱུད་ཀྱི་དབང་ལུང་མན་ངག་སོགས་དང༌། ཚེ་དཔག་མེད་ལྷ་དགུའི་དབང་ཡང་གསན་ཅིང༌། ཁོང་གིས་མཛད་པའི་དེའི་སྒྲུབ་དཀྱིལ་ཞིག་འདུག་པའི་ཡིག་མཁན་ཡང་མཛད་དོ། །གཞན་ཡང་སྔགས་ཀྱི་བཀའ་ལུང་མང་པོ་གསན་ཅིང༌། ཐུན་མོང་བ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དང་རྗེ་ཙོང་ཁ་པ་ནས་བརྒྱུད་པའི་བློ་སྦྱོང་སྙན་བརྒྱུད་ཆེན་མོ་སོགས་ཟབ་ཅིང་རྒྱ་ཆེ་བའི་ཆོས་མང་པོ་གསན་ནོ།།

དེ་ནས་ལྕགས་ཕོ་སྤྲེའུའི་ལོ་ལ་གཙང་ཕྱོགས་ལ་ཕེབས། སྣར་ཐང་དུ་བྱོན། དེ་སྐོར་ལ་སྣར་ཐང་བྱང་ཆེན་གཉིས་སུ་ཕལ་ཆེར་བཤད་ཉན་མཛད། ཁྱད་པར་སྣར་ཐང་དུ་འདུལ་བའི་གླེང་འབུམ་ཆེན་མོ་དང་སོ་ཐར་གྱི་ཊཱིཀྐའི་རྩོམ་པ་མཛད། དེ་ནས་བསམ་གྲུབ་རྩེ་ནས་རྗེ་ཤེས་རབ་སེང་གེ་དང༌། རྗེ་དགེ་འདུན་གྲུབ་གཉིས་ཀ་གདན་དྲངས་ཏེ་མདོ་སྔགས་ཀྱི་འཆད་ཉན་མཛད་པའི་བདག་རྐྱེན་བཟང་པོ་རིམ་པ་བཞིན་དུ་མཛད། དེ་ནས་བྱང་ཆེན་སྣར་ཐང་སོགས་སུ་རིམ་པར་བྱོན་ཏེ་བཤད་ཉན་གཙོ་བོར་མཛད། དེ་དུས་དགོངས་པ་ལ། སྔ་དུས་བོད་འདིར་ལོ་ཆེན་ཡབ་སྲས་ཀྱི་རིང་ལ་བཤད་ཉན་དར་བར་བྱུང་འདུག་ནའང་གཞི་གསུམ་གྱི་ཕྱག་ལེན་ཆེར་མ་བྱུང༌། ད་འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་ཞིག་གཞིར་བཟུང་སྟེ་དེའི་སྟེང་ནས་བཤད་ཉན་གཙོ་བོར་བྱེད་པ་ཞིག་བྱ་དགོས་ཏེ། དེའི་རྟེན་འབྲེལ་དུ་བསླབ་ཁྲིམས་བཅའ་ཡིག་ཆེན་མོ་འདི་ཆུ་མོ་ཕག་གི་ཟླ་བ་དྲུག་པའི་ཡར་ཚེས་ལ་དཔལ་བྱང་ཆུབ་ཆེན་པོར་མཛད། དེ་ནས་བཟུང་སྟེ་གཞི་གསུམ་གྱི་ཕྱག་ལེན་བར་མ་ཆད་དུ་ཡོད་པ་ཡིན་ནོ། །དེ་ནས་གླེགས་བམ་རིན་པོ་ཆེའི་ལུང་ཡང་སྔར་ནས་མ་གསན་པས་གསན་འདོད་ཆེ་བ་དང༌། སྒྲ་ཀ་ལཱ་པའི་ས་བྲིས་ཡོངས་སུ་རྫོགས་པ་ཞིག་མཛད་བཞེད་ཀྱིས་ཀུན་ནས་བསླངས་ཏེ། ལོ་དེའི་སྟོན་མཇུག་ལ་དཔལ་སྡིངས་ལ་བྱོན་ཏེ། ལོ་ཙཱ་བ་ཆེན་པོ་ཐུགས་རྗེ་དཔལ་བ་ལ་སྒྲའི་ས་བྲིས་ཐོགས་ཤིག་ཞུས། ཡོངས་སུ་རྫོགས་པ་རྟིང་སོར་མཛད་པར་ཞུས་ཏེ་ཤིང་མོ་གླང་ལོའི་དགུན་ཆོས་ལ་བོ་དོང་ལ་བྱོན་ཆོས་ཐོག་གཅིག་བཞུགས། ཆོས་གྲོལ་མཚམས་ཤིག་ཏུ་བླ་བྲང་སེར་པོར་གྲགས་པ་དེར་ཐོ་རངས་ཤིག་དབུ་འཕུར་ནས་བཞུགས་ཡོད་ཙ་ན་བར་སྣང་ལ་བུད་མེད་ངུས་པའི་སྐད་ལྷང་བ་ཞིག་བྱུང༌། དབུ་འཕུར་བ་བསངས་ཏེ། ཅི་བྱུང་བ་ཡིན་དྲིས་པས། ངའི་མིང་པོ་སངས་རྒྱས་ཀྱིས་བསྟན་པ་ལ་གཅེས་པ་ཞིག་ཡོད་པ་དེ་གཤེགས་པས་ངུ་བ་ཡིན་ཟེར། དེ་སུ་ཡིན་བྱས་པས། དེ་བཤད་ན་ཁྱོད་ཀྱང་མྱ་ངན་བྱེད་དུ་འོང་བས་མི་སྨྲ་ཟེར། ཅི་ཡིན་ནམ་སྙམ་དུ་སེམས་མ་བདེ་བ་ཞིག་བྱུང༌། ཡང་དེ་དུས་ཐོ་རངས་ཤིག་སྔར་གི་བུད་མེད་དེའི་སྐད་ལྷང་བ་ཞིག་བྱུང༌། མགོ་བོ་བསངས་ཏེ་ཉན་པས། དེ་ན་ཁྱོད་ཀྱི་དགོན་པ་ཡོད། །གདུལ་བྱ་དག་ཀྱང་དེར་འདུ་ཞིང༌། ཁོ་མོའང་ཁྱོད་ཀྱི་རྗེས་སུ་འབྲང༌། ཁྱོད་ཀྱི་རྗེས་འབྲང་སྐྱོབ་བར་བྱེད། །ཅེས་ཟེར། དགོན་པ་ཇི་ལྟ་བུ་ཞིག་འོང༌། དགོན་པའི་མིང་ལ་ཇི་སྐད་ཟེར་བྱས་པས། ལག་པ་གཉིས་ཐལ་མོ་སྟོང་དུ་སྦྱར་ཏེ། དགོན་པ་འདི་ལྟ་བུ་ཞིག་འོང༌། དགོན་པའི་མིང་ལ་མུ་ཁྱུད་ཅན་ཟེར། དེ་མཁའ་འགྲོའི་བརྡ་སྐད་ཡིན་ནོ་ཨང་ཟེར་ཏེ་ཡལ་སོང༌། ཡང་དེ་དུས་ལྷ་མོ་འདིའི་ཞལ་ནས། རྟེན་འབྲེལ་ཁྱད་པར་ཅན་ཡོད་པས་ཚོགས་སུ་མ་ཎི་བརྒྱ་རྩ་རེ་ཡང་མ་ཆག་པར་ཚུགས་ཤིག་གསུངས། ཡང་དེ་དུས་དགེ་བཤེས་ཤིག་ལྷ་མོ་འདི་སྤྱན་དྲངས་པ་བྱོན་པ་ལ། ངས་བཤད་སྒྲུབ་གང་བྱས་ན་བསྟན་པ་དང་སེམས་ཅན་ལ་ཕན། དགོན་པ་ག་ན་ཡོད་དགེ་ཚུལ་ཞིག་ཀྱང་ག་ན་ཡོད་ཞུས་པས། དེའི་ཞལ་ནས། བཤད་སྒྲུབ་དང་ཁྱད་པར་འཆད་ཉན་བྱས་ན་བསྟན་པ་ལ་ཕན་སྟོབས་ཆེ། དགོན་པ་ཞིག་མ་གི་ན་ཡོད། མིང་ལ་མུ་ཁྱུད་ཅན། དེ་ཡང་བརྡ་སྐད་ཡིན་ནོ་ཨང༌། དགེ་ཚུལ་ཞིག་ཕ་གི་ན་ཡོད། སྙིང་རྗེ་རྗེ་ཞིག་ཕ་གི་ན་ཡོད་དོ་ཟེར་རོ། །དེ་ནས་བདེ་ཆེན་རྩེར་སྟོན་ཆོས་ལ་ལོ་ཆེན་ཐུགས་རྗེ་དཔལ་བ་སྤྱན་དྲངས་ཏེ་སྔར་གྱི་ཀ་ལཱ་པའི་ས་བྲིས་ཀྱི་འཕྲོ་དང༌། སྡེབ་སྦྱོར་རིན་ཆེན་འབྱུང་གནས་སོགས་ཐ་སྙད་ཀྱི་གཙུག་ལག་ཀྱང་མང་དུ་གསན། ཁྱད་པར་ཀ་ལཱ་པའི་གཞུང་དོན་འགའ་ཞིག་ལ། འདི་རང་འགྲེལ་པ་དང་བསྟུན་ན་འདི་ལྟར་ཡིན་པ་འདྲ་ཞེས་ཡར་ཞུས་པས་ཁོང་གིས་ཐལ་མོ་སྦྱར་ཏེ། ངོ་མཚར་ཆེ། ཁྱེད་རང་སྔ་ནས་མཁས་པར་འདུག་ང་ལས་སློབ་མི་དགོས་པར་འདུག་གོ་གསུངས་ནས་ཤིན་ཏུ་དགྱེས་པ་བྱུང༌། གཞན་ཡང་སྒྲོལ་མ་ཡིད་བཞིན་ནོར་བུའི་རྗེས་གནང་སོགས་བཀའ་ཡང་འགའ་རེ་གསན་ཅིང༌། ཁྱད་པར་སྔ་ནས་ཡང་ཡང་ཡིད་ལ་གཅགས་པའི་གླེགས་བམ་རིན་པོ་ཆེའི་ལུང་གསན་དུས། དྲུང་ནས་ཀྱིས་སུ་ལ་གསན་ཞུས་པས་ཁོང་གི་ཞལ་ནས། བདག་གིས་ཆོས་འཁོར་སྒང་པ་ཆོས་རྗེ་སེདྒེ་རྒྱལ་མཚན་ལ་ཞུས། ཁོང་འབྲོམ་གྱི་སྤྲུལ་པར་བྱེད་པར་གདའ་གསུང་ཞིང༌། གཞན་ཡང་དེ་དུས་ཁོང་གི་གསུང་ནས། གླེགས་བམ་རིན་པོ་ཆེ་ནས་འབྱུང་བ་ལྟར་ད་སྟེ་ཡུན་མི་རིང་བར་ཁྱེད་རང་གི་ཡུལ་ཕྱོགས་སུ་བསྟན་འཛིན་གྱི་དགེ་སློང་བགྲེས་པོ་ཞིག་འབྲོམ་གྱི་རྣམ་ཐར་ཞུ་ཟེར་འོང་གིས། དེ་དུས་དགེ་སློང་དེ་ལ་འབྲོམ་གྱི་འདུ་ཤེས་ཞོག་ཁྱོད་སྤྱན་རས་གཟིགས་སུ་སྒོམ་ལ་གླེགས་བམ་རིན་པོ་ཆེ་ལེགས་པར་སྟོན་ཅིག་གསུང་གིན་འདུག་པ་དང་མཐུན་པར་ཁོ་བོ་སྐལ་བར་ལྡན། གླེགས་བམ་རིན་པོ་ཆེ་འདི་འབྲོམ་ལས་ཐོས་ནས་འབྲོམ་ལ་འཆད་པར་འདུག་པས། ད་ནི་ཆོས་བདག་པོ་ལ་འཕྲོད་པ་ཡིན་ནོ་ཞེས་གསུངས་ནས་ཐུགས་དགྱེས་པར་བྱུང་ལ་འདི་རྣམས་ལ་བརྟགས་ན་ཡང་རྗེ་བླ་མ་འདི་ཉིད་འབྲོམ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་པར་གདོན་མི་ཟ་བ་ཡིན་ནོ། །དེ་ནས་སྣར་ཐང་དུ་རྗེ་འདི་པས་ཉེ་གནས་ཆེན་པོ་དོན་གྲུབ་གྲགས་པ་ལ། ངེད་ལ་ཚེ་འདིར་རྗེ་ཤེས་རབ་སེདྒེ་བཀའ་དྲིན་ཆེ་བ་ཡིན། དེའི་བཀའ་དྲིན་བསབ་ཕྱིར་དུ་ཆོས་ཕྱོགས་ནས་བཤད་ཉན་བྱས་ཏེ་ལག་རྗེས་ཤིག་འཇོག །འཇིག་རྟེན་ཟང་ཟིང་གི་ལོངས་སྤྱོད་ཕྱོགས་ནས་ནང་རྟེན་དུ་རྟེན་བཞེངས་ཤིག་བྱས་ཏེ་ལག་རྗེས་དོད་པ་ཞིག་བྱས་ན་བསམ་པས། རྟེན་དེ་བཞུགས་ས་ཞིག་ཇི་ལྟར་བྱ་ཞེས་དྲི་བ་མཛད་ཅིང་དེ་ཇི་ལྟར་བྱས་ན་འོང་སྙམ་དུ་དགོངས་པ་བཏང་བས། དང་པོ་རྗེ་བཙུན་ཙོང་ཁ་པས་ལུང་བསྟན་པ་དེ་དང༌། ཕྱིས་བོ་དོང་དུ་ལྷ་མོ་འདིས་ལུང་བསྟན་པའི་དགོན་པ་དེ་ཡང་འདི་ག་ཡིན་པ་སྲིད། ཁྱད་པར་སྔར་རྗེ་ཤེས་རབ་སེདྒེ་བསམ་གྲུབ་རྩེ་ནས་སྣར་ཐང་ལ་འབྱོན་རེས་ཀྱིས་བཀྲ་ཤིས་ལྷུན་པོའི་དགོན་པ་འདི་ལ་ཕྱག་མཛུབ་གཏད་དེ། ས་ཕྱོགས་འདི་ན་དགེ་འདུན་གྲུབ་མགོ་བོ་སྐྱ་ཡེར་ཡེར་ཆོས་འཆད་ཀྱིན་འདུག་པ་ཞིག་སེམས་སྣང་ལ་དུས་རྒྱུན་དུ་འོང་གསུང་བ་ཞིག་ཡང་ཡང་ཡོད་པ་ལ་བརྟེན། ས་ཕྱོགས་འདི་ག་དགོན་པའི་གནས་སུ་བཟང་བར་གཟིགས་ཏེ་འདི་ཉིད་དུ་དགོན་པ་འདེབས་པར་ཐུགས་ཐག་བཅད་ལ། སྤྱིར་སྔ་མོ་ནས་བླ་མ་ལྷ་དང་བཅས་པས་ལུང་བསྟན་དེ་ལྟར་ཡོད་ཅིང་རྗེ་རང་ལ་ངེས་ངེས་ཡོད་ནའང་སྦས་པའི་ཚུལ་དུ་དེ་ལྟར་མཛད་དོ།།

དེ་ནས་མེ་མོ་ཡོས་ལོའི་དབྱར་སོས་ནས་བརྩམས་ཏེ་བསམ་གྲུབ་རྩེའི་བྲག་དམར་བླ་བྲང་དུ་རྟེན་བཞེང་གི་འགོ་བཙུགས་ཏེ་ལུགས་བཏང་བས། ཐད་ལ་མ་བྱུང་བ་ལ། མྱང་སྟོད་པའི་དཀའ་བཅུ་པ་གཅིག་རྨི་ལམ་བརྟག་ཏུ་བཅུག་པས། ཁོང་གི་རྨི་ལམ་དུ་ཆ་ལུགས་མཛེས་པའི་བུད་མེད་གསུམ་མི་རྐང་གི་གླིང་བུ་འབུད་ཅིང་འདི་སྐད་ལོ། སྐྱེས་བུ་དམ་པའི་ཐུགས་ཀྱི་མུན་པ་གཏིང་ནས་བསལ། །གང་དང་གང་དུ་བཞུགས་པ་དེར། །འོད་དཔག་མེད་པའི་སྨོན་ལམ་མ། །འགྲོ་ལ་དགྱེས་པའི་འཛུམ་སྟོན་མ། །ཡང་དང་ཡང་དུ་སྤྱན་འདྲེན་ནོ། །ལུགས་ཕུད་རྗེ་བཙུན་སྒྲོལ་མ་འཚལ། །སེང་གདོང་གེགས་མེད་འབྱོན་པ་ལ། །ཐུབ་དབང་མངལ་སྐྱེས་ཀྱི་བསྟོད་པ་འཚལ། །པེ་ཧར་གྱི་རྩོམ་པ་ཅུང་ཟད་ཡོད། །རྟ་མགྲིན་ནག་པོའི་ཟློག་པ་འཚལ། །ངེད་ཚོ་ཡང་སྤྲེ་གདོང་ཅན་གཟུངས་ཀྱི་དཔལ་དང༌། །མཁས་གྲུབ་དུ་མ་བསྟེན་པ་ཡིན། །ཡང་དང་ཡང་དུ་འོང་གིན་ཡོད། །ཟེར་གྱིན་འདུག །ཡང་ན་ཁ་ཅིག་ན་བུད་མེད་སྨུག་མོ་གཅིག་ན་རེ། བར་ཆད་མི་འོང༌། འཕྲིན་ལས་དང་གྲོགས་དན་ངེད་ལྕམ་དྲལ་གྱིས་བྱེད་པ་ཡིན་ཟེར་བ་ཞིག་རྨིས་ལགས་ཞུས་པས། དེ་མ་ཐག་ཐུབ་པ་ཆེན་པོ་ལ་བདུད་དཔུང་ཕྱེ་མར་འཐག་པ་ཞེས་བྱ་བའི་བསྟོད་པ་དེ་མཛད་དེ་ལུགས་ཕུད་ལ་རྗེ་བཙུན་མའི་སྐུ་བཞེངས་ཤིང༌། དེ་ནས་སྟོན་པའི་སྐུ་རྒྱབ་མཐོ་ཉེར་ལྔ་པ་ཞིག་གི་ལུགས་བཏང་བས་བྱིན་རླབས་ཀྱི་གཟི་འོད་འབར་ཞིང་ངོ་མཚར་བར་བྱོན་ནས་རྟེན་དེའི་ཐུགས་ཀར་རྒྱལ་བ་ཙོང་ཁ་པ་ཆེན་པོས་ཐོག་དྲངས་རྩ་རྒྱུད་ཀྱི་བླ་མ་སངས་རྒྱས་བྱང་སེམས་ཀྱི་རིང་བསྲེལ་མང་པོས་གཏམས་པའི་དངུལ་གྱི་རྒྱལ་བ་འོད་དཔག་མེད་ཀྱི་སྐུ། རྗེ་བཙུན་ཤེས་རབ་སེདྒེའི་དབུ་ཐོད་རིན་པོ་ཆེ་ཚོགས་པས་བཀང་བ་དང་བཅས་པ་བཞུགས་ཤིང༌། གཞན་ཡང་སྐུའི་སྟོད་སྨད་ཀྱི་ཆར་གཟུངས་སྔགས་བྱིན་རླབས་ཅན་མང་པོ་བཤད་ཚོད་དང་མཐུན་པར་བཞུགས། ཁྱད་པར་སྐུའི་སྨད་ཀྱི་ཆ་ལ་འདུལ་བའི་གསུང་རབ་ཀྱི་གླེགས་བམ་མང་པོ། །རྗེ་བཙུན་ཙོང་ཁ་པའི་མཐང་གོས་དང་བཅས་པ་རྟེན་འབྲེལ་ཁྱད་པར་ཅན་བསྒྲིག་པའི་ཕྱིར་དུ་བཞུགས། མདོར་ན་དེ་ནས་བརྩམས་ཏེ་རྟེན་གྱི་ནང་བཞུགས་སོགས་ཡོངས་སུ་རྫོགས་པར་འབྲུག་ལོ་ཟླ་བ་གསུམ་པ་ཡན་ལ་རྫོགས་པར་གྲུབ་པ་ཡིན་ནོ། །དེ་ནས་རྟེན་ཡང་ཕྱོགས་ལ་སྤྱན་འདྲེན་ནམ་སྙམ་དུ་དགོངས་ཏེ་དར་རྒྱས་པ་ལ་ཁྲབ་རྨོག་གྲི་གསུམ་གྱི་གནང་སྦྱིན་མཛད། བཀའ་བགྲོས་མཛད་པ་ལ་རྡོ་རིང་བའི་དཔོན་པོ་ན་རེ། རྗེ་ཁྱེད་རང་དཀོན་མཆོག་ལ་གསོལ་བ་ཐེབས་པའི་གང་ཟག་ཡིན་པས་དཀོན་མཆོག་ལ་གསོལ་བ་བཏབ་ནས། བསྟན་པ་དང་སེམས་ཅན་ལ་གང་དུ་བཞུགས་ན་ཕན་པ་ཆེ་བར་ལུང་བསྟན་པ་ཞིག་མཛད་པར་ཞུ། ཡར་མར་ལ་ཁྱད་པར་མ་བྱུང་ན་འདི་ཕྱོགས་ལ་བཞུགས་པ་ཞིག་ཞུ་ཟེར། དར་རྒྱས་པའི་ཞུ་བ་ལ། ད་སྐུ་འདི་གང་དུ་བཞུགས་ཀྱང་གཙུག་ལག་ཁང་གི་ཞབས་ཏོག་བདག་རང་གིས་བྱེད་པ་ལགས་པས་ཡོན་མཆོད་རིང་དུ་མི་གཏོང་བ་ཞུ་ཟེར། དེ་ནས་བསམ་གྲུབ་རྩེར་གཞིས་བྱེས་ཀྱི་དགེ་འདུན་མང་པོ་བསགས་ནས་རྗེ་བཙུན་མ་ལ་གསོལ་བ་བཏབ་པས་འདི་ཕྱོགས་ལ་བཞུགས་པ་ལུང་བསྟན་བྱུང༌། དེ་ནས་དགོན་པའི་འགྲམ་གདིང་བར་བཞེད་དེ་དངོས་ཀྱི་སྦྱིན་བདག་དར་རྒྱས་པ་དཔོན་བསོད་ནམས་དཔལ་བཟང་བས་མཛད་ནས། རབ་བྱུང་ཞེས་པ་མེ་མོ་ཡོས་ལོ་སྨིན་དྲུག་ཟླ་བའི་ཡར་ཚེས་བཟང་པོ་ལ་རྗེ་རང་ཉིད་སྦྱིན་བདག་དང་བཅས་པ་འདིར་ཕེབས། ས་བརྟག་པ། གཞི་བདག་ལ་གཏོར་མ་སྦྱིན་པ་ལ་སོགས་པའི་ཆོ་ག་རྒྱས་པར་མཛད་དེ། སའི་ཆ་འདིར་གཙུག་ལག་ཁང༌། འདིར་བླ་བྲང༌། འདི་རྣམས་སུ་བྲང་ཁང་སོ་སོ་རྣམས་ཀྱིས་གསུངས་ཏེ། གཙུག་ལག་ཁང་དྲི་གཙང་ཁང་དབུ་མ་དང་བཅས་པའི་འགྲམ་བཏིང་སྟེ། བཀྲ་ཤིས་ལྷུན་པོ་དཔལ་གྱི་བདེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་བཏབ་བོ། །དེ་ཡང་གཙང་ཁང་ཆེན་མོ་ལ་ཀ་བ་དྲུག་གི་ས་དང༌། འདུ་ཁང་ལ་ཀ་བ་བཞི་བཅུ་ཞེ་བརྒྱད་ཀྱི་ས་ཡོད་ཅིང༌། བྱམས་ཁང་ལ་ཀ་བ་བཅུ་གཉིས་ཀྱི་ས་དང༌། སྒྲོལ་མ་ལྷ་ཁང་ལ་ཀ་བ་དྲུག་གི་ས་དང༌། མགོན་ཁང་ལ་ཀ་བ་གཉིས་ཀྱི་ས་རྣམས་ཕྱིས་བཞེངས་པ་ཡིན་ནོ། །ཡང་དེའི་དུས་སུ་རྗེ་བླ་མ་འདི་གཙུག་ལག་ཁང་འདིའི་ཁྱམས་སུ་གུར་དཀར་པོ་ཞིག་གི་ནང་དུ་བཞུགས་པའི་ཐོ་རངས་ཤིག་སྔར་གྱི་བུད་མེད་དེས་སྐད་བར་སྣང་ལ་ལྷང་བ་ཞིག་བྱུང་བ་ལ་གསན་པས། དགོན་པའི་མིང་ལ་བཀྲ་ཤིས་ལྷུན་པོ་གྱིས། སྔར་གྱི་མཁའ་འགྲོའི་བརྡ་སྐད་དེས་ཁྲོལ་ལོ་ཨང་གསུང་བ་ཞིག་བྱུང་བས་བཀྲ་ཤིས་ལྷུན་པོ་ཞེས་པ་ལྷ་མོ་འདིས་བཏགས་པ་ཡིན། དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ཞེས་པ་རྗེ་རང་གིས་བྱས་པ་ཡིན་གསུངས་སོ། །ཡང་དེ་དུས་སུ་དགོན་པའི་མདུན་གྱི་ནེའུ་ཐང་དེར་རབ་བྱུང་ཞིག་བསྒྲུབས། དེ་གནས་དེར་རབ་བྱུང་བྱེད་པའི་ཐོག་མ་ཡིན་པས་མིང་ཚོགས་པ་རྒྱ་མཚོ་འཕེལ་དུ་བཏགས། རབ་བྱུང་སྒྲུབ་པའི་དུས་རྗེ་ཞལ་དགོན་པ་ཕྱོགས་ལ་བསྟན་ཏེ་གཟིགས་པས་སྔར་རི་བོ་དགེ་འཕེལ་དུ་རྨི་ལམ་ལ། རྗེ་བཙུན་ཙོང་ཁ་པས་ལུང་བསྟན་པའི་གནས་དེ་འདི་ཡིན་པས་གོར་མ་ཆག་པར་འདུག་སྙམ་དུ་ཐུགས་ངེས་དང༌། ཁྱད་པར་རྗེ་ཡབ་སྲས་གསུམ་གཞུགས་ས་སོགས་ལ་ཆེར་དཔྱད་པས་ཐུན་མོང་མ་ཡིན་པའི་ངེས་ཤེས་བྱུང༌། དེའི་ཕྱིར་དགོན་པ་འདི་རྗེ་བཙུན་ཙོང་ཁ་པ་ཡབ་སྲས་དང་ལྷ་མོ་འདིས་ལུང་བསྟན་པ་ཡིན་ནོ་ཞེས་གསུངས། ཁྱད་པར་གླེགས་བམ་རིན་པོ་ཆེ་ལས་ཀྱང་དགོན་པ་འདི་ཉིད་ཀྱི་ལུང་བསྟན་མང་དུ་གསུངས་ཤིང༌། ཆེས་གསལ་བར། གླང་ཆེན་བཞེངས་དང་བཞུགས་འདྲ་བ། །མཐར་ཐུག་བསམ་གཏན་ལྷུན་གྲུབ་ཤོག །ཅེས་དང༌། ལྟ་བས་མི་ངོམས་གཟི་བརྗིད་ཅན། །མཚུངས་པ་མེད་པའི་བཀྲ་ཤིས་གནས། །བཀྲ་ཤིས་ལྷུན་པོ་རྒྱས་འབྱུང་ཤོག །འདོད་དགུ་འབྱུང་བའི་རིན་པོ་ཆེ། །དེ་དང་མཐུན་པ་དཔག་བསམ་ཤིང༌། །དགོས་འདོད་འབྱུང་བའི་བཀྲ་ཤིས་གནས། །བཀྲ་ཤིས་མཆོག་རབ་རྒྱས་འབྱུང་ཤོག །ཅེས་སོགས་ཀྱིས་བཀྲ་ཤིས་ལྷུན་པོའི་རྒྱབ་རི་དང༌། གནས་ཀྱི་དབྱིབས་དང་དེའི་གང་ཟག་དང་དེའི་བསམ་གཏན་འགྲུབ་ལུགས་དང༌། རྟེན་ཁྱད་པར་ཅན་འབྱོན་ལུགས་ལ་སོགས་པ་རྣམས་ལུང་བསྟན་ཏོ།།

དེ་ནས་ལྕགས་ཕོ་རྟའི་ལོའི་དགུན་ཆོས་གྲོལ་མཚམས་ཤིག་ཏུ་རྗེ་བླ་མ་འདི་རི་བོ་དགེ་ལྡན་གྱི་མཁན་པོ་ལ་གདན་འདྲེན་པ་ལ་བླ་མ་དཀའ་བཅུ་པ་སྦྱིན་པ་དཔལ་བ་དང་དགེ་བསྐོས་དཔལ་ལྡན་རིན་ཆེན་པ་གཉིས་ཀྱིས་ཐོག་དྲངས་དཔོན་སློབ་ཐོགས་ཤིག་གིས་སླེབས་ནས་རྗེ་འདི་པ་དགའ་ལྡན་གྱི་གདན་ས་ལ་འབྱོན་དགོས་པའི་ཞུ་བ་ཕུལ་པས་རྗེ་འདི་པས་བདག་དགེ་ལྡན་གྱི་གདན་ས་བྱེད་དུ་མི་འགྲོ། དེའི་རྒྱུ་མཚན་ཡང་དགོན་པ་འདི་ཡང་བཏབ་མ་ཐག་ཏུ་སོང་བས་རྒྱུན་བརྟན་པ་ཞིག་མ་བྱུང་དོགས་ཤིང༌། ཁྱད་པར་སྔར་བྱས་པ་ཐམས་ཅད་ཀྱང་བསྟན་པ་སྤྱི་སྒོས་འབའ་ཞིག་ལ་བསམས། ད་དུང་ཡང་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་བསྟན་པ་འབའ་ཞིག་ལ་བསམས་ཏེ་འདི་ཁར་སྡོད་པ་ཡིན། ད་ལམ་མཁས་གྲུབ་རིན་པོ་ཆེའི་གཅུང་པོ་ཆོས་རྗེ་བ་སོ་བ་འདི་ལུང་རྟོགས་ཀྱི་ཡོན་ཏན་གང་ས་ནས་རྗེའི་གདན་སར་འོས་པ་ཡོད་པས་འདི་དགེ་ལྡན་གྱི་ཁྲི་ལ་གདན་འདྲེན་པར་མཛོད་གསུངས་ནས་རྗེ་ཉིད་མི་འབྱོན་པར་ཐག་བཅད། དེ་ནས་རྟ་ནག་རི་ཁུད་དང༌། ལྷ་རྒྱལ་རྩེ་སོགས་སུ་ཆོས་བར་མཛད་ཅིང་སྐལ་བ་དང་ལྡན་པ་མཐའ་ཡས་པ་ལ་ཆོས་སྟོན་པར་མཛད་དོ། །དེ་དག་གི་བར་སྐབས་ཤིག་རྗེ་འདི་ཉིད་བྱང་ཆེན་དུ་སྐུ་མཚམས་ལ་བཞུགས་ནས་རྒྱལ་བ་ཙོང་ཁ་པའི་བསྟན་པའི་སྙིང་པོ་མཐར་ཐུག་པ་རྣམས་ལ་ཉམས་བཞེས་མཛད་པས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྣམས་དང་སྔགས་ཀྱི་ཟབ་ལམ་རིམ་པ་གཉིས་ཀྱི་གནད་རྣམས་ལ་མྱོང་བ་ཕུལ་ཕྱིན་འཁྲུངས་ཤིང་ཤར་གྱི་རི་བོའི་རྩེར་སྤྲིན་དཀར་པོ་ཞིག་གཟིགས་པའི་རྐྱེན་བྱས་རྗེ་ཡབ་སྲས་ཀྱི་བཀའ་དྲིན་དྲན་པའི་མོས་གུས་ཤུགས་དྲག་འཁྲུངས་ཏེ། ཤར་གངས་རི་དཀར་པོའི་རྩེ་མོ་ན། །ཞེས་སོགས་ཀྱི་ཉམས་མགུར་མཛད། དེ་དུས་གཙང་ཕྱོགས་སུ་ལུས་མེད་བདག་པོ་སྙིང་ལ་ཞུགས་པ་མང་པོས་འཇམ་མགོན་བླ་མའི་བསྟན་པ་འཕེལ་བ་ལ་གེགས་ཆེན་པོ་བྱས་ཀྱང༌། རྗེ་འདི་པས་རང་གི་སྐུ་དང་སྲོག་ལའང་མ་གཟིགས་པར་འཇམ་མགོན་བླ་མའི་བསྟན་པ་ཆེས་ཆེར་འཕེལ་ཕྱིར་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོ་བཏབ་ཅིང༌། མདོ་སྔགས་གཉིས་ཀའི་བཤད་སྒྲུབ་རྐང་ཚུགས་པར་མཛད་དེ་བསྟན་པའི་སྲོག་ཤིང་བཟུང་བས་ན་རྗེ་འདི་ནི་འཇམ་མགོན་བླ་མའི་བསྟན་པ་འདི་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་ཞིག་གོ །དེ་ནས་རྗེ་འདིའི་དགོངས་པ་ལ། སྔ་མོ་ནས་མཁས་གྲུབ་ཐམས་ཅད་མཁྱེན་པ་མནལ་ལམ་དུ་བྱོན་ཏེ། རྗེ་བཙུན་བྱམས་པའི་སྐུ་ཞིག་བཞེངས་ན་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོར་འབྱུང་བའི་ལུང་བསྟན་ཅིག་ཡོད་པ་དང༌། གཞན་ཡང་རང་གི་སློབ་མ་ཉམས་རྟོགས་ཅན་འགའ་ཞིག་གི་ཉམས་དང་རྨི་ལམ་ལ། རྗེ་བཙུན་གྱི་སྐུ་བཞེངས་ན་ཕན་ཐོགས་རྒྱ་ཆེན་པོ་འོང་ཟེར་བ་མང་པོ་ཡོད་པ་སོགས་ལ་བརྟེན་ནས་རྗེ་བཙུན་བྱམས་མགོན་གྱི་སྐུ་བཞེང་བར་སྩོམ་པ་ན་རྗེ་འདི་པས་ལྷ་བཙུན་བསྟན་པའི་རྒྱལ་མཚན་ལ། རྗེ་བཙུན་གྱི་སྐུ་ཚད་ཇི་ཙམ་འོང་གི་བརྟག་པ་ཞིག་བྱེད་དགོས་པ་འདུག་པས། གྱང་ལོགས་ཤིག་ལ་ཕྱག་མཐོ་དྲུག་གི་ཚད་མཛད་ནས། འདི་ལ་དཔེས་པའི་ཞལ་ཞིག་བྲིས་གསུངས། ཁོང་གི་བྲིས་པས་ཚད་འཕྱུགས་ནས་མཐོ་དགུ་ཙམ་དུ་སོང་བ་དང་རྗེའི་ཞལ་ནས། བླ་མ་ཞང་གིས་ལྷ་ཆེན་དཔལ་འབར་བཞེངས་དུས་ཉེ་གནས་ཀྱིས་སྲོག་ཤིང་ཚད་འཕྱུགས་པའི་རྟེན་འབྲེལ་གྱིས་སྐུ་ཤིན་ཏུ་ཆེ་བ་ཞིག་བྱུང་ཟེར། འོ་སྐོལ་ལ་ཡང་སྐུ་ཆེན་པོ་ཞིག་འོང་བ་ཡིན་ཡོད་གསུངས། དེ་ནས་ཞལ་བྲིས་ནས་མཆོད་པ་ཕུལ། གསོལ་བ་བཏབ་པས་དེའི་ནུབ་མོ་ལྷ་རི་རྩེ་ནས་སེར་སྣམ་གྱིས་གསོལ་བེམས་ལེགས་པ་ཞིག་འབུལ་བ་ལ་བཏང་བྱུང་བས། རྟེན་འབྲེལ་ཤིན་ཏུ་ལེགས་ཞེས་གསུངས། དེའི་ཐོ་རངས་མནལ་ལམ་དུ། སུམ་བརྒྱ་དྲུག་ཅུ་ཐོབ་ཟེར་བའི་སྒྲ་ལྷང་བ་ཞིག་བྱུང་གསུངས། དེའི་ཚེ་སྤྲུལ་པའི་བཟོ་བོ་རྣམས་སྤྱན་རས་གཟིགས་དང་སྒྲོལ་མས་རྒྱུད་བསྐུལ། དཔལ་ལྡན་ལྷ་མོས་ལམ་སྲུང་མཛད་ནས་ཆུ་འདུས་སུ་སླེབས། དེ་ནས་དྲུང་ཆོས་རྒྱལ་བས་ལྷ་བཟོ་བ་རྣམས་ཁྲིད་ནས་འདིར་སླེབས། རྗེའི་དྲུང་དུ་རྒྱུ་མཚན་ཕུལ་བས་རྗེའི་གསུང་ནས། ཤིན་ཏུ་ལེགས། མི་གསར་གྱི་ཁ་ནས་གཏམ་བྱུང༌། སླ་ང་ཚ་དུས་ཀྱི་སྐམ་པ་བྱས་པ་ཡིན་གསུངས། དེ་ནས་སང་ཉིན་བཟོ་བོ་རྣམས་ལ་ཟངས་ལེབ་རྣམས་བསྟན་པས་ཁོང་རྣམས་ན་རེ། ད་ནི། རྒྱུ་ཡང་ལྡངས་ཤིང༌། ཟངས་ལེབ་རྣམས་ཀྱང་ལེགས་པོ་འོང་ཟེར་ནས་དབུའི་ཚུག་དྲངས་ཏེ་བཟོ་ཚུགས་སོ། །དེ་ནས་སྤྲུལ་པའི་བཟོ་བོ་རྣམས་ཀྱིས་སྐད་ཅིག་ཀྱང་མ་ཡེངས་པར་བཟོ་བྱས་པས་ཐོག་མར་དབུ་ལེགས་པར་གྲུབ། དེ་ལ་རབ་གནས་མཛད་དེ་གསོལ་བ་བཏབ་པས་མཛོད་སྤུ་ལ་མེ་ཏོག་གཅིག་ཆགས་ཤིང༌། ཁྱད་པར་སྙན་རྒྱན་གཡས་ཀྱི་འབུར་དབུས་མ་ལ་རྒྱལ་བ་ཙོང་ཁ་པའི་སྐུ་རང་བྱོན་ཤིན་ཏུ་མཚར་བ་ཞིག་སྐྱེ་བོ་ཐམས་ཅད་ཀྱིས་མཐུན་གྲུབ་ཏུ་བྱོན། གཞན་ཡང་དེའི་ཚེ་ཆོས་སྐྱོང་གི་གཏོར་སྒྲུབ་འཛུགས་པ་སོགས་ཀྱི་རིམ་གྲོ་འཛུགས་པ་དང་བཅས་ཏེ་བལ་པོ་རྣམས་ཀྱིས་བཟོ་ལེགས་པར་བརྩམས། དེའི་ཚེ་སྐུ་རིམ་པ་རྣམས་དང་བཟོ་བོ་རྣམས་ཀྱི་ཉམས་སྣང་ལ་ཉིད་མོ་མི་དང་མཚན་མོ་མི་མ་ཡིན་གྱིས་བཟོ་སྒྲུབ་པའི་སྣང་བ་རྒྱུན་མི་འཆད་ཅིང༌། དེ་ལྟར་བསྒྲུབས་པས་རིང་པོར་མ་ཐོགས་པར་ཁྲུ་ཉི་ཤུ་རྩ་ལྔའི་སྐུ་ཚད་དང་ལྡན་པའི་རྗེ་བཙུན་གྱི་སྐུ་ངོ་མཚར་ཅན་དེ་ཆུ་མོ་ལུག་གི་ལོ་ལ་གྲུབ་སྟེ། རྟེན་གྱི་ནང་བཞུགས་ལ་ཡང་དམ་པ་མང་པོའི་རིང་བསྲེལ་སོགས་སངས་རྒྱས་བྱང་སེམས་ཀྱི་སྐུ་གདུང་རིང་བསྲེལ་དང་ལྡན་ཞིང༌། རྒྱུ་རིན་པོ་ཆེ་ལས་གྲུབ་པའི་ལུགས་སྐུ་མང་པོ་བཞུགས་ཤིང༌། གཞན་སྐུའི་སྟོད་སྨད་ཀྱི་ཆ་ལ་བཤད་ཚོད་དང་མཐུན་པའི་གཟུངས་སྔགས་མང་པོ་དང་། གསུང་རབ་པོ་ཏི་མང་པོ་བཞུགས། གཞན་ཡང་སྨན་སྣ། འབྲུ་སྣ། ཟས་སྣ། གོས་དར་གྱི་སྣ་མང་པོ་སོགས་མ་ཚང་བ་མེད་པར་བཞུགས། གཞན་ཡང་རྟེན་གྱི་ནང་བཞུགས་ཁྱད་པར་ཅན་ཞིག་གཞན་སུ་ལ་ཡང་རྒྱུས་མེད་པར་རྗེ་རང་ཉིད་ཀྱིས་མཚན་མོ་བྱོན་ཏེ། རྟེན་གྱི་ཐུགས་ཀར་བཞུགས་སུ་གསོལ་ནས་གསོལ་བ་གདབ་པ་དང་སྨོན་ལམ་མང་པོ་ཡང་མཛད་ཅེས་གྲགས་སོ། །དེ་ལྟ་བུའི་རྟེན་ངོ་མཚར་ཅན་དེའི་རབ་ཏུ་གནས་པ་ལུག་ལོ་ཟླ་བ་ལྔ་པའི་ཡར་ཚེས་བཟང་པོ་ལ་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་བཞེངས་ཏེ། དེའི་སྒོ་ནས་རབ་ཏུ་གནས་པ་རྒྱས་པར་མཛད། དེའི་དུས་ནམ་མཁའ་ལ་འཇའ་ཚོན་གྱི་གུར་དང༌། མེ་ཏོག་གི་ཆར་འབབ་པ་སོགས་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་དང་ཁྱད་པར་རྗེ་རང་ཉིད་ཀྱིས་དེ་ནུབ་རྗེ་བཙུན་གྱི་ཞབས་དྲུང་དུ་བཞུགས་ཏེ་གསོལ་བ་རྩེ་གཅིག་ཏུ་བཏབ་པས་རྗེ་བཙུན་བྱམས་པ་སྣམ་སྦྱར་རྡོ་ཚོས་མ་གྱོན་པའི་དགེ་སློང་གི་རྣམ་པ་ཅན་ཞིག་སྐུ་དེ་ཉིད་ལ་ཡང་དང་ཡང་དུ་ཐིམ་པའི་སྣང་བ་བྱུང་ཞིང༌། དེའི་ཐོ་རངས་དེ་ལྟ་བུའི་དགེ་སློང་ཞིག་གིས། ཁྱོད་ཀྱིས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་དེ་གྲུབ་ཟིན་པས་དགའ་བ་སྒོམས་ཤིག་ཅེས་པའི་ལུང་བསྟན་ཡང་བྱུང་ངོ༌། །དེ་ནས་རྗེ་བཙུན་བྱམས་མགོན་གྱི་སྐུ་ལེགས་པར་གྲུབ་པའི་རྗེས་སུ། རྒྱབ་མཐོ་བཅུ་དྲུག་དང་ལྡན་པའི་རྗེ་བཙུན་མའི་གསེར་སྐུ་དང༌། གཡས་གཡོན་དུ་རྗེ་བཙུན་མ་སྔོན་མོ་དང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྨན་སྐུ་གཉིས་མཚར་ཆགས་བྱིན་རླབས་དང་ལྡན་པར་གྲུབ་སྟེ། ནང་བཞུགས་ལ་ཐུགས་ཀ་ན་སངས་རྒྱས་བྱང་སེམས་ཀྱི་སྐུ་གདུང་རིང་བསྲེལ་མང་པོ་དང༌། མགྲིན་པ་ན་རྗེ་བཙུན་མ་རང་གི་སྐུ་འཇིམ་པ་ལས་རང་བྱུང་དུ་བྱོན་པ་མཐོ་གང་ཙམ་ཞིག་བཞུགས་ཤིང༌། གཞན་ཡང་སྟོད་སྨད་ཀྱི་ཆ་རྣམས་གཟུངས་སྔགས་སྐུ་ཚེ་བསྲིང་བའི་སྤེལ་ཚིག་དང་བཅས་པ་མང་པོ་འཁོར་ལོ་དང་བཅས་པ་བཤད་ཚོད་བཞིན་དུ་བཞུགས་པའི་རྟེན་ངོ་མཚར་ཅན་འདི་དག་ལེགས་པར་གྲུབ་པ་རབ་ཏུ་གནས་པ་ལོ་དེའི་ཟླ་བ་བརྒྱད་པའི་ཚེས་བཟང་པོ་ལ་ལེགས་པར་བསྒྲུབས། དེའི་ཚེ་ནམ་མཁའ་ལ་འཇའ་འོད་འཁྲིགས་པ། མེ་ཏོག་གི་ཆར་འབབ་པ། ཁྱད་པར་བར་སྣང་ལ་གློ་བུར་དུ་གཎྜིའི་སྒྲ་གླིང་སྟོད་པ་རྣམས་ཀྱིས་གླིང་སྨད་དང༌། གླིང་སྨད་པ་རྣམས་ཀྱིས་ཅིག་ཤོས་ན་གྲག་པར་ཐོས་པ་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང་ངོ༌།།

དེ་ནས་ཕྱི་རབས་འབྱོར་ལྡན་སྐྱེ་བོ་རྣམས་ཀྱི་དམིགས་རྐྱེན་དུ་བསྟན་པའི་གཙོ་བོའི་གོས་སྐུ་ཆེན་མོ་བཞེང་བར་དགོངས་ཏེ། ལྷག་པའི་ལྷས་རྒྱུད་བྱིན་གྱིས་བརླབས་པ་པིར་ཐོགས་རྣམས་ཀྱི་རྒྱལ་པོ་སྨན་བླ་དོན་གྲུབ་པ་དཔོན་སློབ་སྤྱན་དྲངས་ཏེ་བཟོའི་རྩོམ་པ་མཛད་དེ་དཀྱུས་སུ་འདོམ་བཅོ་བརྒྱད་དང༌། ཞེང་དུ་འདོམ་བཅུ་གཉིས་ཀྱི་ཚད་དང་ལྡན་པའི་སྐུ་བཟང་ཞིང་མཚར་ཆགས་བྱིན་རླབས་དང་ལྡན་པ་ཡོངས་སུ་རྫོགས་པར་གྲུབ་སྟེ། གོས་སྐུ་འདིའི་ཐུགས་ཀ་ན་རྗེ་རང་ཉིད་ཀྱིས་མཛད་པའི་བསྟན་པ་རྒྱས་པའི་སྨོན་ལམ་གྱི་ཚིག་མང་པོ་བྲིས་ནས་བཞུགས་ལ། དེའི་རབ་ཏུ་གནས་པར་ཡང་ངོ་མཚར་བའི་ལྟས་མང་པོ་བཅས་ཏེ་གྲུབ་བོ། དེ་ལྟ་བུའི་གོས་སྐུ་འདིའི་རྒྱུ་ལ་གོས་ཡུག་དགུ་བཅུ་གོ་ལྔ། གོང་པ་རྟེན་ཁེབས་ཉི་ཤུ་རྩ་ལྔ། བླ་བྲེ་གཉིས། གཡས་གཡོན་གྱི་མཐའ་ལ་དར་ཡུག་ལྔ། དར་ཆག་ལ་དར་ཡུག་གཅིག་དང་དར་ཁ་ལྔ། སྐུད་པ་ལ་གོས་དར་འདྲེས་པ་ཁ་བཞི་བཅུ་ཞེ་དགུ་དང་སེ་ཐའུ་འདོམ་པ་དོ། །སྨད་ཀྱི་མཐའ་ལ་དར་ཡུག་སྔོན་པོ་གཅིག་རྣམས་སོང་གསུངས་སོ། །དེ་ནས་རྗེ་བཙུན་མའི་གོས་སྐུ་ཆུར་འདོམ་བརྒྱད་དང༌། ཞེང་དུ་འདོམ་དྲུག་གི་ཚད་དང་ལྡན་པ། རྒྱུ་བཟང་ཞིང་བྱིན་རླབས་ཀྱི་གཟི་འོད་འཕྲོ་བ་དང་བཅས་པ་ཡོངས་སུ་རྫོགས་པ་མྱུར་དུ་གྲུབ་སྟེ། རབ་ཏུ་གནས་པ་ཡང་ངོ་མཚར་བའི་ལྟས་མང་པོ་དང་བཅས་ཏེ་ལེགས་པར་གྲུབ་བོ། །གོས་སྐུ་འདིའི་མཛོད་སྤུ་ན་མུ་ཏིག་སྟོང་ཉིས་བརྒྱ་བདུན་ཅུ་དོན་ལྔ་ཁྲོམ་ཚོགས་སུ་ཡོད་པའི་དབུས་ན་ཆར་འབེབས་ཤིག་གི་དུས་སུ་གཞི་བདག་ནེ་སེར་བས་རྗེ་རང་ཉིད་ལ་ཕུལ་བའི་རིན་པོ་ཆེ་ཆུ་ཤེལ་གཅིག་དང༌། དེ་བཞིན་གཤེགས་པའི་འཕེལ་གདུང༌། གླང་པོར་འཁྲུངས་པའི་སྐུ་གདུང༌། མཆིམས་བློ་བཟང་གྲགས་པའི་སྐུ་གདུང༌། སྣར་ཐང་ཉེར་འཛིན་ཆེན་པོའི་སྐུ་གདུང༌། རིང་སྲེལ་མང་པོ་དང་བཅས་པ་བཞུགས་ཤིང༌། ཕྱག་གཡས་ལ་བྱུ་རུ་མུ་མེན་རྣམས་འདྲེས་པ་བརྒྱ་དང་ཉེར་ལྔ། ཕྱག་གཡོན་ལ་བྱུ་རུ་ཉིས་བརྒྱ་དང་གསུམ། མགུལ་པ་ལ་བྱུང་རུ་དགུ་བཅུ། ཤངས་ཀྱི་རྩེ་ལ་སྤོས་ཤེལ་བཟང་པོ་ཞིག་དང་མུ་ཏིག་རྣམས་ཡོད་གསུངས་སོ། །དེ་ནས་རྗེ་འདི་པས་བཀྲ་ཤིས་ལྷུན་གྱིས་གྲུབ་པའི་ཆོས་གྲྭ་ཆེན་པོར་གཞི་ཕབ་ནས་བཞུགས་ནས་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་དུ་བསྐོར་ཏེ། དེ་ཡང་སྔ་ཆོས་ལ་ཚད་མ་རྣམ་འགྲེལ་དང༌། མངོན་པ་མཛོད་གཉིས་གསུངས། དེ་རྗེས་ཞུ་མི་དང་བསྟུན། ཕྱི་དྲོ་དང་པོར་ཕར་ཕྱིན། དེ་ནས་འདུལ་བ། དེ་ནས་རྩ་འཇུག་གམ། བྱང་ཆུབ་ལམ་རིམ། རྒྱུད་འགྲེལ་སོགས་འདོད་པ་དང་བསྟུན་ཏེ་གསུངས། རྣམ་འགྲེལ་ལྷ་ཤཱཀ་དང་དར་ཊཱིཀ་མཁས་གྲུབ་ཊཱིཀྐ་སོགས་ལ་བརྟེན་ནས་གསུངས། མངོན་པ་མཆིམས་དང་ནེལ་པའི་ཊཱིཀྐ་གཉིས་ལ་བརྟེན་གཞི་མཛད་ནས་དགོངས་པས་དཔྱོད་པར་སྣང༌། ཕར་ཕྱིན་གསེར་ཕྲེང་དང་དར་ཊཱིཀ །འདུལ་བ་དམར་ཊཱིཀ་དང་རྒྱ་ཆེར་འགྲེལ། རྩ་འཇུག་གསུང་དུས་ཊཱིཀ་ཆེན་ཚར་པ་རེ་བཀླགས་ནས་དོན་གྱི་སྙིང་པོ་དྲིལ་བ་རེ་ལ་བསྐྱར་ཆོས་མཛད། ལམ་རིམ་བསླབ་བྱ་བློ་སྦྱོང་སོགས་ལའང་བཤད་པ་རེ་དང་བསྐྱར་ཆོས་གཉིས་རེ་འོང་ངོ༌། །བློ་སྦྱོང་ལ་འདར་སྟོན་བྱང་ཆུབ་དཔལ་གྱིས་ཟིན་བྲིས་རྒྱས་པ་ཞིག་མཛད་སྣང༌། ཆོས་གསུང་པའི་དུས་སུ་ཞལ་འཛུམ་མདངས་དང་ལྡན་པ་ཞིག་འོང༌། དྲུང་ན་འདུག་པ་དང་ཐག་རིང་པོ་ན་འདུག་པ་ལ་ཁྱད་པར་མེད་པ་ཞིག་འོང༌། གསུང་གི་གདངས་དལ་ཞིང་འགྲོ་གཞན་ལས་ཆེ་བ་ཞིག་འོང༌། གཞུང་གི་གཅོད་མཚམས་མཛད་པ་རང་གིས་གོ་ཐུབ་པ་འདྲ་བ་ཞིག་འོང༌། ཆོས་གསུངས་པའི་དུས་གཞན་ལ་སྨོད་པ་སོགས་ཀྱི་ཆོས་དམག་དང་ཟེར་ཆུ་ཡེ་མི་འོང་གྲུབ་མཐའི་འདོད་ཚུལ་མི་འདྲ་བ་དང༌། དོགས་པ་མང་དུ་བཀོད་ནས་འདི་ཚོ་རིགས་ལུང་གི་སར་དཔྱད་དགོས་གསུངས། ཉམས་སུ་ལེན་ན་འདི་འདྲ་ཞིག་འོང་ཚོད་དུ་གདའ་ཞེས་ཕྱོགས་རྒྱག་རེ་མཛད་དེ་བློ་གཞན་ལས་འཁུལ་བ་ཞིག་འོང༌། བགྲོ་གླེང་གནང་བའི་དུས་ཞལ་ཕོ་དང་བཅས་ཏེ་ཧུར་ཕྱུང་ནས་མཛད། ཐལ་སྐད་ཀྱང་ཤིན་ཏུ་བདེ་བ་སྙིང་རླུང་སངས་པ་འདྲ་བ་ཞིག་ཡོད། བགྲོ་གླེང་མཛད་པར་གྲུབ་མཐའ་མང་དུ་བཞག་ནས། སྐྱོན་གཏོང་རྒྱུ་ཅི་ཡོད་ཅེས་གསུངས། འཆད་ཉན་པ་རྣམས་དང་གྲྭ་པས་ཀྱང་བློ་ནུས་ཅི་ཡོད་ཀྱིས་བགྲོ་གླེང་ཕུལ་ཏེ་སོང་བ་མི་འོང་བར་གདའ། སྤྱིར་མི་གཅིག་ལ་དགྱེས་པའི་བཞད་གནང་ཙ་ན་ཚོགས་པ་ཐམས་ཅད་སྤྲོ་སིང་གིས་འོང༌། གཅིག་ལ་བཀའ་བཀྱོན་དུས་གཞན་མའང་སྐྲག་འོང་བ་ཞིག་ཡོད། དགྱེས་པའི་སྟབས་མཛད་དུས་ཞལ་གྱི་དཀྱིལ་འཁོར་ཐམས་ཅད་འཛུམ་གྱིས་རང་བཞིན་དུ་སོང་བ་འདྲ་བ་ཞིག་འོང༌། དབུ་ནི་གདུགས་ལྟ་བུ་སྒོར་ཁྱིལ་བ་ཞིག་ཡོད། ཤངས་མཐོ་ཞིང་སྙན་ཤལ་རིང་བ། དཔྲལ་བ་ཡངས་པ་ཞལ་ཆེ་བ། སྤྱན་ཟུར་གསུམ་ལྟ་བུར་གཟིགས་པ་འདྲ་བ། སྐུ་ཤ་ཅུང་སྔོ་བ། རྒྱང་ནས་བལྟས་ན་ཅུད་ཟད་སྒུར་བ་ལྟ་བུར་མངོན་པ། ཕྱག་ངར་སྦོམ་པ་ཞིག་ཡོད། ཕལ་ཆེར་དབུ་ཞྭ་མི་བསྣམས་ཤིང༌། ན་བཟའ་གང་བྱུང་བཞེས་པས་མི་ཀུན་གྱིས་ངོ་མི་ཤེས་པ་འོང༌། ན་བཟའ་རྩི་མ་དང་གོས་དར་དྲག་ལྷན་ཅན་གྱི་རིང་འགག་འབུལ་མི་བྱུང་ཡང༌། གོས་དར་རྣམས་དཀོན་མཆོག་ཉིད་ཀྱི་ཕྱོགས་སུ་བསྔོ། ན་བཟའ་དང་སྤྱོད་ལམ་ལ་ཕྱི་ནང་དང་མི་དྲག་ཞན་གྱི་སར་ཁྱད་མི་མཛད། གཞན་གྱི་འབུལ་བ་དང་བསྙེན་བཀུར་བྱུང་བའི་ཚེ་དེ་འཕྲལ་ལ་དཀོན་མཆོག་གསུམ་གང་རུང་གི་ཆེད་དུ་བསྔོ་བ་མཛད། འབུལ་བ་ཆེ་ཆུང་གང་ཕུལ་ཀྱང་འདི་ཡང་ངེད་ལ་འདི་ལྟར་མཁོ་བ་ཡོད་ཅེས་མཉེས་མཉེས་མཛད། གསོལ་ཇ་རྐྱང་པ་རེ་ལའང་གདན་དྲངས་པར་ཆོས་རྗེ་ཉིད་ཕེབས་པར་མཛད། བཞུགས་གདན་ཀྱང་བེམ་པོ་སོགས་གང་བྱུང་གིས་ཆོག །ཟང་ཟིང་གིས་ཡོན་བདག་དང་དཔོན་གྱི་ངོ་འཛིན། སློབ་མ་ལ་འདི་ལ་བྱམས་དང་འདི་ལ་མི་བྱམས་མེད་སུ་ལ་འབོད་ཀྱང་དྲུང་པ་ཞེས་ཞེ་ས་རེ་མཛད། ཀུན་ལ་ཉེ་རིང་མེད་པའི་ཐུགས་རྗེ་ཆེན་པོ་མངའ་ཡང་སྙིང་རྗེ་རྗེ་ལྟར་མི་སྟོན། འཆལ་ཚུལ་གྱི་རྙོག་པ་དང་བྲལ་བའི་ཚུལ་ཁྲིམས་མངའ་ཡང་ཞི་ཞིང་དུལ་དུལ་ལྟར་མི་མཛད། མཐའ་མེད་པའི་མཁྱེན་པ་མངའ་ཡང་མཁས་པ་ཉིད་དུ་ཞལ་བཞེས་མི་མཛད། རིགས་ལུང་ལ་བྱུང་མ་བྱུང་ལ་གཙིགས་སྟེང་ཆེ་བར་མཛད་དེ། ཆོས་གྲྭར་བྱུང་མ་བྱུང་ལ་དགོངས་པར་མི་མཛད། གྲྭ་པ་བྱུང་བའམ་སོང་བ་ལ་དགྱེས་མི་དགྱེས་མི་མངའ་ཞིང༌། ཡོན་བདག་དང་སློབ་མ་མི་ཉོ། མདོར་ན་འཇིག་རྟེན་གྱི་ཆོས་བརྒྱད་མཉམ་པར་དགོངས་ཤིང༌། བྱིས་པའི་སྤྱོད་པ་ལས་རིང་དུ་སོང་བ་དང་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་མཐའ་དག་ཞུམ་པ་མེད་པར་སྐྱོང་བ་དགེ་བཤེས་སྟོན་པའི་རྣམ་པར་ཐར་པ་ཇི་ལྟ་བ་བཞིན་དུ་མཛད་སྣང་ངོ༌།།

རྗེ་འདིས་དགོན་གནས་འདེབས་པ་དང༌། སྐུ་གསུང་ཐུགས་རྟེན་བཞེང་བ་སོགས་མཛད་པ་རྒྱ་ཆེན་པོ་དེ་ཙམ་ཞིག་མཛད་ཀྱང༌། ནང་དུ་ཐུགས་དམ་ཐུན་བཞིའི་རྣལ་འབྱོར་ལས་ནམ་ཡང་མི་གཡེལ་ཞིང་སྔར་བཤད་པ་ལྟར་གྱི་གཞུང་ཆེན་མོའི་ཆོས་འཆད་དེ་དག་ཀྱང་ནམ་ཡང་འཆག་མེད་མཛད་དེ་འདི་ནི་སྤྲུལ་པའི་མཛད་པ་ཤ་སྟག་ཡིན་ལ། སངས་རྒྱས་སྟོང་གི་རྡོ་སྐུ་བཞེང་བར་བཞེད་ནས་སྐུ་རྒྱུའི་རྡོ་གང་ནས་བཙལ་བར་བྱ་ཞེས་བགྲོས་པ་ན། འགའ་ཞིག་གིས་རྒྱལ་ཆེན་རྩེའི་ཕྱོགས་ནས་བཙལ་ན་ལེགས་ཞུས་པ་ལ། དེ་ཐག་རིང་བས་འདྲེན་པ་དཀའ་གསུངས། འོ་ན་ཉེ་སྐོར་ནས་མི་རྙེད་ཞུས་པའི་སྐབས་ཤིག་ན། ཉིན་གཅིག་ཕྱགས་ཕྱི་ལ་སྐུ་འཁོར་ཁ་ཡར་ཁྲིད་དེ་རྡོ་འཚོལ་དུ་འགྲོ་བ་ཡིན་གསུངས་ནས། དགོན་པའི་ཉེ་ལོགས་མཁར་ལུང་ཞེས་པའི་ལུང་པ་ཞིག་ཡོད་པ་དེར་ཐེགས་ཙ་ན་ཡ་གི་ན་བྱ་རོག་གཅིག་ལྡིང་གི་གདའ་ཞུས་པས། འོ་ན་དེར་འདེད་གསུངས་ནས། རི་འབོག་གཅིག་གི་རྩེར་ཐེགས་ཏེ་འདི་ནས་བྲག་རྐོས་ཤིག་ཅེས་གསུངས་ནས་བྲག་གཤགས་པས་གཡམ་པ་ཆེ་ལ་མང་བ་ཅི་འདོད་བྱུང་ངོ༌། །དགེ་འདུན་ཐམས་ཅད་ཀྱིས་དེ་ཉིན་གཅིག་དྲངས་ནས། བསྐལ་བ་བཟང་པོའི་སངས་རྒྱས་སྟོང་མཚན་དང་བཅས་པ། སངས་རྒྱས་སུམ་ཅུ་སོ་ལྔ་མཚན་དང་བཅས་པ་འབུར་དུ་བརྐོས་ཏེ་བཞེངས། དེ་བཞིན་གཤེགས་པའི་སྐུ་ཤ་རྣམས་ལ་གསེར་བཟང་པོ་འབའ་ཞིག་གསོལ་ཏེ་ཕྱིའི་བར་ཁྱམས་ལ་ཐོག་བཀལ་བའི་འོག་ཏུ་བཞུགས་ཏེ། དེ་ལ་བསྐལ་བཟང་ལྷ་ཁང་དུ་གྲགས་ཏེ། འདི་ཡང་སྤྲུལ་པའི་མཛད་པ་ཡིན་ཏེ་དུས་ཕྱིས་སྐྱེ་བོ་གཞན་མང་པོས་མཁར་ལུང་སྦུག་ནས་རྡོ་ཇི་ཙམ་བཙལ་ཡང་རྗེ་འདིས་གཏེར་བཞེས་པའི་རྡོའི་ཆག་གྲུམ་ཕྲན་བུ་འདྲ་རྙེད་པ་ལས་སྟོང་སྐུའི་རྡོ་འདི་དག་དང་འདྲ་བ་སུས་ཀྱང་མ་རྙེད་དོ། །མདོར་ན་རྗེ་བླ་མ་འདི་ཉིད་ཀྱིས་སྐུ་ཚེ་འདི་ལ་འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་གཞིར་བཟུང༌། གཞི་གསུམ་གྱི་ཕྱག་ལེན་མ་ཉམས་པའི་ངང་ནས་བཤད་ཉན། རྟེན་བཞེངས། གཙུག་ལག་ཁང་བཞེངས་པ། དཀོན་མཆོག་གི་མཆོད་པ། གསུང་རབ་ཀྱི་རྩོམ་པ་མཛད་པ་སོགས་ཐམས་ཅད་ཕྱོགས་གཅིག་ཏུ་རྒྱུན་མི་འཆད་པར་མཛད་པ་ནི། སྔོན་ཆད་གངས་རིའི་ཁྲོད་ཀྱི་ཆེན་པོ་གང་གིའང་རྣམ་པར་ཐར་པས་བསྒྲུན་པར་བཟོད་པ་མ་ཡིན་ནོ། །རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་འདིས་དམ་པའི་ཆོས་སྤེལ་བའི་ཆེད་དུ་དམ་པའི་ཆོས་འདུལ་བའི་གླེང་འབུམ་ཆེན་མོ། མདོ་རྩའི་ཊཱིཀ་ཆེན། སོ་སོ་ཐར་པའི་ཊཱིཀྐ། རྣམ་འགྲེལ་གྱི་ཊཱིཀྐ། སྤྱི་དོན་རིགས་པའི་རྒྱན། རྩ་འཇུག་གཉིས་ལ་ཊཱིཀྐ་རེ་རེ། ཐུབ་པའི་བསྟོད་པ་ལུང་ཀུན་ལས་བཏུས་པ། བདུད་དཔུང་ཕྱེ་འཐག་མ། སངས་རྒྱས་ཀྱི་གསུང་ལ་བསྟོད་པ། རྒྱལ་ཚབ་རྗེའི་བསྟོད་པ་ཀུན་ཏུ་བཟང་པོ། རྣམ་དཔྱོད་ལང་ཚོ་མ། མཁས་གྲུབ་ཐམས་ཅད་མཁྱེན་པའི་བསྟོད་པ། བྱང་རྩེ་བ་ནམ་མཁའ་དཔལ་བ་ལ་བསྟོད་པ། སྤྱན་སྔ་བསོད་ནམས་ལྷུན་གྲུབ་པ་ལ་བསྟོད་པ། སྤྱན་སྔ་རིན་ཆེན་འཕེལ་ལ་བསྟོད་པ། འཇམ་དབྱངས་རིན་ཆེན་རྒྱལ་མཚན་ལ་བསྟོད་པ། སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དཔལ་བཟང་ལ་བསྟོད་པ། རྗེ་བཙུན་འཇམ་དབྱངས་ལ་བསྟོད་པ། སེང་ལྡེང་ནགས་ཀྱི་སྒྲོལ་མའི་བསྟོད་པ། དེའི་ཕོ་བྲང་ནགས་ཀྱི་བསྟོད་པ། རྗེ་བཙུན་མ་དཀར་མོའི་སྒྲུབ་ཐབས། དེའི་བསྟོད་པ། མི་གཡོ་བ་སྔོན་པོའི་སྒྲུབ་ཐབས། འདུས་པ་ལ་བརྟེན་པའི་རབ་གནས་ཀྱི་ཆོ་ག །ལྷ་མོ་དབྱངསས་ཅན་མའི་བསྟོད་པ། རྡོ་རྗེ་ཁྱུང་ཁྲའི་བསྟོད་པ། སའི་སྙིང་པོའི་བསྟོད་པ། མགོན་པོ་གྲི་གུག་གི་བསྟོད་པ། མགོན་པོ་ཞལ་བཞི་པའི་བསྟོད་པ། དམ་ཅན་ཆོས་རྒྱལ་གྱི་བསྟོད་པ། དེའི་ཟློག་པ་རྒྱས་པ། དམ་ཅན་གསང་སྒྲུབ་དམར་པོའི་བསྟོད་པ། ཙཱ་མུནྜཱིའི་བསྟོད་པ། དམག་ཟོར་ལྷ་མོའི་བསྟོད་པ། དེའི་གཏོར་ཆོག་མདོར་བསྡུས། ཉམས་མགུར་ཤར་གངས་རི་མ། ཀ་མད་ལ་གྲས་པའི་ཉམས་མགུར། ལྷ་རྒྱལ་རྩེར་མཛད་པའི་ཉམས་མགུར། དཀོན་རྩེགས་ནས་འབྱུང་བའི་སྨོན་ལམ། དཀོན་མཆོག་གསུམ་ལ་ཡན་ལག་བདུན་པའི་བསྟོད་པ། མགོན་པོ་ལ་མངའ་གསོལ་གྱི་ཚིགས་བཅད། འོད་དཔག་མེད་གཙོ་འཁོར་ལ་བསྟོད་པ་སྨོན་ལམ་དང་བཅས་པ། སྨོན་ལམ་ཆེན་མོའི་དུས་སུ་མཛད་པའི་སྨོན་ལམ་མདོར་བསྡུས། བྱམས་ཆེན་བཞེངས་ཏེ་མཛད་པའི་སྨོན་ལམ་མདོར་བསྡུས་སེདྒེ་གདོང་ཅན་གྱི་ཟློག་པ་བྱ་ཐབས། ཛམ་ལ་སེར་པོ་ལ་ཆུ་འབུལ་བའི་ཆོ་ག །ཏའི་སི་ཏུ་རྣམ་རྒྱལ་གྲགས་པའི་དྲིས་ལན་རྣམས་ཡོད་ལ། རྗེ་ཉིད་ཀྱིས་གསུངས་པ་ལ་གཞན་གྱིས་ཟིན་བྲིས་བྱས་པ་འགའ་ཡར་དང༌། ཁྱད་པར་རྗེ་ཉིད་ལ་པོ་ཏི་ཉི་ཤུ་ཙམ་ཉན་པའི་སྐྱོར་འགོ་ལོ་མང་པོར་མཛད་ཅིང༌། ཕྱིས་བསྟན་འཛིན་ཆེན་པོར་གྱུར་པ་འདར་སྟོན་བྱང་ཆུབ་དཔལ་ཞེས་པ་དེས་ཕར་ཚད། འདུལ་མཛོད། རྩ་འཇུག་སོགས་ལ་ཟིན་བྲིས་མཛད་པ་ཡོད་ཅིང༌། གཞན་ཡང་རྗེས་འཇུག་མཁས་གྲུབ་བགྲང་བ་ལས་འདས་པ་ཡོད་པས་སོ་སོས་ཟིན་བྲིས་མཛད་པ་མང་དུ་མཆིས་སོ། །རྗེ་འདི་ནི་བཀའ་གདམས་གླེགས་བམ་ལས། སྤྱན་རས་གཟིགས་དབང་བཟང་པོར་སྤྲུལ། །ཞེས་ལུང་བསྟན་པ་ལྟར་ཁ་བ་ཅན་གྱི་མགོན་པོ་སྤྱན་རས་གཟིགས་ཉིད་འཇམ་མགོན་བླ་མའི་བསྟན་པ་སྤེལ་བའི་ཆེད་དུ་བསམས་བཞིན་དུ་སྤྲུལ་པའི་སྐུ་བཟུང་སྟེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོ་ཞེས་མཚན་ཉི་ཟླ་ལྟར་གྲགས་ཤིང་རྗེ་བཙུན་མ་སྒྲོལ་མས་འཕྲིན་ལས་ཀྱི་གྲོགས་མཛད་དེ་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོ་བཏབ་ནས་འཇམ་མགོན་བླ་མའི་བསྟན་པ་དྲི་མ་མེད་པ་བསྲེ་བསླད་ཐམས་ཅད་དང་བྲལ་བ་མདོ་སྔགས་ཡོངས་སུ་རྫོགས་པའི་བཤད་པ་དང་སྒྲུབ་པ་གཉིས་ཀ་ཚང་བ་རྐང་ཚུགས་པར་མཛད་དེ་འཛམ་བུའི་གླིང་གི་ཕྱོགས་མཐའ་དག་ནས་འདུས་པའི་མཁས་གྲུབ་བགྲང་བ་ལས་འདས་པ་རྗེ་བདག་ཉིད་ཆེན་པོའི་ལེགས་བཤད་ཀྱིས་ཚིམ་པར་མཛད་དེ་ས་ཆེན་པོའི་ཁྱོན་ཐམས་ཅད་རྣམ་ཐར་གཙང་མས་ཁྱབ་པར་མཛད་ནས་སྐུ་ཚེ་འདིའི་དངོས་ཀྱི་གདུལ་བྱ་རྫོགས་པ་ན་དགུང་ལོ་བརྒྱད་ཅུ་གྱ་བཞིར་ཕེབས་པ་ཤིང་ཕོ་རྟའི་ལོ་རྒྱལ་ཟླ་བའི་ཡར་ཚེས་བརྒྱད་ཀྱི་ཐོ་རེངས་ཞབས་རྡོ་རྗེ་སྐྱིལ་ཀྲུང༌། ཕྱག་གཉིས་མཉམ་བཞག་མཛད་དེ། སྟོང་པ་གསུམ་རིམ་གྱིས་ཐིམ་ནས་ཐམས་ཅད་སྟོང་པ་འོད་གསལ་དོན་དམ་པའི་བདེན་པ་མངོན་དུ་མཛད་དེ། དེ་ཡང་སྔར་སྙུན་པ་སོགས་ཀྱིས་སྐུ་མདངས་ཅུང་ཞིག་ཆུང་བར་ཡོད་ནའང༌། དེའི་ཚེ་གློ་བུར་དུ་སྐུ་ལུས་ཟླ་བ་རྒྱས་པ་ལྟར་གྱུར་ཏེ། སྔར་གྱི་སྐུའི་གཉེར་མ་རྣམས་ཀྱང་མེད་པར་བལྟ་བར་མི་བཟོད་པའི་འོད་ཀྱི་ཕུང་པོ་དང་ལྡན་ཞིང༌། དེ་ཡང་ཁ་ཅིག་ནི་སྐུའི་འོད་དམར་སེར། ཁ་ཅིག་ནི་དཀར་སེར། ཁ་ཅིག་ནི་གསེར་བཙོ་མ་ལྟ་བུར་སྣང་ངོ༌། །ཞེས་ཟེར་རོ། །དེ་བས་ན་རྗེ་འདི་ནི། དེའི་ཚེ་འོད་གསལ་དོན་དམ་པའི་བདེན་པ་མངོན་སུམ་མཛད་དེ༌། འཆི་བ་ཆོས་སྐུར་བསྒྱུར་བའི་སྒོ་ནས་བར་དོ་སྒྱུ་མའི་སྐུར་བཞེངས་ཏེ། དེ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་མངོན་དུ་མཛད་པར་ཡིན་པར་གདོན་མི་ཟ་བ་ཡིན་ནོ། །འོ་ན་ཕྱི་མ་རྒྱ་ནག་ཏུ་སྐུ་སྐྱེ་བ་བཞེས་པར་གསུངས་པ་སོགས་ཇི་ལྟར་ཡིན་ཞེ་ན། རྗེ་རང་གི་གསུང་ནས། སྤྲུལ་པས་སྐྱེ་བ་འཛིན་པ་ཡིན་པས་མི་འགལ་གསུང་བ་ལྟར་ཡིན་ནོ། །དུས་དེ་དག་གི་ཚེ་ནམ་མཁའ་ནི། ཐམས་ཅད་སྟོང་པ་འོད་གསལ་མངོན་དུ་མཛད་པའི་ཚུལ་ནི། འདི་འདྲའོ་ཞེས་འཇིག་རྟེན་ཐམས་ཅད་ལ་གོ་བར་བྱེད་པ་བཞིན་དུ་ཤིན་ཏུ་གཡའ་དག་པར་གྱུར་ཏེ། ཐ་མལ་གྱི་སྤྲིན་དང་རྡུལ་ལ་སོགས་པ་ཐམས་ཅད་དང་བྲལ་ཞིང་ས་གཞི་རླུང་གི་རྒྱུ་བ་ཐམས་ཅད་དང་བྲལ་ནས་བསེར་བུ་ཕྲ་མོའི་འགྲོ་འོང་ཡང་རྒྱུན་ཆད་པ་ཞག་བཞི་བཅུ་ཞེ་ལྔ་ཙམ་གྱི་བར་དུ་བྱུང་ལ། གཞན་ཡང་ལྷ་རྣམས་ཀྱིས་མཆོད་པ་མེ་ཏོག་སྣ་ཚོགས་པ་རྣམས་ཕལ་ཆེ་བ་ཀུཎྜ་ལྟར་དཀར་ཞིང་མུ་ཏིག་ལྟར་འོད་གསལ་བ། ཟླ་བ་ལྟར་འཚེར་བ་ལག་མཐིལ་ཙམ་དང་ཤིང་རྟའི་འཕང་ལོ་ཙམ་དཔག་ཏུ་མེད་པ་དང༌། ཁ་དོག་ཀྱང་འགའ་ནི་སྔོན་པོ། འགའ་ཞིག་ནི་སེར་པོ། འགའ་ཞིག་ནི་དམར་པོ་སོགས་ཆར་ལྟར་བབས་པར་གྱུར་ཏོ། །གཞན་ཡང་སྐུའི་ཐད་དྲང་དུ་འཇའ་ཚོན་ཁ་དོག་སྣ་ལྔ་པ་ཤིན་ཏུ་དྭངས་ཤིང་འོད་འཚེར་བ་རྣམ་པར་བཀྲ་བ་ཞིག་ཡུན་རིང་པོའི་བར་དུ་གནས་པར་གྱུར་ལ། ཕལ་ཆེ་བ་ནམ་མཁའི་ལམ་ཐམས་ཅད་འཇའ་ཚོན་དཀར་པོ་བླ་བྲེ་ལྟར་བྲེས་པ་དང༌། བ་དན་ལྟར་འཕྱང་བ་དང༌། དགོན་པའི་གཡས་གཡོན་ཐམས་ཅད་འཇའ་ཚོན་སྣ་ཚོགས་པས་ལྡ་ལྡི་ལྟར་འཁྲིག་གིས་གང་བ་སོགས་པ་ཞག་མང་པོའི་བར་དུ་བྱུང་ཞིང༌། དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་མངོན་པར་བསྒྲགས་པའི་འཁར་རྔ་སོགས་རོལ་མོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་མཚན་དགུང་ལ་གྲག་པ་དང༌། ཉིན་མོ་ཡང་གཎྜི་བརྡུངས་པའི་སྒྲ་ཆེན་པོ་གྲག་སྟེ་ཐམས་ཅད་ཐེ་ཚོམ་དུ་གྱུར་ནས་བརྟགས་ཀྱང་མི་ཞིག་གིས་བརྡུངས་པ་མ་ཡིན་པར་ངེས་པ་ཙམ་དུ་ཟད་ཀྱི་གཞན་དུ་གཞན་ཇི་ལྟ་བུ་ཞིག་གིས་གནས་གང་དུ་རྡུངས་པ་སོགས་གང་དུའང་བརྟག་པར་མི་ནུས་པར་ཡུན་རིང་དུ་སྒྲ་ཤིན་ཏུ་གྲག་པ་ཞིག་བྱུང་ངོ༌། །མདོར་ན་བཅོམ་ལྡན་འདས་རྩྭ་མཆོག་ཏུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་ཚེ། ལྷ་རྣམས་ཀྱིས་མངོན་པར་མཆོད་པ་ཇི་ལྟ་བ་བཞིན་དུ་འདིར་ཡང་བྱུང་བར་གྱུར་ཏོ།།

དེ་ནས་སྲས་ཀྱི་ཐུ་བོ་འདུལ་འཛིན་རིན་པོ་ཆེས་གཙོ་མཛད། དགེ་འདུན་ཕྱེད་དང་ཉིས་སྟོང་ཙམ་གྱིས་ཟླ་བ་ཕྱེད་ཙམ་གྱི་བར་དུ་གསོལ་འདེབས་གདུང་མཆོད་སྨོན་ལམ་རྒྱས་པར་མཛད་ཅིང༌། སྦྱིན་བདག་གྲྭ་བུ་སློབ་རྣམས་དང༌། བླ་བྲང་གི་ཕྱག་རྫས་རྣམས་ཀྱིས་སྐུ་གདུང་གི་སྐུ་མདུན་དང༌། ཕྱི་ནང་གི་མཆོད་ཁང་ཐམས་ཅད་དུ་མཆོད་པའི་ཚོགས་བསམ་གྱིས་མི་ཁྱབ་པ་དང༌། བྲང་ཁང་སོ་སོའི་ཐོག་ཁར་ཡང་མར་མེའི་ཕྲེང་བ་ལ་སོགས་པའི་མཆོད་པས་མཆོད་པར་མཛད་ཅིང་རྩེ་གཅིག་ཏུ་གསོལ་བ་འདེབས་པར་མཛད་དོ།།

དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རླབས་པོ་ཆེས་དགོངས་པ་ཡོངས་སུ་རྫོགས་པར་མཛད་ནས། ལུག་གི་ལོ་གསར་མ་ཐག་མཁྱེན་པའི་མངའ་བདག་རྡོ་རྗེ་སློབ་དཔོན་བཟང་པོ་བཀྲ་ཤིས་གངས་ཅན་ནས་སྤྱན་དྲངས། གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པས་བསུ་བ་མཛད་དེ། བདག་ཉིད་ཆེན་པོའི་སེདྒེའི་ཁྲི་ལ་བཞུགས་སུ་གསོལ་ཏེ་རྒྱལ་ཚབ་ཏུ་དབང་བསྐུར། འདུལ་འཛིན་སེམས་དཔའ་ཆེན་པོས་མེ་ཏོག་གཏོར་ཏེ་ཤིས་པ་བརྗོད་པར་མཛད་དོ།།

རྗེ་འདིས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པས་རྒྱུད་འཛིན་མཐའ་ཡས་པ་བྱུང་ཞིང་འཕྲིན་ལས་རྒྱ་ཆེར་སྤེལ་བའི་བསྟན་འཛིན་དམ་པ་འདུལ་འཛིན་བློ་གྲོས་སྦས་པ། བྱང་སེམས་འདུལ་ནག་པ་དཔལ་ལྡན་བཟང་པོ། པཎ་ཆེན་བཟང་པོ་བཀྲ་ཤིས། པཎ་ཆེན་ལུང་རིགས་རྒྱ་མཚོ། པཎ་ཆེན་ཡེ་ཤེས་རྩེ་མོ། ཀུན་མཁྱེན་ཆོས་འབྱོར་དཔལ་བཟང༌། མཁས་གྲུབ་ནོར་བཟང་རྒྱ་མཚོ། གནས་རྙིང་ཞབས་དྲུང་ཀུན་དགའ་བདེ་ལེགས། ལས་ཆེན་ཀུན་དགའ་རྒྱལ་མཚན། འཇམ་དབྱངས་དགའ་བའི་བློ་གྲོས། ཀུན་མཁྱེན་ཕྱོགས་ལྷ་འོད་ཟེར་སོགས་མང་དུ་བྱོན་པ་ལས་སྲས་ཀྱི་ཐུ་བོ་ནི་འདུལ་འཛིན་བློ་གྲོས་སྦས་པའོ།།

རྩོམ་སྒྲིག་པ། འཇམ་དབྱངས།

བརྒྱུད་འགོད།
0