ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱི་རྣམ་ཐར།

སྤེལ་དུས།  2017-12-14   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  མི་ཉག་མགོན་པོ།   ཀློག་གྲངས།  

           འཇམ་དབྱངས་བཞད་པའི་རྡོ་རྗེ་ཐུགས་སྲས་ངག་དབང་བཀྲ་ཤིས་ནི། མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཀྱི་ཡུལ་གྱི་བྱེ་བྲག་བསེའི་ཉ་ལུང་ཞེས་པར་ཡབ་རིན་ཆེན་སྐྱབས་དང་། ཡུམ་སྙིང་མོ་བྱམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་སྟག ༡༦༧༨ ལོར་སྐུ་བལྟམས། བྱིས་པའི་དུས་ནས་རྩིས་པ་ཞིག་གིས་སེར་གོས་གོན་དགོས་ཟེར་པར་བརྟེན་གྲྭ་བའི་གོས་ཁོ་ན་གྱོན། མི་རིང་བར་སྐལ་ལྡན་རྒྱ་མཚོའི་སློབ་མ་མགར་གོང་ཚེ་བརྟན་རྒྱ་མཚོའི་དྲུང་དུ་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་མནོས། མཚན་སྦྱིན་པ་རྒྱ་མཚོ་ཞེས་བཏགས། དགུང་ལོ་བཅུ་དྲུག་པར་དབུས་སུ་བྱོན། འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། དོན་གྲུབ་རྒྱ་མཚོ་སློབ་དཔོན་དུ་བསྟེན་ནས་བསྡུས་གྲྭ་སོགས་ཚད་མའི་སྐོར་སྦྱངས། ཡུན་རིང་མ་འགྱངས་པར་ཚད་མའི་སྐོར་ལ་བགྲོ་གླེང་བྱེད་ཐུབ་པར་གྱུར། དགུང་ལོ་བཅུ་བདུན་པར་སྟག་ཚང་ར་བ་སྟོད་དུ་ཕེབས། ལོ་གཅིག་ལྷག་རིང་འབད་བརྩོན་ཚད་མེད་མཛད་དེ་བསྡུས་ཚན་ཚང་མ་ཐུགས་འཛིན་མཛད། བློ་གསལ་རིགས་སྨྲ་མང་པོའི་དབུས་ན་འགྲན་ཟླ་བྲལ་བའི་མཁས་པར་གྱུར། དེ་ནས་སྒོ་མང་དུ་བྱོན་ནས་སློབ་དཔོན་འོད་ཟེར་རྒྱ་མཚོའི་དྲུང་ནས་ཕར་ཕྱིན་སྐབས་བརྒྱད་པོ་དང་དབུ་མ་བཅས་གསན་ཅིང་དེ་དག་གི་རྩ་བ་རྣམས་བློར་འཛིན་མཛད། གཞུང་སར་གདོང་ལྔའི་སྒྲ་དབྱངས་ཀྱི་རྒྱུགས་ཕུལ་བས། ཏཱ་ལའི་དྲུག་པ་ཚངས་དབྱངས་རྒྱ་མཚོའི་ཐུགས་དགྱེས་པ་ཆེན་པོ་མཛད། གཟེངས་བསྟོད་དང་གནང་ཆ་བསྩལ། དེ་ནས་འཇམ་དབྱངས་བཞད་པ་བླ་མ་བསྟེན་ནས་ཡང་བསྐྱར་དབུ་མ་དང་ཕར་ཕྱིན་ཡོངས་རྫོགས་ཀྱི་བརྩི་བཞག་བཤད་ཁྲིད་དང་བཅས་པ་གསན་ཅིང་ཐུགས་འཛིན་མཛད། འདུལ་བ་དང་མངོན་པའི་གཞུང་རྣམས་ཀྱང་ལེགས་པར་སྦྱངས་ནས་དཀའ་བཅུ་པའི་མཚོན་རྟགས་བླངས། མི་རིང་བར་འཇམ་དབྱངས་བཞད་པའི་རྡོ་རྗེའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། མཚན་ངག་དབང་བཀྲ་ཤིས་ཞེས་པ་བསྩལ། དགུང་ལོ་ཉེར་དགུ་པར་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་ཕེབས་ནས་གསང་སྔགས་ཀྱི་ཆོས་ལ་སློབ་གཉེར་གྱི་དབུ་བཙུགས། ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱི་དྲུང་དུ་བདེ་གསང་འཇིགས་གསུམ་སོགས་ཀྱི་རྒྱུད་དུ་མ་གསན་བསམ་ཡུན་རིང་མཛད་དེ་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ལུགས་ལ་ཐོགས་པ་མེད་པར་གྱུར། ཁྱད་པར་འཇམ་དབྱངས་བཞད་པའི་རྡོ་རྗེའི་མདུན་རྒྱུད་འགྲེལ་རྣམས་ཀྱི་བཤད་པ་ནན་ཏན་གྱིས་གསན་ཅིང་རྒྱུད་འགྲེལ་རྣམས་ཀྱི་ཁ་སྐོང་ཡན་ལག་དང་བཅས་རྫོགས་པར་གསན་པ་དང་། དེའི་ཞོར་ཏུ་སྦྱངས་པས་གྲྭ་རྒན་གཞོན་ཀུན་གྱིས་བསྟོད་བསྔགས་བྱེད། གཞན་ཡང་འཇམ་བཞད་མདུན་ལམ་རིམ་ཆེན་མོའི་བཤད་ལུང་དང་། བསླབ་དུས་སྤྱོད་འཇུག་སོགས་ཀྱི་བཤད་པ་བསན། བཀའ་པོད་ལྔའི་དོགས་གཅོད་ཡང་ཡང་བྱས་པས་འཇམ་དབྱངས་བཞད་པ་ཡང་ཁོང་གི་ཐུགས་རིག་ལ་ཐུགས་ཤིན་ཏུ་དགྱེས། དགུང་ལོ་སོ་གཉིས་པ་ས་གླང ༡༧༠༩ ལོར་འཇམ་དབྱངས་བཞད་པའི་རྡོ་རྗེའི་ཞབས་ཕྱིར་མདོ་སྨད་དུ་བྱོན།  ལམ་བར་ཕྱག་གཡོག་བྱེད་པའི་ཞོར་ལ་མདོ་སྔགས་ཀྱི་གཞུང་མང་པོའི་དོགས་བཀྲོལ་ཡང་ཡང་མཛད་པས་འཆད་ཉན་ཉམས་ལེན་གང་ལ་ཐུག་ཀྱང་གཞན་དྲིང་མི་འཇོག་པའི་སྤོབས་པ་ཐོབ། ལྕགས་སྟག༡༧༡༠ ལོར་འཇམ་དབྱངས་བཞད་པས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་གསར་དུ་བཏབ་ཅིང་གྲྭ་ཚང་གསར་འཛུགས་སྐབས་ཁོང་གིས་དགེ་བསྐོས་མཛད་དེ་ཁྲིམས་སྒྲིག་ལམ་ཚང་མ་འབྲས་སྤུང་སྒོ་མང་གྲྭ་ཚང་ལྟར་མཛད། ལོ་དེའི་སྟོན་ཁར་འཇམ་དབྱངས་བཞད་པས་རང་གི་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་མནབས་མྱོང་བའི་རས་བེར་སྙིང་པ་དང་དབུ་ཞྭ་བཅས་གནང་སྟེ་ཁྱེད་རང་འདི་དག་གྱོན་ནས་བླ་མ་གྱིས་གསུངས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲི་བར་བསྐོས།   དེ་ནས་བཟུང་དགུང་ལོ་རེ་གཅིག་པ་ས་རྟ ༡༧༣༨ ལོའི་བར་ལོ་ཉེར་བརྒྱད་ཙམ་འཆད་ཉན་མཛད། ཐོག་མའི་ལོ་དགུ་ཙམ་རིང་ཆོས་མཚན་རྣམས་སུ་ཡང་བརྩི་བཞག་ཆག་མེད་དུ་བཏང་བས་འཛིན་གྲྭ་བཅུ་གསུམ་ལ་པོ་ཏི་ལྔའི་འཆད་ཉན་འཛུགས་ཐུབ་པ་བྱུང་ཞིང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་པར་བཤད་གྲྭ་ལེགས་པར་འཛུགས་པའི་རྨང་གཞི་བརྟན་པོ་ཆགས་ཐུབ་པ་བྱུང་ངོ་།    ཁོང་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆར་ཡུན་རིང་དུ་འདྲིས་ཤིང་ཉམས་རྒྱུས་ཅན་ཡིན་སྟབས་པོ་ཏི་ལྔའི་འཆད་ཉན་ཚང་མ་ཡིག་ཆ་དེ་དག་གི་ཐོག་ནས་མཛད་ཅིང་ཚང་མ་ཟིན་བྲིས་ཀྱང་བཀོད། ཁྱད་པར་བསྡུས་གྲྭ་ནི་ལོ་རེ་བཞིན་ཐུགས་ཐོག་ནས་བཤད་པ། སྐྱོར་དཔོན་རང་རང་གིས་ཟིན་བྲིས་བྱས་པས། བསྡུས་གྲྭ་ཡོངས་རྫོགས་ཉེར་བདུན་ཡོད་ཀྱང་རྗེས་ནས་དཔེ་རྒྱུན་ཐོར་བར་བརྟེན་དེང་སང་གསུམ་བཞི་ཙམ་ལས་མ་ལྷག་པར་མངོན། ཆོས་མཚམས་རྣམས་སུ་ཡང་མདོ་སྔགས་ཀྱི་གཞུང་མང་པོའི་བཤད་པ་མཛད་ཅིང་རྟགས་གསལ་གཏོང་བའི་དུས་སུ། ཐལ་སྐད་གཏོང་ལུགས། འཁོར་གསུམ་སྐོར་ལུགས། ཐལ་མོ་སྡེབ་ལུགས་སོགས་སློབ་གཉེར་ནན་ཏན་བྱེད་བཅུག་སྟེ་ཤིན་ཏུ་གྲ་འགྲིག་པོ་བྱེད་པ་དང་། དཔེ་ཆ་བློར་འཛིན་ནི་སློབ་གཉེར་གྱི་རྨང་གཞི་མེད་དུ་མི་རུང་བ་ཡིན་གསུངས་ནས་སྐུལ་ལྕག་ཆེར་མཛད་ཅིང་། རྒྱུགས་ལེན་པར་འབུལ་མི་ལ་གནང་སྦྱིན་དང་དགྱེས་བསྟོད་དཔག་མེད་མཛད་པས། གཞུང་ཆེན་མོའི་རྒྱུགས་འབུལ་མཁན་ཡང་ཇེ་མང་དུ་གྱུར།  སློབ་མ་རྣམས་ཀྱང་རིག་པའི་གནས་ཀུན་ལ་དོན་གཉེར་ཆེ་ཞིང་སྒྲིག་ལམ་ཀུན་སྤྱོད་ཚང་མ་ཕྱི་གཙང་ནང་གཙང་ཁོ་ནར་གྱུར།   རྟེན་བརྟེན་པ་གསར་བཞེངས་མཛད་པའི་སྐོར་ལ་མགོན་ཁང་དང་བྱམས་པ་ལྷ་ཁང་། སྐུ་གདུང་ཁང་བཅས་གསར་དུ་བཞེངས་པ་དང་། འདུ་ཁང་གི་སྟེང་ཤོད་ཚང་མར་ལོགས་རིས། ཤིང་ཚོན་སོགས་གསར་བསྐྲུན། ལྷ་ཁང་དེ་དག་ནང་གི་ལྷ་སྐུ་དང་མཆོད་ཆ་བཅས་དང་དཔོན་ཇུ་ནང་པའི་གདུང་རྟེན་དངུལ་སྲང་སུམ་བརྒྱ་ལས་བཞེངས་པའི་མཆོད་རྟེན་གསར་བཞེངས། འཇམ་དབྱངས་བཞད་པའི་གསུང་ཕལ་མོ་ཆེའི་ཤིང་པར་གསར་དུ་བརྐོས། དེ་ནས་བཟུང་མདོ་སྨད་ཀྱི་ཡུལ་དུ་བཤད་སྒྲུབ་ཀྱི་བསྟན་པ་དབྱར་གྱི་ཆུ་བོ་བཞིན་གོང་ནས་གོང་དུ་འཕེལ་བའི་གཞི་བཙུགས་སོ། །ཁོང་གི་གསུང་ཆོས་ནི་རྟེན་འབྲེལ་གྱི་མཐའ་དཔྱོད་དང་། དབུ་མའི་མཐའ་དཔྱོད། འཇམ་དབྱངས་བཞད་པའི་བློ་རིགས་དང་རྟགས་རིགས་གཉིས་ཀྱི་ཟུར་རྒྱན། འཇམ་དབྱངས་བཞད་པའི་ཡིག་ཆ་རྣམས་ཀྱི་ཟིན་བྲིས་སོགས་གཞུང་པོད་རྣམས་ཀྱི་སྐོར་ལ་གསུང་མང་དུ་ཡོད་ཀྱང་དུས་དབང་གིས་ད་ལྟ་ཚང་མ་ཁ་མི་ཚང་ཞིང་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དུ་བླ་བྲང་པར་མ་པོ་ཏི་གཉིས་བཞུགས་ཡོད། དགུང་ལོ་དྲུག་ཅུ་རེ་གཅིག་པ་རབ་བྱུང་བཅུ་གཉིས་པའི་ས་རྟ ༡༧༣༨ ལོའི་ཟླ་བ་དང་པོའི་ཚེར་ཉེས་ལྔ་ལ་གཟུགས་སྐུའི་བཀོད་པ་ཆོས་དབྱངས་སུ་བསྡུས་སོ། །གོང་གསལ་རྣམ་ཐར་མདོར་བསྡུས་འདི་ནི་བྲག་དགོན་པའི་མདོ་སྨད་ཆོས་འབྱུང་དང་དབལ་མང་དཀོན་མཆོག་རྒྱལ་མཚན་གྱི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་བཅས་ལས་བཏུས་པ་ཡིན།

རྩོམ་སྒྲིག་པ། འཇམ་དབྱངས།

བརྒྱུད་འགོད།
0